Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླ་བའི་གཟུངས།

Posted on 2010-01-082010-01-08 By དབང་ཕྱུག་ 9 Comments on གླ་བའི་གཟུངས།

མི་རྐང་གླིང་བུ།

༡ གླེང་སློང་བ།

དེ་ནས་བཅོམ་ལྡན་འདས་རྒྱལ་བ་འབྲོག་རྒན་རྡོ་རྗེ་འཆང་དེ་ཉིད་ཀྱི་འཁོར་དུ་སྤོབས་པ་མཐའ་ཡས་ལ་སོགས་པ་གངས་ཅན་ལྗོངས་སུ་ལྟེ་ཁྲག་བྱོ་བ། ལོ་གསུམ་གོང་ནས་མི་ཡུལ་གྱར་བ། ཤེས་རབ་ལ་གཞན་དྲིང་མི་འཇོག་པ། འཇིག་རྟེན་གསར་པའི་ལུགས་ལ་མཁས་པ། གློག་རླབས་ཕྲ་མོའི་སྣེ་ན་འགྱིང་བ། གླིང་དང་གླིང་ཕྲན་ཐམས་ཅད་ཉུལ་བ། སྐད་རིགས་དགུ་བཅུ་གོ་དགུ་བཤད་པའི་དེང་རབས་ན་གཞོན་འབའ་ཞིག་སྐོར་བ་དང་ཐབས་ཅིག་ཏུ་བཞུགས་སོ།། འོན་ཀྱང་དེ་ཐམས་ཅད་བོད་གངས་ཅན་གྱི་རི་དྭགས་དང༌། གཅན་གཟན་དང༌། འདབ་ཆགས་སོགས་ཀྱི་རིགས་སྤྱི་དང༌། ལྷག་པར་གླ་བ་གར་ཡོད་མི་ཤེས། གླ་རྩི་གང་ཡིན་མི་ཤེས་པ་ཤ་སྟག་གོ། དེའི་ཚེ་དེའི་དུས་ན་གནོད་སྦྱིན་སྡེ་དཔོན་ཆེན་པོ་སྤོབས་པ་མཐའ་ཡས་དེ་ཉིད་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། འདི་ན་ལྷ་ཆེན་པོ་སྒོམ་སྡེ་ལྷ་རམས་པ་དང༌། ཀླུ་ཆེན་པོ་ར་ས་ཕོ་ཉ་ལ་སོགས་དབང་པོ་དང༌། l-11
སྐལ་པ་དང༌། ལམ་མཐོན་པོ་ལ་གནས་དག་གིས་ཀྱང་གླ་བ་གང་ཡིན་མི་ཤེས་པ་དང་གླ་རྩི་གར་ཡོད་མི་ཤེས་ནས་ལམ་གོལ་བ་ཆེན་པོར་འཕྱན་པར་འགྱུར་བཞིན་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གླ་བ་དང་གླ་རྩིའི་མདོ་ཞིག་བསྟན་དུ་གསོལ། ཅེས་ཞུས་སོ།། དེ་ནས་རྒྱལ་བ་འབྲོག་རྒན་རྡོ་རྗེ་འཆང་དེ་ཉིད་ཀྱིས་བོད་གངས་ཅན་གྱི་སྲོག་ཆགས་ཐམ་ཅད་ཀྱི་ངོ་བོ་དང༌། གཤིས་ཀ་ བྱུང་རབས་སོགས་མ་འདྲེས་པར་གསལ་བར་གཟིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གླ་བའི་གཟུངས་འདི་ཉིད་བཀའ་སྩལ་ཏོ།།

༢ གླ་བའི་ངོས་འཛིན།

གླ་བའམ་གླ་བ་སྨུག་ཆུང༌ཟེར། རྩྭ་གཟན་འོ་འཐུང་གི་རིགས་ཡིན། གཟུགས་ནར་མོ་སྒུར་དབྱིབས་ཅན། དེ་ལས་རོ་སྨད་མཐོ་བ། རྣ་ཅོག་རིང་ཤིང་གོར་མོ་ཅན། རོ་སྨད་རྒྱས་ཤིང་འཁྱིལ་བ། རྒྱབ་ནས་བལྟ་བའི་ཚེ་ལུས་ཡོངས་རོ་སྨད་ཀྱིས་སྒྲིབ་པ་ལྟར་བུ། རྔ་མ་ཅུང་ཆུང་བ། ཕོའི་རྔ་མ་ལ་སྤུ་མེད་པ། ཕོ་ཡི་རྔ་མ་འདི་ལས་དབང་ངམ་ན་ཚ་ཅི་ཞིག་གིས་ཟ་འཕྲུག་ཡང་ཡང་ལངས་ནས་ཡར་རྒྱུགས་མར་རྒྱུགས་བྱེད་ཀྱི་ཡོད་པ། རྡོ་སོ་དང༌། གད་པ། ཤིང་དུམ་སོགས་སུ་ཡང་ཡང་བརྡར་དགོས་བྱུང་བ། དེའི་དབང་གིས་སྤུ་དང་པགས་པ་ཟད་ནས་རྨ་ཤུ་ཐོན་པ། དེ་ལ་དབྱར་གྱི་དུས་སུ་འབུ་སྲིན་ཕྲ་མོ་རྣམས་རྨ་ཁ་དེར་འབབ་ནས་གཏན་དུ་སྡོད་འཇུག་གི་མེད་པ། དགུན་དུས་སུ་རྔ་མ་དེར་སྤུ་མེད་པས་གྲང་ངར་གྱིས་ཕྱིད་ནས་ཁྲག་དང་ཆུ་སེར་འཛག་པ། མདོར་ན་དུས་བཞིར་རྔ་མ་འདི་ཟ་འཕྲུག་ལངས་ནས་སྡོད་དུ་མི་གཅུག་ཅིང་ལྷག་པར་དགུན་ཁ་གྲང་ངར་ཆེ་བ་དང༌། དབྱར་ཀ་ཚ་བ་ཆེ་བའི་དུས་དེར་སྡུག་ཏུ་འགྲོ་བ། དེ་ལྟར་ཟ་འཕྲུག་འདི་མ་བརྡར་ན་ཡེ་ནས་མི་བཟོད་པས་གནས་ཡུལ་གྱི་རྒྱུ་ལམ་ངེས་ཅན་ཞིག་ནས་བྲག་སྣ་དང༌། ཤིང་སོ། གད་སྣ་སོགས་ལ་རྟག་པར་བརྡར་གྱི་ཡོད་པས་དེར་དྲི་མ་ངར་པོ་ཞིག་ཀྱང་འཐུལ་བཞིན་ཡོད་པ། རི་དྭགས་རྔོན་པ་རྣམས་ཀྱིས་རྔ་མ་བརྡར་ས་འདི་གང་དུ་ཡོད་པ་བཙལ་ནས་དེར་ས་རྙི་སོགས་རྒྱ་བཞག་ནས་རི་དྭགས་འདི་སྟབས་ཤིན་ཏུ་བདེ་བོ་ཞིག་གི་ཐོག་ནས་འཛིན་འགྲོ་བ་བཅས་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང༌། མོ་ཡི་རིགས་ལ་རྔ་མའི་དཀའ་ངལ་འདི་མེད། ཡང་ཡུལ་དེའི་ཉེ་སྐོར་དུ་གླ་བ་ཕོ་གཉིས་ཡོད་ན་ཁོང་གཉིས་རྟག་པར་འཛིང་ཤིང་འདེད་རེས་དང༌། སྡིག་རེས་བྱེད་པ། དེ་ལྟར་བག་མེད་དུ་གང་སར་འདེད་རེས་བྱེད་པ་སོགས་ཀྱིས་ཀྱང་རྔོན་པ་ལ་གོ་སྐབས་སྐྲུན་གྱི་ཡོད་པ། འོན་ཀྱང་ཁོ་གཉིས་ཞེ་གཏིང་ནས་འཆི་གསོན་ཐུག་པའི་དམར་འཛིང་བྱེད་ཀྱི་མེད་པ་མ་ཟད་རྩྭ་མཉམ་ཟ་དང༌། ཆུ་མཉམ་འཐུང་བྱེད་པ་སོགས་གཅིག་ཤོས་མེད་ན་གཅིག་ཤོས་དེ་སྡོད་མི་ཐུབ་པ་ལྟར་གང་སར་བཙལ་ནས་འགྲོ་གི་ཡོད། རྔོན་པ་རྣམས་ཀྱིས་གཅིག་ཤོས་དེ་སོད་ན་གཅིག་ཤོས་སྔར་གྱི་གནས་ཤུལ་དེར་སྒུགས་ནས་གསོད་ཆོག་པར་བཤད། l-2
འདི་ལ་བོད་རྒན་རྣམས་ཀྱིས་གླ་བ་ཁ་འཐབ་ཟེར། ཡུལ་གྱི་ནང་དུ་ཞེ་ནས་མཐུན་ཞིང་རྟག་པར་ཁ་རྩོད་རྒྱག་མཁན་གྱི་མི་ལ་གླ་བ་ཁ་འཐབ་ཅེས་དཔེ་ཡི་སྒོ་ནས་མཚོན་པར་བྱེད། ཉིན་གུང་དང༌། མཚན་གུང་ལ་བྲག་སྐྱིབས་སོགས་སུ་ཡིབ་སྡོད་བྱེད་པ་དང༌། སྲོད་དང་ཐོ་རེངས་གཉིས་ནི་རྩྭ་དང་ལྕུག་ཕྲན་སོགས་གཟན་ལ་རོལ་བའི་དུས་ཡིན། རིལ་མ་གནས་གཅིག་ཏུ་སྤུངས་པར་བྱེད། གླ་བ་ཕོ་མོ་རིལ་མ་དང༌། གཅིན་པའི་དྲི་ཡིས་འབྱེད་པར་ནུས་ཟེར། གླ་བའི་ཤ་སྤྱི་དང་ལྷག་པར་ཕོ་ཡི་ཤ་ནི་ཡར་སོ་མཆེ་བ་ཅན་གྱི་ཤ་ཡིན་པས་ཁྱི་ཤ་དང་མཚུངས་པར་བཤད་ཅིང་ཕལ་ཆེར་ཟ་མི་མེད། ལྷག་པར་ཤ་འདི་ལ་གླ་རྩི་དྲི་མ་འདྲ་བོ་སྣས་མི་བཟོད་པར་བྲོ་གི་ཡོད་པས་ཟ་མི་ཐུབ་པ་ཡིན། འོན་ཀྱང་གླ་ཕོའི་རྔ་མ་འདི་ནི་ཞིམ་མངར་ཅན་ཞིག་ཡིན་པར་བཤད་ནས་ཟ་མཁན་རེ་གཉིས་ཡོད་སྲིད་པ་འདུག ངག་རྒྱུན་དུ། ཞིམ་པོ་ཁ་གང༌། གླ་བའི་རྔ་མ། ཟེར། འདི་ནི་ཚིལ་དང་མར་ཁུ་རང་བཞིན་ཅན་དྲོད་ཤུགས་ཆེ་བ་ཞིག་སྟེ། རྟ་དབུགས་ཐག་བུད་པ་དགུན་ཁ་ལྷག་གདོང་ཤིན་ཏུ་གྲང་བའི་སྐབས་དེར་སྤྲད་གི་ཡོད། གླ་བའི་སྤུ་ནི་ཤིན་ཏུ་རྩུབ་ཅིང་བཀུག་ན་ཆག་འགྲོ་སྙམ་པ་ལྟར་བུ་ཡོད་ཟེར་བས་སྤུ་དེ་ཇི་ལྟར་ཡོད་པ་ཤེས་ཐུབ། གླ་བ་ཡོད་སའི་གནས་དེར་སྦྲུལ་ཡོད་ན་གླ་བའི་སྤུ་ཟུག་ནས་འཆི་འགྲོ་བར་གྲགས། ཟེར་བ་ལྟར་གླ་ལྤགས་འདི་ནི་པགས་མཉེད་མ་འདི་ནི་ཁྲོག་སྨན་སོགས་ཀྱི་སྨན་ཁུག་ལ་འདི་བཟོ་བ་ཡིན། ཡང་ཕོ་ཡི་ཡ་སོའི་མཆེ་བ་རིང་པོ་ཕྱིར་མངོན་པ། མོ་དེ་ལས་ལྡོག་པ། ཕོ་ཡུ་མོ་ཡུ་ཡིན་པ་བཅས་ནི་གླ་བ་སྤྱི་ཡི་ཁྱད་ཆོས་རེད། མང་ཁྲོད་ཀྱི་ཁེད་དུ། གླ་ཨ་ཐེ་ཞིག་ལ་ཐེ་དགུ་ཡོད།། གླ་ལྤགས་སྐྱ་མོ་དར་ལ་ཐེ།། གླ་རྩི་བཟང་དྲུག་སྨན་ལ་ཐེ།། རྣ་ཅོག་སྨུག་ཆུང་དྲེལ་ལ་ཐེ།། སྤུ་རྩེ་ནག་པོ་ནོར་ལ་ཐེ།། སྤུ་སྐེད་ཚེ་ཚེ་ར་ལ་ཐེ།། སྤུ་རྟིང་གཡང་དཀར་ལུག་ལ་ཐེ།། གཞན་རྣམས་མ་དྲན།
༣ གླ་བའི་དབྱེ་བ།

དེང་དུས་ཚན་རིག་པས་དཔྱད་བརྗོད་དང་བསམ་ཚུལ་ཞིག་སྤེལ་གྱི་ཡོད་པ་འདི་དག་འཛམ་གླིང་གི་གླ་བ་སྤྱི་དང་མེལ་ནས་བཤད་ཀྱི་ཡོད་པས་དབྱེ་བ་འདི་དག་སྐབས་སུ་མ་བབ། བོད་ཡུལ་གྱི་གླ་བ་འདི་ལ་རིགས་གཉིས། གླ་ནག་དང༌། གླ་སྐྱ་གཉིས། འདི་གཉིས་ཀྱི་ཁྱད་པར་ནི་གཙོ་བོ་གནས་ཡུལ་མི་འདྲ་བའི་དབང་གིས་བྱུང་བ་ཡིན། རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱ་མོ་རྔུལ་ཆུ་སྟེ་ཆུ་བོ་ཆེན་པོ་བཞི་ཡི་འབབ་རྒྱུན་གྱི་སྨད་ཕྱོགས། མདོར་ན་ལྕང་མ་དང་གླང་མ་སོགས་ནགས་རོང་སྟུག་པོའི་གསེབ་ཏུ་གནས་པ། ཤིང་སྡོང་སོགས་སུ་ཅུང་ཙམ་འཛེགས་ཐུབ་པ། མདོག་ཁམ་ནག འཕོང་ཚོས་སེར་ཤས་ཆེ་བ། འདི་ལ་གླ་ནག་ཟེར། ཡང་རྫ་གསེབ་དང༌། བྲག་བར། ས་ཁད་མཐོ་སྒང་དུ་གནས་པའི་རིགས་རྣམས་ལ་གླ་སྐྱ་ཟེར་ཞིང་གླ་ནག་ལས་ཆེ་བ་ཡིན།

༤ གླ་བའི་བྱུང་རབས།

དེང་སང་ཚན་རིག་པས་སྲོག་ཆགས་འདི་ནི་ཆེས་གདོད་མའི་སྲོག་ཆགས་དཀོན་གྲས་ཤིག་སྟེ་གླིང་ཆེན་ཨེ་ཤ་ཡའི་མངའ་ཁོངས་མ་གཏོགས་མེད་པར་བཤད།འོན་ཀྱང་ཏུང་ཧོང་ཡིག་ཆ་སོགས་བྱུང་རབས་རྙིང་པ་རྣམས་སུ་གླ་རྩི་སྨན་དུ་བཀོལ་བ་གསལ་བ་དང༌། བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་ལི་ཡུལ་གྱི་རྒྱལ་པོ་ལ་རི་དྭགས་འདི་ཉིད་སྤོས་ཀྱི་གླང་པོ་ཞེས་པའི་མིང་ཐོག་ནས་ལི་བོད་བར་གྱི་ལེགས་སྐྱེས་སུ་ཕུལ་བ་གསལ་ཏེ་སྦ་བཞེད་༧༦ལས། གླ་བ་གཅིག་ལྕགས་ཀྱི་དྲ་བར་བཅུག་ནས་འདི་བོད་ཀྱི་བཙན་པོའི་སྤོས་ཀྱི་གླང་པོ་ཡིན་པས་འདི་བཞེས་ལ། ལི་སྤྱོད་པའི་རྒྱལ་པོ་ཞེས་པ་བཟོ་བོ་མཁས་པ་ཞིག་ཡོད་ཟེར་བ་དེ་བོད་ཀྱི་བཙན་པོའི་ཐུགས་དམ་གྱི་ལྷ་ཁང་གི་བཟོ་བྱེད་པ་ལ་གནང་བ་ཞུ་བྱ་བ་དང༌། དེ་མ་གནང་ན་བཙན་པོའི་ཐུགས་ཁྲོས་ནས་དམག་འདྲེན་ནོ་བྱ་བའི་སྒྲོམ་བུ་བསྐུར་ནས་ཕོ་ཉ་བཏང༌། l-3
ཕོ་ཉ་བས་དེ་ལི་རྗེ་ལ་ཕུལ་བས། ལི་རྗེས་བཀའ་སྒྲོམ་གཟིགས་ནས། སྤོས་ཀྱི་གླང་པོའི་ཆུ་དང་རིལ་མ་ཚུན་ཆད་སྤོས་སུ་བྱུང་བས་ཞུ་རྟེན་ལའང་མཉེས། བཙན་པོའི་བཀའ་མ་ཉན་ན་དམག་ལའང་འཇིགས་ནས། བཀའ་སྒྲོམ་ནས་བྱུང་བ་ལྟར་རྫོང་བར་ཆད་ནས། ཞེས་གསལ་བ་ལྟར་བོད་བཙན་པོའི་དུས་སུ་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་ཆེད་དུ་རི་དྭགས་འདི་དག་ལེགས་སྐྱེས་སུ་འབུལ་བའི་སྲོལ་ཡོད་པ་ལས་གང་བྱུང་གསོད་བཟུང་བྱེད་གི་མེད་པར་ངེས། ཡང་དཔོན་དང་བླ་མ་འགའ་ཞིག་གིས་གླེའུ་ཆུང་ངུའི་དུས་ནས་བཟུང་སྟེ་བདག་ཉར་བྱས་ཡོད་ཀྱང་ཕལ་ཆེར་ནི་མགྲོན་པོ་གསར་པ་ལྟར་བུ་འབྱོར་སྐབས་གྲིབ་འདྲ་བ་ཞིག་གིས་ཤི་འགྲོ་བར་བཤད། རེ་གཉིས་གསོན་པོར་གནས་པའང་ཡོད་འདུག ང་རང་གཡག་ལུག་གི་རྫི་བོ་འགྲོ་ཐུབ་ཙམ་གྱི་སྐབས་སུ་རི་ནས་འགྲོ་སྐབས་གླ་བ་ཁ་འཐབ་དང༌། གླ་བ་ཕོ་མོ་མང་པོ་མཐོང་རྒྱུ་ཡོད་ཅིང༌། བྲག་ཕུག་ནས་གླ་བ་ཉྭ་བཟུང་བྱས་ཏེ་དབུགས་བཀག་ནས་བསད་པ་མིག་གིས་མཐོང་མྱོང༌། དེ་ནས་རིམ་གྱིས་གླ་རྩི་གོང་ཚད་ཆེ་རུ་སོང་བས་ཡུལ་གང་ཞིག་ཏུ་གླ་བ་ཞིག་ཡོད་པ་ཐོས་ན་དེར་ཉལ་ཆས་ཁུར་ནས་བསྒུགས་སྡོད་བྱེད་ཅིང་མེ་མདའ་དང་རྒྱ་རྙི་སོགས་ཀྱི་འོག་ནས་གཅིག་ཀྱང་ཐར་བ་མངག་གི་མི་འདུག་པས་ཕལ་ཆེར་རྩ་སྟོང་དུ་བཏང་ཚར་བའི་ཚོད་ཡིན།

༥ གླ་རྩི།

གླ་རྩི་ནི་གླ་བ་ཕོ་ཡི་ཕོ་མཚན་གྱི་སྔོན་དེར་ཁུག་མ་ཞིག་གི་ནང་དུ་ཡོད་པ་ཡིན། དེ་ནི་སེམས་ཅན་གཞན་གྱི་ལྟེ་ཐག་ཆད་པའི་ཐད་དེར་རེད། རྗེ་ས་པཎ་གྱིས། དྲི་ཞིམ་བྱུང་ན་རི་དྭགས་ཀྱི།། ལྟེ་བ་ལས་ཀྱང་གླ་རྩི་ལེན།། གསུངས་པ་ལྟར་ལྟེ་བ་རང་ལ་ཡོད་པ་ཡིན། སྤྱིར་གླ་བ་སྐྱེས་ནས་ལོ་ན་གསུམ་ཙམ་མ་ཟིན་གྱི་བར་དེ་གླ་རྩི་གསོག་ཐུབ་ཀྱིན་མེད་པར་སྐབས་དེ་དག་ཏུ་རྩི་ཁུག་དེ་རྣག་གིས་གང་ནས་ཡོད། ཡང་གླ་ཕོ་ཁ་ཤས་གཏན་ནས་གླ་རྩི་གསོག་མི་ཐུབ་པར་ཡོད་པ་ལ་ཡུལ་མིས་བྱའགོང་པོ་རྩི་སྟོང་ཟེར། དབྱར་ཉི་ལོག་སྐབས་བྱཉི་མ་ལོག་རྩི་ཞེས་གླ་རྩི་ཁུག་མ་དེ་ཕལ་ཆེར་ཆུས་གང་ནས་ལྷུག་ལྷུག་གྱུར་ཅིང་ནང་ནས་གླ་རྩི་རྡོག་རྡོག་ཆེར་ལེན་རྒྱུ་མེད་པ་དེ་འདྲ་བ་ཡོང་བས་དབྱར་རྩི་ངན་པ་དང༌། དགུན་རྩི་བཟང་བ་ཡིན། གནའ་དུས་སུ་གླ་རྩི་ཆེ་ཆུང་འཇལ་ཐབས་ཤིག་ནི་ཁ་ཡི་ནང་དུ་བཅུག་པ་ཡིན། གླ་རྩི་ཆེ་ཤོས་ནི་ཁ་ཡི་ནང་དུ་མི་འགྲོ་བ་ཡོད་པ་ཡིན་ལ་དེ་ལ་བྱཁ་རྩི་མི་འཕྲོད་པ་ཟེར་ཞིང་ཆེས་ཆེའི་མཐར་ཐུག་པར་བཤད། གླ་རྩི་ལེན་སྟངས་ནི་དབོ་འོག་པགས་པ་ཕལ་ཆེར་གོར་མོ་བྱེད་ནས་ལེན་དགོས་པ་མ་ཟད་གཅིན་རྒྱུད་ཀྱང་མཉམ་དུ་བཀོག་དགོས་ཀྱི་འདུག འོན་ཀྱང་རླིག་རིལ་མ་བཀོག་ཀྱང་ཆོག འདི་གླ་རྩི་མ་རེད། དེ་ནས་ཁབ་སྦོམ་པོ་ཞིག་གིས་གཅིན་རྒྱུད་སོགས་རྒྱུས་པའི་རིགས་རྣམས་རྩི་ཁུག་ནང་དུ་དྲངས་ན། དེས་སྲང་ལ་འཇལ་སྐབས་ལྗིད་ཚད་མཐོ་རུ་ཡོང་བ་ཡིན་ཟེར། རྔོན་པ་དང་གླ་རྩི་ཉོ་ཚོང་བྱེད་མཁན་རྣམས་ལ་ལྕགས་ཐུར་སྣེ་མོ་གོར་གོར་ཅན་རྣ་ཅོག་གཤང་བྱེད་འདྲ་བ་ཡོད། འདི་ལ་རྩི་ཁབ་ཟེར། རྩི་ཁབ་ཀྱིས་གླ་རྩི་དག་མིན་ལྟ་སྐབས་ཀྱང་རྒྱུས་པའི་རིགས་རྣམས་ཕྱི་རུ་མཐེན་མི་ཐུབ་པས་རྫུས་མ་ཐོན་གྱིན་མེད་ཟེར། དེ་ནས་གླ་རྩི་དེའི་མཐའ་སྐོར་ནས་ཤིང་ཕྲན་གོར་མོ་ཞིག་གི་མཉམ་དུ་ཚེམས་དགོས། དེ་ལ་རྩི་ར་བཀུག་ཟེར། དེས་སྐམ་སླ་བ་དང༌། མིག་ལ་རྔམས་པ་སོགས་ཀྱིས་ཆེད་ཡིན། l-4གླ་ནག་གི་རྩི་བཟང་བ་དང༌། གླ་སྐྱའི་རྩི་ངན། ནང་དུ་རྩི་རིལ་གཅིག་རྡོག་ཡིན་པར་རབ་དང༌། རྩི་ཕྱེ་ཅན་ཐ་མ། མདོག་དམར་སེར་མཆོག་དང༌། ཁམ་ནག་ངན་པ་བཅས་སོ།། གླ་རྩིའི་ཕན་ཡོན་ནི། གླ་རྩི་མུལ་གྱི་གཤེད་མ་ཡིན་པ་མདོ་རྒྱུད་བསྟན་བཅོས་ཀུན་ལ་ཡོངས་གྲགས་ལྟར་དང༌། སྨན་གཞུང་ལས། གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ།། ཞེས་སོ།། དེ་ལྟར་གླ་བའི་གཟུངས་འདི་རས་སམ། ཤིང་ཤུན། གྲོ་ག་དང༌། སླེ་ཏྲེ་སོགས་ལ་བྲིས་ཏེ། གནམ་གྲུ་འབབ་ཚུགས། ལམ་གྱི་གཞི་མདོ་སོགས་འཛམ་གླིང་གང་སར་བསྒྲགས་ཅིང༌། སྤེལ་བ་དང༌། འཆང་བ། ཀློག་པ་སོགས་བྱས་ན་གླ་བའི་ཚེ་ཚད་རིང་དུ་འགྲོ་བ་དང༌། གླ་བ་ཡུལ་ན་གནས་པས་དེས་གཉན་རིམས་སོགས་ནད་རིགས་དུ་མ་སྔོན་འགོག་ནུས་པ་དང༌། མི་རབས་ཕྱི་མ་རྣམས་ཀྱིས་གླ་བའི་ངོ་མཐོང་བ་སོགས་ཕན་ཡོན་བསམ་གྱིས་ཁྱབ་བོ།། འདི་ལ་འཁྲུགས་པ་དང༌། གབ་པ། ནོར་བ་སོགས་འདུག་ན་ལྷ་ཆེན་པོ་དང༌། ཀླུ་ཆེན་པོ། སྤོབས་པ་ཆེན་པོ་རྣམས་ནས་དྲང་ངེས་དང༌། ལྷན་ཐབས། ཟུར་བཀོལ་སོགས་ཀྱི་བསྟན་བཅོས་སྤེལ་བར་རིགས་སོ།། གླ་བའི་གཟུངས་རྫོགས་སོ།།

སྣ་ཚོགས།

Post navigation

Previous Post: དཔེ་རྙིང་མཚམས་སྦྱོར་གྱི་གཏམ།
Next Post: རྩམ་པ།

Comments (9) on “གླ་བའི་གཟུངས།”

  1. གཞོན་ནུ་ཟླ་མེད says:
    2010-01-08 at 4:26 pm

    འ་ལ་ལ་ལ། མི་རྐང་གླིང་བུ་ནས་སེམས་ཅན་གླ་བའི་སྐོར་ལ་ད་ངོ་ནས་རྒྱས་གསལ་གསུང་འདུག ང་ཡང་གླ་བའི་ཡུལ་གྱི་མི་ཡིན་ན་ཡང་འདི་འདྲ་ཞིག་ཚགས་ཟིག་མི་ཡོང་གི
    ད་དྲི་བ་ཁ་ཤས་ཡོད་པ་ནི།
    ༡༽ གླ་རྩི་ཁ་ཤས་ཀྱི་ནང་ན་སྦྲུལ་མགོ་ཡོད་པ་ཅི་ལགས།
    ༢༽ གླ་ཕོ་ཡི་སྔ་མ་དེ་གླ་མོས་འཇུབ་ན་ད་བཟོད་གླ་ཕོས་གླ་མོ་ལ་ཆགས་པ་སྤྱོད། མཐོང་ཚུལ་ལ་གླ་མོས་གླ་ཕོ་བདས་བ་མ་གཏོགས་གླ་ཕོས་གླ་མོ་བདས་པ་མེད་ཀ
    ༣༽ ཚད་མ་རིག་པ་ན་སྒྲོ་མདོག་གཅོད་ཚུལ་ལ་༼ ཚད་མའི་སྒྲོ་འདོགས་གཅོད་ཚུལ་གླ་ཡི་མཆེ་བ་ལྟར་འདོད་པ་ཁྱེད་ཅག་གིས་ལེགས་པར་ཤོད་ཅིག༽ ཟེར་བ་དེ་འདྲ་འདུག་དེའི་དཔེ་དོན་ལེགས་པར་སྦྱར་དུ་གསོལ་ལོ།
    ༤༽ གླ་པགས་ཀྱིས་སྨན་ཁུག་བཟོ་བ་དེར་དགེ་མཚན་ལྷག་པོ་ག་རེ་ཡོད་དམ།
    ༥༽ གླ་ཁུག་གི་རྒྱབ་འཁུར་དེ་དེང་སང་གི་སློབ་གྲྭའི་རྒྱབ་ཁུག་འདྲ་བོ་འདུག ང་ཆུང་ཆུང་སྐབས་སུ་གླ་ཁུག་གི་རྒྱབ་ཁུག་ཁུར་ནས་སློབ་གྲྭ་འགྲོ་བར་ངོ་ཚ་གི་ཡོད།
    ༦༽ གླ་སྤུ་དེ་རྔས་མགོ་ནང་དུ་བཞག་ན་བྲོ་བོ་དང་ཡང་མོ་འདུག་ན། དེ་ལ་འཕྲོད་རྟེན་ཐོག་ནས་དགག་བྱ་ཡོད་དམ།
    ༧༽ གླ་སྤུ་མིག་ལ་སོང་ན་གསེར་གྱི་ཐུར་མ་མེད་ན་ལེན་མི་ཐུབ་ཟེར་ནས་ཟེར་སྲོལ་འདུག་ན་དེ་བདེན་ནམ།

  2. གཡག་ལྡོམ། says:
    2010-01-08 at 7:31 pm

    ཡ་དེ་ན། གླ་ཡི་ཐོག་ན་གབ་ཚིགས་ཞིག་ཡོད་པ་། དེ་རྩིས་ཤེས་མཁན་འུ་ཡོད་།
    ཨ་ཐེ་ཐེ་ཐེ་དགུ་ཅི་ཁེལ་།

  3. མེ་རི། says:
    2010-01-09 at 1:18 pm

    བཅོམ་ལྡན་འདས་རྒྱལ་བ་འབྲོག་རྒན་འདི་ཡུལ་གངས་ཅན་བསིལ་བའི་གནས་སུ་། པགས་ཚགས་དྲོད་གྱི་ལེ་ནི་བསྣབས། རྩམ་པ་དང་རྩམ་ཐུག་ནི་མཆོད། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་རི་དྭགས་འདྲ་མིན་གྱི་མདོ་དང་གཟུངས་། སྔགས་སོགས་མ་ཤེས་བ་རྣམས་ཤེས་པར་བྱས་བ། མ་མཐོང་བ་རྣམས་གསལ་བར་བསྟན་པ།ད་དུང་གཡག་ཀོ་གྲུ་བཞིའི་གདན་དུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་མ་འོངས་པར་འཆད་འགྱུར་མང་བོ་ཞིག་ལྷག་འདུག་ན། ཚེ་དང་ཚེ་རབས་སུ་སངས་རྒྱས་བཅོམ་ལྡན་འདས་འབྲོག་རྒན་མི་རྐང་གླིང་བུ་ཡིས་ཞབས་སུ་འཛིན་ཞིང་འཁོར་དུ་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གནོད་བཅུད་གསལ་བར་མཐོང་པའི་མདོ་མཆོག་རེ་བཀའ་བསྩལ་ཏུ་གསོལ།

  4. མི་རྐང་གླིང་བུ says:
    2010-01-09 at 2:31 pm

    གཞོན་ནུ་ཟླ་མེད་ལགས། གླ་རྩི་ནང་དུ་སྦྲུལ་མགོ་ཡོད་པ་མཐོང་ཐོས་གཉིས་ཀ་མེད། ཁ་ཡི་འཇིབ་རྒྱུ་འདི་ནུབ་ཕྱོགས་པ་རྣམས་ཀྱི་ལུགས་སྲོལ་ཞིག་ཡིན་པ་ལས་བོད་ཡུལ་ན་དར་མེད་ཚོད། དེ་ཡང་གོ་མྱོང་མེད། སྒྲོར་འདོགས་བཅོད་ཚུལ་གྱི་དཔེ་ཞིག་ལ་གླ་བའི་མཆེ་བས་རྩ་ཟ་ཚུལ་དང་སྦྱར་ཡོད། འདི་ནི་མཁས་པ་རྣམས་ཀྱིས་གསུང་སྒྲོས་ཞིག་ལ་གཞི་གཅིག་ལ་སྒྲོ་འདོགས་ཆོད་ན་དེས་ལྡོག་ཆ་ནས་བྱས་པའི་བྱེ་བྲག་མཐའ་དག་ལ་སྒྲོ་འདོགས་ཆོད་དགོས་པ་ལས། གླ་བའི་མཆེ་བས་རྩྭ་རྐང་རེ་རེ་ནས་གཅོད་པ་ལྟར་བུའི་མིན་པར་གསུངས། གླ་བའི་མཆེ་བ་འདི་ཡར་སོ་གཅིག་པུ་ཡིན་པས་རྩྭ་རྣམས་གཅོད་ཐུབ་ཀྱི་མེད་པ་ལྟར་འདི་འདྲ་བའི་ཚད་མ་ཞིག་ཡོད་ན་གང་ལའང་སྒྲོ་འདོགས་བཅོད་མི་ཐུབ་པའི་དོན་རེད། གླ་ལྤགས་ཀྱི་སྨན་ཁུག་བཟོ་དོན་ནི། ཤིན་ཏུ་གཉེན་ཤིང་མཁྲེག་པའི་རྒྱུ་མཚན་གྱིས་རེད། ཁྲོག་སྨན་དང་། ཤིང་སྨན་ངར་མའི་འགའ་ཞིག་གླ་ལྤགས་ནང་ནས་ཀྱང་གླ་བའི་གཉའ་སྦུགས

  5. མི་རྐང་གླིང་བུ says:
    2010-01-09 at 2:39 pm

    དགོངས་པ་མ་ཚོམས། མཆན་དེ་བྲི་མ་ཚར་གོང་ནས་ཤོར་སོང་། ཡར་བསྐྱར།
    གཞོན་ནུ་ཟླ་མེད་ལགས། ༡གླ་རྩི་ནང་དུ་སྦྲུལ་མགོ་ཡོད་པ་མཐོང་ཐོས་གཉིས་ཀ་མེད།
    ༢ཁ་ཡི་འཇིབ་རྒྱུ་འདི་ནུབ་ཕྱོགས་པ་རྣམས་ཀྱི་ལུགས་སྲོལ་ཞིག་ཡིན་པ་ལས་བོད་ཡུལ་ན་དར་མེད་ཚོད། དེ་ཡང་གོ་མྱོང་མེད།
    ༣སྒྲོར་འདོགས་བཅོད་ཚུལ་གྱི་དཔེ་ཞིག་ལ་གླ་བའི་མཆེ་བས་རྩ་ཟ་ཚུལ་དང་སྦྱར་ཡོད། འདི་ནི་མཁས་པ་རྣམས་ཀྱིས་གསུང་སྒྲོས་ཞིག་ལ་གཞི་གཅིག་ལ་སྒྲོ་འདོགས་ཆོད་ན་དེས་ལྡོག་ཆ་ནས་བྱས་པའི་བྱེ་བྲག་མཐའ་དག་ལ་སྒྲོ་འདོགས་ཆོད་དགོས་པ་ལས། གླ་བའི་མཆེ་བས་རྩྭ་རྐང་རེ་རེ་ནས་གཅོད་པ་ལྟར་བུའི་མིན་པར་གསུངས། གླ་བའི་མཆེ་བ་འདི་ཡར་སོ་གཅིག་པུ་ཡིན་པས་རྩྭ་རྣམས་གཅོད་ཐུབ་ཀྱི་མེད་པ་ལྟར་འདི་འདྲ་བའི་ཚད་མ་ཞིག་ཡོད་ན་གང་ལའང་སྒྲོ་འདོགས་བཅོད་མི་ཐུབ་པའི་དོན་རེད།
    ༤གླ་ལྤགས་ཀྱི་སྨན་ཁུག་བཟོ་དོན་ནི། ཤིན་ཏུ་གཉེན་ཤིང་མཁྲེག་པའི་རྒྱུ་མཚན་གྱིས་རེད། ཁྲོག་སྨན་དང་། ཤིང་སྨན་ངར་མའི་རིགས་འགའ་ཞིག་གླ་ལྤགས་ནང་ནས་ཀྱང་གླ་བའི་གཉའ་སྦུགས་སྲུབ་མེད་ཞབས་འཐིལ་ཤིང་ལས་བྱས་པའི་ནང་དུ་བླུགས་ཀྱི་ཡོད་པ་ཡིན།
    ༥༦༧དྲི་བ་ཕྱི་མ་གསུམ་ལ་དམིགས་གསལ་གྱི་གསལ་བཤད་མེད།

  6. lala says:
    2010-01-09 at 5:35 pm

    ཡག་པོ་བྲིས་འདུག བཅོམ་ལྡན་འདས་ཀྱི་མདོ་ལྟ་བུ་སེམས་ཅན་ལ་ཕན་པ་ཡོད་པ་ཞིག་འདུག

  7. མགོན་པོ་ཕྱག་གཉིས་པ། says:
    2010-01-09 at 6:41 pm

    གླ་བའི་གཟུངས་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ།
    ང་ཚོའི་བོད་སྤྱི་ཚོགས་ནང་ཆེད་དུ་སློབ་སྦྱོང་དང་པར་ཆས་སོགས་མཉམ་འཁྱེར་གྱིས་སྲོག་ཆགས་རིགས་ལ་ཞིབ་འཇུག་བྱེད་མི་དགོས་པར་གནའ་ནས་ད་བར་མི་རབས་ནས་མི་རབས་སུ་བསགས་པའི་ཉམས་མྱོང་ལས་རང་བྱུང་གི་སྲོག་ཆགས་རིག་པ་བ་དང་རྩི་ཤིང་རིག་པ་བ། རྒྱུ་སྐར་རིག་པ་བ་མང་པོ་ཡོད་པའི་ཡིད་ཆེས་བྱེད་གི་ཡོད། དཔེར་ན། པོ་ཏོ་བའི་དཔེ་ཆོས་ཀྱིས་ཆོས་ཟབ་མོ་ཞིག་ངོ་སྤྲོད་བྱེད་པ་ཁོ་ན་མིན་པར་ཞོར་དུ་སྲོག་ཆགས་རི་དྭགས་བྱ་བྱེའུ་སྐོར་ཡང་མང་པོ་ཡོད་པ་མ་ཡིན་ནམ། ད་རུང་གཏམ་དཔེ་དང་ལེགས་བཤད་སོགས་ནའང་སྔོག་རྒྱུ་དང་ཞིབ་རྒྱུ་མང་པོ་གདའ།

  8. ཀརྨ་རྡོ་རྗེ་ says:
    2010-01-09 at 6:51 pm

    ་་་་་་་་་་་གླ་མདོ་་བཀླགས་པ་་ཙམ་གྱིས་་ཀློག་མཁན་འབུམ་ཕྲག་་གཅིག་གི་་རྒྱུད་ལ་བོད་ཀྱི་་རི་ཀླུང་་གླ་བ་དང་་བཅས་པ་་དྲན་པའི་་རྟོགས་པ་་རྒྱུད་ལ་་བསྐྱེད་ཅིང་། གཡས་རུ་དང་་གཡོན་རུ། ཨ་རི་་དང་ཨུ་རུ། ཡ་རུ་དང་་བར་རུ། མ་རུ་དང་་བཅས་པའི་་དྲ་རྒྱ་་ཀློག་མཁན་་རྣམས་ཀྱིས་་གསུང་བ་པོ་་ལ་་མངོན་པར་་བསྟོད་དོ། །

  9. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-10 at 9:20 am

    གླ་བའི་ཐོག་བཅོམ་ལྡན་འདས་དངོས་ལས་ལྷག་པ་འདྲ་ཞིག་འདུག་ག མི་རྐང་གླིང་བུ་འདི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme