Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཕ་བུ་གསུམ་ལ་ཐུག་འཕྲད་སྐབས་ཀྱི་སྐད་ཆ།

Posted on 2013-03-172013-03-17 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 28 Comments on གླིང་ཚ་ཕ་བུ་གསུམ་ལ་ཐུག་འཕྲད་སྐབས་ཀྱི་སྐད་ཆ།

ཕྱི་ལོ་ ༢༠༡༣ ལོའི་ཟླ་༣ ཚེས་ ༡༤ ཉིན་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རྟ་མགྲིན་དང་།  རས་པ།  ངེད་གསུམ་གླིང་ཚ་ཕ་བུ་གསུམ་ལ་ལྟ་སྐོར་བྱེད་པར་སོང་ཞིང་། སྐབས་དེར་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ཀྱིས་རྒྱལ་བ་རིན་པོ་ཆེས་བསྟན་པའི་ལམ་ཁ་ལ་ངའི་བུ་ཞུགས་ཀྱིན་ཡོད་པ་རེད། ལམ་ཁ་འདི་ལ་ངའི་བུ་གཅིག་པུ་མིན་པར་མི་སུ་མཉམ་ཞུགས་བྱས་ནའང་ངས་རྒྱབ་སྐྱོར་ཡོད། ན་ནིང་ཡིན་ནའང་ངའི་བུས་བློས་གཏོང་ཆེན་པོ་ཞིག་བྱས་ནས་སོང་བ་རེད། དེ་ལ་རྒྱབ་སྐྱོར་བྱས་ནས་ང་རང་ཉིད་ན་ནིང་མཉམ་ཞུགས་བྱས་པ་ཡིན་ལ་ད་ལོའང་མཉམ་ཞུགས་བྱས་པ་ཡིན། ང་ལ་མཚོན་ན་སྔོན་ཆད་རང་གི་བཟའ་ཚང་དང་ལྟོ་དོན་ལ་དཀའ་ལས་བརྒྱབ་པ་རེད། དེང་སྐབས་དེ་ཙམ་མིན་པར་བོད་མི་ས་ཡ་དྲུག་གི་ཆེད་དུ་དཀའ་ལས་རྒྱག་གིན་ཡོད་སྙམ་ན་སྤོབས་པ་སྐྱེ་ནི་དང་དགའ་ནི་ཞིག་རེད། ཁོང་གཉིས་ཀྱི་རྐང་པར་རྨ་རྒྱག་པ་སོགས་བྱེད་ཀྱིན་ཡོད་མོད། ང་ནི་དཀོན་མཆོག་གི་ཐུགས་རྗེ་ལ་རྐང་པའང་ན་གི་མི་འདུག ཡིན་ནའང་། ཉིན་བདུན་གྱི་རྗེས་ནས་ལོ་ཚད་ཀྱི་བཀས་བཅད་དབང་གིས་ངེད་གཉིས་ཕྱིར་ལོག་དགོས་ཀི་རེད། དེ་ནི་སེམས་ཁྲལ་ཆེ་ཤོས་རེད།  ལོ་སྔོན་མར་རྒྱ་མིའི་དར་ཆ་མ་ཁྱེར་ན་མ་གཏོགས་མཉམ་ཞུགས་མི་བྱེད་ཅེས་འཇིགས་སྐུལ་བྱེད་མཁན་མང་པོ་བྱུང་ཐལ།  དེ་དག་ལ་ད་མཉམ་ཞུགས་བྱེད་རོགས། ངས་བུས་བོད་མིའི་མཐུན་སྒྲིལ་ལ་བསམ་བློ་བཏང་ནས་རྒྱ་མིའི་དར་ཆ་འཁྱེར་གྱིན་ཡོད་པ་མ་རེད། ད་ཁྱེད་ཅག་གིས་ངའི་བུ་ལྟར་མི་ཚེ་བློས་བཏང་ནས་ཞུགས་མི་ཐུབ་ནའང་བདུན་ཕྲག་གཅིག་རེ་གཉིས་རེ་ཡིན་རུང་མཉམ་ཞུགས་བྱེད་རོགས་ཞེས་ངས་འབོད་སྐུལ་བྱས་པ་ཡིན། བོད་ནང་ལ་མཚོན་ན། བོད་མིའི་མཐུན་སྒྲིལ་ལ་བསམ་བློ་བཏང་ནས་གྲི་མར་ལ་གཡུག  བོད་མི་ནང་ཁུལ་ལ་འཁྲུག་འཛིང་རྐུན་ཇག་མི་བྱེད་པའི་མནའ་འཇོག་པ་སོགས་བྱེད་ཀྱིན་ཡོད་པ་རེད། བླ་མའི་ཞལ་བཞུགས་ས་ནས་ང་ཚོས་རྩོད་མི་དགོས་པ་དག་བརྩད་བསྡད་ན་ང་དངོས་གནས་སེམས་སྐྱོ་གི  བོད་ནང་མེར་བསྲེགས་བཏང་ཚར་བ་དང་བཞུགས་ཡོད་པ་དག་ཡིན་ནའང་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་དེ་ཁོང་ཅག་གི་རེ་བ་རེད་ལ། ངའི་རེ་བའང་དེ་ཡིན་ཞེས་བཤད་སོང་།  དེ་རྗེས་གླིང་ཚ་ལ་གནད་དོན་ཁ་ཤས་ཐད་ནས་ང་ཚོས་དྲི་བ་དྲིས་པར་ཁོང་གིས་ལན་འདི་ལྟར་གནང་སོང་།

དྲི་བ། ཁྱེད་རང་གི་ཞི་བའི་འཐབ་རྩོད་འདི་ལྟ་གྲུབ་གང་ཞིག་ལ་གཞི་བྱས་ནས་བསླངས་པ་ཡིན། 

གླིང་ཚ།  ང་རང་གི་ཞི་བའི་འཐབ་རྩོད་ཅེས་པ་འདིའི་བསམ་བློའི་གཞི་བཅོལ་ས་ངོ་མ་ནི་རྒྱལ་བ་རིན་པོ་ཆེ་དང་གྷན་དྷི་རྗེ་ཟུང་གི་ལྟ་གྲུབ་ལ་གཞི་བཅོལ་བ་ཡིན་ཞེས་བཤད་ན་ཆོག་སྙམ།  ད་བར་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སླེབས་པ་ཞིག་ངས་མ་ཀློག་པ་མེད་ཅེས་བརྗོད་ཆོག་རྒྱུ་རེད། ལྷག་པར་བྱམས་བརྩེ་ནུས་སྟོབས་ནི་ངས་བཀླག་བཀླགས་ནས་དེབ་ཀྱང་རལ་བར་གྱུར་སོང་། དེ་ནི་ང་ལ་ཤུགས་རྐྱེན་ཐེབས་ཆེ་ཤོས་དེ་ཡིན།  གྷན་དྷི་རྗེ་ལ་མཚོན་ན་བོད་བསྒྱུར་བྱས་པའི་དེབ་དག་བཀླགས་པ་ཡིན། དེ་དག་ལས་ང་ལ་བསམ་བློ་འདི་བསྩལ་བྱུང་། ཞི་བའི་འཐབ་རྩོད་འདི་མི་སྒེར་བ་ཞིག་གི་ངོས་ནས་བསླངས་པ་རེད་དེ། འདི་ལ་ཆ་རྐྱེན་ཚང་དགོས་པ་ངོ་མ་ནི་དམ་བཅའ་དང་བློས་གཏོང་རེད། འདི་གཉིས་ཚང་སོང་ན་ཞི་བའི་འཐབ་རྩོད་པའི་མི་ལ་གྱུར་བ་རེད། ཡིན་ནའང་། ཡུལ་དང་དུས་ཚོད་ནི་བབ་བལྟས་ཀྱིས་ཡོང་བ་ཞིག་རེད།

དྲི་བ། ཁྱེད་ལ་བོད་དོན་འཐབ་རྩོད་པ་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ ལ་ལྟ་ཚུལ་ག་འདྲ་ཡོད།  

གླིང་ཚ།   མ་འོངས་པར་བོད་མི་རིགས་ཀྱི་འཐབ་རྩོད་སྟེང་མི་སྣ་སུ་ཞིག་བྱུང་ནའང་དེར་ལྟ་ཚུལ་ཡག་པོ་ཞིག་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་རིགས་ལ་ཞབས་འདེགས་ཞུ་མཁན་དག་ལའང་མི་ཞིག་ཡིན་པའི་ཆ་ནས་ཞན་ཆ་ཡོད་རྒྱུ་རེད་དེ་དེ་ཐེར་འདོན་ལས་ཀྱང་དེས་ནུས་པ་ཅི་ཞིག་འདོན་གི་ཡོད་མེད་ལྟ་རྒྱུ་གལ་ཆེན་རེད་སྙམ། ང་རང་ཉིད་ལ་མཚོན་ན། གཞན་ལ་སྐྱོན་བརྗོད་ལས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་དང་སྐྱོན་སྤོང་ལ་འབད་ནས་རང་ཉིད་ཡར་རྒྱས་གཏོང་བར་འབད་ཀྱིན་ཡོད། ངས་རང་ཉིད་དང་རང་ཉིད་ཀྱི་བྱ་སྤྱོད་ལ་མཛུབ་མོ་འཛུགས་མཁན་དག་ལ་འཁོན་སེམས་ནམ་ཡང་བཅངས་མྱོང་མེད། མ་འོངས་པར་ལྷག་པར་འཚེ་མེད་ཞི་བ་ཞེས་པ་འདི་རང་ཉིད་སྒེར་ངོས་ནས་དངོས་སུ་ལག་བསྟར་བྱེད་ཐབས་ལ་མགོ་འཛུགས་ཀྱིན་ཡོད།

དྲི་བ། ཁྱོད་ཀྱིས་གསར་འགོས་གསལ་བསྒྲགས་སྐབས་གོམ་བགྲོད་རྗེས་མར་རྒྱ་དར་འཁྱེར་རྒྱུ་ཡིན་ཞེས་བསྒྲགས་པ་རེད། ཁ་སང་དངོས་སུ་མགོ་བཙུགས་དུས་མ་ཁྱེར་བ་རེད་དེ་ལ་དགོས་དམིགས་ཅི་ཞིག་ཡོད།

གླིང་ཚ། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་ཁ་སང་སྔོན་ལ་གོམ་བགྲོད་བསྐྱར་དུ་མགོ་འཛུགས་སྐབས་རྒྱ་དར་འཁྱེར་རྒྱུ་ཡིན་ཞེས་བཤད་པ་རེད། དེ་བདེན་པ་རེད། ཡིན་ནའང་། གོམ་བགྲོད་དངོས་སུ་མགོ་འཛུགས་དུས་རྒྱ་དར་མ་ཁྱེར་བ་དེར་རྒྱུ་མཚན་གཉིས་ཡོད། གཅིག་ནི་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་། གཉིས་བོད་མི་རིགས་ཀྱི་སེམས་ཁམས་ལ་ཕོག་ཐུག་མི་འགྲོ་བ་དེ་གཉིས་རེད། དྲ་རྒྱའི་ནང་གི་གླེང་ཕྱོགས་ཙམ་མིན་པར་ཕྱོགས་ངོས་གང་ལ་བལྟས་ནའང་བོད་མི་རིགས་ཀྱི་འཁོན་སེམས་ཞི་མི་འདུག དེ་འཇགས་ཐབས་ལ་གནས་སྐབས་ངས་ངོས་ནས་རྒྱ་དར་ཕྱིར་འཐེན་བྱེད་རྒྱུ་ལས་གཞན་མི་འདུག དེ་ནི་མདོར་དྲིལ་ན་ངས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་འགན་ཁུར་བ་ཞིག་ཡིན།

དྲི་བ།  ཁྱེད་ཀྱིས་ད་ལྟ་ནས་རྒྱ་དར་ཁུར་བ་ཡིན་ན་མ་འོངས་པར་དབུ་མའི་ལམ་ནས་རྒྱ་བོད་ཞི་འགྲིག་དངོས་སུ་མགོ་འཛུགས་གོ་སྐབས་རེ་བྱུང་ན་ང་ཚོར་ཆ་རྐྱེན་བགྲང་རྒྱུ་མེད་པ་དེ་འདྲར་འགྱུར་རྒྱུ་རེད་བསམ་ཨེ་མྱོང་།

གླིང་ཚ། ན་ནིང་ངས་ལྡི་ལིར་ཐོན་གྲབས་ཡོད་དུས་རྒྱ་དར་འཁུར་རྒྱུ་ཡིན་ལབ་དུས་ཉན་མཁན་ཚང་མ་ཧང་སངས་ཡོད་པ་རེད། དེ་ནི་སྤྱིར་བཏང་ང་ཚོ་མི་མང་པོ་ཞིག་གིས་སེམས་ནང་ལ་དགྲ་ཞེས་པ་འདི་ལས་འདྲ་མཉམ་དང་གྲོགས་ཞེས་པ་འདི་ལེན་ཐུབ་ཀྱི་མི་འདུག  དེ་ངའི་ལྟ་ཚུལ་ཡིན། ང་ལ་མཚོན་ན། འཚེ་མེད་ཞི་བ་མི་རང་ཉིད་ནས་ལག་བསྟར་བྱེད་དགོས་པའི་ངེས་ཤེས་ཤིག་ངའི་སེམས་གཏིང་ལ་གྲུབ་ཡོད་པ་རེད། གཞན་ལ་བསྐྲུན་ཐུབ་མིན་ངས་མི་ཤེས། འཚེ་མེད་ཞི་བ་ཞེས་པ་འདི་ངས་ལུས་ངག་ཡིད་གསུམ་གྱི་སྟེང་ལ་ངོས་འཛིན་གྱིན་ཡོད། སྤྱིར་ན་དགྲ་ཞེས་པ་ཞིག་རྩ་བ་ནས་མེད་པའི་བསམ་བློ་ཞིག་ང་ཚོར་ཤར་དགོས་དགོས་ཀི  འཚེ་མེད་ཞི་བའི་ཡུལ་ཞིག་ངོས་བཟུང་ན་གལ་སྲིད་མི་ཞིག་གིས་ང་ལ་མེ་མདའ་བཙུགས་ནའང་ངས་མེ་ཏོག་སྤྲོད་ཨེ་ཐུབ་འབད་རྒྱུ་དེ་ངའི་འགན་རེད།  དཔེར་ན། རྒྱལ་བ་རིན་པོ་ཆེའི་འདྲ་མཉམ་གྱི་ལྟ་བ་དང་ཀུན་ཁྱབ་ཀྱི་སེམས་ཁུར་སོགས་ཚང་མ་འདྲ་མཉམ་དང་འཚེ་མེད་ཞི་བ་རང་གཞི་བཅས་འདུག་སྙམ།

དྲི་བ། ཁྱོད་ཀྱི་ཞི་བའི་འཐབ་རྩོད་འདི་ཆབ་སྲིད་དང་ཆོས་ལུགས་སོགས་དེང་སང་གི་རིག་ཚན་གང་ལ་གཏོགས་ནི་རེད། གལ་སྲིད་གཏོགས་ན་དཔེ་མཚོན་འདྲ་སྟོན་རྒྱུ་ཨེ་ཡོད།

གླིང་ཚ། ངའི་ཞི་བའི་འཐབ་རྩོད་འདི་དེང་སང་གི་ཆབ་སྲིད་ཅེས་པ་འདིའི་ཁོངས་སུ་གཏོགས་རྒྱུ་མ་རེད།  ངས་ནི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་བདེན་པ་ཞེས་པ་འདི་གཙིགས་སུ་བཟུང་ཡོད། འདིའི་སྟེང་ནས་ངས་ཞི་བའི་འཐབ་རྩོད་འདི་བསླངས་པ་རེད། ང་ཚོ་བོད་མི་རིགས་ལའང་ལྷན་སྐྱེས་ལ་མིའི་རིགས་ཀྱི་བདེན་པ་དེ་ཡོད་པ་རེད། དེ་རྩོད་པའི་བདེན་པ་དང་རང་དབང་ཡང་ཆ་ཚང་ཡོད་པ་རེད། འདི་མུ་མཐུད་ན་དུས་ཚོད་ལ་འཚམས་མིན་མི་ཤེས་ལ། ཕྱོགས་གཞན་ནས་ངས་དེ་བཤད་ན་འཚམས་པོ་མི་འདུག  ངའི་མི་ཚེ་བརྒྱུད་རིམ་དེ་ཤེས་ཡོན་གྱི་སྡེ་ཚན་ནས་འཚར་ལོངས་མ་བྱུང་བས་ང་ལ་དེའི་ཤེས་ཚད་ཀྱང་མི་འདུག

དྲི་བ། ཁྱོད་ཀྱིས་གོང་ནས་བདེན་པ་དང་འཚེ་མེད་ཞི་བ་ཞེས་པ་དེ་ཤུགས་ཆེན་པོ་བཤད་ཀྱིན་འདུག  དེ་དང་རྒྱ་དར་འཁྱེར་བ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་པ་རེད།

གླིང་ཚ། ང་ལ་མཚོན་ན་རྒྱ་དར་འཕྱར་མ་བཅུག་པ་དེ་ངའི་མགོ་ནས་སྐྲ་རྐང་གཅིག་བལ་བཏང་ནི་རེད། ང་ལ་མཚོན་ན་སྐྲ་རྐང་གཅིག་བལ་ན་མ་བལ་ན་ཁྱད་པར་ཅི་ཡང་མི་འདུག ཡིན་ནའང་། གཞན་དག་ལ་མཚོན་ན་དེ་ནི་ཧ་ལས་པ་ཧང་སངས་པ་ཞིག་རེད། ཁོང་ཚོས་ང་སྐྱོན་བཙལ་ས་ཆེ་ཞིག་རེད་དེ། ང་ལ་མཚོན་ན་དེ་ནི་ཞི་བའི་འཐབ་རྩོད་ཀྱི་གལ་ཆེན་ཅི་ཡང་མ་རེད།

དྲི་བ། ཁྱོད་ཀྱིས་ང་ཚོ་མི་མང་གི་འཁོན་སེམས་ཞི་མི་འདུག་ཅེས་བཤད་ཀྱིན་འདུག  དེ་ཅི་བཤད་ཀྱིན་ཡོད་པ་རེད།

 

གླིང་ཚ། ང་ཚོ་བོད་མི་རིགས་ཀྱིས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་། དོན་དངོས་ལ་གཉིས་ཕན་ཞེས་པ་འདིའི་ལམ་དུ་བསྐྱོད་པ་ལ་འཁོན་སེམས་མ་ཞི་ཐབས་མེད་རེད་ལ།  ངས་བསླངས་པའི་ཞི་བའི་འཐབ་རྩོད་ཅེས་པ་འདིའང་ཧ་ཅང་ཁེགས་པོ་རེད།  ངས་འདི་འདྲ་བསམས་མྱོང་ལ་ཉིན་ཐོ་ཞིག་གི་ནང་དུའང་བྲིས་ཡོད།  དཔེ་བཞག་ན། རང་བཙན་རྩོད་རྒྱུའི་ལམ་ཁ་འདི་ལས་སླ་བོ་རེད། འདིས་རང་ཕྱོགས་གཅིག་པུར་འགན་ཁུར་ན་འགྲིག་གི  གཞན་དེས་རང་གཞན་གཉིས་ཀར་འགན་ཁུར་དགོས་ཀི  དེའི་འགན་ཧ་ཅང་ལྕི་མོ་རེད།  དེང་སང་འཛམ་གླིང་གི་ཆབ་སྲིད་ཅེས་པ་འདི་རང་གཙོ་བོར་འཛིན་པའི་གཞུང་ལུགས་ཤིག་ལ་ངོས་བཟུང་ནས་བསྡད་ཡོད་པ་རེད། གལ་སྲིད་མི་ཅེས་པ་འདིས་རང་གཙོར་བོར་འཛིན་པའི་གཞུང་ལུགས་ཤིག་རྒྱུན་འཛིན་བྱེད་རྒྱུ་ཡིན་ན། ཕལ་ཆེར་རྒྱ་ནག་གི་ད་ལྟའི་གཞུང་འདི་ལ་བདེན་ཁ་སྤྲོད་དགོས་པ་རེད་སྙམ། ཁོ་ཚོས་རངགི་གཞུང་ཁོ་ན་གཙོ་འཛིན་ལས་གཞན་ཞིག་ངོས་ལེན་བྱེད་ཀྱིན་ཡོད་པ་མ་རེད། འདིའི་སྟེང་ནས་ང་ཚོར་ར་ཞིག་སྤྲད་འདུག གལ་སྲིད་མི་ཅེས་པ་འདིས་བདེན་པ་རྩོད་རྒྱུ་ཡིན་ན་དེ་ཧ་ཅང་གི་ལྗིད་ཁོག་ཅན་ཞིག་རེད།

དྲི་བ། ཁྱོད་ཀྱི་ཞི་བའི་འཐབ་རྩོད་འདི་ཁྱོད་ཀྱི་རྩོམ་ཡིག་གང་གི་ནང་ན་གསལ་བ་རེད།

གླིང་ཚ། མང་པོ་ཞིག་ངས་འབྲི་ཤེས་ཀི་མེད་ལ་ཕོད་ཀིའང་མེད། ང་ལ་དགོས་པ་དུས་ཚོད་དང་ལྷིང་འཇགས་རེད་དེ།  ད་ལྟ་ལྷིང་འཇགས་མ་རེད་ལ་ཁོར་ཡུག་ཀྱང་མི་འཛོམས་ཀི  ཕྱོགས་གཞན་ནས་བྲིས་མ་བྲིས་མི་འདུག  བཙན་བྱོལ་སྤྱི་ཚོགས་འདི་སྔོན་མ་ཞིག་ལ་ཁ་ཡར་འཁོར་གྱིན་ཡོད་ཚོད་གདའ་ནའང་།  དེང་སང་རྦད་དེ་ཁ་ཐུར་ལ་འཁོར་ཚར་ཡག་རེད་སྙམ་གྱིན་འདུག  དཔེར་ན།  སྔོན་མ་དགུ་བཅུའི་ནང་ལ་ཡོང་མཁན་ཚང་མ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཡིད་ལ་བཅངས་ནས་ཡོང་བ་ཤ་སྟག་རེད་དེ། དེང་སང་བཙན་བྱོལ་ལ་ཡོང་བའི་བསམ་བློའི་གོ་རིམ་བརྗེས་ནས་ཡོང་གི་འདུག  དེ་བཞིན་འདི་ནས་འཚར་ལོངས་བྱུང་བ་རྣམས་ཀྱང་དེ་བཞིན་སྟེང་འོག་བརྗེས་ནས་ཡོང་གི་འདུག  དེ་ནི་མི་གཅིག་གཉིས་ཙམ་མ་རེད་ཚང་མའི་བསམ་བློ་བརྗེས་འདུག དེའི་རྒྱབ་ལྗོངས་ང་ཚོས་ལས་སླ་བོར་ཤེས་རྟོགས་ཐུབ་ཀྱི་འདུག

དྲི་བ། འཐབ་རྩོད་ཅིག་ཡིན་ན་མཇུག་འབྲས་དགོས་ཀྱི་འདུག དེ་ནི་ཤར་ནུབ་ཀྱི་མི་རིིགས་འཐབ་རྩོད་པ་ཚང་མ་དེ་འདྲ་རེད། ཁྱོད་ཀྱིས་བློས་གཏོང་ཇི་འདྲ་བྱས་ནའང་མཇུག་འབྲས་ཅུང་དགོས་པའི་གདེང་ཚོད་དགོས་པ་རེད། གལ་སྲིད་ཁྱོད་ཀྱི་ཞི་བའི་འབོད་ཚིག་དོན་ཚན་ལྔ་ལ་འབྲས་བུ་མེད་པ་གཏན་འཁེལ་ན་ཁྱོད་ཀྱིས་འདི་ཕྱིར་བསྡུ་བྱེད་རྒྱུ་ཨེ་ཡིན།

གླིང་ཚ། ངའི་བློས་གཏོང་ཞེས་པ་འདི་ཁྱོད་ཀྱིས་ཕྱོགས་གཅིག་ནས་ཧ་གོ་འདུག་ལ།  ཕྱོགས་གཅིག་ནས་ཧ་གོ་མི་འདུག  ངས་ནི་བློས་གཏོང་དགོས་པ་ཆ་ཚང་བཏང་ཡོད་པ་རེད། མི་ཞིག་ལ་མཚོན་ན་ཚེ་སྲོག་གལ་ཆེན་དུ་བརྩི་གྱིན་ཡོད་ནའང་། ངའི་བསམ་ཚུལ་ལ་མི་ཞིག་གི་ཚེ་སྲོག་ནི་བདེན་པ་དང་བསྡུར་ན་ཧ་ཅང་རིན་ཐང་ཆུང་ཆུང་ཞིག་རེད། ངའི་བློས་གཏོང་གི་ཁྲོད་ན་དམ་བཅའ་ཞིག་ཡོད་པ་རེད། དམ་བཅའ་ནི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་བོད་ལ་རང་དབང་ཐོབ་རྒྱུ་རེད། གལ་སྲིད་དེ་མ་བྱུང་ན་ངའི་མི་ཚེ་འདི་ཞི་བའི་འཐབ་རྩོད་ཁྲོད་བསྟིམས་ནི་རེད། ངས་ཞི་བའི་འཐབ་རྩོད་བྱེད་སའི་ཡུལ་དངོས་ནི་བོད་རེད། ཞི་བའི་གོམ་བགྲོད་ནི་ཡུལ་དེར་སླེབས་ཐབས་ཀྱི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་རེད།

དྲི་བ།  ཁྱོས་གོམ་པ་རེ་རེ་བཞིན་སྤོ་དུས་གཏན་ནས་བརྗེད་མི་ཐུབ་པ་གང་རེད།

གླིང་ཚ། ངས་གོམ་པ་རེ་རེ་བཞིན་སྤོ་དུས་བརྗེད་མི་ཐུབ་པ་བདེན་པ་རེད། མི་ཞེས་པ་བདེན་པར་དགའ་བ་བཤད་མ་དགོས་པ་མ་རེད། ཡིན་ནའང་། བདེན་པ་བཤད་པ་དང་བདེན་པ་ལས་པ། བདེན་པའི་ཆེད་དུ་ཡར་ལངས་མི་ཐུབ་པ་དེར་ང་ཧང་སངས་ཀྱིན་ཡོད། ཕྱོགས་གཅིག་ནས་བཤད་ན་ཁེགས་མི་འདུག ང་རང་ཉིད་ལ་མཚོན་ནས་བཤད་ནའང་ལོ་ཉི་ཤུའི་གོང་ནས་བདེན་པ་ཞེས་པ་འདིར་འགྲོགས་རེས་བྱས་ནའང་ད་བར་དུ་ཡོད་ཚད་བློས་བཏང་ནས་ཞུགས་མ་ཐུབ་པ་རེད།

དྲི་བ། ཁྱོས་བལྟས་ན་བདེན་པ་ཞེས་པ་དེ་ཅི་ཞིག་རེད།

གླིང་ཚ། བདེན་པ་ཞེས་པ་ནི་མིས་རོལ་མྱོང་བྱེད་དགོས་པ་ཞིག་རེད། དེ་བྱས་ན་ད་གཟོད་ཐག་གཅོད་ཅིག་ཡོང་གི་རེད། དེ་མ་གཏོགས་མིའི་དབར་རྒྱག་རེས་བྱེད་དུས་ང་ལ་བདེན་པ་ཡོད་ཁོ་ལ་བདེན་པ་མེད་ཅེས་པ་དེ་མ་རེད། བདེན་པ་ཞེས་པ་འདི་མཐར་ཐུག་ན་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་ངོ་ཤེས་ན་ངས་བཤད་ཀྱིན་པའི་བདེན་པ་ཞེས་པ་དེ་ཡིན། དེང་སང་ངས་ནི་བཤད་རྒྱུ་གཙོ་བོར་འཛིན་གྱིན་མེད། ང་རང་ཉིད་ཀྱི་སྟེང་ནས་འཚེ་མེད་ཞི་བ་འདི་ཇི་ཙམ་ར་སྤྲོད་ཐུབ་མིན་ལ་ལྟ་གིན་ཡོད། ཅེས་ང་ཚོའི་དྲི་བ་རེ་རེ་བཞིན་ལན་འདེབས་གནང་རྗེས། མ་བུ་གསུམ་གྱིས་བསྐྱར་དུ་རྡོག་ཁྲེས་ཁུར་ནས་ལམ་ལ་བུད་སོང་།

འདྲ་པར།  བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེས་ཞི་བའི་གོམ་བགྲོད་སྔ་ཕྱི་གཉིས་ལ་གོན་པའི་ལྷམ་ཡིན།

 

བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

རྩོམ་རིག

Post navigation

Previous Post: དཔལ་ལྡན་ཆོས་གྲཊ་ཀྱིས་རིཊ་འདྲ་སྔོན་སོང་གིས་བསྒྲུབས་པ།
Next Post: རྒྱ་ནག་ལ་མང་གཙོ་ཡོད་ཟེར།

Comments (28) on “གླིང་ཚ་ཕ་བུ་གསུམ་ལ་ཐུག་འཕྲད་སྐབས་ཀྱི་སྐད་ཆ།”

  1. ཡུལ་གྱར་བ says:
    2013-03-17 at 4:25 am

    གུས་བཀུར་ཞུ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 6:22 am

    ཁྱོས་འགྲོ་ནི་རེད།
    ཅེས་པ་འདི།
    ཁྱོད་ཀྱིས་ འགྲོ་བགྱིད་ རེད།

  3. འཇམ་གཅེས says:
    2013-03-17 at 7:01 am

    ངོ་མ་སྙིང་ནས་ཡིད་རངས་ཞུ། ཁྱེད་ཕ་མ་གསུམ་པོར་་་་་

  4. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-03-17 at 7:21 am

    གཅིག་ནི་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་། གཉིས་བོད་མི་རིགས་ཀྱི་སེམས་ཁམས་ལ་ཕོག་ཐུག་མི་འགྲོ་བ་དེ་གཉིས་རེད་ཟེར་་་་་་་ དངོས་གནས་རང་་་་དེ་བསམ་བློ་ཡག་པོ་ཞི་དྲག་རེད། གླིང་ཚར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཡང་ དེ་ནི་མདོར་དྲིལ་ན་ངས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་འགན་ཁུར་བ་ཞིག་ཡིན་ཟེར་་་

    བདེན་པ་རེད། དངོས་སུ་གོམ་བགྲོད་གཉིས་པ་མགོ་འཛུགས་པའི་ཉིན་མོར་དར་དམར་མ་ཁྱེར་བ་གོ་ཐོས་བྱུང་བས་དགའ་བོ་བྱུང་ལ། འགན་ཁུར་གྱི་བསམ་བློ་ལྡན་པའི་གོམ་བགྲོད་པ་དངོས་གནས་ཞིག་ད་ཆགས་སོང་དྲན་ནས་དགའ་ཡོད།

    ངས་རང་ཉིད་དང་རང་ཉིད་ཀྱི་བྱ་སྤྱོད་ལ་མཛུབ་མོ་འཛུགས་མཁན་དག་ལ་འཁོན་སེམས་ནམ་ཡང་བཅངས་མྱོང་མེད་ཟེར་་་་་་སྐུ་ཉིད་ནས་ཕྱོགས་གཞན་ཞིག། རང་བཙན་རྩོད་རྒྱུའི་ལམ་ཁ་འདི་ལས་སླ་བོ་རེད། འདིས་རང་ཕྱོགས་གཅིག་པུར་འགན་ཁུར་ན་འགྲིག་གི རང་བཙན་རྩོད་རྒྱུའི་ལམ་ཁ་འདི་ལས་སླ་བོ་རེད། འདིས་རང་ཕྱོགས་གཅིག་པུར་འགན་ཁུར་ན་འགྲིག་གི་ཟེར་་་་

    འདི་གཞོན་ནུ་ལ་བཅངས་པས་བརྡ་ལན་ཞིག་མིན་ན་སྙམས།
    དེ་ལྟར་མིན་ན་གཞུངས་དང་དམངས་ཕལ་ཆེ་བ་རང་བཙན་གྱི་གཞུང་ལམ་ཆེ་པོ་འདི་རྒྱུད་ནས་ཕེབས་མ་ཐུབ་པ་དེའང་ལས་སླ་ཐག་ཆོད་པ་ཡིན་ནམ། གྲུབ་འབྲས་ཅེས་མེད་ཚོད་གསུང་ན་ཅིག་ཤོས་ལའང་མ་ལྡན་ཕྱིར།
    རྩེ་མོ་ཡིན་ནོ། གོམ་བགྲོད་པར་སྒྲུབ་པའི་མཆོད་པ་ཡིན། གསུངས་རབ་མ་ལུས་འགལ་མེད་དུ་འཆར་བའི་ཆེ་བ་གསུང་པ་ལྟར། སྐུ་ཉིད་ནས་ཀྱང་ལམ་བུ་འདི་གཉིས་འགལ་མེད་དུ་འཛིན་ནས་ས་ཡ་དྲུག་གི་རང་དབང་ཐོབ་བྱེད་ཀྱི་ཐབས་སུ་བཟུང་ནས་གོམ་འགྲོད་དུ་ཕེབས་ན་ག་འདྲ་གཟི་བརྗིད་ལ། གླིང་ཚ་གོམ་བགྲོད་པ་བྱ་བ་ལམ་འགྲོ་ཡོང་བ་ཤོག།། །།

  5. གཡང་དཀར་ལུག་རྫི་། says:
    2013-03-17 at 7:27 am

    ཕོ་རྒོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ཀྱིས་ད་ཐེངས་བོད་དོན་འཐབ་རྩོད་ཀྱི་གོམ་བགྲོད་སྐབས་དམར་པོའི་ཁྲག་དར་དེ་གནས་སྐབས་འཕྱར་མི་འདུག་ན་གུས་པས་གུས་བཀུར་ཞུ་ཡི་ཡོད། ཡིན་ནའང་གུས་ཀྱི་རེ་བར་ཁྱེད་ཀྱིས་གནས་སྐབས་ཙམ་མིན་པར་དམར་པོའི་ཁྲག་དར་མཁའ་དབྱིངས་སུ་འཕྱར་ཞིང་གུས་བརྩི་བྱེད་དགོས་དོན་མི་འདུག་ལ་ཁྱེད་ཀྱིས་ད་ནས་བཟུང་བོད་གཞི་བྱེས་གཉིས་ཀྱི་གཞུང་མང་ཡོངས་རྫོགས་དམར་པོའི་ཁྲག་དར་འོག་དབང་དུ་མ་བསྡུས་བར་རྒྱ་དར་གནམ་ལ་མ་འཕྱར་རོགས་ཞུ་རྒྱུ་ཡིན། ད་དུང་ངས་ཞུ་འདོད་པ་ཞིག་ནི་ཁྱེད་ཀྱིས “རང་བཙན་རྩོད་རྒྱུའི་ལམ་ཁ་འདི་ལས་སླ་བོ་རེད། འདིས་རང་ཕྱོགས་གཅིག་པུར་འགན་ཁུར་ན་འགྲིག་གི གཞན་དེས་རང་གཞན་གཉིས་ཀར་འགན་ཁུར་དགོས་ཀི དེའི་འགན་ཧ་ཅང་ལྕི་མོ་རེད” ཅེས་གསུངས་འདུག དེ་ན་རྒྱ་གཞུང་གིས་ད་བར་རང་བཙན་གྱི་འཐབ་རྩོད་དོར་ན་དབུ་ལམ་གྱི་ལྟ་སྒྲུབ་དེ་ཉིད་ལ་གཙིགས་སུ་བཟུང་ནས་གཉིས་སྨན་གྱི་གྲོས་མོལ་བྱེད་ཀྱི་ཡིན་ཞེས་ལབ་མྱོང་མེད་ལ་གྲུབ་འབྲས་ཀྱང་ཐོན་མེད་པ་བོད་རྒྱ་ཞི་མོལ་གྱི་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དམིགས་བསལ་སྐུ་ཚབ་ནས་རྩ་དགོངས་ཞུས་སྐབས་གཏམ་བཤད་ནས་ཤེས་ཐུབ། དེ་ལས་ཁྱེད་ཀྱིས་གསུངས་པ་ལྟར་ལས་སླ་ལ་ལོ་རྒྱུས་དང་དྲང་བདེན་ཡོད་པའི་རང་བཙན་འཐབ་རྩོད་རྒྱུན་འཁྱོང་བྱེད་ན་རིན་ཐང་ཆེ་བ་ལས་ངོ་མནོང་དགོས་པ་མི་འདུག་སྙམ། ཡང་ཁྱེད་ཀྱིས “དེང་སང་འཛམ་གླིང་གི་ཆབ་སྲིད་ཅེས་པ་འདི་རང་གཙོ་བོར་འཛིན་པའི་གཞུང་ལུགས་ཤིག་ལ་ངོས་བཟུང་ནས་བསྡད་ཡོད་པ་རེད། གལ་སྲིད་མི་ཅེས་པ་འདིས་རང་གཙོར་བོར་འཛིན་པའི་གཞུང་ལུགས་ཤིག་རྒྱུན་འཛིན་བྱེད་རྒྱུ་ཡིན་ན། ཕལ་ཆེར་རྒྱ་ནག་གི་ད་ལྟའི་གཞུང་འདི་ལ་བདེན་ཁ་སྤྲོད་དགོས་པ་རེད་སྙམ” ཞེས་གསུངས་འདུག དེ་ནི་ཁྱེད་ཀྱི་ལྷག་བསམ་ལ་སླད་མེད་རུང་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་དུས་ཀུན་གཞི་མེད་ཀྱི་དྲིལ་བསྒྲགས་རྫུན་མ་དང་ལོག་གཏམ་སྤེལ་བཞིན་པར་རྒྱབ་བསྐྱོར་དང་མི་མཐུན་བྱས་འདུག་ལ། ང་ཚོའི་དྲང་བདེན་དང་ཐོབ་སྐལ་ཡོད་པའི་བོད་རང་བཙན་གྱི་འཐབ་རྩོད་དེ་ཉིད་ཀྱང་རང་གཙོ་བོར་འཛིན་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་བྱས་འདུག དེ་ནི་ནོར་འཁྲུལ་གནམ་སར་མ་ཤོང་པ་ཞིག་རེད་སྙམ། རང་བཙན་ནི་༧གོང་ས་མཆོག་གིས་གསུངས་པ་ལྟར་ཐོབ་ཐང་དང་ལོ་རྒྱུས་ཡིན་པ་ལས་རང་གཙོ་བོར་འཛིན་པར་ངོས་འཛིན་བྱས་ན་མི་འགྲིག རྩ་བས་ཁྱེད་ནང་མི་རྣམས་ཀྱི་ལྷག་བསམ་དང་བློས་གཏོང་ལ་ཡི་རངས་དང་གུས་བརྩི་ཞུ་ཡི་ཡོད།

  6. གཡང་དཀར་ལུག་རྫི་། says:
    2013-03-17 at 7:37 am

    རྒྱ་ཆེ་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། “མི་མཐུན” ཡིག་ནོར་ཤོར་འདུག་ན་” མོས་མཐུན”་ལ་ནོར་བཅོས་གནང་རོགས་ཞུ།

  7. ནམ་མཁའ says:
    2013-03-17 at 7:45 am

    ཞི་བའི་འཐབ་རྩོད་པ་གླིང་ཚ་ལགས།ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལ། མ་ཟད་ཁྱེད་ཀྱི་ལན་འདེབས་གནང་བ་དག་ཡང་ཚིག་ཤིན་ཏུ་རྣོ་ངར་ལྡན་འདུག་པས་ལྷག་ཏུ་དགའ་སོང་།ཆབ་སྲིད་ཀྱི་འཐབ་རྩོད་པ་ཞིག་ཡིན་དུས་བསམ་བློ་རྣོ་བོ་དགོས་པ་གལ་ཆེན་རེད།

  8. བུ་ཁྲིད་རྣམ་རྒྱལ། says:
    2013-03-17 at 7:51 am

    རྒྱལ་གཅེས་པ་ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་རྒྱུས་ཀྱིས་ཁྱོད་གཏན་ནས་བརྗེད་མི་སྲིད། མ་འོངས་པར་་་་་་་་་་་་་་་་་་་་་་་

  9. ལོ་མ་ལྗང་ཁུ says:
    2013-03-17 at 8:23 am

    ངས་མ་ནིང་གླིང་ཚས་རྒྱ་དར་ཤར་རྗེས་ཁོའི་མི་ཚེར་རྒྱུས་ལོན་མང་པོ་བྱས་བ་ཡིན་ལ་རྒྱ་དར་ཤར་བར་ངོ་རྒོལ་ཡང་བྱས་ཡོད་། གང་ལྟར་དེ་རིང་ངས་ཁོ་བོས་རྒྱ་དར་མ་ཤར་བ་ལ་བཟང་གི་ཞེས་བཤད་ཀྱི་ཡོད་ལ་མུ་མཐུད་ནས་མཇུག་མ་ཡོད་པའི་རེ་བའང་ཞུ་བཞིན་ཡོད་།

  10. ལོ་མ་ལྗང་ཁུ says:
    2013-03-17 at 8:24 am

    ན་ནིང་ཞེས་བཅོས་ཡོད

  11. སྡོང་ཆུ་མིག says:
    2013-03-17 at 11:00 am

    ཁྱོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་ངའི་ནམ་ཡིན་ཡང་རྗེས་སུ་ཡི་རངས་དང་གུས་བཀུར་ཞུ་བཞིན་ཡོད། ཁྱོད་ནི་ངའི་སེམས་ཁོང་གི་དཔའ་རྒོད།

  12. རིགས་ཞེན་དཀར་པོ། says:
    2013-03-17 at 11:37 am

    གླིང་ཚ་ལགས་ཀྱིས་ཁ་ཉིན་རྒྱ་མིའི་ཁྲག་དར་འཕྱར་གྱི་ཡིན་ཟེར་བ་གོ་དུས་དངོས་གནས་སེམས་ཕམ་ཆེ་དྲག་ནས་མཆན་གྱི་ནང་དུའང་མི་འདོད་པའི་ཚུལ་མང་པོ་བྲིས་པ་ཡིན། དངོས་སུ་ཕེབ་དུས་ཁྲག་དར་ཁྱེར་མ་སོང་བས་དགའ་ནས་ཡོད། སྐུ་ཉིད་ཀྱིས་བདེན་པ་ནི་མི་ཞིག་གི་ཚེ་སྲོག་ལས་རྩ་་ཆེ་བ་རེད་གསུང་འདུག་ལ་ཡིན་ཡང་ཡིན་པ་རེད། དེས་ན་བོད་པས་རང་བཙན་རྩོད་ན་དེ་བདེན་པ་རེད་དམ་མ་རེད་ཅེས་ངས་ཁྱེད་ལ་དྲི་བ་ཞིག་མ་ཞུས་རང་ཞུས་རེད། ཁྱེད་ཀྱིས་ཀྱང་བདེན་པ་གཞི་ལ་བཞག་པའི་ལན་ཞིག་འདེབས་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་སྒུག་ནས་ཡོད། མཐའ་དོན་ཁྱེད་ཀྱིས་གཟུགས་པོ་ལ་འཕྲོད་སྟེན་ཡག་པོ་བྱེད་རོགས་ཞུ།

  13. ཀརྨ་སྐལ་བཟང says:
    2013-03-17 at 11:50 am

    རྒྱ་དར་བོད་དར་ག་རེ་ཤར་ན་ཤར་བོད་སྤྱིར་ལ་ཕན་པའི་བྱ་སྒྲུབ་པ་ལ་ཐུགས་རྗེ་ཆེ
    སྙིང་ན་གུས་བཀུར་ཞུ

  14. མྱི་སྲས་བཙན་པོ།། says:
    2013-03-17 at 12:38 pm

    ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་གི་འོག་ཏུ་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཞིག་མཁོ་སྤྲོད་གནང་རོགས། ལན་དོན་མཐུན་ཞིག་མེད་ཚེ་རང་བཙན་ཟེར་བ་དེ་དབུ་མའི་ལམ་ལས་ལྷག་པ་མེད་སོང་བ་རེད།།

  15. ལོ་མ་ལྗང་ཁུ says:
    2013-03-17 at 1:05 pm

    རེད་རེད་དབུ་མས་རང་བཙན་རྩོད་ན་བོད་ཡོངས་རྫོགས་རང་བཙན་མ་རེད་ཟེར་། དེའི་སྒྲུབ་བྱེད་དུ་བོད་པ་འབྲི་ཆུའི་ཕར་རྒྱུད་་པ་རྒྱའི་འོག་དང་ཚུར་རྒྱུད་བོད་འོག་རེད་ཟེར་། དེར་རྟེན་ང་ཚོ་བོད་ལ་ཆོལ་གསུམ་ཆ་ཚང་བའི་རང་བཙན་གཙང་མ་མེད་ཟེར་། རང་བཙན་རྩོད་མཁན་ཀྱིས་ཆོལ་གསུམ་ཆ་ཚང་གནའ་ནས་གོང་ཁྲན་མ་ཡོང་བར་རང་གཙན་གཙང་མ་རེད་། དེའི་ཕྱིར་རང་བཙན་ནི་བོད་དབང་ཐོབ་ཐང་རེད་། གང་ལྟར་བོད་རང་བཙན་མིན་ན་མིན་བདེན་དཔང་དང་ཡིན་ན་ཡིན་པའི་བདེན་དཔང་དྲ་སྟིང་ལ་བཀོད་ཐུབ་ལོ་རྒྱུས་བ་ཞིག་ཡོད་ན་དཔེ་ཡག་པོ་འདུག

  16. འཛུམ་ཤུལ་ཐབས་མཁས། says:
    2013-03-17 at 1:16 pm

    གླིང་ཚ་ཕ་བུ་གསུམ་གྱིས་རང་ཉིད་བོད་མི་དཀྱིས་མ
    ཞིག་གི་འགན་ཁུར་བཞིན་ཐབས་རྩོད་ཀྱི་ལམ་ལ་ཆས་
    ཟིན་པ་རེད།དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་
    གི་མི་མང་ལ་དཀའ་ངལ་འཕྲད་དུས་འགན་ཅུང་ཟད
    ་ཁུར་ན་བསམ་བྱུང་།རྒྱུ་མཚན་གླིང་ཚའི་ཨ་མའི་སེམས
    ་ཚོར་དྲག་པོས་རེ་སྐུལ་བཞིན་པ་ཁོང་དཀའ་ངལ་ཞིག་ལ་
    འཕྲལ་སྲིད་པས་སྔོན་བརྡ་རེད་རང་གཞུང་ལ་བློ་དཀར་བའི་
    མི་ཞིག་གློ་བུར་བོར་བརླག་སོང་ཚེ་དེས་འགན་ང་ཚོ་ཚང་མ་ལ་ཡོད།

  17. འཛུམ་ཤུལ་ཐབས་མཁས། says:
    2013-03-17 at 1:31 pm

    རྒྱ་ཆེ་ཀློག་པ་པོ་རྣམ་པར་ཞུ་རྒྱུ།རེ་སྐུལ་བཞིན་ཞེས་པ་རེ་སྐུལ་ཞུ་བཞིན་པ་ཞེས་བཅོས།
    འཕྲལ་སྲིད་པས་ཞེས་པ་འཕྲད་་སྲིད་པས་ཞེས་བཅོས།

  18. མྱི་དཀར says:
    2013-03-17 at 1:34 pm

    ཚེ་སྲོག་དང་ནང་མི་སྙིང་ཉེ་སོགས་རྒྱབ་དུ་བཞག་ནས་མི་རིགས་དང་རིག་གཞུང་བདེན་དོན་སོགས་ཚེ་སྲོག་གི་ཚབ་དུ་འཛིན་བའི་འགྱུར་མེད་ཀྱི་འཐབ་རྩོད་པ་ངས་ཁྱོད་ལ་གུས་འདུད་ཞུ།

  19. ལོ་མ་ལྗང་ཁུ says:
    2013-03-17 at 3:09 pm

    ནོར་བཅོས་།
    རེད་རེད་དབུ་མས་རང་བཙན་རྩོད་ན་བོད་ཡོངས་རྫོགས་རང་བཙན་མ་རེད་ཟེར་། དེའི་སྒྲུབ་བྱེད་དུ་བོད་པ་འབྲི་ཆུའི་ཕར་རྒྱུད་པ་རྒྱའི་འོག་དང་ཚུར་རྒྱུད་པ་བོད་པའི་འོག་རེད་ཟེར་། དེར་རྟེན་ང་ཚོ་བོད་ལ་ཆོལ་གསུམ་ཆ་ཚང་བའི་རང་བཙན་གཙང་མ་མེད་ཟེར་ཞིང་གནས་ལུགས་དང་རྒྱུ་མཚན་མང་པོར་རྟེན་ནས་དབུ་མ་ནི་བོད་ལ་འོས་ཤིང་འཚམ་པོ་རེད་ཟེར་།
    ཡང་རང་བཙན་རྩོད་མཁན་ཀྱིས་ཆོལ་གསུམ་ཆ་ཚང་གནའ་ནས་གོང་ཁྲན་མ་ཡོང་བར་རང་གཙན་གཙང་མ་རེད་། དེའི་ཕྱིར་རང་བཙན་ནི་བོད་པའི་ཐོབ་ཐང་རེད་ལ་རང་བཙན་རྩོད་ཀྱང་དགོས་ཟེར་།
    གང་ལྟར་བོད་རང་བཙན་མིན་ན་མིན་པའི་བདེན་དཔང་དང་ཡིན་ན་ཡིན་པའི་བདེན་དཔང་དྲ་སྟེང་ལ་བཀོད་ཐུབ་པའི་ལོ་རྒྱུས་བ་ཞིག་ཡོད་ན་དཔེ་ཡག་པོ་འདུག

  20. རྣ་བ་བརྒྱདཔ་ says:
    2013-03-17 at 3:14 pm

    ས་ཡ་དྲུག་གི་སྙིང་ཁུང་ནས་བརྩེ་བའི་དཔའ་རྒོད་གླིང་ཚ་ལེགས། དྲ་འབུ་ཚོའི་ནང་ནས་རྩ་ཟིན་རྒྱལ་བཙོང་གི་རིགས་དང། ཁ་རྒོད་ཁོག་འཁྲེབ་དང། མགུལ་མི་ཐུབ་པའི་རི་བོ་ལ་ཉོག་གཏམ་གྲགས་ཆའི་རྣ་བ་འགེང་མཁན་ཡོད་ཚོད་རྣམས་ལ། ལན་གྱི་སྐུ་ངལ་བྱས་ཀྱང་ཕན་པ་མེད་པའི་དེ་ལས་ཉིད་གྱི་འཕྲོད་རྟེན་ལ་ཐུགས་ཟབ་གནང་རོག། ཁྱེད་གྱིས་རླབས་ཆེན་གྱི་སྤྱོད་པ་དང་རྒྱལ་སྲས་སེམས་དཔའ་ཆེན་པོའི་སྙིང་སྟོབས་ལ་གུས་འདུད་དང་ཡི་རང་ཞུ་བ་དང་ཆབ་གཅིག། ཁྱེད་གྱི་ཐུགས་འདོད་བཞིན་འགྲུབ་པའི་སྨོན་ལམ་འདེབ། བོད་རྒྱལ་ལོ་

  21. དབང་མགོན། says:
    2013-03-17 at 4:04 pm

    སྤྱིར་ང་ཚོའི་བཙན་བྱོལ་གཞུང་ནང་བོད་དོན་སྐོར་ཁ་རྒྱག་པ་རྐྱང་རྐྱང་བཤད་ནས་སྡོད་མཁན་དཔེ་མང་པོ་ཡོད།། དོན་དངོས་སུ་གླིང་ཚ་ཚེ་བརྟན་ནང་བཞིན་ཞི་བའི་ལས་འགུལ་ཡང་ནས་ཡང་དུ་སྤེལ་མཁན་སུ་ཞིག་ཡོད།། དོན་གྱི་དཔའ་བོ་གླིང་ཚ་ཚེ་བརྟན་ལགས་ངས་ནམ་ཡང་ཁྱེད་ལ་གུས་འདུད་ཞུ་བཞིན་ཡོད།། ཁྱེད་ཀྱི་ལས་འགུལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།། ཅི་སྟེ་ཞི་བའི་ལས་འགུལ་གྱི་སྣེ་ནས་ཁྱེད་ཀྱི་ཚེ་སྲོག་ཤོར་ན་ངས་ནམ་ཡང་ཁྱེད་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་ཆོག།།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 4:13 pm

    གླིང་ཚའི་ལས་འགུལ་ལ་རྒྱབ་སྐྱོར་དང་། རོགས་རམ་བྱ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད་དོ། །

  23. མ་ཧཱ་སིདྡྷི། says:
    2013-03-17 at 8:02 pm

    གླིང་ཚ་མ་བུ་གསུམ་གྱི་ན་ནིང་གོམས་བགྲོད་དེས་ངོས་ཀྱི་སེམས་ནང་དུ་ནམ་ཡང་རྗེད་མེད་ཀྱི་བག་ཆགས་ཟབ་ཤོས་ཞིག་ལ་རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ས་སྐྱོང་གྲགས་པས་བདུད་རི་ཧ་ཤང་ལ་རྒྱངས་ཕུད་གཏངས་བའི་ལོ་རྒྱུས་དེ་དྲན་སོང་། ད་ངོ་མ་ཡིན་ན་གླིང་ཚ་ནང་མི་རྣམས་ཀྱི་བློས་གཏངས་དེས་རྡ་རམ་ས་ལ་གནས་པའི་བཙན་བྱོལ་བོད་མིའི་སྒྲིགས་འཛུག་དང་། བཀའ་བློན་རྣམ་པ་སྤྱི་འཐུས་རྣམ་པ་ཚང་མ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་རྩོམ་པ་པོ་སོགས་བོད་རིགས་ཡོངས་ལ་ཁ་ནས་བཤད་པའི་དུས་མ་ཡིན་ལག་ལེན་འདེབས་པའི་དུས་ཡིན་ཞེས་པའི་ཅོང་རྡ་ཞིག་རེད་བསམ། རྗེ་བཙུན་མི་ལས་རས་ཆུང་ལ་མགུར་གསུངས་པ་ནང་བཞིན།
    བུ་ཕ་དང་མཉམ་ན་གཡག་རའི་ནང་དུ་ཤོག།
    གནས་ཁང་བདེ་ལ་ཡངས་པ་གཡག་རའི་ནང་དུ་གདའ།།

  24. དགའ་སྐྱིད་ says:
    2013-03-17 at 9:57 pm

    རྒྱ་དམར་རྒྱལ་དར་མ་འཕྱར་བར་ཐུགས་རྗེས་ཆེ། ཨ་མ་སྡོམ་པོ་སྐྱིད་ནས་སྐད་ཅ་ཡག་པོ་གསུང་འདུག་བརྒྱབ་བསྐྱོར་ཡོད། བོད་ནང་བོད་མི་རང་དབང་ཆེད་རང་སྲེག་གནང་མཁན་ཨ་མདོ་བར་། རྒྱ་གར་ནང་བླ་མ་རི་པོ་ཆེ་མང་པོའི་ནང་ནས་བོད་མིའི་རང་དབང་ཆེད་ཀི་རྟི་རིན་པོ་ཆེ་ཨ་མདོ་། རྒྱ་གར་ནང་ཁ་རྒྱག་པ་བཤད་མཁན་མང་པོ་ཡོད་ཀྱང་གཞི་བའི་གོམ་བགྲོ་གནང་མཁན་གླིང་ཚང་ཕ་བུ་མ་གསུམ་ཨ་མདོ་ལ། བོད་མི་ཚོ་མཐུན་སྒྲིལ་དགོས་རང་དབང་ཆེད། ཆིག་སྒྲིལ་དགོས་ཆོལ་ཁག་གསུམ། ལས་འབྲས་བསུང་བོད་མི་ཡོང་འཛོགས། བོད་རྒྱལ་ལོ་ དཀར་ཕྱོགས་རྒྱལ་ནག་ཕྱོགས་ཕམ། བོད་མིའི་རྩ་དོན་ཆེད་དུ་གླིང་ཚང་ཕ་བུ་མ་གསུམ་སེམས་ཐག་ཙང་ཆེད་གནང་ནས་བོད་སྐྱོད་གཞི་པས་ལས་གུལ་ལམ་ལོང་ཡོང་བ་ཤོག།།།

  25. གླིང་གེ་སེར says:
    2013-03-18 at 5:17 am

    བུ་དཔའ་བོ་གླིང་ཚ་ཚེ་རྡོར་ཁྱོད།། གླིང་ཕུ་ནུའི་ཁྲོད་ཀྱི་དཔའ་རྒོད་རེད།། དཔའ་ངོམ་ལུགས་བདེན་པའི་གོམ་བགྲོད་རེད།། དེའི་རྩ་བ་འཚེ་མེད་ཞི་བདེ་རེད།། དྲིན་ཕ་མའི་མིག་ཆུ་གཡས་བསྐྱུར་བྱས།། བུ་ཆུང་མའི་ངུ་ངག་གཡོན་བསྐྱུར་བྱས།། བོད་ཁ་བ་ཅན་གྱི་བདེན་དོན་ཆེད།། རྗེ་བླ་མའི་བཀའ་དང་འགལ་མེད་སྒྲུབ།། གཞུང་རྩ་བའི་སྲིད་ཇུས་ལག་ལེན་བསྟར།། དོན་རིན་ཐང་བྲལ་བའི་བདེན་པ་སྐྱོང་།། སྲོག་དམར་པོ་བློས་བཏང་བྱེད་པ་འདི།། མི་ཕལ་བ་ཞིག་གིས་སྒྲུབ་ནུས་མིན།། གླིང་ཚང་གི་བུ་རབས་ཚ་རྒྱུད་ཚོ།། བོད་ཁ་བའི་བདེ་སྡུག་ཁས་གླེང་ཞོར།། དོན་རང་གི་ཆེད་དུ་འདུར་རྒྱུགས་བྱེད།། ཕ་དྲིན་པོ་ཆེ་ལ་དྲིན་ལོག་བྱེད།། མི་ཡ་རབས་མཐོང་ན་མར་འཐེན་བྱེད།། དོན་བདེན་པར་མི་མོས་རྫུན་པར་མོས།། མི་གཞུང་དྲང་མི་དགའ་གཡོ་ཅན་དགའ།། ཆོས་ཟབ་མོར་མི་དད་ཟང་ཟིང་དད།། དུས་སྙིགས་མའི་རང་འཚང་མཚོ་ལྟར་བརྡོལ།། མི་སྙིགས་མ་ཆར་རྗེས་ཤ་མང་རེད།། བུ་དཔའ་བོ་ཁྱོད་ཀྱི་བྱ་གཞག་ཀུན།། ཡིད་བསམ་བཞིན་དུ་འགྲུབ་པར་སྨོན།། རྗེ་བླ་མའི་ཐུགས་རྗེ་སྤྱན་གྱིས་གཟིགས།། གེགས་བར་ཆད་མེད་པར་བྱིན་གྱིས་རློབས།། གླིང་གེ་སེར་ང་ཡི་གླུ་འདི་ཤོར།། དོན་ནོར་བ་ཡོད་ན་བཟོད་པར་གསོལ།།

  26. རྩ་ཐང་གི་གླག་རྒོད། says:
    2013-03-18 at 6:29 pm

    གླིང་ཚ་ཕ་བུ་གསུམ་ལ་རྗེས་སུ་ཡིན་རང་དང་ཐུགས་རྗེ་ཆེ་་་བཀྲིན་ཆེ།

  27. ཨ says:
    2013-03-19 at 2:52 pm

    ཁྱེད་ཀྱི་དགའ་ཞིག་ས་སྟེང་འདི་ན་མེད་་་་་་་་་་་་་་་་་དཔའ་གླིང་ལགས

  28. Pingback: གླིང་ཚ་ཚེ་བརྟན་རྡོ་རྗེ་ཕུ་གླེང་མདོ་གླེང་། – བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲྭ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme