Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་དང་། གསལ་བཤད་གཞན།

Posted on 2021-05-152021-05-19 By ཁ་བརྡ 9 Comments on གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་དང་། གསལ་བཤད་གཞན།

གཞུང་ཞབས་ཟུར་པ་འཇིགས་མེད་པ་སངས།

དེང་སང་འགའ་ཞིག་གིས་ཆེས་མཐོའི་ཁྲིམས་ཞིབ་གསུམ་འཕོ་འགྱུར་གཏོང་ཆོག་པ་ནི་གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ལ་བརྟེན་ནས་ཡིན་ཚུལ་གླེང་གི་འདུག དེ་ཡང་གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཡིན་ཚུལ་བཅའ་ཁྲིམས་ནང་དངོས་སུ་མི་གསལ་ཡང་། དེ་ནི་བཅའ་ཁྲིམས་ཀྱི་སྙིང་དོན་ཞིག་ཡིན་པ་གསལ་པོ་རེད། གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཞེས་པ་ནི་གྲོས་ཚོགས་ཀྱིས་གང་བྱུང་བྱེད་ཆོག་པའི་དོན་མིན། དེ་ནི་སྲིད་སྐྱོང་གིས་གཙོས་བཀའ་བློན་དང་ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་བའི་སྐུ་དབང་གྲོས་ཚོགས་ལ་ཡོད་པ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་པ་དང་བཀའ་བློན་རྣམས་བསྐོ་གཞག་གི་སྐུ་དབང་ཡང་གྲོས་ཚོགས་ལ་ཡོད་པའི་དབང་གིས་རེད། གང་ལ་ཞེ་ན། བཀའ་ཤག་དང་ཆེས་མཐོའི་ཁྲིམས་ཞིབ་པ་ལ་གྲོས་ཚོགས་འཕོ་འགྱུར་དང་བསྐོ་གཞག་གི་སྐུ་དབང་མེད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་རྣམས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་གིས་རྩད་གཅོད་ཀྱང་མི་ཆོག  གང་ལྟར་མང་གཙོའི་རིང་ལུགས་ཀྱི་གནས་སྟངས་ཞིབ་ཕྲ་མཁྱེན་རྟོགས་དང་། བཅའ་

ཁྲིམས་ཀྱི་སྙིང་དོན་(Spirit) ལ་གཟིགས་ཞིབ་མ་ཐུབ་པར། ཟུར་རེ་ནས་འཇུས་ཐུབ་པ་ཙམ་གྱིས་བཅའ་ཁྲིམས་ཀྱི་གོ་བ་ལོན་མི་ཐུབ། 

ཡང་འགའ་ཤས་ཀྱིས་བཀའ་ཤག་ཆ་ཚང་འཕོ་འགྱུར་གཏོང་ཆོག་པ་ལ་ཁྲིམས་ཞིབ་ཁང་ཆ་ཚང་འཕོ་འགྱུར་གཏོང་མི་ཆོག་པ་གང་རེད་ཅེས་གསུང་གི་ཡོད། བཅའ་ཁྲིམས་ལ་སློབ་སྦྱོང་ཡག་པོ་མ་བྱས་པར་རྒྱུ་མཚན་ལྟར་སྣང་བ་མང་པོ་བཀོད་དེ་སོ་སོས་སོ་སོ་ལ་ཧང་སངས་སངས་བྱེད་མཁན་དེང་སང་ཤ་མོ་བརྡོལ་བ་བཞིན་ཡོང་མུས་རེད། དེ་ཡང་ “བཅའ་ཁྲིམས་དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་འཁུར་དང་། འཕོ་འགྱུར། ཞེས་པའི་ནང་གསེས་དྲུག་པར། བཀའ་ཤག་གི་ཡུན་ཚད་རྫོགས་མཚམས་སྲིད་སྐྱོང་གསར་པའི་དམ་འབུལ་མ་ཟིན་བར་རྙིང་པས་ལས་འཁུར་རྒྱུན་སྐྱོང་བྱེད་དགོས། དོན་ཚན་འདིའི་ནང་གསེས་ ༣ པ་དང་ ༤ པ་བཅས་ཀྱི་འོག་བཀའ་བློན་བྱེ་བྲག་པ་ཞིག་འཕོ་འགྱུར་བྱུང་ཚེ་དེས་འཕྲལ་དུ་ལས་འཁུར་མཚམས་འཇོག་བྱེད་དགོས། བཀའ་ཤག་ཆ་ཚང་འཕོ་འགྱུར་བྱུང་ཚེ་སྲིད་སྐྱོང་གསར་པའི་དམ་འབུལ་མ་ཟིན་བར་ལས་འཁུར་རྒྱུན་སྐྱོང་བྱེད་དགོས། འོན་ཀྱང་བར་བརྒལ་གྱི་དུས་ཡུན་དེའི་རིང་འཆར་ཅན་བྱེད་སྒོ་ཙམ་ལས་སྲིད་བྱུས་དང་འབྲེལ་བའི་ཐག་གཅོད་གསར་པའི་རིགས་བྱེད་མི་ཆོག” ཅེས་བཀའ་ཤག་ཆ་ཚང་འཕོ་འགྱུར་སོང་རུང་། བཀའ་ཤག་གསར་པ་མ་བསླེབས་པའི་བར་དུ་བཀའ་ཤག་རྙིང་པས་རྒྱུན་ལྡན་གྱི་ཕྱག་ལས་རྣམས་མུ་མཐུད་དགོད་ཀྱི་ཡོད། འོན་ཀྱང་ཁྲིམས་ཞིབ་ཁང་ཆ་ཚང་འཕོ་འགྱུར་སོང་ན། མང་གཙོའི་སྒྲིག་འཛུགས་ཀྱི་གྲུབ་ཆ་གྲོས་ཚོགས་དང་། འཛིན་སྐྱོང་། ཁྲིམས་འཛིན་གསུམ་གྱི་དབང་ཚད་ཆ་བགོས་དང་། ཕན་ཚུན་སྟངས་འཛིན་ལྗིད་མཉམ་མེད་པར་བརྟེན། མང་གཙོའི་རིང་ལུགས་ཀྱི་གཞུང་ཞིག་མིན། དེས་ན་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་ཀྱང་དགོས་པ་འདིར་བསམ་བཞེས་ཀྱིས་ ‘སུ་རུང་’ ཞེས་པའི་ཆ་རྐྱེན་དེ་བཀོད་འདུག དེ་ཡང་། “བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཞེས་པའི་ནང་གསེས་བཞི་པར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།” ཞེས་ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བ་ལ་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་དགོས་ཚུལ་གསལ་ཡོད། འོན་ཀྱང་། “བཅའ་ཁྲིམས་དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་འཁུར་དང་། འཕོ་འགྱུར། ཞེས་པའི་ནང་གསེས་གསུམ་པའི་ཀ་པར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང་། བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།” ཞེས་གསུངས་པ་བཞིན་བཀའ་ཤག་གམ་བཀའ་བློན་བྱེ་བྲག་པ་འཕོ་འགྱུར་ལ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ལས་དགོས་ཀྱི་མེད། དེ་ལྟར་གཟིགས་ཐུབ་ཚེ་ལོ་སུམ་ཅུའི་གོང་གི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་དགོངས་བཞེད་ཟབ་རྒྱས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཁོ་ན་ལས་མེད། ད་ལྟའི་ང་ཚོའི་ལས་ཀྱི་སྣེ་མོ་བ་རྣམས་ལ་བལྟས་ཚེ་མཛད་གཙོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ལ་ཡིད་སྨོན་ངང་གིས་འཆོར་བ་སྨོས་མེད་རེད།

བསམ་ཚུལ།

Post navigation

Previous Post: མང་བཀུར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་མཛད་རྗེས་ཉུང་ཙམ་བརྗོད་པ་ཨུ་དུམ་ཝ་རའི་མེ་ཏོག་ཞེས་བྱ་བ།
Next Post: སྟོན་པའི་འཁྲུངས་ལོ་དང་འདས་ལོ།

Comments (9) on “གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་དང་། གསལ་བཤད་གཞན།”

  1. བུ་ཆུང་ཚེ་རིང་། says:
    2021-05-16 at 11:16 am

    བཅའ་ཁྲིམས་ཀྱི་སྐོར་སྲིད་སྐྱོང་དང་སྲིད་སྐྱོང་གི་ཕྱོགས་གཏོགས་པ་དག་གིས་ཀྱང་རིང་ཙམ་ཐུང་ཙམ་མང་པོ་བཤད་སོང་། དཔེར་ན། བཅའ་ཁྲིམས་ཁ་གསལ་མེད་ཚུལ་དང་། བསྐྱར་བཅོས་དགོས་ཚུལ་སོགས་རེད། ངས་བསམ་པར་བཅའ་ཁྲིམས་ཧ་ཅང་ཁ་གསལ་རེད། ཡིན་ཡང་ལག་བསྟར་མ་བྱས་པའམ། སོ་སོས་གོ་དོན་མ་རྟོགས་པས་རྒྱུ་མཚན་གྱིས་བཅའ་ཁྲིམས་གསལ་ཁ་མེད་པར་འགྲེལ་བ་ནི་མདའ་མོ་འཕེན་འདོད་མ་ཡིན་པར་གཞུ་མོ་གཅག་འདོད་རང་རེད། ཐབས་སྐྱོ་བ་ཞིག་ལ། གྲོས་ཚོགས་ནང་ལོ་ངོ་སུམ་ཅུར་ཉེར་བར་ལས་ཀ་བྱས་ཟིན་པའི་སྤྱི་འཐུས་ཚོགས་གཙོ་གཙོས་པའི་སྤྱི་འཐུས་རྣམས་དང་། དེ་བཞིན་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱིས་བཅའ་ཁྲིམས་ཀྱི་གོ་དོན་མ་རྟོགས་པ་དང་། འབྲེལ་ཆག་དོན་ཚན་དག་གོང་འོག་སྒྲིག་མ་ཤེས་པ། ཐ་ན་སུ་རུང་དང་ཆ་ཚང་གི་དོན་ཙམ་ལའང་རྨོངས་པའི་གནས་ཚུལ་ནི་ཧ་ཅང་ཐབས་རྡུགས་ཤིག་དང་། ཞབས་འདྲེན་ངོ་མ་ཞིག་རེད་དྲན། ཡང་ན་ཤེས་བཞིན་བཏོར་གཤིག་གཏོང་བ་ཡིན་ལས་ཆེ།

  2. Tseten Gyurmae says:
    2021-05-16 at 4:37 pm

    གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་དང་། གསལ་བཤད་གཞན། ཅེས་པའི་ནང་།

    བཀའ་ཤག་དང་ཆེས་མཐོའི་ཁྲིམས་ཞིབ་པ་ལ་གྲོས་ཚོགས་འཕོ་འགྱུར་དང་བསྐོ་གཞག་གི་སྐུ་དབང་མེད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་རྣམས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་གིས་རྩད་གཅོད་ཀྱང་མི་ཆོག ཅེས་པ་དགོངས་བཞེས་ཡིན་ན་གཤམ་གྱི་དགོངས་ཚུལ་དང་མི་འགལ་ལམ། དེ་ཡང་།
    མང་གཙོའི་སྒྲིག་འཛུགས་ཀྱི་གྲུབ་ཆ་གྲོས་ཚོགས་དང་། འཛིན་སྐྱོང་། ཁྲིམས་འཛིན་གསུམ་གྱི་དབང་ཚད་ཆ་བགོས་དང་། ཕན་ཚུན་སྟངས་འཛིན་ལྗིད་མཉམ་མེད་པར་བརྟེན། མང་གཙོའི་རིང་ལུགས་ཀྱི་གཞུང་ཞིག་མིན། སོགས་གསལ་བཤད་གནང་འདུག ཡིན་ཀྱང་ཀློག་པ་པོ་ངས་གོང་གི་གནས་དོན་གཉིས་ཡས་གོས་མས་གོས་ཆ་མ་སྙོམས་པའི་ཟབ་སྦྱོར་ཞིག་ལྟ་བུར་མངོན་ཀྱང་ངས་གོ་ནོར་ཡིན་སྲིད།

    གྲོས་ཚོགས་དབུས་སུ་བཞག་ཞུ་དུས་གྲོས་ཚོགས་དབང་ཆེ་ཤོས་ཡིན་པར་ངོས་ལེན་ཐབས་ཨེ་ཡོད།་དེ་ཡང་བོད་དཔེ་ལ་དབང་པཱ་ཕར་ཡོད་ཀྱང་རྩམ་ཁུག་ཨ་མའི་ལག་པ་ཅེས་པའམ། དེ་མིན་ནང་མི་ཞིག་གི་བུ་དང་བུ་མོ་གཉིས་ནས་སོ་སོའི་ནང་འཛིན་པར་ཕ་མའི་ནང་དབུས་ནས་ནང་གཞན་གཉིས་སུ་དཔལ་འབྱོར་དང་དེ་མིན་གནས་དུས་མཐུན་བསྒྱུར་གོ་ཀོན་ཞུ་བའམ་ཞུ་གལ་ལས་ལྡོག་སྟེ་ཕ་མ་གཉིས་ཀྱི་རང་འདོད་ལྟར་དགོས་སྐོར་ཞུས་ན་འཐུས་རྒྱུ་མིན་པ་ལྟར་ཡིན་མིན་འདུག་གམ། གྲོས་ཚོགས་ལ་སྐུ་དབང་ཡོད་པ་ནང་བཞིན་གཞན་གཉིས་ལའང་ཁ་ལ་དཔག་པའི་སོ་མིན་འདུག་གམ། ཡོད་ཙང་གྲོས་ཚོགས་ཀྱི་བཀོད་པའི་བཀའ་བློན་ཁྲིམས་སྒྲིག་དང་མི་མཐུན་པས་འགག་ཆ་བྱུང་པ་དང་སྤྱི་འཐུས་རྒྱུན་ལས་ཀྱི་འཕར་རྒྱངས་ཞུས་པའི་ཚོགས་དུས་དེ་ཁྲིམས་མཐུན་མིན་པའི་བྱས་ཉེས་བཏང་བ་རེད་ལ་ངོས་ལེན་མ་ཞུ་མཐའ་མེད་བྱུང་རེད། ཉིད་ཀྱི་དགོངས་པ་ལྟར་གྲོས་ཚོགས་དང་། འཛིན་སྐྱོང་། ཁྲིམས་འཛིན་གསུམ་དབང་ཚད་ཆ་བགོས་དང་། ཕམ་ཚུན་སྟངས་འཛིན་ལྗིད་མཉམ་ཡིན་པས་ན་གྲོས་ཚོགས་དབུས་སུ་བཞག་པ་དེ་གནས་སྟངས་ཀྱི་དབུས་ལས་དབང་ཚད་ཆེ་བའི་དབུས་མིན་པ་མི་གྲུབ་བམ། ལས་དོན་ཆ་ནས་དངོས་སུ་མི་མང་གི་ཉིན་རེ་ཉིན་རེའི་བདེ་སྡུག་དང་བོད་མིའི་འཐབ་རྩོད་ལ་ཞིབ་ན་འཛིིན་སྐྱོང་བཀའ་ཤག་འབྲེལ་ཆེ་བས་ན་དབུས་བོད་མིའི་སྒྲིག་ཚུགས་ཀྱང་མི་ཞུའམ། དེ་ན་དབུས་དེ་གནས་ཡིན་ནམ་དབང་ཡིན་ནམ།

    ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བ་ལ་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་དགོས་ཚུལ་གསལ་ཡོད། འོན་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང་། བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས། ཞུ་ཐད་ཁུངས་སོ་སོའི་གལ་གནད་པ་ཞིབ་པའི་རྩ་འབོར་དང་ངོ་ཡོད་ཀྱི་ཆ་ཚད་གཏན་འབེབས་ཞུས་རེད་ཀྱང་ངོ་ཡོད་ཀྱི་གོ་བར་ནན་ཞིབ་མ་ཞུས་ན་གྲོས་ཚོགས་ཀྱི་བཀའ་བློན་འདེམས་ཐོན་བྱུང་བ་ཁྲིམས་ཞིབ་པས་སམ་ཁྲིམས་ནས་ངོ་བཞེས་མ་ཐོབ་པའི་ཁ་རྐྱེང་ཡང་སླར་ཡོང་སྲིད་དོ།
    མཐར་དོན་རྩོམ་པ་པོས་དགོངས་ཚུལ་ཕེབས་པ་ལྟར་ཁྲིམས་སྒྲིག་ཆ་ཚང་ངམ་ངའི་བསམ་ཞིབ་ལྟར་ཁྲིམས་ཀྱི་གཞི་མ་རྩ་ཁྲིམས་རིན་པོ་ཆེ་དང་དེ་མཚུངས་བཅའ་ཁྲིིམས་དབུས་པའི་ཉིན་རེ་ཉིན་རེའི་བྱ་ལམ་སྒྲིག་གཞི་སོགས་ཆ་ཚང་བར་མ་གཟིགས་པར་དབང་ཚད་གཅིག་པུར་རམ་སྒེར་སོ་སོའི་གནད་དོན་དུ་ཞིབ་ནས་ཐུགས་རྒྱ་ཆེ་བའི་བསམ་ཞིབ་བོར་ན་ད་ལན་གྱི་གནས་སྟངས་དེ་ཡོང་རྒྱུ་ལས་གཞན་མེད་།
    ད་ཆ་ང་རང་ཚོའི་དཀའ་སེལ་དེ་དང་ཐོག་ཁྲིམས་ཞིབ་ཁང་མེད་སྐབས་ནས་ཡོད་པ་ཇི་ལྟར་བྱུང་པའི་འབྱུང་རིམ་དེ་སླར་མུ་འཐུད་པའམ་རྗེས་དེད་ཀྱིས་མགྱོགས་མྱུར་མང་གཙོའི་ཀ་བ་གསུམ་དེ་སླར་ཁྲིམས་འཛིན་གྱི་དབང་ཚད་ཆ་བགོས་དང་། ཕན་ཚུན་སྟངས་འཛིན་ལྗིད་མཉམ་ཡོང་བའི་རེ་བསམ་ཆེན་པོ་ཞུ་བཞིན་ཡོད་ལགས་པ་མ་ཚད་ད་ལྟའི་ཆར་ཁྲིམ་ཞིབ་པའམ་ཁྲིམས་ཀྱི་དབང་བསྒྱུར་པ་པོ་དངོས་སུ་མེད་པས་དེ་སྔའི་འབྱུང་རིམ་དེ་མུ་འཐུད་ནས་འདོམས་པ་སླར་གསོ་ཞུས་ན་དགེ་མཚན་ཡང་མི་ཆེའམ།

  3. པ་རྡོ་རེ། says:
    2021-05-17 at 12:22 am

    བློ་སེང་གི་ཕྱོགས་གཏོགས་པ་རྣམས་ཀྱིས་བཅའ་ཁྲིམས་མི་རྟོགས་པ་མིན་ཀྱང་། རང་གི་འདོད་དོན་སྒྲུབ་ཕྱིར་རྙོག་དྲ་འདི་དག་བསླངས་བ་ཡིན། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ། ༸གོང་ས་མཆོག་མེད་ན་བོད་མི་སྐད་གྲགས་ཅན་སུ་ཡིན་རུང་འཇོན་རྒྱུ་གང་ཡང་མི་ཡོང་། ད་ཆ་༸གོང་ས་མཆོག་ལའང་མཚན་སྨོད་ཞུ་བཞིན་པ་དག་སྙིང་རེ་རྗེ། ཁྱེད་རྣམས་ལ་ལས་རྒྱུ་འབྲས་ཀྱི་འཕྱུགས་མི་ཡོང་ངོ་།།

  4. གཞུང་པ་ཚེ་དབང་བསོད་ནམས། says:
    2021-05-17 at 1:25 am

    བཅའ་ཁྲིམས་ལེའུ་ལྔ་པ་། ཁྲིམས་བཟོའི་དབང་ཆ་། ཁྲིམས་ལུགས་བཟོ་འགོད་དང་ གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་ ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་པ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་འགོད་དགོས་།

    བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་། བཅའ་ཁྲིམས་བསྐྱར་བཅོས་།
    ༡ བཅའ་ཁྲིམས་འདིའི་སྔོན་གླེང་དང་། ལེའུ་དང་པོའི་དོན་ཚན་དང་པོ་དང་ གསུམ་པ་ བཞི་པ་། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་ཕུད་། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ་། ཅེས་གསལ་འདུག་ན་གྲོས་ཚོགས་དབུས་སུ་བཞག་པའི་མང་གཙོ་རེད་དམ་བཅའ་ཁྲིམས་དབུས་སུ་བཞག་པའི་མང་གཙོ་རེད་གཟིགས་དང་།

  5. གཞུང་པ་ཚེ་དབང་བསོད་ནམས། says:
    2021-05-18 at 5:12 am

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་། ལན་གཅིག་སྡོད་མ་ཤེས་ན་ལན་བརྒྱ་ལང་མི་ཐུབ་ཟེར་བའི་དཔེ་དེ་བདེན་བྱུང་། ཚེས་ ༢༠ གི་ཚོགས་འདུ་དེ་ཚེས་ ༢༤ ཚེས་ ༢༤ གི་ཚོགས་འདུ་དེ་ཚེས་ ༢༦ ད་དེ་ནས་ཧཧཧ།

  6. ཨ་ཁུ་འབྲོག་པ། says:
    2021-05-19 at 9:08 am

    སྲིད་སྐྱོང་དང་པོ་ལི་ཐང་་མི་རུལ་བློ་བཟང་སེང་གའི་ལས་བསྡོམ་སྙིང་བསྡུས།
    ༧སྐྱབས་མགོན་ཆེན་པོ་བོད་ལ་གདན་འདྲེན་ཟེར།།
    མི་འབྱོན་འབྱོན་མདོག་ཁ་ཕོ་འགྲུག་ལྟར་བསྒྲགས།།
    བདེན་པ་ཡིན་ཤག་བྱས་ཏེ་སེམས་ཤུགས་ཅན།།
    བོད་མི་བརྒྱ་ཕྲག་བརྒལ་བས་མེ་ལ་བསྲེགས།།
    ཆིག་སྒྲིལ་ཡིན་ཟེར་ལི་ཐང་དཔུང་བསྒྲིལ་བྱས།།
    རང་ཕྱོགས་ཡར་འཐེན་གཞན་ཕྱོགས་གནས་ནས་དབྱུང་།།
    ཆོལ་གསུམ་ཆིག་སྒྲིལ་མིང་གི་ལྷག་མར་བཏང་།།
    རང་ཁ་རང་གསོ་ཡིན་ཟེར་འུར་ཤོབ་བཤད།།
    མཐའ་མཇུག་ཕྱི་ནང་གང་སར་སློང་མོ་བསླངས།།
    གཞན་གྱིས་སླང་ན་ཕྲག་དོག་སྡིགས་མོ་བྱེད།།
    རང་ཁ་རང་གསོའི་རྫུན་རྐྱལ་དེ་རུ་བརྡོལ།།
    ཨོ་སྟོབས་སྐྱོབ་ཕྱིར་གྲོས་ཚོགས་ཕྱིར་བསྡུ་བྱས།།
    བློ་གྲགས་མཉེས་ཕྱིར་ཁྲིམས་དཔོན་ཕྱིར་འབུད་བཏང་།།
    དགྲ་དགའ་གཉེན་སྡུག་མང་གཙོའི་ཀ་བ་བཅག །
    འབྱོན་སྟོང་པྲལ་རིལ་བློ་བཟང་སེང་གེ་རུལ།།

  7. ཨ་ཁུ་འབྲོག་པ། says:
    2021-05-19 at 9:55 am

    རྒྱ་དམར་གྱིས་བསྐུར་པའི་ལས་འགན་བསྒྲུབ་པའི་སྤྱི་འཐུས།
    མཁན་རམས་པ་རྣམས་ཆོལ་ཞེན་དུག་གིས་བཟི། །
    སྲིད་སྐྱོང་རུལ་པོའི་ཅི་མཛད་བདེན་པར་གོ།།
    པདྨ་འབྱུང་གནས་རང་ཚུགས་མ་ཟིན་ཕུང་།།
    ཨ་ཅྱར་དམར་རིལ་ཇུ་རིག་གཏོར་བས་ལན།།
    ཆ་བེ་ཆོ་བའི་མདོ་དབུས་སྤྱི་འཐུས་རྣམས།།
    བཅའ་ཁྲིམས་རང་གིས་མི་ཤེས་གཞན་ཁར་རྒྱུགས།།
    ཁྱི་ངན་ཀུ་ཅོའི་ལེགས་བཤད་ཐོག་ཏུ་བབས།།
    མདོར་ན་གཅིག་ལྷག་སུམ་ཅུའི་རྒྱ་འཐུས་ཚོས།།
    བོད་མའི་བཅའ་ཁྲིམས་ར་ཕོ་ཁ་ལྷུག་བཟོས།།

  8. གཞུང་པ་ཚེ་དབང་བསོད་ནམས says:
    2021-05-21 at 8:59 pm

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁྲིམས་འགལ་བྱས་ཉེས་ཁག་བོད་ཀྱི་མང་གཙོའི་ལོ་རྒྱུས་ནང་ནམ་ཡང་སྲུབ་མི་ཐུབ་པ་ཁག་།
    ༡ བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པའི་ཁྲིམས་མཐུན་གྱི་མང་གཙོའི་ཐ་སྙད་ (ཡུལ་མིའི་རྒྱལ་ཁབ་ ) REPUBLIC ) དེ་ཡུལ་མིའི་སྲིད་སྐྱོང་ལ་ཁྲིམས་འགལ་གྱི་ཐོོག་ནས་བསྐྱར་བཅོས་གནང་།
    ༢ བཀའ་བློན་གསར་བསྐོ་བརྒྱ་ཆ་ ༥༠་ མ ལོན་པར་བརྒྱ་ ༥༠ ལོན་པར་གསལ་བསྒྲགས་གནང་།
    ༣ བཅའ་ཁྲིམས་ནང་གསལ་ཁ་མེད་པའི་གནས་དོན་བཅའ་ཁྲིམས་དོན་ཚན་ ༦ པ་དང་དོན་ཚཔ་ ༤༩ ནང་གསེས་ ༢ པའི་འོག་འགན་ཁུར་ནས་ཁྲིམས་འགལ་གྱི་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་གནང་།
    ༤ ཁྲིམས་འགལ་གྱི་ཡིག་ཆ་ཨང་ ༣༩ འོག་ཏུ་འགན་ཁུར་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་གནས་དབྱུངས་བཏང་། གོང་གི་དོན་ཚན་འདི་དག་སྤྱི་འཐུས་གྲོས་ཚོགས་ནས་བོད་མི་མང་ལ་མང་གཙོའི་ལེགས་སྐྱེས་སུ་གནང་བའི་སྲུབ་ཀྱང་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ཟིན་མཐོ་ཡིན་པ་ངོས་འཛིན་ཞུ་གི་ཡོད་།

  9. ཚེ་བརྟན་འགྱུར་མེད། says:
    2021-05-23 at 11:06 pm

    ཨ་ཁུ་འབྲོག་པས་གཏམ་བཏང་ན་ཡག་ཤོས་རེད་ཞུས་ན་གང་ལ་བྱང་པའི་ཆེ་བ་སྟོན་མཉམ་ལ་དེ་ལས་མི་ཤེས་པའི་སྨད་རའང་རྩིས་ཆོག འབྲོག་པ་གཞན་མི་ཤེས་ཀྱང་ཨ་ཁུ་འབྲོག་པ་ཁྱེད་གང་ཡིན་ཁྱེད་ཀྱི་རྩོམ་ནས་ཤེས་སོང་། ཁྱེད་རང་སྲིད་སྐྱོང་ལ་མི་དགའ་བས་བདེན་མིན་ལབ་གླེང་དཔེ་ན་མང་གཙོའི་ཀ་བ་བཅགས་པ་སོགས་ཟེར་གདའ། མང་གཙོའི་ཀ་བ་བཅོག་མཁན་གྲོས་ཚོགས་ཀྱི་གསུམ་ཆ་གཉིས་དེ་ཡིན་པ་ཁྱོད་ལས་གཞན་བོད་མི་ཚང་མས་ངོས་ལེན་ཞུ་བ་མི་མཐོང་ངམ།་དེ་བཞིན་བློ་སེང་ལ་ཕྱོགས་འཐེན་ཡོད་ཚུལ་ཟེར་བ་ལས་དོན་དུ་ཁྱེད་རེས་ལི་ཐང་དཔུང་བསྒྲིལ་ཅེས་བྲིས་པ་དེ་ཕྱོགས་འཐེན་མ་རེད་དམ་སོགས་ཞུ་རྒྱུ་མང་པོ་འདུག རང་ཆག་པ་མ་མཐོང་གཞན་གས་པའི་ལོ་རྒྱུས་དེ་ཁྱེད་ལ་རན་བདེ་ཨ།

    དེ་ལས་མི་ཤེས་ཅེས་པའི་ནང་ཁྱེད་ཀྱིས་སྲིད་སྐྱོང་ལ་མཐོང་ཚུལ་རྣམས་རེད། སྲིད་སྐྱོང་སུ་ཡིན་ཀྱང་བོད་མིའི་གནས་དོན་དག་འགྲུབ་དང་མི་འགྲུབ་པའི་ལས་འགན་དེ་ཁོ་བར་ཡོད་སྟབས་དེ་འགྲུབ་མཁན་གྱི་མི་དེ་གྲ་འགྲིག་རྒྱུ་དང་ལས་དོན་ནས་གཞོལ་རྒྱུའི་འགན་ཡང་ཁོ་བར་ཡོད་ཀྱང་སྐབས་འགར་གྲོས་ཚོགས་ནས་ཐག་གཅོད་ཀྱང་གནང་རྒྱུ་ཡོད་པ་བཀའ་བློན་རྣམ་པ་ལྟ་བུ་ཡིན། དེ་བཞིན་དམིགས་ཡུལ་མེད་ན་ལས་དོན་མེད་པ་ལྟ་བུ་རེད། དམིགས་ཡུལ་གལ་ཆེ་ཡིན་སྟབས་ཨ་རིའི་མི་ནག་པོའི་དབུ་འཁྲིད་མཱཊིན་ ལུ་ཐར་ཀིང་གིས་ ང་ལ་རྨི་ལམ་མམ་དམིགས་ཡུལ་ཤིག་ཡོད་ཅེས་པའི་གཏམ་དེ་གལ་ཆེར་བརྩི་་བ་མི་མཐོང་ངམ། དེ་བཞིན་བློ་སེང་གི་༸རྒྱལ་བ་རིན་པོ་ཆེ་བོད་པ་གདན་ཞུའི་དམིགས་བསམ་དེ་རེད། ཞུ་ཐུབ་པའང་སྲིད་ལ་མ་ཐུབ་པའང་སྲིད་རེད། དེ་བཞིན་བོད་མི་རྣམས་རང་ཁ་རང་གསོ་ཞུ་ཐབས་དེ་གལ་གནད་ཆེན་པོ་རེད། ད་ལྟ་མ་བྱུངཀྱང་ཡོང་རྒྱུའི་སྟ་གོན་སྔ་ས་ནས་ཞུས་ན་ག་ལེ་ག་ལེར་ཡོང་ངེས། ལས་འཆར་མེད་ན་གང་ཡང་ཡོང་རྒྱུའི་རེ་བསམ་གང་ནས་ཕྱོགས།

    བློ་སེང་ལ་དགའང་མི་དགའ་ནའང་གང་ལྟར་ཁོ་བས་ལོ་བཅུའི་རིང་ཁྱེད་རང་དང་ང་ཚོ་བོད་རིགས་ཚང་མའི་གནས་དོན་ཆེ་ས་ནས་བོད་མིའི་བདེ་མཐའ་སེལ་ཐབས་ནས་ཉིན་རེ་ཉིན་རེའི་བདེ་དོན་ཆེད་ལས་འགན་འཁུར་པའི་ད་ཆ་བོད་མིའི་ཚོགས་སྡེ་ཆེ་བ་བོད་ཀྱི་གཞོན་ནུ་དང་བོད་ཀྱི་བུད་མེད་ཚོགས་པ་སོགས་ཁག་བཞིའི་གཟེངས་བསྟོད་ཞུས་པ་སོགས་མང་པོ་གོ་རྒྱུ་འདུག་པ་ལས་མང་བ་ད་དུང་གོ་ཡོང་། སྲིད་སྐྱོང་འོས་མི་གསར་པར་ཡང་རྒྱལ་ཁབ་འགས་འཚམས་དྲི་གནང་བའང་བློ་སེང་གིས་མཐུན་འབྲེལ་དང་ཆབས་སྲིད་ཀྱི་འཕོ་འགྱུར་ལས་བྱུང་བའི་མཁར་མཐར་༸གོང་ས་མཆོག་གིས་མཛད་འཕྲིན་ལས་རྒྱས་པ་ཞིག་ཡིན་པ་ག་ནས་ཞུ་དགོས། དེ་སྔ་རྡ་སར་བོད་གཞུང་གིས་མཛད་གཙོར་འཁོད་ན་༸གོང་ས་མཆོག་གིས་བྱིན་མཐུ་ལས་འགྲིགས་ངེས་ཅེས་ཞུ་སྲོལ་ཡོད་ལ་ད་ལྟའང་དེ་ལྟར་ལོས་ཡིན། ༸གོང་ས་མཆོག་གིས་བྱིན་མཐུས་ལས་འགྲིགས་ངེས་ཞུ་དུས་སོ་སོའི་ནུས་པའི་འབད་བརྩོན་ཇི་ཡོད་ཞུ་རྒྱུ་ཡིན་པར་ངེས་པའི་ཆ་འཛིན་ཡོད་པ་ད་དུང་དེ་བཞིན་ངེས་དགོས་བ་ཡིན་ལགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme