Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་མཆོག་སྤྲུལ་རིན་པོ་ཆེ་དགུང་གྲངས་ ༣༠ ཕེབས་པའི་འཁྲུངས་སྐར་ལ་ཕུལ།

Posted on 2015-11-192015-11-19 By ཁ་བརྡ 29 Comments on གླིང་མཆོག་སྤྲུལ་རིན་པོ་ཆེ་དགུང་གྲངས་ ༣༠ ཕེབས་པའི་འཁྲུངས་སྐར་ལ་ཕུལ།

unnamed——ཤར་ཕྱོགས་ཁུག་རྟ།

 

 
ཡོངས་འཛིན་སྟག་སེང་བསྣོལ་མའི་ཚོགས་དབུས་སུ།།
དགའ་བ་བརྒྱད་ལྡན་གཞུང་གི་ཕོ་བྲང་དུ།།
སྟོང་དང་བྱམས་ཆེན་ཁོ་ནའི་བདག་པོ་རུ།།
བཞེངས་པའི་༧ཁྲི་ཆེན་༧ཡོངས་འཛིན་གླིང་བར་འདུད།།

 

སྲིད་ན་དཀོན་ཚད་བརྗོད་དུ་མེད་པ་ཡི།།
༧སྟོན་པ་བཀའ་དྲིན་ཅན་ལས་ལྷག་པའི་མགོན།།
འཇིག་རྟེན་ཧྲིལ་བོས་མ་ཐེགས་༧གོང་ས་མཆོག །
བརྩེ་བས་སྐྱོང་མཁས་ཡོངས་འཛིན་གླིང་བར་འདུད།།

 
བཙན་འཛུལ་སྲིན་མོས་གནམ་ས་སྒུལ་བའི་དུས།།
གངས་ཅན་ཁ་བའི་སྲོག་སྙིང་༧གོང་ས་མཆོག །
སྟོང་ཉིད་སྙིང་རྗེ་ཟུང་གིས་ལེགས་བསྐྱངས་པས།།
སྲིད་གསུམ་ཟིལ་གནོན་མི་འཇིགས་གོ་འཕང་བརྙེས།།

 
རྟག་འཛིན་ཆོས་ལ་སྐུལ་ཕྱིར་ཁྱེད་ཉིད་ཀྱང་།།
ཞི་བའི་དབྱིངས་སུ་མནལ་ཚུལ་བསྟན་ན་ཡང་།།
༧གོང་ས་ཆེན་པོས་ཁྱེད་ཉིད་བརྗོད་པའི་གསུང་།།
མཇལ་དུས་དབང་མེད་མཆི་མ་ཤམ་ཤམ་བཞུར།།

 
ཁྱེད་ནི་དུས་གསུམ་ཀུན་མཁྱེན་བླ་མ་སྟེ།།
༧གོང་ས་ཆེན་པོའི་བྲག་གི་རྒྱབ་རི་ཡིན།།
ཁྱེད་ནི་ཡོངས་འཛིན་གཞན་གྱིས་འགྲན་མིན་ཏེ།།
ཡོངས་འཛིན་རྡོ་རྗེ་འཆང་ཆེན་ཁྱེད་རང་ཡིན།།

 
ཆོས་སྲིད་ཟུང་གིས་བོད་འབངས་སྐྱོང་བའི་བཀའ།།
འཕགས་མཆོག་འཇིག་རྟེན་མགོན་པོར་བགོས་ནའང་།།
གལ་གནད་དོན་གྱི་གཏན་འབེབས་རིམ་བྱོན་ལ།།
ཁྱེད་ཀྱི་ཐུགས་རྗེས་བསྐྱངས་པའི་མཐའ་མི་དཔོག།

 
སྲས་མཆོག་༧སྟོན་པ་ལྷ་མོ་དོན་གྲུབ་ཅེས།།
སྔོན་དུ་མ་བྱུང་ཕྱིས་སུའང་མི་འབྱུང་པའི།།
རྒྱལ་བ་ཀུན་དང་མཁས་དབང་གྲངས་མེད་ཀྱིས།།
གཅིག་ཏུ་འདུད་པ་འདིའང་ཁྱེད་ཀྱི་དྲིན།།

 
མདོར་ན་སྟོད་ཀྱི་ཡབ་ཕུའི་སེམས་དཔའ་དང་།།
སྨད་ཀྱི་ཙོང་ཁའི་༧ལྷ་མོ་དོན་གྲུབ་གཉིས།།
ཁ་བ་རི་བར་བཀའ་དྲིན་ཆེ་བའི་ཚུལ།།
བློ་དམན་བདག་འདྲས་བརྗོད་པ་ག་ལ་སྤོབས།།

 
ཡིན་ཡང་མཆོག་སྤྲུལ་ཟླ་བ་གཞོན་ནུ་གང་།།
བགྲང་བྱ་སུམ་ཅུར་ཕེབས་པའི་འཁྲུངས་སྐར་ལ།།
རྣམ་རྟོག་ཡིད་ལ་ཤར་བའི་བསམ་གཞིགས་རིས།།
བཀག་ཀྱང་མ་ཁོག་ཤོག་བུའི་ངོས་ལ་འཐོར།།

 
བསྟོད་དོ་མཆོག་སྤྲུལ་གཞོན་ནུའི་འཁྲུངས་སྐར་བསྟོད།།
དགུང་གྲངས་སུམ་བཅུའི་ཕོ་རྩལ་རྫོགས་པར་བསྟོད།།
ཞི་དུལ་སྙིང་རྗེའི་ཆར་གྱིས་བརླན་པའི་སྐུ།།
མཐོང་ན་མི་མཐུན་མེད་པའི་མདངས་དེར་བསྟོད།།

 
ཆེན་པོའི་མིང་དང་འཁོར་གྱི་རྫིག་ཉམས་ཆེད།།
གོང་མའི་མཚན་ཉིད་བསུབས་པའི་སྤྲུལ་མིང་ཚོ།།
འཁོར་དང་སྲུང་གི་ཉམས་སངས་ཆེ་ནའང་།།
༧སྟོན་པའི་བཞུད་ལམ་མཆོག་སྤྲུལ་ཁྱེད་ཀྱིས་འདེད།།

 
ཆོས་པའི་གཟུགས་ཀྱིས་ཁྱིམ་པའི་ཤོག་ཁ་ལ།།
མཉེས་མདོག་བསྟན་ཏེ་རང་ཁེར་བརྩོན་མཁན་ཚོ།།
བླ་སྤྲུལ་ཆེན་པོའི་མིང་གིས་བརྗིད་ནའང་།།
དོན་ལ་མཆོག་སྤྲུལ་ཁྱེད་ཀྱི་དོ་ཟླ་མིན།།

 
བསྟན་པ་སྤྱི་ལས་རང་རང་ཆོས་བརྒྱུད་ཅེས།།
ཨ་འཐས་འོན་པའི་ལུགས་སུ་ཞུགས་མཁན་དང་།།
བསྟན་པ་གསུང་ཞོར་གཏམ་དོད་གཉེར་མཁན་གྱི།།
སྤྲུལ་མིང་དེ་ཚོ་མགོ་བའི་ནད་བཞིན་སྤོང་།།

 
ཁྱེད་ཉིད་བཞུགས་ས་ཆོས་ཀྱི་རྭ་བ་ཡིན།།
ཁྱེད་ཉིད་དགྱེས་ས་འདོད་ཆུང་ཆོག་ཤེས་ཡིན།།
ཆོས་བརྒྱད་འདུ་སྒོའི་ལས་ལ་མི་བརྩོན་པའི།།
མཆོག་སྤྲུལ་གཞོན་ནུའི་རང་ཚུགས་ཇེ་བརྟན་ཤོག།

 
དེང་ན་རེ་འགའ་རང་སྣང་རབ་དག་སྟེ།།
མི་དགོས་སྐུ་སྲུང་རྗེས་ལ་ཁྱི་བཞིན་ཁྲིད།།
ཕེབས་གྲུ་གང་རྫིག་ངོམས་སོའི་བང་བསྒྲིགས་ཏེ།།
སྤྲང་རྟགས་སྟོན་པ་འདི་འདྲ་ཁྱེད་ལ་མེད།།

 
དམ་སྲིར་སྐྱབས་བཅོལ་སྤྲུལ་མིང་རུས་མེད་འགའ།།
བྱེད་ལས་ནག་པོ་བདུད་ཀྱི་རྗེར་མཐུན་པས།།
༧གོང་ས་ཆེན་པོའི་བཀའ་བཀྱོན་ཕེབས་ས་དག།
གཤིན་རྗེ་གཤེད་ཁྱེད་མཐོང་ན་གཅིན་སྐྱག་ཤོར།།

 
མདོར་ན་རིས་མེད་ཆོས་ལ་དག་སྣང་གིས།།
ཁམས་དང་མོས་པར་གང་ལ་གང་འདོད་ཀྱི།།
ཡང་དག་ཆོས་ཉིད་འདོམས་མཁས་དཔའ་བོ་ཞིག།
མཆོག་སྤྲུལ་ཟླ་བ་གཞོན་ནུ་ཁྱེད་ཉིད་ཤོག།

 
ཁྱེད་ཀྱིས་༧རྒྱལ་བའི་བཀའ་གསུང་སྙིང་བཅངས་དང་།།
ཁྱེད་ཀྱིས་༧སྟོན་པའི་ལམ་ཉིད་མཆོག་མཐོང་སྟེ།།
འཁོར་བར་གནས་ཀྱང་འཁོར་ཚུལ་ཡོངས་སྤོང་བ།།
འཇིག་རྟེན་ལྷ་མིའི་ཕྱག་བྱར་ཅིའི་མི་འགྱུར།།

 
སུམ་བཅུའི་འཁྲུངས་སྐར་སེམས་ཀྱིས་བྲིས་པའི་གླུ།
བྱང་ཕྱོགས་གསེར་གྱི་རི་ནས་བླངས་པ་ཡིས།།
ལྷོ་ཕྱོགས་སྡེ་སྣོད་འཛིན་པའི་ཆོས་གྲྭ་དེའི།།
མཆོག་སྤྲུལ་ཟླ་བ་གཞོན་ནུས་གསན་གྱུར་ཅིག།

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་སུམ་བཅུར་ཕེབས་པའི་འཁྲུངས་སྐར་ལ་བློ་བཟང་ཆོས་འབྱོར་རམ་ཡོངས་གྲགས་ཤར་ཕྱོགས་ཁུག་རྟས་ ༢༠༡༥། ༡༡། ༡༩། ཉིན་གྱི་ཐོ་རངས་དང་བ་ཆེན་པོས་བྲིས།།

སྙན་ངག

Post navigation

Previous Post: རྔ་བ་བློ་བརྟན་གྱི་”རྐུན་མ་གསལ་བསྒྲགས་”ཞེས་པ་ལ་གསལ་བཤད།
Next Post: རྨི་ལམ་འཕྲུལ་བའི་བརྡ་དོན་བརྟག་དཔྱད་འཚལ།

Comments (29) on “གླིང་མཆོག་སྤྲུལ་རིན་པོ་ཆེ་དགུང་གྲངས་ ༣༠ ཕེབས་པའི་འཁྲུངས་སྐར་ལ་ཕུལ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 1:02 am

    ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེའི། །
    མཆོག་སྤུལ་ངོ་མཚར་དཔལ་བཞད་པ། །
    ད་ཆ་དགུང་གྲངས་བཅུ་ཕྲག་གསུམ། །
    ལོན་པས་འཁྲུངས་སྐར་དགའ་བསུ་ཞུ། །

  2. ཁྱུང་དཀར says:
    2015-11-19 at 3:16 am

    འཁྲུངས་བསྟོད་ཡག་པོ་བྲིས་ཞག

  3. དྲི་མེད་ལྷག་བསམ། says:
    2015-11-19 at 3:24 am

    ༄༅། །ཚུལ་ཁྲིམས་གཙང་ཞིང་གཞན་ཕན་ཐུགས་དང་ལྡན། །
    འདོད་ཆུང་ཆོག་ཤེས་འཕགས་ནོར་བདུན་ཀྱིས་ཕྱུག །
    དུས་རབས་ཉི་ཤུའི་མིག་དཔེ་བལྟ་བའི་ཡུལ། །
    གླིང་སྤྲུལ་དམ་པའི་ཞབས་པད་བརྟན་གྱུར་ཅིག །དྲི་མེད་པས་སོ། །

  4. སྐལ་ཚེ། says:
    2015-11-19 at 3:37 am

    སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྱོགས་ཁྱབ་པའི་སྨོན་འདུན་ཞུ།

  5. བཙན་རུས་མདངས་ཅན་ says:
    2015-11-19 at 4:20 am

    ཡོངས་འཛིན་གླིང་སྤྲུལ་མཆོག་ཞི་ཞིང་དུལ་བ་ཉམས་ཆུང་དམན་ས་འཛིན་མཁན་ཞིག་ཡིན་པ་གོ་མྱོང་། ཡིན་ཡང་། ངྷ་སའི་སི་ཏུ་དང་སི་ཏུའི་ཀརྨ་པས་བླ་བྲང་རྒྱ་བསྐྱེད། མི་དགོས་འཁོར་གཡོག་སྟོང་ཕྲག་དུ་མ་ཉར་ནས་གང་རྫིག་རྫིག་བྱེད་ཀྱི་ཡོད་པ་རེད་ཟེར། དེ་དག་ནི་དང་པོ་ཉིད་ནས་ཆབ་སྲིད་ཀྱི་སྤྲུལ་སྐུ་ཡིན་ཙང་། མ་འོངས་པར་བོད་མི་མང་ལ་ཕན་གནོད་ག་རེ་ཐེབས་མིན་བཤད་ཁག་པོ་རེད། གང་ལྟར་ཡོངས་འཛིན་འདི་བས་མཚོན་ཆོས་པའི་མཛེས་རྒྱན་ལྟ་བུའི་སྤྲུལ་སྐུ་རྣམས་སྤྲུལ་སྐུ་ཞིག་མིང་བཏགས། ཁྲི་མཐོན་པོར་བཞག་ཀྱང་ཞེ་དྲག་སྐྱོན་མཐོང་མ་སོང་། སྐུ་ཚེ་མཛད་འཕྲིན་བཟང་མཐའ་འཁྱོལ་བར་ཤོག

  6. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 5:00 am

    ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེའི། །
    མཆོག་སྤྲུལ་ངོ་མཚར་དཔལ་བཞད་པ། །
    ད་ཆ་དགུང་གྲངས་བཅུ་ཕྲག་གསུམ། །
    ལོན་པས་འཁྲུངས་སྐར་དགའ་བསུ་ཞུ། །

  7. དེང་གི་མྱུལ་མ། says:
    2015-11-19 at 5:02 am

    བཟང་གཏམ་དེ་ལ་ཡིད་རང་ཞུ།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 5:04 am

    མཆོག་སྤྲུལ་མཆོག
    ཡོངས་ཀྱི་དགེ་བའི་བཤེས་གཉེན་མཆོག །
    ཡང་སྤྲུལ་མཆོག་གི་སྤྲུལ་སྐུ་མཆོག །
    འཕགས་ནོར་བདུན་ལྡན་མཆོག་སྤྲུལ་མཆོག །
    སྐུ་ཚེ་ཡུན་བརྟན་བཞུགས་དགོས་མཆོག །

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-19 at 10:45 am

    མཆོག་སྤྲུལ་བྱེས་པ་ཆུང་ངུའི་སྐབས།
    འཐེམ་སྐས་འགོག་པའི་ཚུལ་དུ་འཛེགས།།
    རྡོ་རྗེ་གདན་དུ་གོང་ས་མཆོག
    བཞུགས་སའི་གཟིམ་ཆུང་ནང་དུ་ཕེབས།།
    ་
    གོང་ས་མཆོག་ཉིད་བཞུགས་སའི་གདན།
    སྟེང་དུ་དར་དཀར་འབུལ་བ་ཞིག
    མཛད་པའི་རྣམ་ཐར་ལོ་རྒྱུས་འདི།
    གོང་ས་མཆོག་གིས་བྲིས་པར་བཀླགས།།
    ་
    དེ་ལྟར་ཁོ་བའི་དྲན་པར་ཡོད།
    བདེན་པ་ཡིན་པ་ཡིད་ལ་ཡོད།
    གཞན་དག་གིས་ཀྱང་གཟིགས་ཡོད་ན།
    བདག་ཉིད་དྲན་པར་བློ་འགེལ་ཆོག།
    ་
    གལ་ཏེ་སུས་ཀྱང་འདི་འདྲ་བའི།
    དེབ་ཏུ་བྲིས་པ་མཐོང་མེད་ན།
    བདག་བློར་འདི་འདྲའི་དྲན་པ་ལ།
    བརྟག་དཔྱད་བྱ་དགོས་པ་ཡིན་ནོ།།
    ་
    ཡོངས་འཛིན་་གླིང་ཚང་སྐུ་གོང་མ།
    སྲིད་སྤངས་ཚད་ལྡན་བླ་མར་བཞུགས།
    ད་ལྟའི་གླིང་ཚང་མཆོག་སྤྲུལ་དེའང་།
    ཚད་ལྡན་བཞུགས་པར་ཕྱགའཚལ་ལོ།།་
    ་
    སྐྱབས་རྗེ་གླིང་ཚང་སྐུ་གོང་མ།
    ལོ་ངོ་སུམ་ཅུ་སོ་གྲངས་སྔོན།
    ཨ་རིར་ཕེབས་པ་སོག་དགེ་བཤེས།
    དབང་རྒྱལ་མཆོག་གི་དགོན་པར་བྱོན།།
    ་
    སོག་པོ་རྒན་པོ་རྡོ་རྗེ་ཡིས།
    སྤྱན་རས་གཟིགས་ཀྱི་རྗེས་གནང་ཞུས།
    བཅོ་ལྔ་ཙམ་གྱི་ཚོགས་པ་ལ།
    བཀའ་སློབ་གསུང་སྐད་གུས་པས་བསྒྱུར།།
    ་
    ཨ་རིར་གསུང་ཆོས་སྩལ་པ་སོགས།
    གནས་ཚུལ་གཞན་ལ་གསུངས་པ་ན།
    དགེ་བཤེས་དབང་རྒྱལ་གྱི་དགོན་པར།
    གསུང་བཤད་ལ་དྭགས་འཇམ་དཔལ་གྱིས།།
    ་
    བསྒྱུར་ཏོ་ཞེས་་གསུངས་རྣ་བར་ཐོས།
    བླ་མའི་བྱིན་རླབས་ཀྱི་ནུས་པས།
    བོད་སྐད་སྲུང་བར་དམ་བྱས་ཡོད།
    གྲུབ་འགྱུར་མ་གྲུབ་མཛེས་པའི་རྒྱུ།།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-19 at 9:14 pm

    བྱེས་པ། ཞེས་པ་བྱིས་པར་བཅོས། འགོག་ཅེས་པ་གོག་ཅེས་ཞུས་དག་བྱས། དེ་ཡང་ཆེད་དུ་བརྗོད་པའི་ཚོམས་ན།
    ཁ་ཅིག་མངལ་དུ་འཆི་བར་འགྱུར།
    དེ་བཞིན་ཁ་ཅིག་བཙས་པའི་སར།
    དེ་བཞིན་ཁ་ཅིག་གོག་ཙམ་ན།
    དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།། ༩ །། ལེའུ་དང་པོ།
    ་
    འདིའི་ཐད་ཀྱི་འགྲེལ་པ་ན། གོག་ཙམ་ན་ཞེས་བྱ་བ་ནི་ཀུན་ཏུ་འགྲེ་ཞིང་ཡོང་སུ་རྒྱུ་བ་སྟེ། དེ་ལས་ཡོངས་སུ་འཁྱམ་ཞིང་རྨྱེ་?བ་དང་། སྲང་ལ་སོགས་པ་དག་ཏུ་རྩེ་བའི་གནས་སྐབས་ཡིན་ནོ།

  11. རང་བཙན་བུ། says:
    2015-11-19 at 11:24 pm

    ཡོངས་གླིང་ཁྲི་ཆེན་མཆོག་སྤྲུལ་འཁྲུངས་སྐར་ལ།།
    ཤར་ཕྱོགས་ཁུག་རྟའི་ཤིས་བརྗོད་ལེགས་མོས་ཀྱང་།།
    ཞོར་དུ་ཀརྨ་མཆོག་སྤྲུལ་རིན་པོ་ཆེར།།
    ཟུར་ཟ་བྱེད་པ་དེ་ནི་མི་ལེགས་སོ།།

    གལ་ཏེ་ད་དུང་དེ་འདྲ་མང་བྲིས་ན།།
    ཀརྨ་པ་ལ་ཟུར་ཟའི་ལག་ཆ་རུ།།
    ཡོངས་གླིང་མཆོག་སྤྲུལ་བེད་སྤྱོད་ཡིན་པ་ལས།།
    ཡོངས་འཛིན་རྗེས་དྲན་ཆེ་བསྟོད་ཨེ་ཡིན་སྙམ།།

  12. ལུང་རྟོགས། says:
    2015-11-20 at 12:41 am

    ཡོང་གླིང་རིན་པོ་ཆེས་མ་འཇོན་པ་དེ་ཆོས་པ་ལ་ཁག་བཞག་ཀརྨ་པས་འཇོན་པ་དེ་ཆབ་སྲིད་པ་ལ་ཁག་བཞག་པ་ནི་སྐབས་འཚོལ་ཕྱོགས་རིས་མཁན་པོ་ཚོའི་བཤད་སྟངས་ལས་སྟངས་རེད་ལ། སྐད་ཆ་འདི་ཚོ་ཤ་ཚ་ཡ་འདྲ་ཞིག་རེད།

  13. ཚེ་རིང་ says:
    2015-11-20 at 12:49 am

    བཙན་རུས་མདངས་ཅན་ཐོག་མར་ཁྱེད་རང་གི་མིང་དེ་ཡང་གོ་མ་བདེ་བ་དང་ཀློག་མ་བདེ་བ་ཞིག་འདུག་གཅིག་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོངས་འཛིན་རེད་ཀརྨ་པ་མཆོག་ནི་༸གོང་ས་མཆོག་གི་ངོས་འཛིན་གནང་བའི་སྐྱེ་ཆེན་འཁྲུལ་མེད་ཞིག་ཡིན་་་་་་ད་དེ་འདྲའི་ལས་ངན་ཁ་སྡིག་མ་བསགས་ན་

  14. སྐལ་ཚེ། says:
    2015-11-20 at 1:26 am

    ཤར་ཁུག་དང་བཙན་རུས་གཉིས་ཀྱིས་ཀརྨ་པ་ཆུ་ནང་དུ་གཡུག་འདུག

  15. ལྷག་པ། says:
    2015-11-20 at 6:19 am

    དགེ་རྒན་འཇམ་དཔལ་ལགས་སུ་བཀའ་དྲི་ཞུ་རྒྱུར།
    སྐུ་ཉིད་ཀྱི་ཚིགས་བཅད་གསུམ་པ་བར་ཆིག་ཤད་དང་། བཞི་པར་བཞི་ཤད་བྲིས་པའི་དགོས་པ་གང་ལགས། གཞན་རྣམས་སུ་ཚིགས་བཅད་ཚང་མར་བཞི་ཤད་མཐོང་།
    དེ་བཞིན་སྐུ་ཉིད་ཀྱིས་མཆན་སྔོན་མ་ཞིག་ཏུ་རྩོམ་རྐུན་སྐོར་ཞིག་ལ་དེ་འདྲའི་ཐ་སྙད་འཇུག་གམ། ཞེས་གསུངས་འདུག་པ། ས་པཎ་གྱིས། མིང་ཚིག་དེ་དག་རྒན་པོ་ཡིས།། ཐོག་མར་སྦྱར་བ་བརྡ་ཡིན་ལ།། ཕྱིས་ནས་དཔྱོད་པ་ཐ་སྙད་ཡིན།། མགོན་པོ་བྱམས་པས། ཐ་སྙད་ལ་ནི་མ་བསྟེན་པར།། དམ་པའི་དོན་ནི་རྟོགས་མི་འགྱུར།། དམ་པའི་དོན་ནི་མ་རྟོགས་ན།། མྱ་ངན་འདས་པ་ཐོབ་མི་འགྱུར།།
    གནས་བརྒྱད་རྩ་བར།
    ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བཏགས་པ་སྟེ། དེའང་བཏགས་པ་དང་འཇུག་པ་དང་བརྗོད་པར་བཅས་པ་ཐམས་ཅད་དོ། དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། ཞེས་དང་། འགྲེལ་པར། ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེའང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ། བརྗོད་པ་ནི་འདི་ཀ་བའོ་ཞེས་བྱ་བའི་སྒྲའོ། འཇུག་པ་ནི་ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ལ་སོགས་པའོ། ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ།

    མཁས་དབང་པྲ་ཏིའི་ཀུན་བཟང་དགོངས་རྒྱན་ལས། སྤྱིར་ཐ་སྙད་ལ་བློའི་ཐ་སྙད་དང་། མིང་ཚིག་གི་ཐ་སྙད་གཉིས་ཡོད། ཅེས་གསུངས་པ་རྣམས་ཀྱི་ཐ་སྙད་ཅེས་པ་རྣམས་ཀྱི་འགྲེལ་ཚུལ་ཇི་ལྟར་ཡིན་ལགས།

  16. བཙན་རུས་མདངས་ཅན་ says:
    2015-11-20 at 9:09 am

    སྐལ་ཚེ་ཁྱོད་ཁ་ཚུམས། ང་རང་སི་ཏུའི་ཀརྨ་པར་མི་དགའ་དོན་ཕྲ་མོ་ཙམ་ཡང་མེད། ཀརྨ་པ་ངོ་མ་ཡིན་ན་ག་རེ་ཡིན་ན་ངས་དེར་ཇུས་གཏོགས་བྱེད་ཀྱི་མེད། ཡིན་ནའང་། བླ་ཆེན་ཚོར་མི་རིགས་དང་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་ཞིག་ཡོད་པ་རེད། དེ་སངས་རྒྱས་ཡིན་ཡང་ཁུར་དགོས་པ་རེད། སེམས་ཅན་གྱི་ཁམས་མོས་དང་བསྟུན་དགོས་པ། མི་རིགས་ཀྱི་མདུན་ལམ་དང་བསྟུན་དགོས་པ་ལས། ཆོས་བརྒྱུད་ཆེ་བ་ཙམ་དང་། འབུལ་སྒོར་མང་བ་བྱུང་ཙམ་གྱིས་སྤོབས་པ་འཕར་ནས་ཕལ་བའི་མིག་ལ་གཟན་པའི་མཛད་པ་བསྟན་ན་ཧ་ཅང་ཐབས་སྐྱོ་བོ་རེད། བོད་ཀྱི་ལོ་རྒྱུས་ནང་བླ་ཆེན་ཚོ་ཐལ་དོང་དུ་ཟགས་འཇུག་མཁན། ཚེ་སྲོག་ཚུན་བཀུམས་མཁན། གཤམ་འོག་གི་རྒྱ་བསྐྱེད་རིང་ལུགས་པ་ཕྱག་མཛོད་མགྲོན་གཉེར་ཟེར་བ་དེ་ཚོའི་བྱས་ཉེས་ཡིན་པ་ཤེས་གསལ་རེད། དེའི་ཆ་ནས་ཆོས་ག་རེ་ཡིན་ཡང་། བླ་མ་སུ་ཡིན་ཡང་། ཁྲིམས་ཀྱི་འོག་དང་། ཁྲིམས་ཀྱི་མདུན་སར་མི་ཕལ་བ་ཞིག་དང་གཅིག་པ་གཅིག་རྐྱང་ཡིན་པས། སྤྱོད་ལམ་གང་ཅིར་གཟབ་དགོས་པ་བདེན་པ་རེད། ངས་གོ་ཐོས་ལ་སི་ཏུའི་ཀརྨ་པ་འདོད་ཆུང་ཆོག་ཤེས། ལས་སླ་བོ་མིས་བེད་སྤྱོད་གཏོང་མི་ཐུབ་པ་ཞིག་རེད་ཟེར།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-20 at 9:14 am

    ལྷག་པ་མཆོག་ལ་ལན་ཕུལ་པ།
    ཤད་རྒྱབ་སྟངས་སྐོར་ཞུ་བ་ལ་དང་པོ་ཤད་ཅེས་པའི་དོན་ཅི་ནམ། ཞེ་ན། ཁོ་བོས་ཨིན་སྐད་ཀྱི་མིང་ཚིག་འབྱུང་སྟངས་ལ་བཤད་པ་བྱས་པ་དག་བཀླགས་པས། བོད་ཚིག་མང་པོར་ཡང་བཤད་པ་རེ་མཐོང་ཐུབ། སྐྲ་ཤད་དང་སོ་མངས་དོན་གཅིག ཡི་གེའི་ཤད་དེ་སྐྲ་ཤད་ཀྱི་སོ་དང་འདྲ་བ་ཡོད་པས། ཤད། ཅེས་བྱུང་ངོ་། སྙམ་པ་ཞིག་ཁོ་བོའི་བློར་ཤར།
    ་
    ཡིག་འཕྲེང་གཅིག་ཏུ་ཚིག་རྐང་རྣམས་མུ་མཐུད་འབྲི་ན། རྐང་པ་དག་གི་བར་དུ་གཉིས་ཤད་སྔར་མཁས་པས་བཀོད་པ་བཞིན་མཛེས་ཀྱང་།་དེ་ལྟར་མ་ཡིན་པར་ཡིག་འཕྲེང་སོ་སོར་འབྲི་བ་ན། ཤད་གཅིག་གིས་ཆོག་ཅིང་། ཤད་གཉིས་པ་དེ་ལ་མཛེས་ཆོས་ཀྱི་ཁྱད་པར་ཡོད་པར་ཅང་མ་མཐོང་། ཚིགས་བཅད་ཀྱི་རྐང་པ་ལོངས་པ་སྟོན་བྱེད་གཉིས་ཤད་ཡོད་པ་ལ་ཁྱད་པར་ཡོད། དེ་ཡང་ཚིགས་བཅད་དག་ལ་ཨང་གྲངས་འགོད་ན། སླར་ཡང་ཤད་གཉིས་རྒྱབ་པ་དེ་རྒྱ་གར་པས་སྤར་བསྐྲུན་པའི་བཀའ་དང་བསྟན་བཅོས་ཀྱི་དཔེ་ཆ་རྣམས་ན་མཆིས། དཔེར་ན་ཁྱེད་ཀྱིས་བཀོད་པ་ན།
    ་
    ཐ་སྙད་ལ་ནི་མ་བསྟེན་པར།
    དམ་པའི་དོན་ནི་རྟོགས་མི་འགྱུར།
    དམ་པའི་དོན་ནི་མ་རྟོགས་པར།
    མྱ་ངན་འདས་པ་ཐོབ་མི་འགྱུར།། ༡༠ །། རྩ་ཤེས་རབ་བྱེད་ཉེར་བཞི་པ།

    མགོན་པོ་བྱམས་པས་གསུངས་པ་མ་ཡིན་པར་ཀླུ་སྒྲུབ་ཀྱིས་གསུངས།
    སངས་རྒྱས་པའི་གསུང་རྩོམ་ལེགས་སྦྱར་དུ་ཐོབ་པ་ཀུན་ནུབ་ཕྱོགས་པ་དག་གིས་གཏན་འབེབས་བྱས་པར་མ་ཟད་པར་ཚིགས་བཅད་རྣམས་ཀྱི་མགོ་ཚིག་རྣམས་ཀ་ཁ་སོགས་ཀྱི་རིམ་པར་བསྒྲིགས་ཏེ། འཚོལ་སླ་བར་བྱས་ཡོད། དེ་དག་ལ་ལད་མོ་བྱས་ཏེ། ས་སྐྱ་ལེགས་བཤད་༢༠༠༣ལོར་སྤར་བསྐྲུན་བྱས་པར་མཇུག་ཏུ་བཀོད་ཡོད། དཔེ་ཆ་དེ་དྲ་རྒྱར་བཀོད་ཡོད་ཀྱང་ཞིབ་པར་ལྟ་ཐུབ་པ་ཞིག་བདག་རང་གིས་ཤེས་མ་ཐུབ་པ་ཡིན།
    ་
    ཐ་སྙད་སྐོར་ལ་མགོ་འཐོམས་པ་འདུག དོན་ཇི་ལྟར་ཡིན་རུང་། ཁོ་བོས་ནི་འཇིག་རྟེན་ལུགས་ཀྱི་བྱེད་སྟངས་བྱེད་ལུགས་ཚང་མ་ཐ་སྙད་ཡིན་པ་ཞིག་ཏུ་མཐོང་ངོ་།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-21 at 6:05 am

    མིང་ཚིག་དེ་དག་རྒན་པོ་ཡིས།། ཐོག་མར་སྦྱར་བ་བརྡ་ཡིན་ལ།། ཕྱིས་ནས་དཔྱོད་པ་ཐ་སྙད་ཡིན།།
    ཞེས་པ་ལྟར་ད་ལྟའི་གནས་སྐབས་ལ་མང་ཆེ་བ་ཚང་མས་ཚིག་རྐང་རྗེས་ཤད་གཉིས་མ་གཏོགས། ཤད་གཉིས་པ་རྐང་པ་ཕྱི་མའི་ཡི་གེ་ལ་སྦྱར་དགོས་པ་དེ། སྔར་གྱི་ལུགས་སྲོལ་དང་མི་མཐུན་པ་མ་ཡིན་ནམ།
    ་
    གལ་ཏེ་ཚིག་རྐང་རྣམས་ཡིག་འཕྲེང་སོ་སོར་འབྲི་བ་ན། ཤད་གཉིས་པ་དེ་དག་རྗེས་ཀྱི་ཡི་གེ་ཀུན་ལ་སྦྱར་དགོས་སྙམ་སྟེ། ལོ་ངོ་བརྒྱ་ལྷག་སྔོན་ལ། ཕ་རན་སི་ཡུལ་གྱི་མཁས་པ་ཆེན་པོ། ལུ་ཨིས་དེ་ལི་པུ་སེན་མཆོག་གིས་དབུ་མ་འཇུག་པ་རྩ་བ་དང་། རང་འགྲེལ་སྤར་བསྐྲུན་ཕྱི་གཏན་འབེབས་མཛད་པ་འདི་ལྟར།
    ་
    རང་ཁྱིམ་རྩིག་ཕུག་སྦྲུལ་མཐོང་བཞིན་དུ།
    །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
    །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི།
    །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།། ༡༤༡
    ་
    ཞེས་དང་། ཉེ་དུས་ཨ་རིའི་སྐུ་གཤེགས་སློབ་དཔོན་ཝེ་མན་མཆོག་གིས་འཇམ་དཔལ་མཚན་བརྗོད་བོད་སྐད་ཨིན་ཡིག་ཏུ་བསྐྲུན་པ་ན།
    ་
    །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།
    །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།
    །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།
    །དོན་ཆེན་ཡི་གེ་དམ་པ་ཡིན།། ༡ [ ལེའུ་༥]

    ཞེས་བཀོད་དོ།

  19. ལྷག་པ། says:
    2015-11-21 at 6:15 am

    དགེ་རྒན་འཇམ་དཔལ་མཆོག་གིས་དྲི་ལན་གནང་བར་སྙིང་དབུས་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ། བོད་ཀྱི་སྐད་ཡིག་གནའ་བོའི་སྲོལ་རྒྱུན་ལྟར་དག་པ་ཞིག་འོང་ཆེད་ཉིད་ནས་ད་བར་སྐུ་ཚེགས་འོ་བརྒྱལ་ལ་མ་ལྟོས་པར་དྲ་ཐོག་མཆན་འགོད་མཛད་པ་རྣམས་གུས་པས་ལྟ་བཞིན་བསམས་གཞིགས་དང་། ལག་ལེན་ལ་གང་ཐེབས་བགྱིད་ཅིང་གནས། ད་དུང་དྲི་བ་སྔོན་མ་དང་འབྲེལ་བའི་དྲི་བ་ཆུང་ངུ་ཞིག་འབུལ་རྒྱུར།

    ཐ་སྙད་ལ་ནི་མ་བསྟེན་པར།
    ཐ་སྙད་ལ་ནི་མ་བརྟེན་པར།
    ཞེས་བྲི་སྲོལ་གཉིས་བྱུང་བ་དག་པ་གང་ཡིན་ནམ།

    ཨ་ལག་ཤས། རང་གིས་བསྟེན་པ་ས་བསྟེན་ཡིན།། གཞན་ལ་རྟེན་པ་ར་བརྟེན་ནོ།། ཞེས་པའི་དགོངས་པ་གང་ལ་ཐུག དེ་ལག་ལེན་དངོས་སུ་འཁྱོལ་ཐུབ་བམ།

  20. དབྱངས་ཅན་འབངས says:
    2015-11-21 at 11:35 am

    བསྟན་འཛིན་བྱེ་བའི་བླ་ན་མངོན་མཐོ་བ།།
    ལུང་རྟོགས་ཆོས་ཚུལ་སྤེལ་ལ་ཟླ་མེད་པའི།།
    འཕྲིན་ལས་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པ།།
    ཆོས་འཕགས་དཔལ་ལྡན་བླ་མར་སྙིང་ནས་དད།།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:11 pm

    ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ། །
    ད་ལོ་དགུང་གྲངས་སུམ་ཅུ་ལོན། །
    རྗེས་མ་བཞི་ཅུ་ལྔ་ཅུའི་ལོར། །
    བསྟན་འཛིན་ཀུན་གྱི་གཙུག་རྒྱན་ཤོག །

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-21 at 9:05 pm

    ལྷག་པ་མཆོག་ལ།
    ཨ་ལག་ཤས། རང་གིས་བསྟེན་པ་ས་བསྟེན་ཡིན།། གཞན་ལ་རྟེན་པ་ར་བརྟེན་ནོ།། ཞེས་པའི་དགོངས་པ་གང་ལ་ཐུག དེ་ལག་ལེན་དངོས་སུ་འཁྱོལ་ཐུབ་བམ། དེབ་ཤོག་གྲངས་གང་ན་ཡོད་དམ།
    རྟེན་པའི་བྱ་ཚིག་གི་ཡུལ་ལ་ལ་དོན་དགོས། གང་ལ་བརྟེན་ནས་བདེ་བླག་ཏུ། ཞེས་པ་ལྟ་བུ།
    སྟེན་པའི་བྱ་ཚིག་གི་ཡུལ་ལ་ལ་དོན་མི་དགོས། བླ་མ་སྟེན་ཅིག ཅེས་པ་ལྟ་བུ།
    བོད་རྒྱ་ཚིག་མཛོད་དུ། དང་པོ་དེ་ལ་ཐ་མི་དད་དང་། ཕྱི་མ་དེ་ལ་ཐ་དད་ཅེས་བྲིས་ཀྱང་། དེ་དག་གོ་དཀའ་བས་ཁོ་བོ་ལེགས་སྦྱྲར་དང་ཨིན་སྐད་དང་འདྲ་བར་དང་པོ་དེ་ལ་ཡུལ་མེད་དང་། ཕྱི་མ་དེ་ལ་ཡུལ་ཡོད།
    ཅེས་སོ།
    བྱ་ཚིག་ཡིན་ན། འདི་གཉིས་གང་རུང་ཡིན་པས་ཁྱབ། ཨིན་སྐད་དུ།་བྱ་ཚིག་མང་པོ་གཉིས་ཀ་ཡིན་མང་བས། སྐབས་ཐོབ་ཀྱིས་ཡུལ་ཡོད་དང་། ཡུལ་མེད་གང་ཡིན་བལྟ་དགོས། དཔེར་ན། དཔེར་ན། བོད་སྐད་ལ་འགྱུར་དང་། སྒྱུར་ཞེས་བྱ་ཚིག་མི་འདྲ་བར་ཨིན་སྐད་དུ། turn་ཞེས་པའི་སྐབས་ཐོབ་ཀྱིས་ཤེས་དགོས་སོ།
    ཡིག་ནོར་ལ་ཞུས་དག་མཛོད།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-21 at 10:38 pm

    ནོར་འཁྲུལ་བྱེས་པར་དགོངས་དག
    ་
    ཐ་སྙད་ལ་ནི་མ་བསྟེན་པར། འདིར་བསྟེན་ལ་བརྟེན་ཞེས་དགོས་དེནས།
    ་
    ཐ་སྙད་ལ་ནི་མ་བརྟེན་པར།
    དམ་པའི་དོན་ནི་རྟོགས་མི་འགྱུར།
    དམ་པའི་དོན་ནི་མ་རྟོགས་པར།
    མྱ་ངན་འདས་པ་ཐོབ་མི་འགྱུར།། ༡༠ །། རྩ་ཤེས་རབ་བྱེད་ཉེར་བཞི་པ།

  24. ཀརྡོ་གཉེར་ཕྱག་པ་ says:
    2015-11-22 at 1:45 am

    ་་་་་་་་ སྐབས་ཐོབ་ཀྱིས་ཡུལ་ཡོད་དང་། ཡུལ་མེད་གང་ཡིན་བལྟ་དགོས། དཔེར་ན། དཔེར་ན། བོད་སྐད་ལ་འགྱུར་དང་། སྒྱུར་ཞེས་བྱ་ཚིག་མི་འདྲ་བར་ཨིན་སྐད་དུ། turn་ཞེས་པའི་སྐབས་ཐོབ་ཀྱིས་ཤེས་དགོས་སོ།་་་་་་་

  25. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-22 at 11:33 pm

    ནོར་འཁྲུལ་བྱེས་པར་དགོངས་དག ཅེས་པ་ཀློག་མཁན་སུས་ཀྱང་གཟིགས་མེད་པའམ་ཡང་ན། གཏོན་སྙོམས་སུ་བཞག་པ་ཡིན། ཆ་ལེགས་པར་མ་རྟོགས་ཀྱང་ཞུས་དག་དགོས་པར་མཐོང་ནས།། ནོར་འཁྲུལ་བྱས་པར་དགོངས་དག ཅེས་ཞུག་དག་བྱས་སོ།
    ་
    དེ་སྐད་དུ། བཅོམ་ལྡན་འདས་ཀྱིས།
    ་
    སྡིག་པ་ཆུང་ངུ་བྱས་པས་ཀྱང༌།
    འཇིག་རྟེན་ཕ་རོལ་སྡུག་བསྔལ་དང༌།
    ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ།
    ཁོང་པར་སོང་བའི་དུག་བཞིན་ནོ།། ༢༤ །།
    ་
    ཆེད་ཚོམས་ལེའི་༢༨་པ་དང་ ། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ།་ཚིགས་བཅད་འདི་ཡོད་ངེས་སྙམ་མོ།

  26. ལྷག་པ། says:
    2015-11-23 at 6:17 am

    དགེ་རྒན་འཇམ་དཔལ་མཆོག་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ།
    དཔེ་དེབ་ལག་ཏུ་མ་འབྱོར་བས་ཡུན་རིང་ལན་འབུལ་མ་ཐུབ་པར་བཟོད་གསོལ་ཞུ། མཆན་སྔོན་དུ་ཞུས་པ་དེ། ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད་པའི།
    དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་ཞེས་བྱ་བ་བཞུགས་སོ།། ཞེས་པའི་ཤློོཀ་གྲངས་ཉེར་གཅིག་པར། རང་གིས་བསྟེན་པ་ས་བསྟེན་ཡིན།། གཞན་ལ་བརྟེན་པ་ར་བརྟེན་ནོ།། ཞེས་གསལ།

  27. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-23 at 9:05 pm

    ལྷག་པ་མཆོག་ལ་ཞུ་བ
    སྟེན་པའི་བྱ་ཚིག་དེ་ཡུལ་ཡོད་ཡིན་པས་ན། བྱ་ཚིག་དེའི་བྱེད་པ་པོ་ལ་རྗེས་འཇུག་དབང་གིས། ཀྱིས་སམ། གིས། གྱིས། རྗེས་འཇུག་འ་དང་། དབྱངས་ལྔ་གང་རུང་མཐའ་ཅན་ལ་། ཡིས་སམ། ས་གང་རུང་ཐོབ་པ། དཔེར་ན། ཁས་ཟས་ཟ། ཁ་ཡིས་ས་ཟས་ཟ། བདག་རང་གིས་བླ་མ་སྟེན། ཞེས་པ་ལྟ་བུ།
    ་
    འགྲོ། རྟེན། གཉིད་ལོག་བྱ་ཚིག་རྣམས་ལ་ཡུལ་མེད་པས། བདག་བོད་ལ་འགྲོ། ཁྱོད་བླ་མ་ལ་རྟེན། བདག་འདི་ན་གཉིད་ལོག ལྟ་བུའི་ཡུལ་མེད་བྱ་ཚིག་ལ་བྱེད་པ་པོའི་ངོ་བོ་ཙམ་ལས་གཞན་ཚིག་སྦྱོར་མེད་པས།
    ་
    རང་གིས་བསྟེན་པ་ས་བསྟེན་ཡིན།། གཞན་ལ་བརྟེན་པ་ར་བརྟེན་ནོ།།
    ་
    ཞེ་ས་གསུངས་པ་ཡིན་ནམ་སྙམ།
    གོང་གསལ་དཔེར་བརྗོད་དེ། ཨ་བླ་བསྟན་དར་ལྷ་རམས་པའི་གསུང་འབུམ བོད་ལྗོང་མི་མངས་ཀྱི་སྤར་བསྐྲུནདེབ་ཤོག་གྲངས་༦༠༠་ན་མཆིས་སོ།

  28. ཀརྡོ་གཉེར་ཕྱག་པ་ says:
    2015-11-24 at 12:06 am

    བསྟེན་བྱར་བསྟེན་བྱེད་བྱེད་སྒྲ་འཇུག །
    རྟེན་ལ་བརྟེན་པ་ལ་དོན་ཙམ། །
    དེས་ན་རང་གིས་བསྟེན་པ་དང་། །
    གཞན་ལ་བརྟེན་པས་དོན་འདིར་ཚང་། །

  29. ལྷག་པ། says:
    2015-11-24 at 6:14 am

    དགེ་རྒན་འཇམ་དཔལ་མཆོག་ལ་བཀའ་དྲིན་སྙིང་ནས་ཆེ་ཞེས་ཞུའོ། སླད་ཀྱང་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་སྨོན་ནོ། ཞོར་དུ། ཀརྡོ་གཉེར་ཕྱག་མཆོག་ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme