Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་པའི་སྤྱི་ཚོགས་ཀྱི་གས་གཏོར།

Posted on 2012-05-302012-05-31 By ཡེ་ཤེས་ 37 Comments on གྲྭ་པའི་སྤྱི་ཚོགས་ཀྱི་གས་གཏོར།

ཀླུ་སྨྱོན་ཧེ་རུ་ཀ

གཞོན་པའི་དུས་སུ་ཕ་མའི་དབང་དུ་གྱུར།
དར་བའི་དུས་སུ་ཆུང་མའི་དབང་དུ་གྱུར།
རྒས་པའི་དུས་སུ་བུ་ཚའི་དབང་དུ་གྱུར།
བླུན་པོར་རང་དབང་རྟག་ཏུ་ཡོད་མ་ཡིན།
—སྟོན་པས་གསུངས་པའི་ཉེན་བརྡ།
དགུ་བཅུ་གོ་གྲངས་དུས་རབས་དེར།

ལྟོས་ས་ལྟོས་འཇོག་གིས་བརྗོད་ན།

གྲྭ་པའི་དུས་རབས་འབོད་ཆོག་ཆོག

རི་གྲོང་གང་སར་གྲྭ་པས་ཁེངས།

གང་ལ་སོང་ཡང་གྲྭ་པར་ཐུག

ཕྱུག་པོས་གཅེས་ཕྲུག་གྲྭ་པ་བཟོ།

དབུལ་བོས་ཕྲུ་གུ་དགོན་པར་སྐྱེལ།

དེ་དུས་གྲྭ་པར་ཆོག་ཤེས་ཡོད།

དེ་དུས་གྲྭ་པར་བརྩི་བཀུར་ལྡན།

དེ་དུས་གྲྭ་པར་བླ་མ་ཡོད།

དེ་དུས་གྲྭ་པར་སློབ་དཔོན་ཡོད།

དེ་དུས་གྲྭ་པར་སྡོམ་པ་ཡོད།

དེ་དུས་དགོན་པར་ཆོས་སྒྲ་སྙན།

དེ་དུས་ཆོས་གྲྭར་རྩོད་རླབས་འཕྱུར།

དེ་དུས་གྲྭ་པར་ཆོས་གོས་ཡོད།

སྟོང་ལོ་ཚེས་དང་མ་ཚེས་བར།

དུས་རབས་འཁོར་ཤུགས་མགྱོགས་སུ་ཕྱིན།

གསར་རྙིང་གཙུབ་བརྡར་དྲག་ཏུ་འབར།

གྲྭ་རྒན་མང་པོ་དགོངས་པ་རྫོགས།

གྲྭ་གཞོན་དུ་མ་སྐྱ་སར་བབས།

དེ་ཡང་འབབ་སྟངས་མི་འདྲ་སྟེ།
ལ་ལ་དགོན་པའི་ཤག་ནང་བབས།

ལ་ལ་འབྲོག་པའི་སྦྲ་ནང་བབས།

ལ་ལ་རོང་བའི་ཞིང་ནང་བབས།

ལ་ལ་མགྲོན་ཁང་ནང་དུ་བབས།

ལ་ལ་བཤང་ཁང་ནང་དུ་བབས།
ལ་ལ་གྲོང་ཁྱེར་ཆེན་པོར་བབས།
ལ་ལ་བོད་མོའི་རུམ་ནས་བབས།
ལ་ལ་རྒྱ་མོའི་འོག་ནས་བབས།
ལ་ལ་དབྱིན་མོའི་རྒྱབ་ནས་བབས།
ལ་ལ་དབུས་ལམ་རིང་མོར་བབས།

ལ་ལ་ཉི་མ་ལྷ་སར་བབས།

ལ་ལ་བལ་བོད་མཚམས་ནས་བབས།

ལ་ལ་བལ་བོའི་རྒྱལ་སར་བབས།

ལ་ལ་མན་ཇུ་ཀྲི་ལར་བབས།

ལ་ལ་མེག་ལོར་གན་ཇིར་བབས།

ལ་ལ་རྒྱ་གར་ལྷོ་ཕྱོགས་བབས།

ལ་ལ་ཀ་རྡོར་སྒང་གསུམ་བབས།

ལ་ལ་ལ་དྭགས་ཀླེ་རུ་བབས།

ལ་ལ་ཉིག་ཡོར་གྲོང་ནས་བབས།

ལ་ལ་ཁེ་ན་སྒྲ་རུ་བབས།

ལ་ལ་ཡོ་རོབ་གླིང་དུ་བབས།
ལ་ལ་བབས་ནས་སྤོབས་པ་སྐྱེས།
ལ་ལ་བབས་ནས་འགྱོད་པ་སྐྱེས།

ལ་ལས་མེ་ཏོག་མ་ལ་རྒྱོས།

ལ་ལའི་ཚེ་གཅིག་འདོད་དོན་འགྲུབ།

ལ་ལས་ཉི་ཤུའི་བུ་མོར་རྒྱོས།

ལ་ལའི་སྣང་བ་སྤྲིན་དང་འདྲེས།

ལ་ལས་སུམ་ཅུའི་དར་མར་རྒྱོས།

ལ་ལ་ཤ་སྐམ་པགས་སྐམ་ཆགས།

ལ་ལས་ལྔ་བཅུའི་རྒན་མོར་རྒྱོས།

ལ་ལའི་འགྱོད་པ་རྟས་མ་ཟིན།

ལ་ལ་ཆུང་མ་བཙན་པོར་ཐུག

མི་ཚེ་ཧྲིལ་བོ་སྡུག་ལ་འབྱར།

ལ་ལ་ཚེ་གྲོགས་མཛེས་མར་ཕྲད།

སྐྱིད་སྡུག་གཉིས་ཀ་རེས་མར་འཁོར།

ལ་ལ་མི་ཚེར་མི་རྐྱང་ལུས།

ཁ་ཤ་ཉ་ཤ་གཉིས་ཀ་ཤོར།
ལ་ལར་ད་དུང་ཆོས་སེམས་ལྡན།
ཁྱིམ་སྦུག་མཆོད་བཤམས་ཆུང་ཆུང་ཡོད།
ལ་ལའི་ལུས་སེམས་གཉིས་ཀ་བརྗེས།
གྲྭ་པ་མཐོང་ན་མིག་ལོག་ལྟ།
ལ་ལས་གྲྭ་ས་ཆེན་པོ་དྲན།

གྲྭ་སའི་ཐུག་པ་ཞིམ་པོ་དྲན།

ལ་ལས་དབེན་དགོན་ཆུང་ཆུང་དྲན།

དབེན་པའི་ལྷིང་འཇགས་འཚོ་བ་དྲན།

སྟོང་ལོ་གསར་པའི་ནང་རོལ་ཏུ།

སྤྱི་ཚོགས་འཚོ་བ་ཡར་རྒྱས་ཕྱིན།

འཆར་ལྡན་བུ་སྐྱེ་ལག་ཏུ་བླངས།

ཁྱིམ་རེར་བུ་དང་བུ་མོ་རེ།

བུ་གཅིག་སུ་ཡིས་གྲྭ་པ་བྱེད།
མཇེ་གཅིག་སུ་ཡིས་བཙོན་དུ་འཇུག
ཚེ་གཅིག་ཁེར་རྐྱང་སུ་ཡིས་འདོད།
གྲྭ་པའི་མི་ཚེར་སྐྱིད་མ་ཚོར།

གྲྭ་པའི་ཤེས་ཡོན་ཡིད་མ་ཚིམས།
གྲྭ་པའི་འཚོ་བར་སེམས་མ་ཤོར།
གྲྭ་པ་བྱེད་མཁན་ཉུང་དུ་ཕྱིན།

གྲྭ་ས་ཆེན་པོར་གྲྭ་རྒྱུན་དཀོན།

གདན་ས་ཆེན་པོར་སྦྱིན་བདག་ཉུང་།

བླ་ཆེན་མང་ཞིག་དགོངས་པ་རྫོགས།

བླ་ཆུང་མང་པོ་སྐྱ་སར་བབས།

བསྟན་པའི་སྦྱིན་བདག་རྒྱ་མོར་བཅོལ།

རྒྱ་མོའི་བརླ་ཤ་འཇམ་ན་ཡང་།

རྒྱ་མོའི་ཀླད་པ་ཚོང་ལ་མཁས།

ཕར་ལ་རྒྱ་སྒོར་བསླངས་པ་ན།

ཚུར་ལ་བོད་མཇེ་སློང་བར་གོམས།

དགོན་ཆུང་མང་ཞིག་སྒོ་ཡང་བརྒྱབ།
གྲྭ་ཆུང་མང་ཞིག་ཕ་རྒན་ཆགས།

སྟོན་པ་གཤེགས་ནས་ཕྱིར་འོང་མེད།

གཏད་རབས་བདུན་ཡང་གར་སོང་མེད།

གནས་བརྟན་བཅུ་དྲུག་ཞལ་འདོན་ཙམ།

རྒྱལ་ཆེན་བཞི་ནི་ལྡེབས་རིས་ཉིད།

གྲྭ་པས་བསྟན་པ་འཛིན་དགོས་ན།

ད་ནི་བསྟན་པ་མཐའ་ལ་ཐུག

ད་ནི་བསྟན་འཛིན་གྲངས་ཀ་ཉུང་།

ད་ནི་མི་སེམས་སྒོར་གྱིས་བསླུས།

ད་ནི་ལྷ་ཁང་གསེར་གྱིས་བཞེངས།

ད་ནི་བསླབ་པར་ཐལ་རྡུལ་བབས།

ད་ནི་སྟོན་པར་སྤྱན་ཆབ་འཁོར།

ད་ནི་ཉན་ཐོས་ངུ་ཞིང་བརྒྱལ།

ད་ནི་སྙིགས་མུན་དྲག་ཏུ་འཐིབས།

ད་ནི་དམ་སྲིའི་དཔུང་ཚོགས་རྒྱས།

ད་ནི་ཆོས་པ་ཉུང་དུ་ཕྱིན།

ད་ནི་མཁས་པ་གཉིད་དུ་ཡུར།

ད་ནི་དེ་ཙམ་ཆོག་པར་བྱ

གསར་འགྱུར།

Post navigation

Previous Post: ཞི་བའི་འཐབ་རྩོད་ཀྱི་རྒྱུད་རིམ་གླེང་བ།
Next Post: མིག་དང་མིག ད་དུང་མིག་གཞན་དག

Comments (37) on “གྲྭ་པའི་སྤྱི་ཚོགས་ཀྱི་གས་གཏོར།”

  1. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 8:54 pm

    ཨ་ཨ། གྲྭ་བ་དང་གྲྭ་ལོག་པའི་སྤྱི་ཚོགས་ཀྱི་བྱུང་བ་དངོས་སུ་བརྗོད་འདུག སང་ཉིན་ནས་ཁ་དོན་བར་དུ་བཅུགས་ཏེ་ཉིན་རེར་ཚར་གསུམ་རེ་འདོན་གི་ཡིན།

  2. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 9:02 pm

    ཀླུ་སྨྱོན་ལགས། ལ་ལ་ཨ་རིའི་ནུབ་ཏུ་བབས། ཞེས་པ་ཆད་འདུག དེ་ནི་ལ་ལ་ཉིག་ཡོར་གྲོང་ནས་བབས། ཞེས་པའི་རྗེས་སུ་འགོད་རོགས། ཧཧཧཧ

  3. མིའུ་ཕྲུག says:
    2012-05-30 at 9:24 pm

    དམྱལ་བ་བོ། དོན་མེད་བཤད་ནས་མ་འདུག་པ་མའོ་ཚང་གི་མག་སྒྲུང་དེ་མུ་འཐུད་ཤོག་དང་ངས་སྒུག་ནས་ཡོད།

  4. མེ་ཏོག་དཀར་པོ། says:
    2012-05-30 at 9:31 pm

    ཀླུ་སྨྱོན་ལགས། དོན་མེད་སྡིག་པ་བསགས་པ་མིན་ན་དངོས་གནས་སྙན་སོང་། ངས་ཀྱང་དེ་འདྲ་ཞིག་ལད་ཟློས་ཀྱིས་འབྲི་གི་ཡིན།

  5. གཉན་གཡག་ཕྲུག says:
    2012-05-30 at 9:35 pm

    ༄༅།། ཐུགས་སུ་བདེན་པ་འདུག་གོ ། དགོངས་སུ་དག་པ་འདུག་གོ །གྲྭ་བ་མག་པ་བྱེད་པ་དེ། ཁྱིམ་ཚང་འཛིན་པའི་མཆོག་ཏུ་མཐོང་། ཁ་སྟུ་གཉིས་ལ་མཁས་པ་ཡིན། འཇིག་རྟེན་ཆོས་ལ་དེ་བས་མཁས།

  6. སྐྱུ་རྩི་ནས། says:
    2012-05-30 at 9:36 pm

    ལ་ལ་ཨ་རིའི་ནུབ་ན་གནས།
    ལ་ལ་ཨ་རིའི་ཤར་ལ་སྡད།
    ཐུགས་འདོད་ཡོད་ཀྱང་ལས་སྐལ་མེད།
    ལུས་སྡོམ་ཤོར་ས་མ་རག་ཀྱང་།
    ཡིད་ཀྱི་སྡོམ་པ་སྔར་ནས་ཤོར།

  7. མེ་ཏོག་དཀར་པོ། says:
    2012-05-30 at 9:42 pm

    ཚིགས་བཅད་ཡིན་ན་ཉིས་ཤད་མི་དགོས་སམ།

  8. ལོ་མ་ལྗང་ཁུ་། says:
    2012-05-30 at 9:51 pm

    གྲྭ་རྐྱང་གྲོང་མཐའ་ཉུལ་པའི་དུས་།
    སྤྲུལ་སྐུའི་མིང་ཞིང་སྙན་པོ་ཐོབ་།
    ད་དུང་འདོད་པ་ཅེ་ཆེར་སོང་།
    ཨ་རིའི་གྲོང་ནས་དག་ཞིང་འཚོལ་།
    མཐའ་མར་ལས་མེད་ཉིན་མཚན་སྐྱེལ་།
    དྲ་བའི་སྟེང་ནས་སྡུག་གཏམ་ཤོར་།
    ཨ་ལ་རྩེད་མོ་ཡིན་ད་ཨ་ཁུ་ལགས་།

  9. མེ་ཏོག་དཀར་པོ། says:
    2012-05-30 at 10:23 pm

    ཉི་ཤུ་རྩ་གཅིག་དུས་རབས་འདིར། །
    གྲྭ་པ་ཉུང་བ་ག་ལ་བདེན། །
    རི་ལ་འགྲོ་ན་གྲྭ་པ་ཐུག །
    གྲོང་ལ་འགྲོ་ན་གྲྭ་པ་ཐུག །
    ཆུ་ལ་འགྲོ་མ་གྲྭ་པ་ཐུག །
    གླ་འཁོར་ནང་ན་གྲྭ་པ་ཐུག །
    མེ་འཁོར་ནང་ན་གྲྭ་པ་ཐུག །
    ཚོང་ཁང་ནང་ན་གྲྭ་པ་ཐུག །
    གློག་བརྙན་ཁང་ན་གྲྭ་པ་ཐུག །
    ཞབས་བྲོ་ཁང་ན་གྲྭ་པ་ཐུག །
    མཚན་ཚོགས་ཁང་ན་གྲྭ་པ་ཐུག །
    ཞང་ཚོང་ཁང་ན་གྲྭ་པ་ཐུག །
    སློབ་གྲྭའི་ནང་ན་གྲྭ་པ་ཐུག །
    དགོན་པའི་ནང་ན་གྲྭ་པ་ཐུག །
    བུ་མོའི་ཉལ་སར་གྲྭ་པ་ཐུག །
    ད་དུང་དེ་ཡིས་ག་ལ་ཚད། །
    བོད་ཡིག་འབྲི་མཁན་གྲྭ་པ་རེད། །
    བོད་ཡིག་ཀློག་མཁན་གྲྭ་པ་རེད། །
    དབྱིན་ཇི་སྦྱོང་མཁན་གྲྭ་པ་རེད། །
    སྙན་ངག་འབྲི་མཁན་གྲྭ་པ་རེད། །
    སྙན་ངག་ཀློག་མཁན་གྲྭ་པ་རེད། །
    ཁ་བརྡར་འོངས་མཁན་གྲྭ་པ་རེད། །
    མཆན་བུ་འདོག་མཁན་གྲྭ་པ་རེད། །
    བུ་མོར་རྒྱོ་མཁན་གྲྭ་པ་རེད། །
    གྲྭ་ཆུང་ཉར་མཁན་གྲྭ་པ་རེད། །
    ཚོང་པ་ཆེན་པོ་གྲྭ་པ་རེད། །
    ཟ་ཁང་བདག་པོ་གྲྭ་པ་རེད། །
    བཀའ་བློན་ཁྲི་ཟུར་གྲྭ་པ་རེད། །
    སྐུ་ཚབ་རྒྱ་རི་གྲྭ་ཟུར་རེད། །
    བདེ་སྐྱིད་ལྡན་ཁྱོ་ཤུག་བར། །
    དཀྲུག་ཤིང་སྟ་རེ་གྲྭ་པ་རེད། །
    མཛེས་མའི་བདག་པོ་སྐྱེས་པ་ཡི། །
    སྙིང་རླུང་སློང་མཁན་གྲྭ་པ་རེད། །
    བདག་མེད་ལུས་པའི་བུ་ཁྱིམ་གྱི། །
    བུ་མོའི་ཇོ་ཇོ་གྲྭ་པ་རེད། །
    ད་དུང་མང་བས་བརྗོད་མི་ལངས། །

  10. བདག་པོ says:
    2012-05-30 at 10:53 pm

    ལོ་མང་དམར་གོས་གྱོན་ཡང་། རང་རྒྱུད་ཆོས་ཀྱི་མ་དུལ། ནུབ་ཕྱོགས་ཨ་རིའི་ཡུལ་ནས། རྒྱ་མོའི་འཇམ་རྩུབ་རྟོགས་སོང་།
    ལུས་པོར་གྲྭ་ཆས་གྱོན་ཡང་། བཤད་རྒྱུ་སྟུ་དང་བརླ་ཤ། དེ་འདྲའི་བླ་རྒན་ཀླུ་སྨྱོན། རྩ་སྨྱོ་ཐེབས་པ་ཨེ་ཡིན།
    གནའ་བོའི་ན་ལེན་དྲ་རུ། དགེ་འདུན་སྟོང་ཚོ་མང་པོ། ཁྲིམས་ཀྱི་བཅོས་སྒྲིག་འོག་ནས། སྡོམ་མེད་མང་པོ་ཕུད་ཡོད།
    རང་འགུལ་གྲྭ་པ་ལོག་པར། ཧ་ལས་ཧང་སངས་མ་བྱེད། ཆོས་གོས་སེར་པོ་གྱོན་ནས། མཇེ་སྟུ་སྒྲོག་དུས་སྐྱོ་བྱུང་།
    རྩོམ་གྱི་སྒྱུ་རྩལ་བཏོན་དུས། ཀླུ་སྨྱོན་དམ་པར་བསམ་ཡང་། རྒྱ་མོའི་བརླ་ཤ་ཤོད་དུས། མཁས་པའི་རིན་ཐང་བརླགས་ཀྱིས།
    ཀླུ་སྨྱོན་བལ་ཡུལ་བསྡད་དུས། ཆོས་པའི་རྣམ་པ་ཡོད་ཀྱང་། ཀླུ་སྨྱོན་ཨ་རིར་བཞུགས་དུས། ཆོས་ཀྱི་སྐད་ཆ་བརླགས་འདུག

  11. ཐབས་ཇུས་ཅན says:
    2012-05-30 at 10:54 pm

    ཀླུ་སྨྱོན་ཟེར་བ་འདི་ངོ་ནས་སྨྱོན་པ་ཞིག་ཨེ་ཡིན། གལ་ཏེ་སྨྱོན་པ་མིན་ན་སེམས་ལ་དཀའ་ངལ་ཞིག་ཡོད་པ་ཏན་ཏན་རེད། ཡང་ན་ཁོང་གིས་བླ་མིན་གྲ་མིན་སྐྱ་མིན་བར་ན་དུས་ཚོད་ཆོད་གི་མེད་པ་འདྲ། གང་ལྟར་ཚད་ལྡན་གྱི་མི་ཞིག་མ་རེད།

  12. བློ་བཟང་ says:
    2012-05-31 at 12:11 am

    མེ་ཏོག་དཀར་པོ་ཟེར་བ་དེ་རང་ལུགས་མེད་མཁན་ཞིག་རེད་འདུག མིས་ཡིན་ཟེར་ན་ཁོས་མིན། མིས་མིན་ཟེར་ན་ཁོས་ཡིན། ཡང་སྙིང་ཅི་ཞིག་སྒྲུབ་འདོད་ཡོད་པ་མི་ཤེས། སྐྱོད་བརྗོད་འོག་ནས་ཕན་འབྲས་ཞིག་ཐོན་ཐུབ་ན་གོ་ཆོད་པ་རེད། བོད་ཡིག་བསླབ་པའི་དགོས་དོན་རེད།

    གང་ལྟར་བརྗོད་འདོད་པ་ནི། དེང་སང་གྲྭ་ས་དང་བཤད་གྲྭ་སོགས་གང་ཡིན་ན་བྱ་ཟིན་ན་ཟིན་མང་ཙམ་ཡོད། དེ་དག་ནང་རྒྱ་མིས་གཏོང་བའི་གསང་ཉུལ་བ་དང་། དཀྲུག་ཤིག་རྒྱག་མཁན་ཡོད་པ་ཚང་མའི་མཁྱེན་གསལ་རེད། མ་ཟད་གྲྭ་བ་འགའ་རེས་རང་འགན་མི་ཤེས་ལྷོད་གཡེང་བ་ཡང་ཡོད།

    དེ་ཚོ་དག་གསལ་དགོས་པ་དངོས་ཡོད་གནད་ཀ་རེད་དེ། ཁྱེད་་ཚོས་དུས་ནམ་ཡང་མདའ་རྩེ་འབེན་ལ་ཟུག་པ་ཞིག་གནང་ཐུབ་མ་སོང་བསམ་ནས་ཡོད། གུས་པས་ཀྱང་དེ་སྐོར་བསམ་ཞིབ་བྱས་མྱོང།

    གང་ལྟར་དྲ་ཐོག་ནས་བརྒྱ་ལབ་སྟོང་ལབ་གནང་འགྱིས་ཞུགས་ན། ཤེས་དགོས་པ་ཚོས་ཤེས་མི་ཐུབ། དེས་ན་འགྱུར་བ་འགྲོ་མི་ཐུབ། གང་ཡིན་ཟེར་ན། གྲྭ་སའི་ནང་དྲ་རྒྱར་བལྟ་ཀློག་གནང་མཁན་བརྒྱ་ཆ་ཧ་ཅང་ཉུ་ང་ཉུང་ཡིན། བྱས་གཙང་དེ་ལས་དགོན་སྡེ་ཁག་གི་དབུ་ཞུགས་ལས་སྣེ་དང་། གྲྭ་ཚོགས་ཆེ་སར་གནས་ཚུལ་གླེང་ཐུབ་ན་མི་བུ་ཞིག་ཡིན་ལ། ལར་ཞེན་ཅན་ཞིག་ཀྱང་ཡིན། དེ་མིན་ལབ་ལབ་མང་པོ་དེ་རྒྱའི་འདོད་ཕྱོགས་སྒྲུབ་པ་ཙམ་ལས། བོད་དོན་ལ་ཕན་ནུས་གཅིག་རྐྱང་མ་མཐོང་།

    གྲྭ་བའི་སྤྱི་ཚོགས་དེ་ནམ་ཡང་དགོས་འཁོ་མེད་པ་ཞིག་ཡིན་ན་དེ་དོན་ལག་བསྟར་ཆོག་པ་རེད་ལ། རྒྱའི་དམིགས་ཡུལ་ཡང་གྲུབ་ནས་ཡོང། བོད་མི་འབོར་ལ་བསམ་ཤེས་ཡོད་ན་སྔོན་ལ་སྐྱ་བོ་ལོ་ན་ཟིན་ནའང་འཆང་ས་མ་བརྒྱབ་མཁན་ཇི་མང་རེད། དེ་ཚོར་སྔོན་ལ་ཀུན་སློང་ཞིག་གནང་ཐུབ་ན་གོ་རིམ་ལྡན་པ་དང་བསམ་ཤེས་ཡོད་པའི་ལས་དོན་ཞིག་ཡིན།

    ཁྱེད་ཚོ་ནད་མནར་དང་འདས་གྲོང་སྐབས་རིམ་འགྲོ་མི་དགོས་མཁན་ཁ་གསལ་རེད་འདུག་སྟེ། རང་ཉིད་ཆོས་ལ་མི་མོས་པའི་རྒྱུ་མཚན་གྱིས་གཞན་གྱི་རང་དབང་ལ་རྡོག་རོལ་བཏང་ན་དྲང་བདེན་ཞིག་མ་རེད།

    ཁྱེད་ཚོས་དེང་རབས་ཀྱི་མཁས་པའི་རྗེས་དྲང་ཡིན་པའི་འཁུལ་རེད་དེ། མཁས་པ་ཚོས་གསུངས་བརྩོམ་དག་ཞིབ་ཀློག་མ་བྱེད་པའམ་རྒྱབ་ལྗོངས་མི་ཤེས་འདུག དཔེར་ན། སེང་རྡོར་ཟེར་བ་དེའི་དམིགས་ཡུལ་ངས་མི་ཤེས། དེ་མིན་དགེ་ཆོས་དང་ཞོགས་དུང། མདའ་མྱུག་དེ་ཚོའི་གསུངས་གོ་རྒྱུ་ཡོད་པ་དང་ཤ་ཚ་བའི་གཏམ་ཞིག་རེད་འདུག

  13. བློ་གྲོས། says:
    2012-05-31 at 12:34 am

    གྲྭ་པར་སྡང་བའི་གྲྭ་ལོག།
    དགོན་པར་སྡང་བའི་གྲྭ་ལོག།
    ལྷག་པར་བླ་ལོག་འགའ་ཡིས།
    བསྟན་ལ་རྨ་ཁ་བཟོས་སོང་།།

  14. གཞོན་ནུ་ཟླ་མེད། says:
    2012-05-31 at 12:59 am

    ༼གཞོན་པའི་དུས་སུ་ཕ་མའི་དབང་དུ་གྱུར།༽
    ཆུང་ཆུང་སྤར་གང་མ་གཏོགས་མེད་པའི་དུས།།
    གྲང་གི་བསམ་ནས་བྲང་ཁའི་ཤ་ལ་བརླན།།
    ལྟོག་གི་བསམ་ནས་ལྟོ་བའི་ནུ་མ་བླུད།།
    ཁ་སྣ་ཁ་ནས་ལུད་ནས་ཡོང་དུས་སུ།།
    ལག་པས་ཕྱིས་ན་ཚ་བར་དོགས་པ་ཡིས།།
    ཁ་སྣ་ལྕེ་ཡིས་བདག་པའི་དྲེན་ཆེན་མ།།
    ད་ལྟ་ཡིད་ལ་དྲན་ན་སྙིང་ཁ་འདར།།
    བྲང་ཁ་ས་ལ་བརླན་ནས་ཀོག་འགྲོ་དུས།།
    གོམས་པ་ཀྱ་ཙེ་གོམས་ཙེ་སློབ་པའི་དུས།།
    གོམས་པ་གང་རེ་གང་རེ་སྤོ་པ་ན།།
    ཞལ་རས་སྤྲོ་བས་ཁེངས་པའི་དྲིན་ཆེན་ཕ།།
    ད་ལྟ་ཡིད་ལ་དྲན་ན་ཡི་ག་འཆུས།།
    ཁྱེད་ཀྱི་དྲིན་ལན་ཅི་ལྟར་མཇལ་དགོས་སམ།།
    སྐད་ཆ་ལྡབ་ལྡིབ་བཤད་པའི་འགོ་ཚུགས་སྐབས།།
    མིང་དང་ཐ་སྙད་ཚིག་རྐང་རེ་རེ་བཞིན།།
    ཞིམ་མངར་ཟས་བཞིན་ཁ་ལ་རིམ་གྱིས་བཞག།
    དྲིན་ཆེན་ཕ་མས་ལེགས་པའི་ལམ་ལ་བཅུགས།།
    ཁ་ངོ་ཡིག་ངོ་ཆོད་པ་ཕ་མའི་དྲིན།།
    ཆུང་ཆུང་སྤར་བ་གང་ནས་ཆེན་པོར་གསོས།།
    དྲིན་ཆེན་ཕ་མའི་བཀའ་དྲིན་རྫོགས་མཐའ་མེད།།
    ཕ་མའི་དྲིན་ལན་ཚེ་འདིར་ཇི་ལྟར་མཇལ།།
    ཕ་མ་ཁྱེད་གཉིས་མེད་པའི་ས་ཆ་ན།།
    རང་དབང་རང་ལག་ཡོད་པའི་ས་ཆ་ན།།
    བདག་ནི་སྐྱ་མི་སེར་མིན་བར་ན་ལུས།།

    ༼དར་བའི་དུས་སུ་ཆུང་མའི་དབང་དུ་གྱུར།༽
    བྱིས་པའི་བསམ་བློ་བསམ་མེད་ལྐུག་པ་འདྲ།།
    འཁོར་བའི་བརྩེ་བ་མི་ཤེས་ལྕགས་སྒོ་འདྲ།།
    ཁྱེད་ཀྱི་མིག་ཞགས་གསེར་གྱི་ལྡེ་མིག་འདྲ།།
    འཇིག་རྟེན་བརྩེ་བའི་སྒོ་ཆེན་དང་པོ་ཁྱོད་ཀྱིས་ཕྱེས།།
    ས་དང་རྡོ་ལ་རྩེ་མོ་རྩེད་པའི་སྐབས།།
    ཁྱོད་ཀྱི་ནུ་མར་རྩེད་མོ་རྩེ་སྙིང་འདོད།།
    མཇེ་མགོ་སྐྱི་མོས་གཡོག་ནས་ཡོད་པའི་སྐབས།།
    མཇེ་རྩ་ཁྱོད་ཀྱི་སྟུ་ལ་བཏང་པའི་དུས།།
    ཅི་ཡིན་འདི་ཡིན་མེད་པར་ཡོད་པའི་དུས།།
    ངེད་གཉིས་མེ་ཏོག་དང་པོ་ཕྲད་པའི་དུས།།
    སྣང་བ་མཐོན་པོ་ཉི་ཟླའི་དཔལ་ལ་འགྲན།།
    རྒྱ་ཞྭ་སེར་པོ་ཟུར་ལ་གོན་ནས་སོང་།།
    ཁྱོད་ཀྱི་བདག་གི་སེམས་ལ་བཟི་ཁ་བྱིན།།
    ལྷ་ཡི་གོ་འཕངས་ལྟ་བུའི་བདེ་སྐྱིད་བྱིན།།
    ཁྱོད་དང་བྲལ་བའི་ཚེ་ན་བདག་གི་ཡིད།།
    སྲབ་མེད་རྒོད་པོ་ལྟ་བུའི་རང་དབང་ཆེ།།
    མི་རྣམས་ཁོང་ནས་དགོད་པའི་དུས་ཞིག་ཤར།།
    ཁེར་རྐྱང་ཁེར་འདུག་ཟེར་ནས་མིང་ཞིག་ཐོག།
    མྱི་རྐྱང་འཁྱམས་པོ་ཟེར་བའི་མིང་ཞིག་ཐོག།
    མ་འོངས་འདི་འདྲ་ཟེར་ནས་བལྟ་སོ་མེད།།
    ཁྱེད་ཀྱི་དྲིན་ལན་ད་ནི་ཡིད་ལ་དྲན།།

    ༼རྒས་པའི་དུས་སུ་བུ་ཚའི་དབང་དུ་གྱུར།༽
    བུ་དང་ཚ་བོ་འཛུམ་འཛུམ་མེ་ཏོག་འདྲ།།
    འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་གཞི་མ་འདྲ།།
    ལམ་ཐག་རིང་བོར་བགྲོད་པའི་ལག་རྟེན་འདྲ།།
    ཁྱིམ་ལ་བསྡོད་དུས་ལག་གི་ཅ་ནེ་འདྲ།།
    བདག་གི་མི་རབས་འཛིན་པའི་ས་བོན་འདྲ།།
    ཁྱོད་ཅག་བྲལ་བའི་ས་མཐའ་འཁྱམས་པོ་ང་།།
    ཁེར་རྐྱང་སུན་དུས་གློག་བརྙན་བལྟ་བ་དང་།།
    གློག་ཀླད་ནང་དུ་ཡི་གེ་འབྲི་བ་ལས།།
    ཁེར་དགོད་ཁེར་བཤད་ཁེར་འདུག་རྐྱང་པ་ཡིད།།
    ནུབ་ཕྱོགས་སྨྱོན་པའི་གོ་འཕངས་ཐོབ་ནས་འདུག།
    བུ་དང་ཚ་བོའི་དྲིན་ལན་རྫོགས་མཐའ་མེད།།
    ༼བླུན་པོར་རང་དབང་རྟག་ཏུ་ཡོད་མ་ཡིན།༽
    བླུན་པོར་རང་དབང་རྟག་ཏུ་མཛའ་མ་ཡིན།།
    བླུན་པོར་རང་དབང་རྟག་ཏུ་དགོས་མ་ཡིན།།
    བླུན་པོར་རང་དབང་ཡོད་ན་འཕུང་བའི་རྒྱུ།།
    བླུན་པོ་ང་ནི་ཆུ་ཡི་བགྲོད་པ་ལྟར།།
    གྲོག་རོང་གང་དུ་འཁོར་ཕྱོགས་འགྲོ་བ་ལས།།
    རང་ཉིད་འདི་འདྲ་འགྲོ་བའི་རང་དབང་མེད།།
    ཐོག་མར་རང་དབང་སྒོ་ཁྱིམ་པར་དམོད།།
    དམོད་པས་མ་ཚད་ཁྱིམ་པ་གཏན་ཏུ་སྤངས།།
    ད་ནི་རབ་བྱུང་རྟེན་ལ་རྟག་ཏུ་སྨོད།།
    དམོད་པས་མ་ཚད་ཁྱིམ་པར་འཛུལ་སྙིང་སྤྲོ།།
    ཅེས་རང་དབང་ལ་སྤྱོད་མི་ཤེས་པ་དག་ལ་རང་དབང་གི་གོ་དོན་ཅུང་ཟད་འགྲེལ་བའོ།།

  15. བློ་བཟང་ says:
    2012-05-31 at 1:28 am

    རང་གི་མྱོང་རབས་མགོ་འཇུག་ཚང་ནའང་།
    རང་དབང་བཏམ་གི་མགོ་འཇུག་གང་ནས་འོང་།
    རང་སྣང་མཐོ་བའི་བླུ་ན་པོ་ཡིན་འགྱུར་ན།
    རང་གཞན་ཚིག་གི་འཇུག་མ་བསྡུས་ན་བཟང་།
    དྲིན་ཅན་ཕ་མའི་བཀྲིན་བསམ་ཚུལ་བཤད།
    ཕ་མའི་རྩིས་བཀུར་ཞུས་ས་རླུང་ལ་བསྐུར།
    ཕ་མའི་རེ་བ་མཐོན་པོའི་གཡང་ལས་བསྐྱུར།
    རང་དབང་བྲལ་བའི་་མི་ཚེ་དེ་ལས་གང་།

  16. རང་འཚོལ། says:
    2012-05-31 at 1:30 am

    རང་ཉིད་གྲྭ་པའི་གཟུགས་ཙམ་ལས།།
    རྟག་གསལ་ཁྱབ་འཁོར་ཙམ་ཞིག་ཀྱང་།།
    མཐིལ་ཕྱིན་མི་ཤེས་ཀླུ་སྨྱོན་ལགས།།
    ཁྱོད་ཉིད་གྲྭ་པའི་ཚུལ་འཛིན་ཡང་།།
    དགོས་པའི་ཐུབ་པའི་དགོངས་པ་ལ།།
    ཐོས་བསམ་སྒོམ་པར་མི་འབད་པར།།
    ནངས་སྔ་གཉིད་ལས་སད་པ་དང་།།
    གཞན་སྐྱོན་བརྗོད་ལ་ལོངས་ཤོར་ནས།།
    མཆོག་དམན་སྐྱེ་བོ་ཡོད་ཚད་ལ།།
    མཚང་འབྲུ་འབའཞིག་བྱེད་པ་དེ།།
    ཀླུ་སྨྱོན་མཁས་པའི་རྟགས་མིན་པར།།
    ཀླུ་སྨྱོན་སྐོར་གྱིས་བཟི་རྟགས་ཡིན།།
    གཞན་ལ་མཚང་འབྲུ་བྱེད་པའི་དུས།།
    ཀླུ་སྨྱོན་དྲན་རྒྱུ་འབེལ་པོ་དང་།།
    ཁ་རྒྱགས་ཚི་རྒྱགས་ཡོད་ཆུག་སྟེ།།
    གཞན་སྐྱོན་ཁོ་ན་འཚོལ་བའི་ཁྲོད།།
    མི་ཚེ་སྐྱེལ་བ་ཡིན་པའི་ཕྱིར།།
    ཅི་སྟེ་མཁས་པ་དངོས་ཡིན་ན།།
    གཞུང་ཆེན་བཀའ་པད་ལྔ་པོ་ལ།།
    རིག་པས་རྡར་ཤ་གཅོད་མཛད་ནས།།
    ད་གཟོད་མཇིང་པ་མཐོར་བཏེགས་ཀྱིས་།།
    གནས་ལུགས་རྒྱུ་མཚན་ལྡན་པ་ཡི།།
    དགེ་སྐྱོན་ཐེར་འདོན་མཛད་གནང་དང་།།
    ཨ་ནི་སྐྱེས་པ་ཕོ་རབས་ཡིན།།
    དེ་མིན་མྱོས་རྫས་སྤྱད་པ་ལྟར།།
    འཆལ་གཏམ་དཀྲོག་གཏམ་འགའ་གླེང་ནས།།
    མཁས་པའི་ཆོ་ལོ་འཛིན་ན་ཡང་།།
    དེ་ཉིད་མཁས་གྲལ་འཇོག་མཁན་ཡང་།།
    ཕལ་ཆེར་སྨྱོན་པའི་སྨྱོན་ཕྲུག་ཞིག
    ཡིན་ལས་གཞན་ནི་སུ་ཞིག་མཆིས།།

  17. འཇའ་བ་རི་ནག says:
    2012-05-31 at 4:08 am

    ང་ཀླུ་སྨྱོན་བརྩམ་གྱི་རྒྱལ་པོ་ཡིན། ། མཇེ་དང་མོ་སྟུ་་བརྗོད་གཞི་རེད། །
    ང་ཀླུ་སྨྱོན་ཕྱི་གསལ་ནང་གསལ་ཡིན། ། གང་་ལ་ཐུག་ཀྱང་འཛེམ་སྲོལ་མེད།།

    ང་ཀླུ་སྨྱོན་གྱི་རྣ་བའི་བུད་ག་རུ།། གཏམ་ཚིག་གཅིག་ཞིག་ལྷུང་ནའང་ཡིག་ཐོག་བཀོད།།
    ང་དེང་དུས་ཀྱི་བརྩམ་ཡིག་འབྲི་མཁན་ཡིན།། གོ་ཨེ་ཐལ་ལོ་གཞིས་བྱེས་བོད་མི་ཚོ།།

    ང་ཀླུ་སྨྱོན་ལམ་འདིར་ཞུགས་ནས་བཟུང་།། ཚིག་སྙན་མོའི་བསྟོད་བསྔགས་འཆད་མྱོང་མེད།།
    དང་བསྒུག་དང་གཞིས་བྱེས་བོད་མི་ཚོ།། ངས་རིམ་བཞིན་གྲྭ་པའི་སྐྱོན་འཚོལ་ནས།།
    དགྲ་གྲྭ་པ་དེ་ཚོ་ཁ་སྐྱེངས་ཞིག། བོད་གཞིས་བྱེས་ཡིད་ལ་དེ་ལྟ་ཞོག།

    ཙོ་ཁ་སྐྱེངས་

  18. མེ་ཏོག་དཀར་པོ། says:
    2012-05-31 at 4:55 am

    གྲྭ་པའི་དེ་ཉིད་བརྗོད་པ་ལས། །
    སྐྱོན་བརྗོད་བྱས་པ་ག་ལ་ཡིན། །
    ཆུ་ལ་རླན་གཤེར་བརྗོད་པ་ལ། །
    བསྐུར་པ་བཏབ་པར་འགྱུར་རམ་ཅི། །

  19. དར་ལྕེ་ says:
    2012-05-31 at 4:55 am

    ཀླུ་སྨྱོན་གྲྭ་པ་ཡིན་དུས་སྤྲུལ་སྐུར་སྨོད།
    ཀླུ་སྨྱོན་སྡོམ་པ་ཤོར་དུས་གྲྭ་པར་སྨོད།
    ཀླུ་སྨྱོན་བལ་ཡུལ་འཁྱར་དུས་ཨ་རིར་སྨོད།
    ཀླུ་སྨྱོན་ཨ་རིར་སླེབ་དུས་གྲྭ་སར་སྨོད།
    ཀླུ་སྨྱོན་ཁ་ལྕེར་ཀླུ་བདུད་ཞུགས་པ་འདྲ།

  20. ལ་སྟོད་བུ། says:
    2012-05-31 at 5:15 am

    ཨ་ཁུ་ཀླུ་སྨྱོན་གྱིས།

    ཤྭ་སྐྱེས་གཙུག་གི་དུང་རྭ་དེ།
    མཁའ་ལ་མཛུབ་རིས་བྱེད་པ་འདྲ།
    རང་བཞིན་འདྲ་ཐང་བཤད་ན་ཡང།
    མཚངས་ཅན་མི་ལ་སྨྲས་པ་འདྲ།

  21. ལྷ་མོ་སྒྲོལ་མ་ says:
    2012-05-31 at 5:35 am

    དགུ་བཅུ་སྐབས་སུ་གྲྭ་ས་ལ།།
    གྲྭ་བ་བཞི་བརྒྱ་ལྔ་བརྒྱ་ཙམ།།
    སྟོང་ལོས་རྗེས་སུ་གྲྭ་ས་རེར།།
    གྲྭ་བ་བདུག་སྟོང་བརྒྱད་སྟོང་བཞུགས།།

    མངོན་སུམ་སྙོན་ན་སྨྱོན་པའི་རྟགས།།
    ཀླུ་སྨྱོན་སྨྱོས་བ་རིགས་པའི་འགྲུབ།།
    སྟུ་དང་བརླ་བཤད་མཁས་ལུགས་ལ།།
    རྩ་སྨྱོན་ཡིན་པའང་རིགས་པའི་གྲུབ།།

    འོན་ཀྱང་དེང་སང་ཕྱོགས་ཀུན་ན།།
    ཀླུ་སྨྱོན་ལྟ་བུའི་བླ་རྫུན་དང་།།
    ཀླུ་སྨྱན་ལྟ་བུའི་གྲྭ་རྫུན་འགས།།
    བླ་མ་གྲྭ་བའི་མིང་རྐུས་སྟེ།།

    འཇིག་རྟེན་མགོ་བོ་སྐོར་ཁེནའདུག།
    རྒྱ་མོའི་འདོད་པ་སྐོང་ཁེན་འདུག།
    བོད་ཀྱི་མཚན་སྙན་རླག་ཁེན་དང་།།
    རྒྱ་ཡི་བསམ་དོན་སྒྲུབས་ཁེན་འདུག།

    གྲྭ་སའི་གཙོས་པའི་ཆོས་རྒྱད་དང་།།
    བསྟན་བདག་བླ་ཆེན་རྣམ་པ་ཡིས།།
    རང་ཁུང་བླ་མ་བདེན་རྫུན་དང་།།
    གྲ་བ་བདེན་རྫུན་འབྱེད་དགོས་འདུག།

    དཔའ་ལྡན་དམོག་ཟོར་རྒྱལ་མོ་དང་།།
    མྱུར་མཛུན་མགོན་པོ་ཕྱག་དྲུག་པ་།།
    དམ་ལྡན་ཆོས་ཀྱི་རྒྱལ་པོ་སོགས།།
    དམ་ལྡན་ཆོས་སྐྱོང་སྲུང་མའི་ཚོགས།།

    བླ་རྫུན་གྲ་རྫུན་འཁྲབ་ཁེན་གྱི།།
    དམ་ཉམས་སྡིག་ཆེན་ཀླུ་སྨྱོན་འདི།།
    ལོ་དང་ཟླ་བ་མ་བཞག་པར།།
    སྙིང་ཁྲག་ཧུབ་ཀྱི་བཞས་སུ་གསོལ།།

    བསྟན་པ་འཛེམ་མེད་བཤིག་ཁེན་ལ།།
    རྟགས་དང་མཚན་མ་མ་སྟོན་ན།།
    མི་ང་ལྷ་མེད་ཟེར་གྱི་འདུག།
    ལྷ་ཁྱོད་མཐུ་མེད་ཟེར་ནས་འཕྱ།།

    ཧཱོྃ་ཧཱོྃ་ཕཊ་ཕཊ་སྭོོ་སྭོོཧཱ།།

  22. འབྲི་ཞོ་ says:
    2012-05-31 at 6:34 am

    ཆོས་དང་འཇིག་རྟེན་གཉིས་ཀྱི་མཐའ།།
    རབ་བྱུང་ཁྱིམ་པ་གཉིས་ཀྱི་མཐའ།།
    མཐའ་གཉིས་བྲལ་བའིདབུས་དེ་ལ།།
    ཀླུ་སྨྱོན་ཧེ་རུ་ཀ་གནས་ཡོད།།

  23. སྐྱུ་རྩི་ནས། says:
    2012-05-31 at 7:45 am

    སྟུ་མཇེ་བསྟན་བཅོས་མཐའ་དག་དགོངས་པར་མངལ།
    མདོ་སྔགས་དགོངས་དོན་དགོངས་པར་དྲི་མས་དབེན།
    ཚུལ་བཅོས་ལ྄་བ་དམར་པོ་སྐུ་ལ་བསྣབས།
    དོན་དམ་འདུལ་བའི་བསླབ་ཁྲིམས་རྩད་ནས་སྟོང་།

  24. རིག་པའི་བུ says:
    2012-05-31 at 7:50 am

    བོད་མི་དེ་འདྲ་མང་པོ་རང་མེད་པའ་གྲྭ་བ་དེ་འདྲ་མང་པ་ལ།

  25. བློ་བཟང་ says:
    2012-05-31 at 8:20 am

    ཆུའི་ཁྱད་ཆོས་སྣ་མང་ནས།
    སྣ་གཅིག་ཤེས་པའི་གོང་བུ་དེས།
    ཆུ་ཡི་འགྲེལ་བཤད་མེད་ན་བཟང་།
    གཞན་ལ་བག་ཆགས་ངན་པ་ཐེབས།

    འདི་ཉིད་ཟེར་བ་བཟང་ངན་གཉིས།
    ངན་པའི་ཕྱོགས་སུ་རྒྱབ་ལངས་བྱེད།
    དེ་ནི་རྒྱ་ཡི་སྲིད་ཇུས་ཉིད།
    དི་ནི་རྒྱ་ཡི་རྒྱབ་དཔུང་ཉིད།

    ཅི་ཀྱང་ཤ་ཚའི་གཏམ་ཡིན་ན།
    ཕྱི་ནང་ཡོད་པར་སློབ་དགོས་འདུག
    རང་གི་འདི་ཉིད་གང་ཡོད་པ།
    ཕྱི་གསལ་ནང་གསལ་མེད་དོན་གང་།

    “རྩད་གཅོད་པ་ལས་དགག་པ་བྱེད་པར་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན་” ཟེར་བ་ལ་ནམ་ཡང་བདེན་ཁ་གཏེར་བཞིན་ཡོད།

    ཁྱེད་ཚོ་གྲྭ་བའི་སྤྱི་ཚོགས་ལས་ཤུགས་བསྟན་ཚོགས་པར་དགག་པ་བྱེད་མི་ཐུབ་པ་གང་ལ་ཐུག གྲྭ་པའི་སྤྱི་ཚོགས་ལ་དམོད་པ་ཇི་ཙམ་འབོར་རུང་རང་གི་སྲོག་ལ་ཉན་ཁ་མེད་པ་དང་། དུས་ཀྱི་ཉི་མ་ཟད་པ་ལ་ཕན་པ་ཆེ་བསམ་པ་ལས་གཞན་ཀུན་སློང་རྣམ་དག་ཞིག་ཡོད་པར་མ་མཐོང་།

  26. བློ་བཟང་ says:
    2012-05-31 at 8:23 am

    གྲྭ་པ་རེ་འགའི་སྤྱོད་ཚུལ་དེ།
    སྤྱིའི་འདི་ཉིད་ཡིན་མི་སྲིད།
    སྤྱི་སྒེར་མ་ནོར་གསལ་འགྱུར་ན།
    དྲང་པོའི་སྨྲ་བ་ཡིན་དུ་འགྱུར།

  27. སྣ་ཚོགས་རང་གྲོལ། says:
    2012-05-31 at 8:39 am

    འཁོར་འདས་དབང་བསྒྱུར་གྲྭ་པ་རེད། ༢༠༡༢ ༠༥ ༣༡

    ཉེར་གཅིག་དུས་རབས་གསར་པ་འདིར།།
    གྲྭ་རྒྱུན་དཀོན་པའི་ཐུགས་ཁྲལ་ཞིག།
    ཨ་ཁུ་ཀླུ་སྨྱོན་ཚང་ལ་འདུག།
    སེམས་གསོའི་འབེལ་གཏམ་བཤད་ན་འདོད།།
    གྲྭ་པ་མང་བ་མ་གཏོགས་པ།།
    ཉུང་བའི་སྡུག་བསྔལ་ག་ལ་ཡོད།།
    ཆོས་ཀྱི་བདག་པོ་གྲྭ་པ་རེད།།
    སྲིད་ཀྱི་བློན་ཆེན་གྲྭ་པ་རེད།།
    མགོ་སེར་སྒུག་མཁན་གྲྭ་པ་རེད།།
    རྒྱ་དཔོན་བརྟུལ་མཁན་གྲྭ་པ་རེད།།
    ཆོས་ཚོགས་བཙུགས་མཁན་གྲྭ་པ་རེད།།
    ཆོས་ཚོགས་བདག་པོ་གྲྭ་པ་རེད།།
    ཞི་བའི་ལམ་སྟོན་གྲྭ་པ་རེད།།
    ཞི་བདེའི་དེད་དཔོན་གྲྭ་པ་རེད།།
    རང་ལུས་སྒྲོན་མཁན་གྲྭ་པ་རེད།།
    རང་དབང་རྩོད་མཁན་གྲྭ་པ་རེད།།
    ནང་ཆོས་སྦྱོང་མཁན་གྲྭ་པ་རེད།།
    ཚན་རིག་སྦྱོང་མཁན་གྲྭ་པ་རེད།།
    ཞིབ་འཇུག་གནང་མཁན་གྲྭ་པ་རེད།།
    གྲོས་གླེང་བྱེད་མཁན་གྲྭ་པ་རེད།།
    དབྱིན་ཡིག་སྦྱོང་མཁན་གྲྭ་པ་རེད།།
    བོད་ཡིག་འབྲི་མཁན་གྲྭ་པ་རེད།།
    དྲ་རྒྱར་ཉུལ་མཁན་གྲྭ་པ་རེད།།
    ཆོས་སྲིད་མཁྱེན་མཁན་གྲྭ་པ་རེད།།
    གཞན་ཡང་གྲྭ་པའི་སྡེ་ཁག་མང་།།
    གདན་སའི་ནང་ལ་གྲྭ་པས་ཁེངས།།
    གཞིས་དགོན་ནང་དུ་གྲྭ་པ་མང་།།
    མཐོ་སློབ་ནང་དུ་གྲྭ་པས་ཚང་།།
    ཆོས་ཀྱི་ཚོགས་ཆེན་གྲྭ་པས་སྐྱོང་།།
    སྲིད་ཀྱི་ཚོགས་འདུ་གྲྭ་པས་བསྐོང་།།
    ནང་ཆོས་ཚན་རིག་གྲྭ་པས་གླེང་།།
    རང་བཙན་སྐད་འབོད་གྲྭ་པས་བྱེད།།
    ཕ་སྐད་བོད་ཡིག་གྲྭ་པས་སློབ།།
    སྤྱི་སྐད་དབྱིན་ཡིག་གྲྭ་པས་བསྦྱངས།།
    ཟབ་མོ་སྟོང་ཉིད་གྲྭ་པས་རྟོགས།།
    བྱམས་སྙིང་བྱང་སེམས་གྲྭ་པས་བསྒོམ།།
    སྲིད་དོན་ཉམས་ཞིབ་གྲྭ་པས་བྱེད།།
    ད་དུང་གྲྭ་པའི་སྡེ་ཁག་མང་།།
    འཛམ་གླིང་གླིང་བདུན་འདིའི་ནང་།།
    གྲྭ་པ་མེད་ས་ཧ་ལམ་མེད།།
    ཀླ་ཀློའི་ཡུལ་ན་གྲྭ་པ་ཡོད།།
    གངས་རིའི་ལྗོངས་སུ་གྲྭ་པ་ཡོད།།
    སྟོབས་ཆེན་ཡུལ་ན་གྲྭ་པ་ཡོད།།
    སྟོབས་ཆུང་ཡུལ་ནའང་གྲྭ་པ་ཡོད།།
    ཤར་དུ་སོང་ན་གྲྭ་པ་ཐུག།
    ནུབ་ཏུ་བལྟ་ན་གྲྭ་པ་མཐོང་།།
    བྱང་དུ་སླེབས་ན་གྲྭ་པ་མང་།།
    ལྷོ་ན་གྲྭ་པའི་ཁྱུ་ཚོགས་ཉུལ།།
    ཕྱོགས་བཞི་མཚམས་བཞི་གང་དུའང་།།
    གྲྭ་པ་མེད་ས་ཧ་ལམ་མེད།།
    སྟེང་དང་འོག་གི་ཕྱོགས་གཉིས་ན།།
    གྲྭ་པ་ཡོད་མེད་ཐག་མ་ཆོད།།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  28. དྲི་མེད་ལྷག་བསམ། says:
    2012-05-31 at 9:06 am

    གང་གི་གདོང་ལ་རྨ་ཡོད་པ། །གདོང་པ་སྤྱི་ཡི་སྐྱོན་དུ་འགྱུར། །མིག་དང་སྣ་བུག་གཙང་ཙམ་པ། །ཆེད་དུ་བརྗོད་པའང་མི་འོས་མིན། །གྲྭ་བའི་་སྤྱོད་པ་ཉམ་པ་དེ། །གྲྭ་བའི་སྐྱོན་ལས་གཞན་གྱིས་མིན། །སྐྱོན་མེད་འཕགས་པའི་ཚུལ་ཁྲིམས་ཅན། །དམ་ཉམས་རྒྱན་དུ་ག་ལ་འགྱུར། །གང་དུ་ཚུལ་ལྡནདགེ་འདུན་བཞུགས། མཆོད་འོས་བསྟོད་འོས་ཕྱག་གི་ཡུལ། །ཁྱད་པར་སྒོ་གསུམ་ཉེས་པའི་ཚོགས། །བཤགས་སོ་དག་ཅིང་བདེ་བར་མཛོད། །

  29. བློ་བཟང་ says:
    2012-05-31 at 9:30 am

    སྐྱོན་ཀྱི་དག་་པའི་མི་ཞིག་དང། །སྐྱོན་མེད་སྤྱི་ཚོགས་ཡོན་མིན་ན། །ཁྱེད་ནི་སྐྱོན་གྱི་གོང་བུར་འགྱུར། །ཁྱེད་ཀྱི་ཁྱིམ་ཚང་སྐྱོན་ཚང་ཡིན། བོད་དང་བོད་མིར་སྐྱོན་ཅན་མང་། །བདེན་པའི་འཐབ་རྩོད་གང་ནས་གླེང་། །ཡང་དག་ཐབས་ལམ་གང་ནས་འཚོལ། །ཅི་ཡི་ཕྱིར་ན་གདོང་རྨ་དེ། །གདོང་གི་སྐྱོན་དུ་ཁྱེད་རང་འདོད།

  30. བློ་བཟང་ says:
    2012-05-31 at 9:43 am

    ཤིང་ལྡོང་གཅིག་ན་ཡོད་པའི་ཤིང་འབྲས་ལས། །ལྕེ་ཐོག་མྱངས་བ་རོ་མངར་འཕྲད་གྱུར་པས། །ལྷག་མ་རོ་མངར་ཡིན་པ་ཤེས་ཐུབ་བམ། །བཟང་པོའི་ཕྱོགས་རྣམས་སྐྱོན་དུ་སུས་རྩིས།།

  31. བློ་བཟང་ says:
    2012-05-31 at 9:45 am

    ལྷག་མ་རོ་མངར་ཡིན་བཤད་ཐུབ་བམ། ཞེས་ཤེས་དེ་བཤད་ལ་བཅོས་རོགས།

  32. སྲིན་པོ་རྫ་རྒན། says:
    2012-05-31 at 12:20 pm

    སྐྱེས་བུ་གསུམ་གྱི་སྲུང་མའི་ཚོགས།།
    བསྟན་འཛིན་སྲུང་བའི་མགོན་མཛད་དག།
    སྤྱན་གྱི་གཟིགས་པས་བོར་ཅམ་ཅི།།
    དེང་ན་ལྟད་མོ་འདི་འདྲ་མང་།།

    ལོ་ངོ་དུ་མར་གདན་ས་ནས།།
    ཆོས་ཀྱི་སློབ་གཉེར་བྱས་ཟེར་མཁན།།
    ཁྱིམ་པ་ཕོ་མོའི་སེམས་ལས་ཀྱང།།
    ཐུ་བའི་གྲྭ་གཟུགས་འདི་དག་ཅི།།

    གཞུང་ལུགས་རྒྱ་མཚོར་བརྒལ་ལོ་ཞེས།།
    དགེ་བཤེས་མིང་གིས་བཏེགས་པ་འགའ།།
    ཆོས་དང་རིག་གནས་གཉིས་ཀའི་ནོར།།
    ཅི་ཡང་མེད་པ་འདི་ཅིས་ཉེས།།

    ཆོས་ཀྱི་གྲྭ་ནས་ཆོས་ཀྱི་ནོར།།
    ཅི་ཡང་མ་འབྱོར་གྲོང་འཁྱམ་གྱིས།།
    མི་ཆོས་བླ་མའི་རྫུན་གྱི་ཕྲེང།།
    སྲིད་པའི་ནོར་ལ་སྦྲེལ་འདི་ཅི།།

    གྲྭ་གཟུགས་བླ་གཟུགས་མི་སྐྱོན་འདུག།
    ཆོས་རིག་ཡོན་ཏན་མེད་པ་ཡི།།
    མགོ་རིས་དག་དང་འཕྲད་ཐེངས་རེར།།
    ཡ་མཚན་རི་མོ་ཅི་ཡང་སྣང།།

    གྲྭ་པ་ཁྱིམ་པའི་སེམས་ལྡན་པ།།
    དགོན་གྲོང་གང་རྒྱུ་ཁྱད་པར་མེད།།
    བསྟན་པ་བཤིག་ལ་སྟ་རེ་ཞིག།།
    ཕྲག་ཏུ་ལེན་པ་མི་དགོས་འདུག།།

    བསྟན་པ་དེ་འཛིན་སྲུང་བ་ཡི།།
    མཐུ་ནུས་ལྡན་པའི་ཆོས་སྐྱོང་ཞིག།།
    གལ་ཏེ་ཡོད་ན་ཀླུ་སྨྱོན་ལ།།
    ཉིན་མཚན་བྱ་ར་དགོས་པར་མཐོང་།།

    ཆོས་དང་རིག་གནས་གང་གི་ཡང་།།
    ཤེས་ཡོན་ནོར་གྱིས་ཕོངས་པ་དང་།།
    བསྟན་འཛིན་མིང་འཛིན་བསྟན་བཤིག་དག།།
    གཡས་གཅུན་གཡོན་གཅུན་ཡོད་ན་རན།།

    ཁ་བརྡ་དྲ་བའི་ངོས་འདི་ན།།
    ཆོས་པ་ཆོས་མི་མཁྱེན་པ་ཡི།།
    བླ་གཟུགས་གྲྭ་གཟུགས་དགེ་བཤེས་གཟུགས།།
    འདི་དག་མཐོང་ཞིང་སེམས་པ་ངལ།།

    ཆོས་རིག་ཤེས་བྱའི་ནོར་གྱི་དཔྱིད།།
    བདག་གིར་བྱས་པའི་སྤོབས་པའི་གདེང།།
    དྲ་ངོས་འདི་ཡི་ཆོས་པའི་ཁྲོད།།
    ཀླུ་སྨྱོན་ཁོ་ན་ཐོད་ན་འགྱིངས།།

    ཕྲག་པ་དོག་པའི་སེམས་ལྡན་འགས།།
    གཤེ་སྡིག་དམོད་པའི་ཚིག་གི་མཚོན།།
    མདའ་མདུང་གྲི་ཡི་གཟུགས་ཅན་དག།།
    ཀླུ་འབུམ་སྨྱོན་པས་གདན་དུ་བྱས།།

  33. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-05-31 at 11:36 pm

    གྲྭ་བ་བོད་ཀྱི་སྣེ་ཁྲིད་རེད།།
    གྲྭ་བ་བོད་ཀྱི་ཚེ་སྲོག་རེད།།
    • གྲྭ་བ་བོད་ཀྱི་རྒྱན་ཆ་རེད།།
    • གྲྭ་བ་བོད་ཀྱི་སྙིང་ནོར་རེད།།
    • གྲྭ་བ་བོད་ཀྱི་རིག་མཛོད་རེད།།
    • གྲྭ་བ་བོད་ཀྱི་གཙུག་རྒྱན་རེད།།
    • གྲྭ་བ་བོད་ཀྱི་རེ་བསམ་རེད།།
    • གྲྭ་བ་བོད་ཀྱི་མི་རིགས་རེད།།
    • གྲྭ་བ་བོད་ཀྱི་ཤེས་རིགས་རེད།།
    • གྲྭ་བ་བོད་ཀྱི་མགོ་ཁྲིད་རེད།།
    • གྲྭ་བ་བོད་ཀྱི་སྤྱི་མཐུས་རེད།།
    • གྲྭ་བ་བོད་ཀྱི་དབུ་འཛིན་རེད།
    • ། གྲྭ་བ་བོད་ཀྱི་སེམས་གསོ་རེད།།
    • ཟམ་གདོང་བླ་མ་གྲྭ་བ་རེད།།
    • ཏ་ལའི་བླ་མ་གྲྭ་བ་རེད།།
    • ་ཚུལ་ཁྲིམས་བློ་གྲོས་གྲྭ་བ་རེད།།
    • ལོ་ཙྭ་བསོད་དར་གྲྭ་བ་རེད།།
    • བོད་ཀྱི་ཡོད་ཚོད་གྲྭ་བ་རེད།།
    • གྲྭ་བ་མེད་ན་བོད་སྟོང་རེད།།
    • གྲྭ་བ་མེད་ན་བོད་དོན་ཤོར།།
    • གྲྭ་བ་མེད་ན་བོད་ས་ཤོར།།
    • ་གྲྭ་བ་ཁ་བའི་རྣམ་ཤེས་རེད།།
    • གྲྭ་བ་གཞིས་བྱེས་གཉིས་ཀྱི་མགོན།།
    • གྲྭ་བ་མེད་ན་བོད་ཡིག་མེད།།
    • གྲྭ་བ་མེད་ན་ནང་ཆོས་མེད།།
    • གྲྭ་བ་མེད་ན་སློབ་གྲྭ་མེད།།
    • གྲྭ་བ་མེད་ན་དགོན་སྡེ་སྟོང་།།
    • གྲྭ་བ་མེད་ན་མཆོག་གསུམ་མེད།།
    • གྲྭ་བ་མེད་ན་ཡོང་དགོས་མེད།།
    • གྲྭ་བ་མེད་ན་ཐབས་ཤེས་མེད།།
    • གྲྭ་བ་མེད་ན་མཁས་དབང་མེད།།
    • གྲྭ་བ་མེད་ན་རིགས་གཞུང་མེད།།
    • གྲྭ་བ་མེད་ན་མཐུན་སྒྲིལ་མེད།།
    • གྲྭ་བ་མེད་ན་ཞལ་ལག་མེད།།
    • གྲྭ་བ་མེད་ན་སྣེ་ཁྲེད་མེད།།
    • གྲྭ་བ་མེད་ན་རྩོད་ལེན་མེད།།
    • གྲྭ་བ་མེད་ན་རིན་ཐང་མེད།།
    • གྲྭ་བ་མེད་ན་ཕུགས་བསམ་མེད།།
    • གྲྭ་བ་ལྷག་བསམ་མེད།།
    • གྲྭ་བ་མེད་ན་མགོ་རྔ་མེད།།
    • གྲྭ་བ་མེད་ན་སྙིང་སྟོབས་མེད།།
    • གྲྭ་བ་མེད་ན་དཔལ་འབྱོར་མེད།།
    • གྲྭ་བ་མེད་ན་ཞི་བདེ་མེད།།
    • གྲྭ་བ་མེད་ན་སེམས་ཁོང་སྟོང་།།
    • གྲྭ་བ་མེད་ན་ཕུགས་བསམ་བརླགས།།
    • གྲྭ་བ་མེད་ན་རྒྱ་ནག་དགའ།།
    • གྲྭ་བ་མེད་ན་བོད་གཞུང་སྟོང་།།
    • གྲྭ་བ་མེད་ན་བོད་སྨན་མེད།།
    • གྲྭ་བ་མེད་ན་བོད་སྐད་མེད།།
    • གྲྭ་བ་མེད་ན་ལྷ་བྲིས་མེད།།
    • གྲྭ་བ་མེད་ན་སྲོལ་རྒྱུན་མེད།།
    • གྲྭ་བ་མེད་ན་མགོན་དཔུང་མེད།།
    • གྲྭ་བ་མེད་ན་དམངས་གཙོ་མེད།།
    • གྲྭ་བ་མེད་ན་ཁ་ཕྱོགས་མེད།།
    • གྲྭ་བ་མེད་ན་ཅི་ཡང་མེད།།
    • གྲྭ་བ་མེད་ན་གྲུབ་ཐོབ་མེད།།
    • གྲྭ་བ་མེད་ན་སྟོད་ཁང་མེད།།
    • གྲྭ་བ་མེད་ན་བྱམས་སེམས་མེད།།
    • གྲྭ་བ་མེད་ན་གང་ཡང་མེད།།
    • གྲྭ་བ་མེད་ན་ཆོལ་གསུམ་མེད།།
    • གྲྭ་བ་མེད་ན་སྡོམ་པ་མེད།།
    • གྲྭ་བ་མེད་ན་གཞུང་ལུགས་མེད།།
    • གྲྭ་བ་མེད་ན་འཇོན་ཐང་མེད།།
    • གྲྭ་བ་མེད་ན་ལྷ་ཁང་མེད།།
    • གྲྭ་བ་མེད་ན་སློབ་ཁང་མེད།།
    • གྲྭ་བ་མེད་ན་སློབ་གྲ་མེད།།
    • གྲྭ་བ་མེད་ན་བདེ་སྐྱིད་མེད།།
    • གྲྭ་བ་མེད་ན་ཡོད་ཚོད་ཚར།།
    • གྲྭ་བ་མེད་ན་ཐམས་ཅད་ཤོར།།
    • གྲྭ་བ་མེད་ན་གསེར་བསོད་མེད།།
    • བོད་ཀྱི་སྙིང་ནོར་གྲྭ་བ་ཡིན།།
    • མདོར་ན་ཡོད་ཚོད་གྲྭ་བའི་དྲིན།།
    • གྲྭ་བའི་སྐུ་ཚེ་བརྟན་པར་ཤོག།
    • གྲྭ་བའི་མི་ཡུལ་འགང་བར་སྨོན།།
    གྲྭ་བའི་གངས་ལྗོངས་བོད་པ་སྐྱངས།།
    • གྲྭ་བའི་ལོ་རྒྱུས་ཤིན་དུ་རིང་།།
    • གྲྭ་བའི་བཀའ་དྲིན་གཞལ་མཐའ་བྲལ།།
    གྲྭ་བའི་དྲིན་ལན་བརྗོད་མཐའ་བྲལ།།
    གྲྭ་བའི་རང་བཞིན་གཞན་ཕན་རེད།།
    • གྲྭ་བའི་སྤྱི་ཆེ་ཁོ་ན་སྒྱུབ།།
    • གྲྭ་བའི་འཕེལ་ཁ་རྒྱས་པར་ཤོག།
    • གྲྭ་བའི་སྤྱི་ཚོགས་རྟག་བརྟན་ཤོག།
    གྲྭ་བའི་ཚོགས་དང་མི་འབྲལ་ཤོག།
    • གྲྭ་བའི་བྱམས་སྐྱོང་བརྗེད་མེད་ཤོག།
    • གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་
    • པས་དྲང་བདེན་འོད་ཀྱི་རང་བཞིན་ཡིག་ཐོག་ཏུ་གློ་བར་ཞིག་ལ་
    • ཐོལ་གྱིས་ཤོས་སོ།། ༢༠༡༢ ༥ ༡

  34. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-05-31 at 11:50 pm

    གྲྭ་བ་བོད་ཀྱི་སྣེ་ཁྲིད་རེད།།
    གྲྭ་བ་བོད་ཀྱི་ཚེ་སྲོག་རེད།།
    • གྲྭ་བ་བོད་ཀྱི་རྒྱན་ཆ་རེད།།
    • གྲྭ་བ་བོད་ཀྱི་སྙིང་ནོར་རེད།།
    • གྲྭ་བ་བོད་ཀྱི་རིག་མཛོད་རེད།།
    • གྲྭ་བ་བོད་ཀྱི་གཙུག་རྒྱན་རེད།།
    • གྲྭ་བ་བོད་ཀྱི་རེ་བསམ་རེད།།
    • གྲྭ་བ་བོད་ཀྱི་མི་རིགས་རེད།།
    • གྲྭ་བ་བོད་ཀྱི་ཤེས་རིགས་རེད།།
    • གྲྭ་བ་བོད་ཀྱི་མགོ་ཁྲིད་རེད།།
    • གྲྭ་བ་བོད་ཀྱི་སྤྱི་མཐུས་རེད།།
    • གྲྭ་བ་བོད་ཀྱི་དབུ་འཛིན་རེད།
    • ། གྲྭ་བ་བོད་ཀྱི་སེམས་གསོ་རེད།།
    • ཟམ་གདོང་བླ་མ་གྲྭ་བ་རེད།།
    • ཏ་ལའི་བླ་མ་གྲྭ་བ་རེད།།
    • ་ཚུལ་ཁྲིམས་བློ་གྲོས་གྲྭ་བ་རེད།།
    • ལོ་ཙྭ་བསོད་དར་གྲྭ་བ་རེད།།
    • བོད་ཀྱི་ཡོད་ཚོད་གྲྭ་བ་རེད།།
    • གྲྭ་བ་མེད་ན་བོད་སྟོང་རེད།།
    • གྲྭ་བ་མེད་ན་བོད་དོན་ཤོར།།
    • གྲྭ་བ་མེད་ན་བོད་ས་ཤོར།།
    • ་གྲྭ་བ་ཁ་བའི་རྣམ་ཤེས་རེད།།
    • གྲྭ་བ་གཞིས་བྱེས་གཉིས་ཀྱི་མགོན།།
    • གྲྭ་བ་མེད་ན་བོད་ཡིག་མེད།།
    • གྲྭ་བ་མེད་ན་ནང་ཆོས་མེད།།
    • གྲྭ་བ་མེད་ན་སློབ་གྲྭ་མེད།།
    • གྲྭ་བ་མེད་ན་དགོན་སྡེ་སྟོང་།།
    • གྲྭ་བ་མེད་ན་མཆོག་གསུམ་མེད།།
    • གྲྭ་བ་མེད་ན་ཡོང་དགོས་མེད།།
    • གྲྭ་བ་མེད་ན་ཐབས་ཤེས་མེད།།
    • གྲྭ་བ་མེད་ན་མཁས་དབང་མེད།།
    • གྲྭ་བ་མེད་ན་རིགས་གཞུང་མེད།།
    • གྲྭ་བ་མེད་ན་མཐུན་སྒྲིལ་མེད།།
    • གྲྭ་བ་མེད་ན་ཞལ་ལག་མེད།།
    • གྲྭ་བ་མེད་ན་སྣེ་ཁྲེད་མེད།།
    • གྲྭ་བ་མེད་ན་རྩོད་ལེན་མེད།།
    • གྲྭ་བ་མེད་ན་རིན་ཐང་མེད།།
    • གྲྭ་བ་མེད་ན་ཕུགས་བསམ་མེད།།
    • གྲྭ་བ་ལྷག་བསམ་མེད།།
    • གྲྭ་བ་མེད་ན་མགོ་རྔ་མེད།།
    • གྲྭ་བ་མེད་ན་སྙིང་སྟོབས་མེད།།
    • གྲྭ་བ་མེད་ན་དཔལ་འབྱོར་མེད།།
    • གྲྭ་བ་མེད་ན་ཞི་བདེ་མེད།།
    • གྲྭ་བ་མེད་ན་སེམས་ཁོང་སྟོང་།།
    • གྲྭ་བ་མེད་ན་ཕུགས་བསམ་བརླགས།།
    • གྲྭ་བ་མེད་ན་རྒྱ་ནག་དགའ།།
    • གྲྭ་བ་མེད་ན་བོད་གཞུང་སྟོང་།།
    • གྲྭ་བ་མེད་ན་བོད་སྨན་མེད།།
    • གྲྭ་བ་མེད་ན་བོད་སྐད་མེད།།
    • གྲྭ་བ་མེད་ན་ལྷ་བྲིས་མེད།།
    • གྲྭ་བ་མེད་ན་སྲོལ་རྒྱུན་མེད།།
    • གྲྭ་བ་མེད་ན་མགོན་དཔུང་མེད།།
    • གྲྭ་བ་མེད་ན་དམངས་གཙོ་མེད།།
    • གྲྭ་བ་མེད་ན་ཁ་ཕྱོགས་མེད།།
    • གྲྭ་བ་མེད་ན་ཅི་ཡང་མེད།།
    • གྲྭ་བ་མེད་ན་གྲུབ་ཐོབ་མེད།།
    • གྲྭ་བ་མེད་ན་སྟོད་ཁང་མེད།།
    • གྲྭ་བ་མེད་ན་བྱམས་སེམས་མེད།།
    • གྲྭ་བ་མེད་ན་གང་ཡང་མེད།།
    • གྲྭ་བ་མེད་ན་ཆོལ་གསུམ་མེད།།
    • གྲྭ་བ་མེད་ན་སྡོམ་པ་མེད།།
    • གྲྭ་བ་མེད་ན་གཞུང་ལུགས་མེད།།
    • གྲྭ་བ་མེད་ན་འཇོན་ཐང་མེད།།
    • གྲྭ་བ་མེད་ན་ལྷ་ཁང་མེད།།
    • གྲྭ་བ་མེད་ན་སློབ་ཁང་མེད།།
    • གྲྭ་བ་མེད་ན་སློབ་གྲ་མེད།།
    • གྲྭ་བ་མེད་ན་བདེ་སྐྱིད་མེད།།
    • གྲྭ་བ་མེད་ན་ཡོད་ཚོད་ཚར།།
    • གྲྭ་བ་མེད་ན་ཐམས་ཅད་ཤོར།།
    • གྲྭ་བ་མེད་ན་གསེར་བསོད་མེད།།
    • བོད་ཀྱི་སྙིང་ནོར་གྲྭ་བ་ཡིན།།
    • མདོར་ན་ཡོད་ཚོད་གྲྭ་བའི་དྲིན།།
    • གྲྭ་བའི་སྐུ་ཚེ་བརྟན་པར་ཤོག།
    • གྲྭ་བའི་མི་ཡུལ་འགང་བར་སྨོན།། གྲྭ་བའི་གངས་ལྗོངས་བོད་པ་སྐྱངས།།
    • གྲྭ་བའི་ལོ་རྒྱུས་ཤིན་དུ་རིང་།།
    • གྲྭ་བའི་བཀའ་དྲིན་གཞལ་མཐའ་བྲལ།། གྲྭ་བའི་དྲིན་ལན་བརྗོད་མཐའ་བྲལ།། གྲྭ་བའི་རང་བཞིན་གཞན་ཕན་རེད།།
    • གྲྭ་བའི་སྤྱི་ཆེ་ཁོ་ན་སྒྱུབ།།
    • གྲྭ་བའི་འཕེལ་ཁ་རྒྱས་པར་ཤོག།
    • གྲྭ་བའི་སྤྱི་ཚོགས་རྟག་བརྟན་ཤོག། གྲྭ་བའི་ཚོགས་དང་མི་འབྲལ་ཤོག།
    • གྲྭ་བའི་བྱམས་སྐྱོང་བརྗེད་མེད་ཤོག།
    • གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་
    • པས་དྲང་བདེན་འོད་ཀྱི་རང་བཞིན་ཡིག་ཐོག་ཏུ་གློ་བར་ཞིག་ལ་
    • ཐོལ་གྱིས་ཤོས་སོ།། ༢༠༡༢ ༥ ༡

  35. གེ་གསར་ says:
    2012-06-01 at 6:21 am

    གྲྭ་པར་མིང་དགོས་
    གྲྭ་པར་རྒྱུ་དགོས་
    གྲྭ་པར་དངུལ་དགོས་
    གྲྭ་པར་ཨ་ཅེ་དགོས་
    གྲྭ་པར་དབང་དགོས་
    གྲྭ་པར་སྲིད་དགོས་
    གྲྭ་པར་སྐྱིད་པོ་དགོས་
    གྲྭ་པར་གྲྭ་ཤག་མཛེས་པོ་དགོས་
    གྲྭ་པར་དགོན་པ་རྫིགས་པོ་དགོས་
    གྲྭ་པར་ཁ་ལག་གྲ་རྒྱས་དགོས་
    གྲྭ་པར་ཤ་རིགས་སྣ་ཚོགས་དགོས་
    གྲྭ་པར་གསེར་ཆས་དངུལ་ཆས་དགོས་
    གྲྭ་པར་འབུལ་བ་ཆེན་པོ་དགོས་
    གྲྭ་པར་སྦྱིན་བདག་ཕྱུག་པོ་དགོས་
    གྲྭ་པར་སྐྱིད་པོ་རྫིག་པོ་དགོས་
    གྲྭ་པས་ཆོག་ཤེས་བྱེད་མི་དགོས་
    གྲྭ་པས་འདོད་པ་འཚིམ་མི་དགོས་
    གྲྭ་པར་ཚང་མ་རང་ལ་དགོས་
    གྲྭ་པར་དགའ་རོགས་ཨ་ནི་དགོས་
    གྲྭ་པར་རྒྱོ་ཡི་བལྟས་མོ་དགོས་
    གྲྭ་པར་མི་དགོས་དགུ་དགོས་དགོས་།

  36. ཆུ་ཐིགས་སྔོན་མོ says:
    2012-06-01 at 4:46 pm

    ཀླུ་སྨྱོན་ཁ་ནས་མཇེ་སྟུའི་གཏམ་བསྒྲགས་ནས།།
    མི་ཚེའི་ཕྱེད་ཀ་ལྷག་ཅིག་བསྐྱལ་ན་ཡང་།།
    ཨ་ཁུའི་མཇེ་དེས་སྟུ་ཡི་ཚ་གྲང་ཞིག།
    མ་མྱངས་འདི་ལྟར་འཆི་ན་ཕངས་པ་ལ།།

  37. གནམ། མེས་པོའི་ཐེམ་སྐས། says:
    2012-06-01 at 5:48 pm

    ཨ་ལ་ལ། ངོ་མ་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme