Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་བརྙན་ཁྲེལ་གཞུང་མེད་པའི་དགའ་རོགས་ལ་དགོངས་འཆར།

Posted on 2016-09-172016-09-17 By ཁ་བརྡ 2 Comments on གློག་བརྙན་ཁྲེལ་གཞུང་མེད་པའི་དགའ་རོགས་ལ་དགོངས་འཆར།

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ 《  ཁྲེལ་གཞུང་མེད་པའི་དགའ་རོགས་  》  ཞེས་བའི་གློག་བརྙན་ལ་གཟིགས་རྗེས་ཀྱི་དགོངས་འཆར།

 

༡༩༨༤ལོའི་ཟླ་ ༤ པར་ངའི་དྲུང་ཡིག་གིས་ཀོང་ཀྲོའུ་རུ་《 ཁྲེལ་གཞུང་མེད་པའི་དགའ་རོགས་ 》 ཞེས་བའི་གློག་བརྙན་པར་ལེན་ཚན་ཁག་གི་འབྲེལ་ཡོད་མི་སྣར་གློག་བརྙན་དེ་པར་ལེན་པའི་ཐད་ལ་བསམ་འཆར་བཏོན་པ་མ་ཟད། གློག་བརྙན་དེ་མ་བསྒྲིག་ཅེས་བཤད་ཀྱང་། དེ་དག་གིས་གཙིགས་སུ་མ་བཟུང་བ་རེད།  ངས་བལྟས་ན་གློག་བརྙན་གྱི་སྒྱུ་རྩལ་དེ་འཚོ་བ་ལས་ཚད་མཐོན་པོ་ཡིན་དགོས་མོད། འོན་ཀྱང་རྨང་གཞི་འཚོ་བ་དང་འབྲེལ་དགོས། ང་ནི་བོད་རིགས་ཤིག་ཡིན། ངས་གློག་བརྙན་དེ་བལྟས་རྗེས་དེའི་བསྟན་བྱ་མི་རིགས་གང་ཡིན་པ་ངོས་མ་ཟིན།

དེ་ནི་ང་ཚོའི་བོད་ཀྱི་འཚོ་བའི་གནས་ཚུལ་གཏན་ནས་མ་རེད། ཉེ་ལམ་ལོ་འགའི་རིང་ལ་བོད་ཀྱི་འཚོ་བ་མཚོན་བྱེད་ཀྱི་གློག་བརྙན་དང་། བརྙན་འཕྲིན་ཟློས་གར་འགའ་རེ་པར་དུ་བརྒྱབ་ཡོད་ཀྱང་། དེ་དག་བསམ་ཐོག་ཏུ་འབབ་པ་ཞིག་ཡེ་ནས་མ་རེད། གློག་བརྙན་《 སྐྱེ་མི་ཆོག་པའི་མི་ 》 ཞེས་པ་ནས་《 ཁྲེལ་གཞུང་མེད་པའི་དགའ་རོགས་ 》ཞེས་བའི་བར་གྱི་གློག་བརྙན་དང་། བརྙན་འཕྲིན་ཟློས་གར་《 ཁས་ལེན་སྒྲུབ་པ་  》 ཞེས་པ་དང་《 པ་སངས་དང་ཁོ་མོའི་ལྕམ་སྲིང་ཚོ་ 》 ཞེས་པ་སོགས་གང་ཡིན་ཡང་དེ་དག་གི་མཚོན་བྱ་ནི་དབུལ་ཕོངས། རྗེས་ལུས། བླུན་རྨོངས། དམུ་རྒོད། སྐྱུག་བྲོ་བའི་རྣམ་པ་དག་རེད། ང་ཚོའི་བོད་རིགས་ནི་མི་གཤིས་ལེགས་ཤིང་།ལས་ལ་བརྩོན་པ། དཔའ་ངར་ལྡན་པ། བབ་ཆགས་པ། གཞུང་བཟང་བ། བློ་གྲོས་གསལ་བ་བཅས་ཀྱི་མི་རིགས་ཤིག་ཡིན་ལ། དེ་སྔ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་ནས་བཟུང་འོད་སྟོང་འབར་བའི་རིག་གནས་དང་ལོ་རྒྱུས་རིང་བོ་ཡོད་ཅིང་། རང་ཉིད་ལ་ཡིག་རིགས་དང་སྒྱུ་རྩལ། གསོ་རིག  སྐར་རྩིས། ས་དཔྱད། ཆོས་ལུགས་སོགས་ཡོད་པ་དེ་རྣམས་གློག་བརྙན་དུ་མི་འགོད་དོན་ཅི།

ང་ཚོའི་བོད་ཀྱི་ལོ་རྒྱུས་སྟེང་དུ་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་མི་སྣ་མང་དུ་བྱུང་མྱོང་ལ། མེས་རྒྱལ་གཅིག་གྱུར་ཡོང་བར་འབད་བརྩོན་བྱས་བའི་རྒྱལ་གཅེས་མི་སྣའང་མང་དུ་བྱུང་ཡོད་པ་དེ་དག་གློག་བརྙན་དུ་མི་འགོད་དོན་ཅི། བཅིངས་གྲོལ་བྱས་རྗེས་ཀྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། མི་སྣ་ཕུལ་བྱུང་ཅན་དང་དོན་དངོས་གསར་བ་མང་པོ་བྱུང་ཡོད་པ་དེ་དག་གློག་བརྙན་དུ་མི་འགོད་དོན་ཅི་ཡིན། དེ་ལས་ལྡོག་སྟེ་གཟས་ནས་ཁུངས་མེད་ལོང་གཏམ་དང་མི་སྲིད་ཡ་མཚན་ཅན་གྱི་དོན་དག་རེ་བཙལ་ཏེ་གློག་བརྙན་དུ་བསྟན་པ་ནི། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྣང་མེད་དུ་བཞག་པ་དང་། དངོས་ཡོད་འཚོ་བ་འཁྱོག་བརྗོད། བོད་མིའི་གཟུགས་བརྙན་ལ་དམའ་འབེབས། ཆོས་དད་སྤྱི་འབངས་ལ་མཐོང་ཆུང་བཅས་བྱས་པ་རེད།

གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཞན་པ་དཔེར་ན། ཞིན་ཅང་གི་ཐེན་ཧྲན་གློག་བརྙན་བཟོ་སྐྲུན་ཁང་དང་། ནང་སོག་གློག་བརྙན་བཟོ་སྐྲུན་ཁང་གིས་ས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྟེང་དུ་བྱུང་བའི་གཏམ་རྒྱུད་ཕུལ་བྱུང་ཅན་དང་། དེང་རབས་ཀྱི་འཚོ་བ་དང་བྱ་དངོས་གསར་བ་མཚོན་པའི་གློག་བརྙན་མང་པོ་བསྒྲིགས་ཡོད་པ་རྣམས་བརྗོད་བྱ་དོན་དང་ལྡན་ལ་རྗོད་བྱེད་ཕུན་སུམ་ཚོགས་པས་ཧ་ཅང་བཟང་། ངོ་མཚར་བའི་སྒྲུང་གཏམ་ཁ་ཤས་གློག་བརྙན་དུ་འགོད་མི་ཆོག་པ་ག་ལ་ཡིན་ཀྱང་། གང་ཞིག་གཙོ་བོར་འཛིན་པ་དང་དམིགས་ཡུལ་ག་འདྲ་ཡིན་པར་བལྟ་དགོས།འཛིན་རྟགས་ཉོ་མཁན་མང་བ་དང་སྒོར་མོའི་ཡོང་སྒོ་ཁོ་ནར་དམིགས་པ་ལས་གཞན་ཅི་ཡང་མ་བསམ་ན་ག་ལ་འགྲིགབཅིངས་གྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་སོང་།

གལ་ཏེ་བོད་ཀྱི་འཚོ་བར་ནང་དོན་གསར་པ་དང་འགྱུར་ལྡོག་གསར་པ་ཅི་ཡང་མེད་པར། ཚང་མ་དམུ་རྒོད་དང་རྗེས་ལུས་ཀྱི་འཚོ་བ་ཁོ་ན་ཡིན་ན། སྤྱིར་བོད་མིའི་ངོར་དྲི་མོག་བསྐུསཔ་ལྟར་སྣང་ན་ཡང་། དོན་དམ་དུ་ཏང་གི་ངོར་དྲི་མོག་བསྐུས་པ་དང་ཁྱད་པར་མེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན་ད་ལྟའི་བོད་ཁུལ་དེ་ཏང་གི་འགོ་ཁྲིད་འོག་ཏུ་གནས་པ་ལས། མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་འོག་ཏུ་གནས་མེད་པ་དེ་ཡིན། རང་རྒྱལ་ནི་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་རིགས་ནི་ཕུ་བོ་དང་ང་ཚོ་ནི་ནུ་བོ་རེད། གལ་ཏེ་ནུ་བོས་ད་ལྟའི་བར་དུ་དེ་འདྲའི་འཚོ་བ་རོལ་བ་ཡིན་ཚེ། ཕུ་བོར་འགན་མེད་པ་ཞིག་ག་ལ་ཡིན། འདི་ལ་ང་ཚོས་བསམ་མནོ་གཏོང་དགོས་པ་ཞིག་མིན་ནམ།

མི་ལ་ལའི་ཆབ་སྲིད་ཀྱི་གོ་རྟོགས་དང་སྲིད་ཇུས་ཀྱི་ཆུ་ཚད་ཧ་ཅང་ཞན་པར་འདུག གློག་བརྙན་དེ་ཉིད་སྒྱུ་རྩལ་ཐད་ནས་བཤད་ན་རྫ་བེ་རྫུབ་བེ་ཡིན་པ་དང་། རང་སྣང་གང་ཤར་གྱིས་བསྒྲིགས་པ་ཞིག་རེད། དེའི་ནང་གི་མི་སྣ་གཙོ་བོ་རྣམས་ཀྱི་གྱོན་ཆས་ལ་ལ་ཀན་སུའུ་ས་ཁུལ་གྱི་བོད་ཆས་ཡིན་ཞིང་། ལ་ལ་ནི་ཟི་ཁྲོན་ས་ཁལ་དང་ལ་ལ་ནི་བོད་ལྗོངས་ཀྱི་བོད་ཆས་རེད། ཐ་ན་དེའི་ནང་གི་དཔོན་ཆུང་ཆུང་ཞིག་ལའང་བོད་གཞུང་སྐུ་དྲག་གི་གོས་ལྭ་གྱོན་འདུག བོད་ཀྱི་གོམས་སྲོལ་གཏན་ནས་མི་ཤེས་བའི་མིས་བལྟས་ན་མཚར་ཆེ་ཡང་། ང་ཚོས་བལྟས་ན་དགོད་བྲོ་བ་ཞིག་རེད། གློག་བརྙན་དེའི་ནང་གི་གོམས་སྲོལ་མང་པོ་ཞིག་བོད་ཀྱི་གོམས་སྲོལ་གཏན་ནས་མ་རེད། དཔེར་ན། བོད་མོ་ནི་ཧ་ཅང་མངོན་ཆུང་ཞིང་བབ་ཆགས་པ་ཞིག་ཡིན་ཡང་། གློག་བརྙན་དེའི་ནང་གི་གཙོ་མོ་དེ་གཤིས་རྒྱུད་རྒོད་ཅིང་ང་ཕོད་ཆེ་བའི་ཀྱེ་ཕུ་ཟེའི་འཕྱོན་མ་ཞིག་དང་འདྲ་ཞིང་།དམར་རྗེན་དུ་སྟོན་པའི་རྣམ་འགྱུར་ཁ་ཤས་དང་བརྩི་འཇོག་མེད་པའི་སྐད་ཆ་ལ་ལ་ནི་མིག་གིས་ལྟ་མི་ཐུབ་ཅིང་རྣ་བས་ཉན་མི་བཟོད་པ་ཞིག་ཡིན་པས། ཧ་ཅང་སྐྱུག་བྲོ་བ་ཞིག་རེད། གློག་བརྙན་དེའི་དངོས་གཞིར་ངས་དཔྱད་པ་མང་པོ་གཏོང་འདོད་མེད།

སྤྱིར་བོད་ཀྱི་འཚོ་བ་མཚོན་པར་བྱེད་ན་ཆོས་ལུགས་དང་འབྲལ་ཐབས་མེད། སངས་རྒྱས་ཆོས་ལུགས་ལ་དད་པའི་བོད་མི་ཡོངས་ལ་མཚོན་ན། དད་པ་བྱེད་ས་ནི་བླ་ན་མེད་པ་ཞིག་ཡིན། འོན་ཀྱང་གློག་བརྙན་མང་ཆེ་བའི་ནང་དུ་སངས་རྒྱས་ཆོས་ལུགས་དེ་བླུན་རྨོངས་ཀྱི་འབྱུང་ཁུངས་ཤིག་ཏུ་བརྩིས་འདུགདེའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་ངས་ཀྱང་མི་ཤེས། ཆོས་ལུགས་ནི་སྤྱི་ཚོགས་འཕེལ་རྒྱས་བྱུང་ནས་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་བའི་ཐོན་དངོས་ཤིག་ཡིན་པས། སྤྱིར་བཏང་གི་རྨོངས་དད་དང་ཁྱད་པར་ཤིན་ཏུ་ཆེ། གལ་ཏེ་ཆོས་ལུགས་ནི་བླུན་རྨོངས་ཀྱི་འབྱུང་ཁུངས་ཡིན་ན། འཛམ་གླིང་ཡོངས་སུ་ཆོས་ལ་དད་མཁན་གྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུ་ཙམ་ཟིན་པ་ཚང་མ་བླུན་རྨོངས་ཤ་སྟག་ཡིན་ནམ། ཨ་མེ་རི་ཀའི་མི་མང་ཆེ་བ་ཡེ་ཤུའི་ཆོས་ལ་དད་ཅིང་། འཇར་ཕན་གྱི་མི་མང་ཆེ་ཤོས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཡིན། ཆོས་ལུགས་གང་ལ་དད་ཀྱང་ཚང་མ་ཆོས་ལ་དད་པ་རེད། འོ་ན་མི་དེ་ཚོ་ཚང་མ་གླེན་པ་རུ་ངེས་ཅིང་ངེད་ཅག་ཁོ་ན་གྲུང་པོ་ཡིན་ནམ།དེ་ལྟར་བསམ་ག་ལ་རུང་། དད་མོས་ནི་རིག་གསལ་དང་བླུན་རྨོངས་ཀྱི་ཁྱད་པར་འབྱེད་བྱེད་གཏན་ནས་མིན།

དེང་ཕྱིན་ཆོས་ལུགས་དང་འབྲེལ་བ་ཡོད་ཚེ་གཟབ་གཟབ་བྱེད་དགོས། བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་བསྟན་ན་ཤ་རློན་བཟའ་བ་མེད་མི་རུང་བ་ལྟ་བུར་གྱུར་པ་ནི། དོན་དམ་དུ་རྗེས་ལུས་དང་དམུ་རྒོད་ཀྱི་གནས་ཚུལ་སྟོན་པ་རེད། ངས་བལྟས་ན་འཚོ་བའི་གོམས་སྲོལ་ཙམ་ལས་གནད་དོན་སྟོན་མི་ཐུབ། དཔེར་ན། ཧྥ་རན་སིའི་མིས་མགྲོན་པོར་བཀུར་ན་སྐམ་གྱི་རྩིབ་ཤ་རློན་པ་ཁྲག་འཛར་བ་མདུན་དུ་འཇོག་ཅིང་། དེ་ནི་མགྲོན་པོར་བརྩི་བཀུར་ཆེན་པོ་བྱས་ཤིང་གུས་བའི་སྲོལ་དུ་བྱེད། འཇར་ཕན་པ་ཉ་ཤ་རློན་པ་ཟ་བར་དགའ་བ་རེད། དེ་དག་བཟའ་བ་ལས་ཁོ་ཚོ་རྗེས་ལུས་དང་དམུ་རྒོད་ཡིན་པ་མཚོན་ཐུབ་བམ། གལ་ཏེ་མཚོན་མི་ཐུབ་ན་བོད་རིགས་ལ་དེ་ལྟར་མཚོན་དགོས་དོན་ཅི་ཡིན། ཡ་མཚན་དང་དམའ་འབེབས་ཀྱི་འབྲི་སྟངས་སྤྱད་ནས་མི་རིགས་ཤིག་གི་འཚོ་བ་སྟོན་པ་ནི་ཡ་རབས་ཀྱི་ཀུན་སྤྱོད་དང་མཐུན་པ་ཞིག་གཏན་ནས་མ་རེད།

ངས་བལྟས་ན་གློག་བརྙན་ངན་པ་དེ་འདྲ་ཞིག་བསྒྲིགས་པ་ནི་འཁྲབ་མཁན་གྱི་སྐྱོན་མ་རེད། ང་ཚོའི་ལོ་མང་པོའི་རིང་གི་སློབ་གསོ་དང་འབྲེལ་བ་ཡོད་པས། ཕྱིས་སུ་ང་ཚོས་མི་རིགས་སྲིད་ཇུས་དང་མི་རིགས་ཤེས་བྱའི་སྐོར་གྱི་སློབ་གསོ་གཏོང་བར་གཙིགས་སུ་འཛིན་དགོས། ད་ལྟ་མི་ཉུང་བ་ཞིག་གིས་བོད་ཡུལ་ནི་ཉེན་ཁའི་གནས་སུ་བརྩི་ཞིང་གླེང་མ་ཐག་སེམས་ལ་སྐྲག་སྣང་སྐྱེས་སྲིད། དེ་ནི་ལུགས་མཐུན་ཞིག་མ་རེད། དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པར་རང་གིས་བསམ་བློ་ནན་གྱིས་གཏོང་དགོས།

ངས་བལྟས་ན་《ཁྲེལ་གཞུང་མེད་པའི་དགའ་རོགས་ 》ཞེས་བའི་གློག་བརྙན་དེ་རིག་རྩལ་གྱི་ཚད་ལས་བརྒལ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྲིད་ཇུས་ལ་འབྲེལ་ཡོད་སྙམ། མི་ལ་ལས་གློག་བརྙན་དེ་མ་བསྟན་ན་དམངས་གཙོ་མ་རེད་ཟེར། ངས་བལྟས་ན་ང་ཚོའི་དམངས་གཙོ་ནི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན་པ་ལས། ཨ་མེ་རི་ཀའི་དམངས་གཙོ་ལྟ་བུ་ཞིག་མིན། མེ་ཏོག་མཉམ་བཞད་ཅེས་པ་ནི་རྩ་བའི་རྩ་དོན་བཞིའ་ཁྲིད་སྟོན་འོག་མཉམ་དུ་བཞད་པ་ལས། བྱུང་རྒྱལ་དུ་བཞད་ཆོག་པ་ཞིག་ག་ལ་ཡིན། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་ཕན་པའི་ཆེད་དུ་བཞད་དགོས་པ་ལས་གང་འདོད་དུ་བཞད་མི་ཆོག ད་ལྟ་ཏང་གི་སྲིད་ཇུས་བཟང་ཞིང་དམངས་གཙོ་དངོས་གནས་ཡིན། མི་ཁ་ཤས་ཀྱི་དམངས་གཙོར་ཚོད་འཛིན་བྱེད་པ་དང་། མི་མང་ཆེ་བའི་དམངས་གཙོར་བརྩི་འཇོག་བྱེད་ཀྱིན་ཡོད།

ངས་གོ་ཐོས་ལ་མི་ལ་ལ་ཞང་ཀང་གི་སྐུ་ཞབས་ཁ་ཤས་ཀྱིས་བསམ་འཆར་བཤད་པར་སྐྲག་གིན་ཡོད་ཟེར། དེར་ཁ་ཡ་བྱེད་དགོས་དོན་མེད། ང་ཚོ་ནི་ཟོལ་མེད་གཞུང་དྲང་གི་ཀྲུང་གོའི་མི་ཞིག་ཡིན་པའི་ཆ་ནས་བཤད་ན།རང་ལ་སྲིད་ཇུས་དང་བཅའ་ཁྲིམས་ཤིག་ཡོད་པས། མི་གཞན་པས་ཅི་བཤད་ན་བཤད་དུ་ཆུགའདིར་བཞུགས་པའི་བོད་རིགས་ཚང་མར་འཐུས་ཚབ་ཀྱི་འགན་གནས་ཡོད་པས། ང་ཚོའི་བསམ་འཆར་འདི་ལ་གྲོས་བསྡུར་ཞིབ་མོ་ཞིག་བྱ་དགོས། གློག་བརྙན་དེ་བལྟས་མྱོང་བའི་བོད་མི་ཚང་མར་ངོ་རྒོལ་གྱི་བསམ་འཆར་དྲག་པོ་ཡོད་པས་གོ་བརྡ་ཡང་སྤྲད་ཟིན། གལ་ཏེ་གློག་བརྙན་དེ་ཡོངས་ཁྱབ་ཏུ་བསྟན་ན་ཆབ་སྲིད་ཀྱི་མཐའ་འབྲས་ངན་པ་འབྱུང་སྲིད་པས། ང་ཚོས་བཏང་སྙོམས་སུ་འཇོག་མི་རུང་།

ཕྱིན་ཆད་གྲངས་ཉུང་མི་རིགས་རྣམས་ཏང་གི་འགོ་ཁྲིད་འོག་དར་རྒྱས་གོང་འཕེལ་དུ་བྱུང་ཚུལ་དང་། མཐུན་སྒྲིལ་ཡར་ཐོན་ཡོང་ཚུལ། བསམ་སྦྱོར་ལེགས་པ། ཕུགས་སེམས་ཆེ་བ། བལྟས་ན་བག་ཕེབས་ཤིང་ཡིད་སྤྲོ་བའི་གློག་བརྙན་མང་པོ་བསྟན་ནས། མི་རྣམས་ཀྱི་བློ་སྒོ་འབྱེད་ཅིང་སློབ་གསོ་ཐོབ་པ་དང་། མང་མང་གི་བརྩོན་སེམས་བསྐྱེད་ཅིང་ངར་ཤུགས་སྐུལ་སློང་བྱས་ནས་ང་ཚོས་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་འདིར་སྔར་ལས་དགའ་ཞེན་བྱེད་རྒྱུར་ངས་སྨོན་འདུན་བྱེད་ཀྱིན་ཡོད། ཕྱིན་ཆད་དོན་འདི་འདྲ་དང་འཕྲད་ན། ཆ་རྒྱུས་ཡོད་པའི་མི་རྣམས་དང་འབྲེལ་གཏུག་བྱས་ནས། སློབ་གསོའི་དགོས་པ་མེད་ལ་གྲོན་དངུལ་ཆུད་ཟོས་བྱེད་པའི་དོན་དག་དེའི་རིགས་མི་འབྱུང་བར་བྱ་དགོས།
གློག་བརྙན་དེ་སྟོན་པར་ང་རང་འཐད་པ་མིན་ཏེ། དེ་མངོན་གསལ་དུ་བསྟན་པ་རྐྱེན་བྱས་ནས་བྱུང་བའི་ཆབ་སྲིད་ཀྱི་མཐའ་འབྲས་ངན་པ་གསེར་དངུལ་གྱི་རིན་ཐང་གིས་འཇལ་ཐུབ་པ་ཞིག་མིན།

ཆབ་འགག་རྟ་མགྲིན་གྱིས་རྒྱ་ཡིག་ལས་བསྒྱུར་ཅིང ༡༩༨༩ལོའི་《 ཟླ་ཟེར་》དེབ་གཉིས་པར་བཀོད།

གསུང་བཤད།

Post navigation

Previous Post: གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ངོ་སྤྲོད།
Next Post: གསལ་བཤད་ཀུན་བཟང་ལམ་སྟོན།

Comments (2) on “གློག་བརྙན་ཁྲེལ་གཞུང་མེད་པའི་དགའ་རོགས་ལ་དགོངས་འཆར།”

  1. གཡག་རྒོད says:
    2016-09-17 at 1:15 pm

    པཎ་ཆེན་རིན་པོ་ཆེ་ནི་གནའ་དེང་གི་རིག་གནས་ཐམས་ཅད་ལ་རྒྱུས་མངའ་ཆེ་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། ཁོང་གིས་གློག་བརྙན་འཕྲིན་གྱི་སྒྱུ་རྩལ་མཚོན་སྟངས་སོགས་ཀྱི་ཐད་ནས་འཁྲབ་གཞུང་རྩོམ་པ་པོར་རློམ་པའི་དམར་གཞུང་གི་རྒྱུག་ཁྱི་དེ་དག་ལ་བདེན་དོན་གྱི་འགྲམ་ལྕག་ཚ་ཡེར་བ་ཞིག་གཞུས་བཞག སེམས་ཁམས་དང་འཚོ་བ་སྒྱུ་རྩལ་སོགས་མང་པོ་མང་པོ་ཞིག་གསུངས་འདུག ལྟོས་དང་། རྣམ་དཔྱོད་ཀྱི་གཟི་བྱིན་འབར་བའི་དམ་པ་འདིའི་ལམ་སྟོན་ལ་ལྟོས་དང་། ཉོན་དང་། འགྲན་ཟླ་བྲལ་བའི་དཔའ་རྒོད་འདིའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་ཉོན་དང་། དིས་སང་སྙིང་ཁམས་ནས་དྲོད་ཡེར་བའི་བེམ་པོ་སྐོར་ཞིག་གིས་དམར་དམག་ཐང་ག་ལ་བྲིས་ན་ཡང་སྒྱུ་རྩལ་བླ་ན་མེད་པ་ཞིག་རེད་ཟེར། དམ་པ་ཁོང་སྐུ་འཚོ་བཞུགས་བྱས་ཡོད་པའི་དབང་དུ་བཏང་རྒྱུ་ན། རིགས་ཞེན་གྱི་བླ་འཁྱམ་པའི་གཟའ་རོ་འདི་དག་ལ་ཅི་ཞིག་གསུང་རྒྱུ་ཡིན་ནམ།

  2. ལོ་ཡག says:
    2016-09-17 at 11:48 pm

    གནས་ལུགས་ཀྱི་གཏམ་ལ་རྙིང་པར་འགྱུར་རྒྱུ་ཅང་མི་གདའ་སྟེ། ཁ་སང་དེ་རིང་བྲིས་པ་ལྟ་བུའི་གསོན་ཉམས་འདུག བླ་མ་ཁོང་བོད་མི་ཡོངས་ཀྱི་དད་གུས་དང་དྲན་པའི་ཡུལ་ནས་ནམ་ཡང་ཡལ་མི་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme