Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་རྡོར། ཡང་དང་བསྐྱར་དུ་གླེང་།

Posted on 2012-08-04 By ཁ་བརྡ་ 19 Comments on གླིང་ཚ་ཚེ་རྡོར། ཡང་དང་བསྐྱར་དུ་གླེང་།

ནག་ཐར་སྐྱིད།

_མི་གཤིས་ཀྱི་ཆ་ནས་གླེང་།

བཙན་པོའི་རུ་དཔུང་དེས་རང་ཉིད་ཀྱི་ཚོ་ཁག་ལ་བཅངས་བའི་མཛའ་བརྩེ། ཕྱིར་གཤོལ་ཁྱོན་ནས་མེད་པའི་སྲ་མཁྲེགས་ཅན་གྱི་གཤིས་རྒྱུད། ད་ལྟ་ཡོངས་སུ་འདུལ་ཚར་བའི་རྣམ་པ་འདི་ཡིད་ལ་འཆར་སྒོམ་བྱེད་ཐེངས་རེ། ང་ལ་རང་ཉིད་ཀྱི་སེམས་ཁམས་འདི་བསྙོམས་བསྒྲིགས་དཀའ་བའི་སེམས་ནད་ཞིག་ཕོགས་འགྲོ་ཀྱིན་འདུག ཉེ་སྔོན་འདིར་གླིང་ཚའི་མ་རྒན་དང་གཅུང་མོ་གཉིས་ཀྱི་སེམས་འཚུབ་དང་ངུ་ངག་ཤོར་བའི་བརྒྱུད་རིམ་ཁྲོད། མིག་ཆུ་ཤོར་མཁན་ང་གཅིག་པོ་མ་རེད། ངས་རང་ཉིད་ཀྱི་གཟུགས་ཕུང་དང་སེམས་ཁམས་ལ་རྩིས་གཤེར་བརྒྱབ་ནས་མིག་ཆུ་འདིའི་འབྱུང་ཡུལ་བཙལ་བ་ཡིན། རང་ཉིད་ཀྱི་གཟུགས་གཞི་སྟེང་གི་རྨ་ཁ་ཡིས་ངའི་སེམས་ཁམས་འདི་བརླན་གཤེར་ཅན་སྙི་མོ་ཞིག་ཡིན་ཚུལ་ར་སྤྲད་སོང་། གཟུགས་གཞི་སྟེང་གི་རྨ་ཁ་རེ་རེའི་ཟུག་གཟེར་ཁྲོད་སེམས་འགྱུ་རེ་བྱུང་མྱོང་ནའང་། རིམ་གྱིས་རྨ་སོས་བ་དང་སེམས་ངལ་དེ་བརླག་འགྲོ་བའི་སྣང་བ་ཞིག་སྐྱེས། འདིའི་བསྟན་དོན་ནི་མིའི་རིགས་ཀྱི་སེམས་ཁམས་འདི་ཧ་ཅང་གཡའ་སླ་ཞིང་། རྒོད་པོ་དང་གཏུམ་པོ། བརྟན་པོ། སྲ་མཁྲེགས་ཅན་གྱི་གཤིས་རྒྱུད་དེ་སྤངས་ཚར་བའི་བོད་མི་དག་ལ་མཚོན་ན། རང་ཚུགས་ཟེར་བ་འདི་རྦད་དེ་ཤོར་ཟིན་པའི་དོན་ལ་འཇུག་པར་སྙམ། ཞི་བའི་གོམ་བགྲོད་པ་གླིང་ཚའི་ཞབས་རྗེ་ན་ང་ཚོ་ལ་རང་ཚུགས་མེད་པའི་དན་རྟགས་རང་བྱོན་དུ་བབས་འདུག

དང་པོ། དཔའ་རྒོད་ཁེར་རྒྱུགས།

བོད་སྤྱི་བའི་དོན་དུ་བློ་གཅིག་སེམས་གཅིག་གིས་འཐབ་རྩོད་མཁན་ཅི་ཙམ་ཡོད་མེད་ཕྲི་སྣོན་གྱི་རྩིས་གཞི་བེད་སྤྱད་ནས་ཐོབ་གྲངས་ལ་བལྟས་ན། ད་གཟོད་འུ་ཅག་གིས་རང་ཉིད་ཀྱི་བློ་སྟོབས་དང་མི་གཤིས་སྤ་གསང་བྱེད་མི་ཐུབ་ལ། དཔའ་རྒོད་ཁེར་རྒྱུགས་ཀྱི་གོ་དོན་སེམས་ལ་འབབ་བདེ་རུ་འགྲོ་སྲིད། མཐའ་ཉེ་ས་ནས་དཔེར་བཞག་ན། ཞི་བའི་གོམ་བགྲོད་པ་ཚེ་རྡོར་བཙོན་དུ་ཚུད་པའི་སྔ་གཞུག་གང་རུང་ལ་བློ་རིག་བསྒྲིམས་ནས་གཟབ་ཉན་དང་། སེམས་རྒྱ་ཆེར་བསྐྱེད་ཀྱིས་མཐའ་སྐོར་ཀུན་ཏུ་གཟབ་བལྟ་བྱས་ཡོད་ན། གླིང་ཚའི་ལྷག་བསམ་དང་བློས་གཏོང་། སེམས་ཤུགས་ཀྱི་ཆ་ལ་ཡུལ་གྱར་བོད་མི་དག་གིས་དཔུང་བ་མཉམ་ཞིབ་སྒོས། འཐབ་རྩོད་པ་ཁོང་གི་རྐང་བ་བཞག་སར་ལག་པ་སྙོབས་ཐུབ་མེད་ཚུལ་གསལ་བོ་རེད།

གླིང་ཚ་ཚེ་རྡོར་གྱི་སྙིང་སྟོབས་འཕེལ་རིམ་དང་བློ་གཏོད་བྱེད་ཡུལ། མཐར་ཐུག་གི་དགོས་འདུན་བཙན་བྱོལ་གཞུང་འབངས་འདིའི་རྩིག་རྨང་ལ་བརྟེན་ནས་བྱུང་ཞིང་། མི་ལོ་བཅུའི་ཡར་སྔོན་ནས་བསམ་གཞིགས་བྱས་མྱོང་བའི་འཐབ་རྩོད་རིམ་པ་ཞིག་སྟེ། དུས་ལ་བབ་ན་བོད་མི་ཡོད་དོ་ཅོག་གིས་རྒྱགས་གཅིག་མཆོངས་གཅིག་བྱ་རྒྱུ་དང་། རྒྱ་གར་གཞུང་གིས་མཚོན་པའི་སུ་ལ་མཛད་དཀའ་ཡོང་གི་ཡོད་རུང་།དགོངས་སེལ་ཞུ་གིན་ཨུ་ཚུགས་རྒྱག་དགོས་བར་འདོད་པའི་གདམས་ཀར་བློ་གདེང་ཁེལ་ཞིང་། སྟོབས་ཀྱིས་གཉའ་ནས་མནན་བཙན་གྱིས་རྐུབ་ནས་འདེད་ཀྱིན་པའི་པེ་ཅིན་མཁར་གྱི་དབང་ཤུགས་ཐད། གདོང་གཏོད་བཞིན་པའི་དཔའ་བོ་དཔའ་མོ་དག་གིས་ཚེ་སྲོག་མེར་རུ་སྒྲོན་པའི་གནས་བབ་འོག སེམས་ངལ་རེ་བྱུང་ལུགས་བོད་མི་ཀུན་དང་མཚུངས་ཀྱང་། ཛ་དྲགས་ཀྱི་དུས་སྐབས་ཕར་འདས་བ་དང་ཡུལ་གྱར་བོད་མིའི་བསམ་སྤྱོད་གཡའ་སླ་བར་བརྟེན། ཁྲེལ་གཞུང་ཡོད་མེད་ཀྱི་སེམས་གཤིས་མ་འདྲ་བའི་ཆ་ནས་སྙིང་སྟོབས་འདིའི་འཕེལ་ཁ་རྒྱས་ཞིང་། དཔའ་བོ་ཁེར་རྒྱུགས་ཀྱི་མི་གཤིས་འདི་གྲུབ་པར་འདོད།

མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལ་དུང་བ་ཟབ་པའི་བོད་མི་ཞིག་ཡིན་ཚེ། དཔའ་བོའི་རྟོགས་བརྗོད་ཁྲོད་ཀྱི་རྟ་རྒོད་ཁེར་རྒྱུགས་དང་དཔའ་ཁེར་ངོམས་ཀྱི་བློ་སྤོབས་ནི། གྲལ་སྟར་བསྒྲིགས་པའི་དཔའ་བོ་མདུང་ཐོག་སྟོང་དང་མདའ་ཐོག་བརྒྱའི་རུ་གསེབ་ནས་རྟ་ཕོའི་འཚེར་སྐད་འུར་སེ། སུ་ཞིག་མཆོངས་འོང་བ་དང་རི་ལུང་ཀུན་དུས་གཅིག་ལ་རྡུལ་འཚུབ་སེ་བཏང་བའི་སྣང་བརྙན་ཞིག་ཡིད་ལ་འཇགས་ཡོད་སྲིད་མོད། འོན་ཀྱང་མི་ལོ་སྟོང་ཕྲག་གི་དབུགས་རྒྱུན་བསྲིངས་འདོད་པའི་ཡུལ་གྱར་བོད་མི་དང་སྐྱིད་སྡུག་ཚོགས་པ་ཁག་ལ་མཚོན་ན། འདྲེ་རྒན་ཤར་བཞག་ཀླུད་གཏོར་ནུབ་གཏོང་མཁན་ཞིག་དང་འདྲ་བར་གཏད་སོ་ཅིང་ཡང་མེད་པའི་སྣང་བ་ཞིག ཚོད་ཚོད་དུ་སེམས་ལ་འཁོར་ནས་སླེབས་སོང་།

དབུ་མའི་ལྷན་ཁང་དང་གཞོན་ནུ་ཚོགས་ཁག་གཉིས་ཀྱིས་སྟག་སེང་ཁ་སྤྲོད་ལྟར་མཆེ་བ་གཙིགས། གླིང་ཚ་མ་བུ་གསུམ་གྱི་རྗེས་ལ་ང་རོ་སྒྲོག་བའི་བཟོ་འདི། དཔའ་བོ་གཡུལ་ལ་ཆས་བའི་ཤུལ་ཀྱི་སྡར་མའི་སྲིད་དབང་འཕྲོག་རྩོད་བྱས་བ་དང་ཆ་འདྲ་ཞིང་། མིའི་རིགས་ཀྱི་ལྷག་བསམ་དང་སེམས་ཤུགས་འདི་འགྱུར་མེད་རྟག་བརྟན་ངང་གནས་དཀའ་བ་བཞིན། གླིང་ཚའི་སེམས་ཤུགས་ཀྱི་སྟེང་ལ་རྨ་ཅུང་ཙག་རེ་ཏན་ཏན་ཕོགས་སྲིད་པའི་ཆ་ནས། འཐབ་རྩོད་ཀྱི་གོ་རིམ་འཁྲུགས་རྐྱེན་དུ་གྱུར་བའི་དགག་བར་ཆད། ཆེ་ས་ནས་བཤད་ན་བོད་མི་སྤྱིའི་བློ་གདེང་འཁེལ་ཆོག་བའི་འཐབ་རྩོད་གལ་ཆེན་འདི་འདྲ། སླར་འབྱུང་བར་འགོག་རྐྱེན་བཟོས་ཡོད་སྲིད་ལ། ཆུང་ས་ནས་འདང་རྒྱབ་ན་དཔའ་བོ་ཁེར་རྒྱུགས་ཀྱི་རྔམ་བརྗིད་ཁྲོད། གོ་སྐབས་ལ་བསྟུན་ནས་རང་ཉིད་ཀྱི་ཚོགས་ཁག་གི་ངོ་སོ་ཡར་ལ་བསྟད་པ་ཞིག་རེད།

གཉིས་བ། གདུང་སེམས་མཉམ་བསྐྱེད།

ཉི་མ་ཇི་སྲིད་དུ་སྐོར་དབྱིབས་ངང་ཤར་བ་དེ་སྲིད་དུ་བོད་ཀྱི་བདག་པོ་བོད་མི་ཡིན་པའི་ཁ་དབྱངས་ལྟར་ན། ཡུལ་གྱར་བོད་མི་ཚོས་རྩ་དོན་ཐད་ངང་རྒྱུད་རིང་བོའི་བསམ་གཞིགས་རེ་བྱེད་དང་བྱེད་མུས་གང་ཞིག་ལ། དུས་ཚོད་ནས་ཉི་མ་ཕར་འདའ་བར་འཛེམས་བག་མེད་པའི་སྣང་རིང་ཁྲོད། ཡུལ་གྱར་བོད་མིའི་མི་གཤིས་དང་ལ་རྒྱ། སྙིངས་སྟོབས་ཀྱི་ཡུན་ག་ཚོད་ཅིག་བར་ཏུ་ཨར་བརྟན་རྒྱུ་རེད་དམ།

འཇིག་རྟེན་འཁོར་བའི་ནང་བརྩེ་བ་ཟབ་པའི་ཆུང་མ་དང་ནར་མ་སོན་པའི་བུ་ཕྲུག་ཚོར་འཐམ་བསྡད་པའི་ཚོར་བ་ནི། ཁྱིམ་ཚང་ཞིག་གི་སྤྲོ་སྐྱིད་ལྡན་པའི་འཚོ་ཐབས་དང་བདེ་སྐྱིད་ཞིག་རེད། ཡིན་ནའང་གླིང་ཚ་ཚེ་རྡོར་གྱིས་བོད་སྤྱི་བའི་དོན་དུ་གདམས་ཀ་བྱས་བའི་འཐབ་རྩོད་གྱི་གོ་རིམ་ནང་། སྙིང་དུ་སྡུག་པའི་ཆུང་མ་དང་བུ་ཕྲུག་གཉིས་ལ་བློ་ཡིད་དུ་ཤོངས་དཀའ་བའི་གྱོང་གུད་དང་ཆགས་སྒོ་བསླངས་ཞིང་། མི་ཚེ་ཁྲོད་ཀྱི་ཆེས་གལ་འགང་ཆེ་བའི་ལོ་གཉིས་དེ་ཁྲིམས་བཅད་ཕོགས་ནས་བཙོན་ལ་ཚུད་རྗེས། ཕྲན་གྱིས་བསམ་གཞིགས་ལྟག་ལོག་བརྒྱབ་ནས་སུམ་བཅུ་དྲན་གྱི་ཉིན་མོ་ཞིག་དྲན་གསོ་བཏང་བ་ཡིན། སེམས་པ་དཀར་བོ་མཚོན་བྱེད་ཀྱི་ཁ་བཏགས་མང་བོ་གླིང་ཚའི་མདུན་ལ་སྤངས། སྐེ་ལ་སྒྲོན། གདུང་སེམས་མཉམ་བསྐྱེད་ཀྱིས་མིག་ཆུས་སྐྱེལ་མ་བྱེད་སྐབས་ནས་ཅི་ཞིག་ཆད་སྐྱོན་ཤོར་འདུག་པའི་སེམས་ཚོར་བྱུང་། གླིང་ཚ་ནང་བཞིན་བློ་ཐག་རྦད་ཆོད་ཀྱིས་བོད་སྤྱི་བའི་རྩ་དོན་དང་དུ་ལེན་མཁན་ཧ་ཅང་དཀོན་པའི་གནོང་ཞིག ཡུལ་གྱར་བོད་མི་ཀུན་གྱི་སེམས་ཁམས་ན་འདྲ་མཚུངས་སུ་སྤས་སྐུང་བྱས་ཡོད་སྟབས། གདུང་སེམས་མཉམ་བསྐྱེད་ཅི་འདྲའི་སྙིང་རྗེ་མོ་བསྟན་རུང་འཁྲབ་གཞུང་ཞིག་དང་འདྲ་བར་སྐྱོ་གར་གྱི་རྣམ་པ་ཙམ་རེད།

གླིང་ཚ་ཚེ་རྡོར་བཙོན་དུ་ཚུད་ལ་ཉེ་སྐབས། གཟེར་གྱིས་དེད་ནས་ཡུལ་གྱར་བོད་མིའི་སེམས་གཤིས་འདི་ལྟར་བྲིས་འདུག ཕྱིར་གཤོལ་རེ་བྱེད་ཀྱིན་རྒྱང་རིང་གི་གནམ་མཐའ་ལ་ཅེར་ནས་ལུས་འདུག༼རང་ཉིད་བོད་མི་ཡིན་པ་དྲན་དགོས།༽གླིང་ཚ་ཚེ་རྡོར་གྱིས་བོད་མི་ཀུན་ལ་དྲན་སྐུལ་བྱས་བའི་སྐད་ཆ་འདིའི་གཏིང་བསྔོགས་ན། འཐབ་རྩོད་པ་ཁོང་གི་སེམས་ཁམས་ཀྱི་དཀའ་སྡུག རེ་འདོད། ཕངས་སེམས་སོགས་ལ་རྒྱུས་ལོན་བྱེད་ཐུབ་ཅིང་། འབོད་སྐུལ་འདིའི་བསྟན་དོན་གོ་སླ་བ་ཡོད། དོན་དངོས་ཐོག་ཡུལ་གྱར་བོད་མི་རྣམས་ཀྱིས་རང་ཉིད་བྲོས་བྱོལ་ཀྱི་གནས་སྟངས་འོག་འཚོ་བཞིན་པའི་འགག་རྐྱེན་ཐད་བསམ་གཞིགས་བྱེད་རྒྱུ་ཕར་བཞག་ཏེ། ས་ལག་མཐིལ་ཙམ་གྱི་བདག་དབང་མེད་སའི་གནས་ཚང་གི་རྒྱུ་འབྱོར་བའི་སྟེང་ལ་སེམས་ཤོར་ནས་ཧམ་སེམས་ཚ་རུ་འགྲོ་ཀྱིན་པའི་བཟོ་འདིས། ཡར་ལུང་ཁོག་ནས་འཆད་པའི་ཁྲག་རྒྱུན་ལ་ཆགས་སྒོ་བསླངས་ནས་ཆུ་མོ་གང་གྰ་ནང་བཞིན། བྷང་ག་ལའི་རྒྱ་མཚོའི་ནང་ཐུམ་འགྲོ་བར་དོགས་པ་ཞིག་རེད་སྙམ།

སྣ་ཚོགས།

Post navigation

Previous Post: དྲན་གདུང་ལ་བཞག་པའི་རེ་བ་གསོན་པོ།
Next Post: བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད།

Comments (19) on “གླིང་ཚ་ཚེ་རྡོར། ཡང་དང་བསྐྱར་དུ་གླེང་།”

  1. རྒྱལ་མཚན་ says:
    2012-08-04 at 2:51 pm

    གླིང་ཚ་གླེང་དགོས་ན། ཁོང་ནི་རང་དབང་ལུང་པར་རང་དབང་གིས་རྒྱ་མིའི་དར་ཆ་ནམ་མཁར་འཕྱར་ནས་བོད་དོན་ཆེད་རྒྱ་གར་ནས་རྐང་ཐང་མར་བལ་ཡུལ་དུ་ཕེབས་པ་རེད། གནས་སྐབས་རིང་བལ་པོའི་ཉེན་རྟོག་པ་ཁྱི་སྤྱང་ངན་པ་ལག་འབྲེལ་ཚོའི་ལག་འོག་ཏུ་སྡུག་སྦྱོང་དཀའ་ལས་ཅི་རིགས་ཤིག་མྱང་དང་མྱོང་བཞིན་པ་ཡིན་སྲིད། འོན་ཀྱང་སྐྱབས་དགོས་ན་བལ་སྒོར་སྟོང་ལྔ་དྲུག་ཅིག་བློས་བཏང་ན་བདེ་བདེ་ཐང་ཐང་ངང་སྐྱབས་ཐུབ་པས་དེ་ཙམ་དཀའ་བ་མེད། གླེང་འདོད་པ་དང་གླེང་དགོས་པ་ནི། རང་དབང་གཏན་ནས་མེད་པར་རྒྱ་མིའི་དར་ཆ་དམར་པོའི་འོག་སྐད་ཅིག་ཙམ་ཡང་སྡོད་འདོད་མེད་པའི་བོད་ཀྱི་ཆབ་སྲིད་བརྩོན་པ་སྤྱི་དང་། ལྷག་པར་རང་གི་གཅེས་པའི་ལུས་སྲོག་ཕངས་པར་མེད་པར་མི་རིགས་ཀྱི་ཆེད་དུ་མེ་མཆོད་འབུལ་མཁན་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་དང་ཁོང་ཚོའི་ནང་མི་རྣམས་སྐྱབས་དཀའ་བ་དང་སྐྱབས་ཐབས་མེད་པས་ཡང་དང་བསྐྱར་དུ་གླེང་དགོས་པར་སེམས་སོ།

  2. རང་དབང་ཨ་རྡུ་མན་ says:
    2012-08-04 at 3:30 pm

    ཨ་ཁ་ཁ་་་་ཚེ་རྡོར་ལགས་་་་་་ད་ཆ་འགྱོད་པ་གླིང་ནས་ཁེངས་ཀྱི་ཡོད་པ་མ་ཟད་་་མ་བུ་གཉིས་ཀྱི་དཀའ་སྡུག་དྲན་ཐེངས་རེར་མིག་མཐའ་ཆིལ་མས་གང་བཞིན་ཡོད་པ་ནི་སུས་ཀྱང་ཤེས་པར་བསླའོ།།

  3. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 9:36 pm

    ཚེ་རྡོར་ལགས་ནི། དཔེ་སྟོན་འོས་པའི་ལམ་དབུ་མ་པ་ཞིག་རེད།

  4. བཀྲ་ཤིས་རྒྱལ says:
    2012-08-05 at 2:08 am

    ཨ་ཁ་ཁ་་་་་ཚེ་རྡོར་གྱིས་ངོ་མ་བརླགས་སོང་།
    དགྲ་བོའི་དར་དམར་མགོ་ལ་འཁུར་ནས་རང་རིགས་རྒྱལ་གཅེས་དཔའ་བོ་ཚོའི་བྱས་རྗེས་ལ་རྡོག་རོལ་བཏང་སོང་།
    ཁྱི་ཞིག་ཡིན་གྱང་རྡོ་གཡུག་མཁན་ལ་ཟིག་གི་རེད།།

  5. ནག་ཐར་སྐྱིད། says:
    2012-08-05 at 3:21 am

    བཀྲ་ཤིས་རྒྱལ་ལགས། དེ་འདྲིའི་རྫབ་པོ་ཞིག་རང་ཡིན་ནམ། སྤྱིར་བཤད་ན་གླིང་ཚས་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་དཀའ་སྡུག་ཐད་ཀྱི་སེམས་ངལ་དེ་བཟོད་ཐབས་དཀའ་བ་དང་།གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་ཁ་མ་ཎི་གྱེར་ནས་འདུག་བཟོད་དཀའ་བའི་གནས་སྟངས་འོག ཡུལ་གྱར་བོད་མི་འབུམ་ཕྲག་དུ་མའི་ཁྲོད་དཔའ་ཡ་མེད་གླིང་ཚ་སྐྱེས་བ་རེད། མ་རེད་དམ།
    སྐུ་ཉིད་ཀྱང་ཁ་གནམ་སྡངས་དང་གྱོག་གནམ་ལྷུང་ལ་རེ་མཁན་ཞིག་ཡིན་པ་འདྲ། རང་ཤེད་ཀྱིས་མི་ལྕོགས་ན་གཙུག་ལག་ཁང་ནས་ཁ་མ་ཎི་གྱེར་ནས་བསྡད་ན་དགའ་བ་ལ།ཧུཧུཧུ

  6. མགོན་པོ་བཀྲ་ཤིས says:
    2012-08-05 at 3:31 am

    གླིང་ཚ་ཚེ་རྡོར་ནི་སྤྱིར་བོད་དོན་ལ་སེམས་ཤུགས་ཡོད་མོད་་་་་་་་་་་་་ང་ཚོ་བོད་པའི་ཁ་དཔེ་ལ་་་་་་བསྟོད་མི་ཤེས་བའི་བསྟོད་པ་ལས་་་་་སྨད་མི་ཤེས་བའི་སྨད་པ་དགའ་ཟེར་བ་བཞིན་རང་དབང་གཏན་ནས་མཐོང་མ་མྱོང་བའིགཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སེམས་ཤུགས་སྙིང་སྟོབས་དེ་དག་ལ་བསྟོད་རྒྱུ་བཞག་ནས་མ་མཐོང་བའི་ཁུལ་གྱི་གླིང་ཚ་ཚེ་རྡོར་ལ་དཔའ་བོ་ཁེར་རྒྱུགས་ཟེར་ནས་བསྟོད་པ་འདིའི་རྒྱབ་ན་ཅི་ཞིག་ཡོད་སུས་ཤེས་་་་གང་ལྟར་གཞིས་ལུས་རྒྱ་ཆེ་མི་མང་གི་ལུས་སྲོག་གི་མཆོད་མེ་འབུལ་བའི་མིག་དཔེ་བསྟན་ཡོད་རེད

  7. ནག་ཐར་སྐྱིད། says:
    2012-08-05 at 3:40 am

    རྒྱལ་མཚན་ལགས།དཔལ་འབྱོར་མཁོ་སྒྲུབ་བྱེད་ལུགས་ལྟར་རྩིས་རྒྱབ་ན་རྩ་དོན་ཐད་བཅངས་བའི་བློ་སྟོབས་ལ་ནུས་ཤུགས་དམིགས་གསལ་བ་ཞིག་འབྱུང་ཐུབ་རྒྱུ་མ་རེད། དེར་བརྟེན་གླིང་ཚས་ཁྱེད་ཀྱི་བསམ་མ་མྱོང་བ་ཞིག་དྲན་ཡོད་ཚོད་རེད། རྒྱ་ནག་དར་དམར་དགོང་ལ་འཕྱར་དོན་འུ་ཅག་གིས་ལམ་དབུ་མའི་དགོས་དམིགས་བསྔོགས་ནས་ཐེར་འདོན་བྱེད་དགོས་བ་ཞིག་ལས། གླིང་ཚས་སྒང་ལ་ན་ཟུག་ལངས་ནས་བྱབ་ཆུང་བྱེད་དགོས་བ་ཞིག་འདུག་གམ།
    སྤྱིར་བོད་གངས་ཅན་ལ་གླེང་རྒྱུ་མང་ནི་རེད། ལྷག་པར་དུ་བོད་ནང་གི་ཛ་དྲགས་གནས་སྟངས་གླེང་བས་མི་ཚད་སེལ་དགོས་བ་རེད། ཆབ་སྲིད་བཙོན་པའི་ཐད་ཀྱི་དཀའ་སྡུག་དགུ་ཆུ་གསུམ་ལྟ་བུའི་ཚོགས་པ་ཁག་གིས་ཁ་བལྟ་མིག་བྱས་ནས་བསྡད་ཡོད་ཡོད་པ་རེད།
    འདིར་མི་གཤིས་ཀྱི་ཆ་ནས་གླེང་ཡོད། སྐད་ཆ་རྒྱང་ལ་སྐོར་དགོས་དོན་མི་འདུག ཡུལ་གྱར་བོད་མི་དག་ལ་རང་ཚུགས་དང་བློ་སྟོབས་ཞན་པའི་ཆ་ནས། གདུང་སེམས་མཉམ་བསྐྱེད་ལབ་རུང་འཁྲབ་སྟོན་ཙམ་རེད་ལབ་ཀྱིན་ཡོད།

  8. ནག་ཐར་སྐྱིད། says:
    2012-08-05 at 3:57 am

    མགོན་པོ་བཀྲ་ཤིས་ལགས། ཁ་གཅིག་ནས་གཏམ་གཉིས་བཤད་ན་དངོས་ཡོད་གནས་སྟངས་དང་འགལ་འགྲོ་ནི་རེད། ཡུལ་གྱར་བོད་མི་ཚོའི་མི་གཤིས་ཁྲོད་ན་གླིང་ཚའི་བསམ་སྤྱོད་འབུར་གཟུགས་སུ་ཐོན་འདུག་པ་ཁས་ལེན་ལྟར་ན། དེ་ལ་མི་བསྟོད་སུ་ལ་བསྟོད།
    གཞེས་ལུས་དཔའ་བོ་དཔའ་མོ་དག་གི་སྙིང་སྟོབས་དང་གཏོང་ཕོད་ཀྱི་སེམས་གཤིས་དེ་བསླབ་ནས་སེལ་དགོས་བ་ཞིག་ལས།བསྟད་ནས་དགོང་ལ་བཞག་ངུས་ནས་ཁ་མ་ཎི་ལ་ཐུག་དགོས་བ་ཞིག་མ་རེད། དེའི་རྐྱེན་གྱིས་གླིང་ཚས་མགོ་སྒུར་ནས་ལས་དོན་ཞིག་བསྒྲུབས་བཞིན་པའི་སྙིང་སྟོབས་འདི་གལ་ཆེན་རེད། དཔའ་པོ་ཁེར་རྒྱུགས་ཀྱི་བྱུང་རིམ་ཡུལ་གྱར་བོད་མི་ཁྱོད་དང་ང་འདྲ་བ་སྡར་མའི་ཚོགས་ཀྱི་རྐུབ་ཕྱིར་ནུར་བྱེད་ཕྱོགས་ལས་བྱུང་བ་ཞིག་རེད། མ་མཐའ་ཡང་གཞན་གྱི་ཅི་བསམ་པ་དང་གང་ཤོད་ཀྱིན་པ་མགོ་ཚོས་ན་ཡག་གི་རེད།

  9. རིགས་ཞེན་དཀར་པོ། says:
    2012-08-05 at 9:39 am

    གླིང་ཚའི་ཀུན་སློང་བཤད་དཀའ་ཡང་ཀུན་སྤྱོད་ནི་ནོར་བ་མངོན་སུམ་རེད། བོད་ནས་དཔའ་བོ་དཔའ་མོ་དག་གིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་སྐར་ལྔའི་དར་དམར་མེ་རུ་བསྲེགས་པ་ཉུང་ཉུང་མིན་ཀྱང་རང་དབང་ལུང་པ་ནས་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་འཕྱར་ཏེ་འགྲོ་བ་འདི་ནི་བོད་ནང་གི་འདས་གསོན་གྱི་དཔའ་བོ་དཔའ་མོ་དག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཐེང་དང་པོ་རེད་ཟེར་ན་མི་ཆོག་རྒྱུ་གཏན་ནས་མེད་དོ།

  10. རྣ་བ་བརྒྱདཔ་ says:
    2012-08-05 at 9:47 am

    གླིང་ཚ་ནི་དཔའ་རྒོད་ཞིག་རེད། རྒྱ་མའི་དར་ཆ་བཟུང་དུ་འཇུག་མཁན་གྱིས་ཚོགས་པ་དེ་ལ་ངོ་རྒོར་ཤུགས་ཆེན་པོ་ཡོད། དེང་སང་ཡག་སྡུག་ལ་མ་རྟོས་པར་རང་གི་འདོད་བློ་ལྟར་མ་བྱས་ན་ཐབས་ཤེས་དགུ་སྤྲུག་བྱས་ནས་ཁ་བཏང་རྐྱང་བྱེད་པ་དང་དེ་ལ་གཞན་གྱིས་ཅང་བཏངསྙོམ་སུ་བྱེད་པ་འདི་ནི་ནང་རུལ་བའི་མཐུན་རྐྱེན་དུ་གྱུར་འདུག། གཞོན་ནུ་ནི་རང་བཙན་ཡིན་མོད་སྤྱི་མཐུའི་དང་བཀའ་བློན་སོགས་གྱིས་ཀྱང་བསམ་ཡུལ་ན་མེད་པ་དེ་སུའི་བྱས་པ་རེད་དེ་ལ་གསང་བ་ཟི་ཡོད་ཁོ་ཐག། མཇོན་མདོག་འགོ་རིས་དེ་ཚོ་ལ་སེམས་ཆུང་བྱེད་རོག་བཙན་བྱོལ་ནང་ནས་གཞིའི་ལས་ཀྱིས་བདེ་སྡུག་བཤད་པའི་ཚོགས་པ་ཞིག་གིས་ཡིན་རབ་དང་ཡག་རབ་བཤད་ནས་རྒྱ་དར་ལག་དུ་གཏད་ཡོང་དུས་(བཟུང་ན་ལག་པ་ཚིག། བཏང་ན་ཅ་ནེ་བཅག།) ཅེས་པ་ལྟར་གླིང་ཚ་ལ་ཁེགས་མེད། རང་དབང་ལུང་པའི་ནང་ནས་ལུས་སྲོག་དང་བཅས་པ་མི་རིགས་ཀྱི་ཆེད་དུ་བཏང་བའི་བུ་རྒོད་འདིའི་ཡོད་ཚད་བཏང་ཟིན་པས། འདིའི་ཆེད་དུ་གཉེར་བའི་བོད་པ་མེདདམ། ནམ་རྒྱུན་མི་རིགས་གྱིས་ཆེད་དུ་བཤད་པའི་ཚོགས་པ་ཁེག་དང་ཕྱུག་བདག་དང་དཔོན་ཆེན་ཚོ་ལ་འདིས་ཆེད་དུ་ཧིན་གོར་སྟོང་བྲག་ཁ་ཤེས་གཏོང་རོག་ཞེས་འབོད་བསྐུལ་ཞུ་རོག། འདི་ནི་པན་ཆེན་ཆུང་སྲིད་དང་མི་འདྲ་བར་བལ་ཡུལ་ན་ཕར་མདུན་ལ་བཅལ་ན་བཅལ་ཆོག་ཆོག་དང་ཚུར་ཡོང་ན་ཡང་ཡོང་ཆོག་ཆོག་ཡོད།

  11. བཀྲ་ཤིས་རྒྱལ says:
    2012-08-05 at 11:44 am

    རང་ངོས་ནས་རྩ་དོན་ཆེད་ཅི་ཞིག་བྱེད་ཀྱི་ཡོད་མེད་ནག་ཐར་ལགས་ལ་འགྲེལ་བཤད་རྒྱག་དགོས་དོན་མ་མཐོང་ལ།། གླིང་ཚ་ཁོ་སྔོན་མ་ནས་ཡག་པོ་ཤེས་ཀྱི་ཡོད། རྒྱལ་ཁབ་གཞན་ལ་མཐོང་ཆན་མེད་པར་འཛུལ་ན་བཙོན་འཇུག་བྱེད་པ་ཁྲིམས་རེད། རྩ་དོན་ཆེད་ལྷག་བསམ་རྣམ་དག་ཡིན་ན་འཛུལ་སའི་ས་མཚམས་ནོར་ཡོད་པར་འདོད།། སྤྱིར་མི་སྒེར་ཞིག་གི་སེམས་ཤུགས་ལ་དགའ་མོས་དང་བརྩི་བཀུར་ཞུ་ལོས་དགོས།། འོན་ཀྱང་། དགྲ་དམར་པོས་གཉའ་གནོན་འོག་རང་རིགས་ཁྲི་ཕྲག་མང་པོའི་ཚེ་སྲོགས་ཤོར་བ་དང་།། དམར་གསོད་བཏང་བ།། བཙན་གཡེམ་བྱས་པ།། གཅར་རྡུང་དང་འཛིན་བཟུང་། ད་དུང་ནང་མི་དང་སྤུན་ཟླ་ཁ་བྲལ་བཏང་བ་སོགས་ལ་བསམ་ན།། ཚེ་རྡོར་གྱིས་དར་དམར་འཁུར་བ་ནི་བོད་མིའི་བླ་བཙོང་དང་ངོ་ཚ་ཆེན་པོ་ཞིག་རེད་འདོད།།

  12. ནག་ཐར་སྐྱིད། says:
    2012-08-05 at 1:21 pm

    བཀྲ་ཤིས་རྒྱལ་ལགས། དོན་དངོས་ཐོག་ཁྱོད་ལ་གནས་ལུགས་བཤད་རྒྱུའི་བློ་སྟོབས་མི་འདུག རྒྱུ་མཚན་སྐར་ལྔའི་དར་དམར་འོག་བོད་མིའི་རང་བཙན་ཤོར། བོད་མི་དམར་བསད་བཏང་། གཅར་བརྡུང་བཙོན་འཇུག་བྱས་པེ་ཅིན་གཞུང་གིས་ནུས་ཚོད་ཀྱིས་ཐུབ་ཚོད་བཏང་བ་ཤེས་ཀྱིན་ཡོད་ན། རྒྱ་ནག་གུང་ཁྲན་གྱི་རྩ་ཁྲིམས་འོག་མཉམ་གནས་བྱེད་འདོད་ཀྱི་སྐད་ཆའི་ཟུར་ཙམ་ཡང་གླེང་མི་ཕོད་པ་ཅི་ཡིན་ནམ། སྐུ་ཉིད་ཀྱི་བློ་ལ་མི་ཤོངས་བའི་གནད་དོན་གྱི་རྩ་བ་འདི་རེད། ད་ཤོད། པེ་ཅིན་གཞུང་གིས་ཅི་བྱས་ལ་གདོང་གཏོད་ཐུབ་པའི་བློ་སྟོབས་ཡོད་ན། དབུ་མའི་ལམ་གྱི་དགོས་དམིགས་རྩབ་ཧྲལ་དུ་གཏོང་དགོས་རུང་ཞེ་སྣང་སྐྱེས་དགོས་བ་ཞིག་མ་རེད།
    སྟོབས་ཆེན་ལ་ཐུག་ན་ཡོལ་ཐབས་བྱས་ཉམས་ཆུང་ལ་འཕྲད་དུས་དཔའ་ཉམས་སྟོན་ལུགས་འདི། མི་གཤིས་སྟེང་གི་ཁྲེལ་གཞུང་ཡོད་མེད་ཀྱི་གནད་དོན་ཞིག་རེད། གནས་ལུགས་ཤོད་སེམས་ཚག་མ་བྱེད།

  13. ནག་ཐར་སྐྱིད། says:
    2012-08-05 at 1:44 pm

    རིགས་ཞེན་དཀར་བོ་ལགས། ཁྱོད་ལ་དངོས་ནས་རིགས་ཞེན་ཙམ་ལས་ཅི་ཡང་མི་འདུག རིགས་ཞེན་གྱི་དབང་གིས་གཞན་ལ་སྒྲོ་འདོགས་ལུགས་འདི་ཧ་ཅང་གི་ཞེ་སྣང་སྐྱེས་དགོས་བ་ཞིག་འདུག
    གཞེས་ལུས་དཔའ་བོ་དཔའ་མོ་དག་གི་དགོངས་དོན་དང་འགལ་བས་མ་ཟད་ངོ་རྒོད་བྱས་འདུག་ན། དཔའ་བོ་དཔའ་མི་རྣམས་ཀྱི་དགོངས་དོན་འབྲེལ་གླིང་ཚས་རྐུབ་བསྔོགས་ན་འགྲིག་གི་རེད། བློ་སྤོབས་ཡོད་དམ། གནས་ལུགས་བཤད་རྒྱུ་ཡོད་དམ། དཔྱོད་ཤེས་ཅི་ཡོད། ཕྲན་གྱིས་སྒུག་ནས་བསྡད་ཡོད།

  14. བཀྲ་ཤིས་རྒྱལ says:
    2012-08-05 at 7:49 pm

    ཚེ་འདིར་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་རྒྱབ་མ་མྱོང་ལ།། མ་འོང་པར་རེ་བ་དེ་ལས་ཀྱང་མེད།། མ་འོངས་པའི་གནས་སྟངས་ག་འདྲ་ཆགས་ཀྱང་ཚེ་མཇུག་དར་དམར་འོག་ནས་མི་བསྐྱེལ་ཁོ་ཐག་ཡིན།། མ་གཞི་ནས་ཚེ་རྡོར་གྱི་བྱས་ངན་དེར་དབུ་མའི་ལམ་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད།། གོང་ས་མཆོག་གིས་ནུབ་ཕྱོགས་སུ་དབུ་མའི་ལམ་ལ་ཕམ་ཁ་བྱུང་བར་ངོས་ལེན་གནང་གི་འདུག་པ་དགའ་འོས་ཀྱང་།། དེ་མཚུངས་སུ་བོད་ཀྱི་སྤྱི་ཚོགས་སུ་ཡང་ངོས་ལེན་གནང་དགོས་པ་གལ་ཆེ་པར་འདོད།། དེ་མ་གཏོགས་རྡ་ས་སོགས་སུ་ལྟས་ངན་འགས་དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་མའི་ནང་ཁུལ་གྱི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་པ་ལ་འགལ་རྐྱེན་བཟོ་བཞིན་འདུག།

  15. བཀྲ་ཤིས་རྒྱལ says:
    2012-08-05 at 8:02 pm

    ནག་ཐར་ལགས། སྟོབས་ཆེན་ལ་ཐུག་ན་ཡོལ་ཐབས་དང་ཉམས་ཆུང་ལ་དཔའ་ཉམས་སྟོན་ལུགས་སོགས་ཀྱི་སྐད་ཆ་དེ་ཚོ་ཆོ་མེད་རེད་བསམ།། བཙན་པོ་སུ་ལ་གཉོམ་འཁུར་དོན་མ་མཐོང་ལ།། གལ་སྲིད་གཉོམ་ཆུང་ཞིག་ཡིན་གྱང་མི་རིགས་ཀྱི་བླ་བཙོང་ན་མ་ཤེས་མདོག་མདོག་བྱེད་དགོས་པའི་རྒྱུ་མཚན་མ་མཐོང་།།

  16. རིགས་ཞེན་དཀར་པོ། says:
    2012-08-06 at 1:40 am

    ནག་ཐར་གྱིས་ཟིན་བྲིས་ལ་ལན་འདེབས་དགོས་པ་མ་མཐོང་ཡང་ཁོ་རང་གིས་རེ་སྒུག་ཆེན་པོ་ཡོད་ཟོ་འདུག་པས་གསལ་བཤད་ཅུང་ཟད་བྱེད་འདོད་བྱུང་། གཞིས་ལུས་དཔའ་བོ་དཔའ་མོ་དག་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏངས་ཏེ་དམར་གཞུང་དང་དར་དམར་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་ནི་དཔྲལ་བར་མིག་དང་སྙིང་ཁོང་དུ་སེམས་ཡོད་ཞིག་ཡིན་ན་གསལ་བཤད་མི་དགོས་པ་ཞིག་རེད། གླིང་ཚའི་རྐུབ་ནི་ངས་སྔོག་མ་དགོས་པར་ཁོ་རང་ཉིད་ཀྱིས་འཛམ་གླིང་དུ་ཁོ་རང་དང་ཁོ་རང་གི་རྐུབ་ཀྱི་དབུ་ལམ་ཁང་གི་ཛོར་རྟགས་དེ་ཚོ་འཕྱར་ཏེ་ཕྱིན་པ་ནི་ཀུན་གསལ་རེད། འོན་ཀྱང་ད་དུང་དེའི་དམིགས་ཡུལ་དང་རྒྱུ་རྐྱེན་མཐའ་དག་ཤེས་འདོད་ཡོད་ན་ཤར་ཁུག་སོགས་ལ་དྲིས་དང་ཁོང་ཚོའི་རྐུབ་དྲི་དེ་ཁྱོད་རང་གིས་ཀྱང་ཚོར་ངེས་རེད།

  17. ཁྱུ་སེང་བུ says:
    2012-08-06 at 4:10 am

    ༧གོང་ས་མཆོག་གིས་ལམ་དབུ་མ་བསྡམ་པ་འདི་རྒྱུ་མཚན་གང་གི་ཆེད་དུ་ཡིན་པ་རྣམ་པ་ཚོས་ཤེས་བཞིན་པ་རེད། དེ་བཞིན་དུ་གླིང་ཚ་ཚེ་རྡོར་གྱིས་རྒྱ་མིའི་དར་ཁྱེར་་བ་དེ་ཡང་རྣམ་པ་མི་འདྲ་བ་ཙམ་རེད་མ་གཏོགས་དམིགས་ཡུལ་དབུ་མའི་ལམ་དང་གཅིག་མཚུངས་རེད། ༧ གོང་ས་མཆོག་གིས་ཚད་ལྡན་གྱི་རང་སྐྱོང་རྒྱ་མའི་རྒྱ་དར་གྱི་འོག་ནས་འདུག་གི་ཡིན་གསུངས་བ་དེ་དང། གླིང་ཚས་དངོས་སུ་རྒྱ་མའི་རྒྱ་དར་ཁྱེར་ནས་ལས་འགུལ་སྤེལ་བ་དེ་གཉིས་ལ་ཁྱད་པར་མི་འདུག་བསམ་གི དེ་གཉིས་ཆ་ཁས་ལེན་ན་མཉམ་ལེན་དང་མི་ལེན་ལ་གཉིས་ཆ་རྩིས་མེད་ཡིན་པ་འདྲ་མཉམ་རེད། དེ་མིན་ཟེར་མཁན་ཡོད་ན་དབྱེ་འབྱེད་ཁ་གསལ་གཏིང་གསལ་སྒོས་ནས་གཅིག་གསུངས་དང་དེ་ནས་བུ་ཡིན།

  18. རིགས་ཞེན་དཀར་པོ། says:
    2012-08-06 at 4:33 am

    ཁྱི་སེང་ལགས་ཀྱིས་བཤད་པ་བདེན་ན། གཞིས་ལུས་ཀྱི་དཔའ་རྒོད་དག་གིས་དར་དམར་མེར་བསྲེགས་མཛད་པ་དེ་ཡང་ནོར་འཁྲུལ་དང་། ༧གོང་ས་མཆོག་གི་བཀའ་དང་རྒྱབ་འགལ་རེད་ཟེར་བ་ཡིན་པ་འདྲ། དེ་ལྟར་ན་༧གོང་ས་མཆོག་གི་བཀའ་སྒྲུབ་མཁན་རྣམ་དག་དེ་དགྲ་བོ་རྒྱ་དམར་དང། སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་ཚེ་དང་། ཤར་ཁུག་སོགས་དབུ་ལམ་ཁང་དང་དེ་དག་གིས་གཡོ་འོག་དུ་ཚུད་པའི་གླིང་ཚ་སོགས་ཡིན་པ་འདྲ།

  19. རིགས་ཞེན་དཀར་པོ། says:
    2012-08-06 at 5:20 am

    ཁྱི་སེང་ལགས་ཀྱིས་བཤད་པ་བདེན་ན། གཞིས་ལུས་ཀྱི་དཔའ་རྒོད་དག་གིས་དར་དམར་མེར་བསྲེགས་མཛད་པ་དེ་ཡང་ནོར་འཁྲུལ་དང་། ༧གོང་ས་མཆོག་གི་བཀའ་དང་རྒྱབ་འགལ་རེད་ཟེར་བ་ཡིན་པ་འདྲ། དེ་ལྟར་ན་༧གོང་ས་མཆོག་གི་བཀའ་སྒྲུབ་མཁན་རྣམ་དག་དེ་དགྲ་བོ་རྒྱ་དམར་དང། སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་ཚེ་ད་དུང་ཤར་ཁུག་སོགས་དབུ་ལམ་ཁང་དང་དེ་དག་གིས་གཡོ་འོག་དུ་ཚུད་པའི་གླིང་ཚ་སོགས་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme