Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་པོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་སྐུ་གཤེགས་པ་ཐོས་འཕྲལ།

Posted on 2022-12-23 By ཁ་བརྡ No Comments on གྲོགས་པོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་སྐུ་གཤེགས་པ་ཐོས་འཕྲལ།

རླངས་ཚང་བསོད་ནམས་རྡོ་རྗེ།

སྤྱི་ལོ་༢༠༠༧ལོའི་ཟླ་དང་པོའི་ནང་མི་རིགས་སློབ་ཆེན་དུ་དགེ་རྒན་ཟབ་སྦྱོང་ཞིག་ལ་ཆས་ཏེ། རེབ་གོང་རླངས་འཁོར་ས་ཚིགས་སུ་རེས་འཁོར་ལ་སྒུག་ནས་འདུག་སྐབས། ངོ་ཤེས་མི་ཤེས་ཀྱི་རེབ་གོང་གི་དགེ་རྒན་འགའ་ཡང་རླངས་འཁོར་དུ་བསྡད་སོང་། ངོ་ཤེས་གྲོགས་པོ་ཞིག་གིས་གསལ་བཤད་བྱས་པ་ལྟར་ཁོང་ཚོ་ཡང་ཟབ་སྦྱོང་དེར་ཞུགས་མཁན་རེད་འདུག་ལ། ང་རང་མཚོ་ཤར་ཡ་རྫི་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཡིན་པས་དེར་ཞུགས་དགོས་བྱུང་བ་རེད། ཞལ་རས་ལ་བརྩེ་འཛུམ་གྱིས་ཁེངས་ཤིང་གོན་པ་སྟབས་བདེ་གྲལ་དག་མོ་ཞིག་གྱོན་ཡོད་མཁན་ཁོང་ནག་ཀྱཱ་བ་ཤ་བོ་ཚེ་རིང་ཡིན་པའང་ཤེས་སོང་། རེབ་དེར་དབྱིན་དགེའི་ཟབ་སྦྱོང་ལ་ཞུགས་ནས་ང་ཚོ་ལྷན་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕྱི་འགྲིམས་སློབ་མའི་མལ་ཤག་ཏུ་ཟླ་ངོ་གཅིག་ལྷག་རིང་བསྡད་ཅིང་། འཛིན་གྲྭ་རིམ་པ་གཉིས་སུ་བཀར་འདུག་པས་ངེད་གཉིས་འཛིན་གྲྭ་མི་གཅིག་ནའང་སློབ་ཐུན་བར་གསེང་དང་དགོང་ཞོགས་ནམ་ཐུག་གི་དུས་སུ་ཁ་བརྡ་རྫོགས་རྒྱུ་མེད་པ་ལྟ་བུར་ཆགས་པས་གྲོགས་པོ་ནང་མར་གྱུར། ངེད་གཉིས་ནི་དགའ་ཕྱོགས་གཅིག་པའི་གྲོགས་པོ་ཡིན་པས་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན།

༢༠༡༠ལོར་<<གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ>>ཞེས་པའི་དེབ་དེ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་སྒོར་ཐོན་པ་དང་། ཁོང་གིས་བདག་ལ་དེབ་ཕུད་ཅིག་གནང་འདུག་པར་སྤྱི་ལོ༢༠༡༡ལོའི་ཟླ་༦པའི་ཚེས་༢༠ཞེས་བཀོད་འདུག མཚམས་ཤིག་ལ་དབྱིན་ཡུལ་དུ་སློབ་སྦྱོང་ལ་ཕེབས་ཤིང་། ལོ་ཤས་རྗེས་སུ་རེབ་གོང་རྫོང་སློབ་གསོ་ཅུས་སུ་ལས་གནས་སྤར་ནས་སློབ་དཔྱོད་ཁང་གི་འགན་འཛིན་དུ་བསྡད་སོང་བའི་རིང་ཡང་། བློར་འཛིན་དཔེ་ཆ་གཅིག་གྱུར་ལེགས་བསྒྲིགས་དང་། སློབ་མ་ཚོར་བོད་ཡིག་གི་བློ་རྒྱུགས་དང་ཡིག་གཟུགས་འགྲན་བསྡུར། དགེ་རྒན་ཚོར་དཔེ་སྟོན་སློབ་ཁྲིད་འགྲན་སྡུར། རྒན་བདེ་མཆོག་ལགས་དང་སློབ་གསོ་བ་གྲགས་ཅན་དཔལ་ལྡན་ཉི་མ་སོགས་གདན་ཞུས་ཀྱིས་ཕ་ཡུལ་ཕྱོགས་ཀྱི་དགེ་རྒན་ཚོར་འཆད་ཁྲིད་གནང་དུ་བཅུག་པ་སོགས་ཅི་ནུས་གང་ནུས་ཀྱིས་བྱ་བ་གནད་དུ་འཁེལ་བ་མང་དག་ཅིག་བསྒྲུབས་སོང་། ངེད་གཉིས་ལྷན་དུ་བོད་ཡུལ་སློབ་གསོའི་བགྲོ་གླེང་འདུ་ཚོགས་ཐེངས་གཉིས་ལ་ཞུགས་ཤིང་། མགོ་ལོག་གཅིག་སྒྲིལ་བར་གཞི་ཡུལ་ཚེའི་སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཟབ་སྦྱོང་ཅིག་གི་ཆེད་བར་གཞི་བོད་ཡིག་སློབ་ཆུང་དུ་མཉམ་དུ་ཕྱིན་པ་ཡིན། རེབ་དེར་ངེད་ཀྱིས་རླངས་འཁོར་བཏང་ནས་ཆུ་ཚོད་བཅུ་གཉིས་ཙམ་ལ་ཕྱིན་ལས་གཞི་ནས་སློབ་གྲྭ་དེར་འབྱོར་སྐབས་ཡུལ་དེའི་དགེ་རྒན་ཚང་མས་ཁ་བཏགས་བཟུང་ནས་བསུས་བྱུང་བས་སེམས་ལ་སྨྲ་ཤེས་པའི་ཚོར་བ་དང་གནོན་ཤུགས་ཤིག་གིས་གཅུན་ཡོང་བས་ཡིན་ནམ། ཡུལ་དེའི་ས་བབ་མཐོ་བས་ཡིན་ནམ། གྲ་སྒྲིག་བྱས་པའི་ཟ་མ་མཐའ་དག་དམར་ཟས་ཡིན་པས་གྲོགས་པོ་ཁོང་གིས་རེབ་གོང་ནས་འཐུང་བའི་ནངས་ཇ་ཁོ་ནས་གཟུགས་པོར་ནུས་པ་སྩོལ་མ་ཐུབ་པས་ཡིན་ནམ། ངེད་གཉིས་ལ་དེ་གའི་དགེ་རྒན་ཞིག་གི་ཤག་ཏུ་ཉལ་ས་གོ་སྒྲིག་བྱས་འདུག་པ་ལྟར་ངལ་གསོ་ལ་ཉེ་དུས་ཁོང་གི་གཟུགས་པོ་མི་བདེ་བ་ཆེ་ཙམ་བྱུང་བས་མཚན་དེར་གཉིད་ཡག་པོ་ཞིག་ཁུག་མ་ཐུབ་པའི་མུར་ནམ་ལངས། ཕྱི་ཉིན་གྱི་སློབ་ཁྲིད་སྐབས་སུ་ང་ལ་སྐྱོན་ཆེར་མ་བྱུང་ཡང་གྲོགས་པོ་ཁོང་གི་གཟུགས་པོ་མི་བདེ་བཞིན་དུ་དུས་ཚོད་རིང་པོར་འཆད་ཁྲིད་གནང་སོང་བས་ཁོང་གིས་གཟུགས་པོ་མི་བདེ་བ་ཡང་གཏན་ནས་བརྗེད་སོང་བ་ལྟར་འཆད་ཁྲིད་ཧ་ལས་པ་ཞིག་གནང་སོང་ཡང་། ངས་ཁོང་གི་ཞལ་ལ་ཡང་ཡང་ཅེར་དུས་གདོང་མདོག་སེར་ལམ་ལམ་ཆགས་འདུག་པས། ཕྱི་ཉིན་སློབ་ཁྲིད་གྲོལ་མ་ཐག་ས་དམའ་ས་ཞིག་ལ་སོང་ན་བཟང་བར་བསམ་ནས་རྨ་ཆུར་ཡོང་བ་དང་། ས་དེར་གྲོགས་པོ་འགས་མགྲོན་བསུ་རྒྱ་ཆེན་གནང་གྲུབ་རྗེས་གཅེས་ཕྲུག་གླིང་གཉིས་པར་ཏོག་ཙམ་བསྡད་རྗེས་ངེད་གཉིས་ལམ་ལ་བུད་ནས་རེབ་གོང་ལ་ཐོན་དུས་མཚན་གྱི་ཆུ་ཚོད་བཅུ་གཅིག་ཙམ་རེད། ཁོང་གི་ཆུང་མའི་སེམས་ཁ་མ་བདེ་བར་ལམ་ཁར་སྒུག་ནས་འདུག ང་ཚོ་འཕྲད་མ་ཐག མོས་གཟུགས་པོ་བདེ་མིན་ཅི་འདྲ་བྱས་ཀྱང་། སློབ་གསོའི་ལས་ཀའི་ཆེད་དུ་ང་ལ་བཀག་འགོག་མ་བྱེད་ཟེར་བ་ལྟར་འགོག་གི་མེད་ཀྱང་ཁོང་ལ་གཅིན་པ་མངར་འགྱུར་གྱི་ནད་ཡོད་པས་ད་ཐེངས་དངོས་ནས་སེམས་བདེ་ལ་འབབ་མ་ཐུབ་པར་ལུས་ཡོད། ཁྱོད་དང་ལྷན་དུ་ཡོད་པས་ཞེ་ཅུང་ཙམ་བདེ་མོང་ཟེར་ཡང་། མོའི་གདོང་མདོག་གིས་བདག་ཀྱང་སེམས་སྐྱོ་བར་བྱས།ཁོང་ནི་ནམ་རྒྱུན་སློབ་གསོའི་ལས་དོན་ལ་བློ་དཀར་ཞིང་། ལྷག་བསམ་ཟོལ་མེད་དང་ཚགས་བརྩོན་ཁ་ལག་མཚུངས་པའི་མི་ཞིག་ཡིན་སྟབས། ཉིན་མོར་ལས་ཁུངས་ཀྱི་ཕྱག་ལས་ཆད་མེད་དུ་གནང་ཞིང་མཚན་མོ་དང་གཟའ་མཇུག་ལ་རྩོམ་འབྲི་དང་ཞིབ་འཇུག འཆད་ཁྲིད་སོགས་ལ་གྲ་སྒྲིག་གིས་ནམ་ཡང་ལྷོད་གཡེང་བྱེད་པར་མི་སྤྲོ་ཞིང་།

སྐབས་ཤིག་ནས་ནག་ཀྱཱ་བའི་སློབ་གསོའི་འཕྲིན་སྟེགས་ཟེར་བ་ཞིག་གཉེར་ནས་ཀྱང་འབད་འབུངས་ལྷོད་མེད་གནང་། ས་ཆ་གང་སར་འཆད་ཁྲིད་དང་གཏམ་བཤད་ཆེད་གདན་ཞུ་གནང་སྐབས་ཀྱང་གཟུགས་པོ་བདེ་མིན་ལ་ལྟོས་མེད་ཀྱིས་ཕེབས་རྐྱང་གནང་ཡོད་པ་ལྟར་འཆད་ཁྲིད་དང་གཏམ་བཤད་ཁག་ཅིག་ལ་ད་སྐབས་དྲ་ལམ་ནས་ཉན་ཆོག

༢༠༡༦ལོའི་ལོ་སྨད་ཙམ་ལ་ཁོང་གི་བརྩམས་ཆོས<<བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག>>ཅེས་པ་དཔར་འགྲེམ་གནང་བ་དང་། གུས་པར་ཡང་པར་ཕུད་ཅིག་གནང་འདུག་པར་སྤྱི་ལོ་༢༠༡༧ལོའི་ཟླ་བཞི་བའི་ཚེས་༡༡ཉིན་ཞེས་བྲིས་འདུག སྤྱི་ལོ༢༠༡༩ལོའི་ལོ་མགོ་ཙམ་ལ་རྨ་ལྷོ་ཁུལ་སློབ་གསོ་ཅུས་ནས་སྔོན་འགྲོ་སློབ་གསོའི་སྐོར་གྱི་དགེ་རྒན་སྤྱོད་དེབ་ཅིག་འབྲི་མཁན་གྱི་ཚོགས་ཆུང་ཞིག་བཙུགས་པའི་ནང་དུ་ཡང་ངེད་གཉིས་མཉམ་དུ་བཞག་འདུག་པས་ཟླ་ངོ་འགའ་ཤས་རིང་ལ་ཚོགས་འདུ་སོགས་ལ་མཉམ་ཞུགས་བྱས་ཤིང་། རྨ་ལྷོའི་རྫོང་ཁག་བཞི་བོའི་དགེ་རྒན་འགའ་ཡོད་པ་ཚང་མས་ཧུར་ཐག་གིས་ལས་ཀ་བྱེད་བཞིན་པའི་སྐབས་ཤིག་ལ་ང་ལ་ཁ་པར་ཡོང་ནས་ལས་ཀ་མང་པ་དང་གཟུགས་པོ་བདེ་མིན་གྱིས་ངས་ཚོགས་ཆུང་དེ་ནས་དགོངས་པ་མ་ཞུས་ཐབས་མེད་ཆགས་སོང་ཡང་། བོད་ཁམས་སྤྱིའི་སྔོན་འགྲོ་སློབ་གསོ་ཡར་རྒྱས་ཀྱི་ཆེད་དུ་ཁྱེད་ཀྱིས་འབད་པ་བྱེད་རོགས་ཟེར་བས་ངས་ཀྱང་འབད་པ་བྱེད་རྒྱུ་ཁས་བླངས་པ་ཡིན། ལོ་དེའི་དབྱར་གཞུང་ཞིག་ལ་ང་རང་བླ་བྲང་ན་ཡོད་སྐབས་ཁ་པར་ཡོང་ནས་སྐྱེས་ཡུལ་གྱི་སྡེ་བའི་ནང་ན་ཤིང་ཁང་ཞིག་ལས་བཞིན་ཡོད། འགྲུབ་སོང་ན་ང་ཚོས་དཔེ་ཀློག་དང་བགྲོ་གླེང་འདུ་འཛོམས། ཇ་འཐུང་ཞོར་ཁ་བརྡ་བྱས་ནས་བསྡད་ཆོག་པ་སོགས་གླེང་སོང་བས་གོ་སྐབས་དེ་མངོན་འགྱུར་ཡོང་བར་སྒུག་བསྡད་པ་ཡིན། བླ་བྲང་ནས་ཉོས་ཡོང་བའི་ལྕགས་ལུང་བསྐྱལ་ནས་ཁྱིམ་ལ་སོང་དུས་ཆུང་མ་ལས་མི་འདུག་པས་ཁང་བའི་བཟོ་ཉམས་ཁྱད་པར་ཅན་དེ་ནི་ཁོང་གིས་བདག་ལ་བཤད་པའི་འཆར་གཞི་ལྟར་བསྐྲུན་འདུག ལ་ཁང་བའི་མཐའ་འཁོར་ཡོངས་མེ་ཏོག་གིས་ཁེངས་འདུག 

སྤྱི་ལོ་༢༠༢༠ ལོའི་ལོ་གསར་སྐབས་ངས་ཁོང་ལ་ལོ་གསར་ཤིས་ཚིག་ཅིག་བསྐུར་ཡང་ལན་ཡོང་རྒྱུ་མ་བྱུང་ལ་ཁ་པར་བཏང་ཡང་ལེན་མཁན་མ་བྱུང་། དེ་ནས་ཡུན་རིང་མ་ཕྱིན་པར་ཁོང་གི་སྤྱན་གྱིས་མ་གཟིགས་པས་པེ་ཅིན་དུ་སྨན་ཁང་ནང་ཡོད་པ་གོ་ཐོས་བྱུང་། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་རྐང་བཙུགས་ནས་སྙུན་འདྲིར་སོང་སྐབས་མིག་ཡ་གཅིག་བཤགས་བཅོས་བྱས་ཤིང་། སྨན་པས་ལེགས་འགྲུབ་བྱུང་འདུག་ཟེར་བས་ག་ལེར་མཐོང་ཡོང་ངེས་ཞེས་རེ་བ་རྒྱག་གིན་འདུག མིག་གཉིས་ཀ་ལོང་བར་གྱུར་འདུག་ཀྱང་གཟུགས་པོའི་མདངས་ནི་སྔར་བཞིན་རེད་འདུག་པས་ངས་ཕྱི་རྒྱལ་ནས་ཁོང་ལ་ཆེད་དུ་ཉོས་པའི་རིན་ཆེན་ལྕགས་རིལ་ཆེན་པོ་ཤོག་སྒམ་གཉིས་ཕུལ་ནས་དེ་བསྟེན་སྟངས་སོགས་གསལ་བཤད་དང་། སེམས་ཁམས་སྙོམ་སྒྲིག་ལ་ཕན་པའི་དཔེ་ཆ་ཞིག་ཕུལ་ནས་མཚམས་རེར་བུ་མོར་འདོན་དུ་འཇུག་ཐུབ་མ་ལེགས་ཚུལ་སོགས་ཀྱི་རེ་བ་ཞུས་ཤིང་། ཉིན་གང་བོར་ང་རང་ཁོང་དང་ཁ་འབྲལ་མི་ཐུབ་ལ་ལྟ་བུའི་ཚོར་བས་གཅུན་པའི་རིང་ཁོང་གིས་སློབ་གསོའི་སྐོར་རྐྱང་རྐྱང་གླེང་ནས་བསྡད་སོང་། མཚམས་རེར་དངན་པ་རིང་པོ་རེ་འཐེན་ཞོར་། སེམས་ན་དཔའ་གདེང་ཅུང་ཟད་མེད་མཁན་ཞིག་གི་མིག་གློ་བུར་དུ་ཞར་སོང་ན་སྨྱོན་པ་ཆགས་རྒྱུའི་ཉེན་ཁ་འདུག ང་རང་ཅུང་དྲག་གི་གསུངས་སོང་ཡང་གནས་བབ་དེར་སེམས་ཀྱིས་མྱངས་དུས་ཞེ་རྩ་འཁྱག་སོབ་སེར་ཡོང་བ་ཞིག་རེད་ལ། སེམས་གཏིང་ནས་འཇིགས་ཡོང་བ་ཞིག་ཀྱང་རེད། དེའི་རྗེས་ཤིག་ལའང་སློབ་གཙོ་དབང་མཚོ་དང་དགེ་རྒན་ལྷ་མོ་བཅས་དང་ལྷན་ཁོང་སར་ཐེངས་གཅིག་ཕྱིན་པ་དང་། ང་རང་གཅིག་པུ་ཡང་ཐེངས་རེ་ཟུང་ལ་ཕྱིན་པ་ཡིན། སྐབས་དེ་ཙམ་ཞིག་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྣེ་ཁྲིད་དང་བཅས་ང་ཚོ་མང་པོ་ཞིག་གིས་བྱིས་པའི་ཀློག་དེབ་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་པའི་ཁྲོད་ལོང་ཡིག་བྱིས་སྒྲུང་འབྲི་བའི་ལས་གཞི་ཞིག་གླེང་སློང་བྱས་ཚུལ་བཤད་པ་ན། གྲོགས་ནག་ཀྱཱ་བས་ངས་ཀྱང་ལོང་ཡིག་སྦྱང་ན་ཡག་ས་རེད་གོ་ལབ་སོང་ཡང་། ངས་ཁྱེད་ཀྱི་མིག་དྲག་འགྲོ་ནི་རེད་ལབ་ལ་ཡིན། ཁོང་གིས་གློག་ཀླད་དུ་དཔར་ཆོག་ཆོག་གི་དེབ་འགའ་ཡང་ཡོད་ཟེར་བ་ལས་ག་རེའི་སྐོར་ཡིན་མིན་གསལ་ཁ་བཏོད་མ་སོང་། སྐབས་དེ་ཤེད་ཅིག་ནས་ཁོང་གི་ཁ་པར་སྒོ་རྒྱབ་རྒྱབ་ལ་བཞག་འདུག་པས་ཐབས་ཤེས་གཞན་མ་བྱུང་། ནམ་རྒྱུན་ཡིད་ལ་ལན་གྲངས་དུ་མར་འཆར་ན་ཡང་དངོས་སུ་འཕྲད་དུ་འགྲོ་རྒྱུ་ནི་དེ་ལྟར་དོན་ཐོག་ལ་འགྲོ་སླ་བ་ཞིག་མི་འདུག་པས་དུས་ཚོད་གང་འཚམས་འགོར་སོང་། ཐེངས་ཤིག་ཁོང་ཚང་གི་ཁྱིམ་གཟས་ནས་སོང་བ་ན་སྔོན་གྱི་ཁང་བ་དེ་བཙོང་ནས་གཞན་ཞིག་ཏུ་སྤར་སོང་ཟེར་བ་ལས་གར་ཡོད་མ་ཤེས་པས། ཕྱིས་སུ་ཁོང་གི་ཆུང་མས་འགྲོ་འདུག་སྟབས་བདེ་ཕྱིར་གློག་སྐས་ཡོད་ས་ཞིག་ཏུ་ཁང་བ་ཉོས་ནས་བསྡད་ཡོད་པ་དང་མཁལ་མའང་ནད་པ་ཆགས་སོང་ཟེར་མོད། ཁོང་སར་འགྲོ་འདོད་ཀྱི་འཆར་གཞི་དེ་ཡང་སང་འགྱངས་གནངས་འགྱངས་ཀྱིས་འདས་སོང་། 

༢༠༢༢ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་སྟབས་མ་འགྲིག་པར་ང་ཚོའི་སློབ་གྲྭའི་བྱིས་པ་ཞིག་གི་ལག་པ་བཅག་པས་ངས་དེ་སྨན་ཁང་དུ་ཁྲིད་ནས་སོང་སྐབས། ཁོང་དང་ཆུང་མ་གཉིས་ལ་ཁུལ་སྨན་ཁང་གི་ར་སྐོར་ནང་འཕྲད་སོང་། ཁོང་གི་གདོང་མདོག་ནག་ཅིང་ཤ་རིད་པ། སྐད་མགོ་དམའ་བ་བཅས་ཀྱིས་མཆི་མ་གདོང་ལས་ཟགས་ལ་ཉེ་བ་བྱུང་ཡང་ཁོང་གིས་ཤེས་པར་དོགས་ནས་ཡུན་ཙམ་རིང་སྨྲ་བའང་འགག ངས་ཁྱེད་གཉིས་རླངས་འཁོར་གྱིས་ཁྱིམ་ལ་བསྐྱལ་ཆོག་ཞུས་ཀྱང་། ད་རུང་མི་འགྲོ་ཟེར་བས་ང་ལའང་ཐབས་ཤེས་གཞན་མ་བྱུང་།

དེའི་མུར་ཁོང་སར་འགྲོ་འདོད་ཀྱི་སེམས་པ་དེ་མ་བོར་བར་ལུས་ན་ཡང་འཕྲད་རྗེས་ཁ་འབྲལ་མི་ཕོད་པའི་སེམས་ཁམས་ལྕི་མོ་དེར་ཁ་གཏད་གཅོག་མ་གྲུབ་པར་དོ་ནུབ་བར་ལུས་སོང་། དོ་ནུབ་ཁོང་སྐུ་གཤེགས་པ་ཐོས་འཕྲལ་སེམས་གཏིང་ནས་སྐྱོ་བ་གནོན་མི་ཐུབ་པ་ཞིག་བྱུང་བའི་མུར་འདས་དོན་ལས་དྲན་ཚོར་རབ ང་རགས་པ་དག་ཡི་གེར་བཀོད་དེ་མྱ་ངན་ཞུས་པ་ཡིན། སྤྱིར་ན་གྲོགས་འདས་པོ་ཁོང་དད་ངེད་གཉིས་ནི་སློབ་གསོ་ལས་དོན་གྱིས་མཉམ་དུ་བསྡུས་ཤིང་། བསམ་ཕྱོགས་དང་དམིགས་ཡུལ་ཕལ་ཆེར་གཅིག་པའི་ངོས་ནས་གྲོགས་པོ་ནང་མར་ཆགས་པས། དོ་ནུབ་གློ་བུར་དུ་ཚོམ་དེ་ནི་ཡལ་ཐབས་ཤིག་རྩ་བ་ནས་མི་འདུག སྙིང་ཉེ་བའི་གྲོགས་མཆོག གངས་རི་དང་རྩྭ་ཐང་གིས་ཁྱེད་ཀྱི་བྱས་པ་དག་ནམ་ཡང་བརྗེད་མི་སྲིད། བདེ་བར་ཐོས་པའི་བརྡ་འདི་བདེན་པ་ཡིན་ནམ་སྙམ་པའི་ཐེ་བཞུད་ཆོག

ཁོང་ནི་སྤྱི་ལོ་༡༩༧༣་གོང་སྨད་པ་ནག་ཀྱཱ་སྡེ་བར་སྐུ་འཁྲུངས་ཤིང་། མིང་གཞན་ལ་ནག་པ་ཚེ་རིང་ཡང་ཞུ། ༡༩༩༠ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་ཞུགས་ཏེ་༡༩༩༥ལོའི་ཟླ་བདུན་པར་སློབ་མཐར་ཕྱིན། ལོ་དེར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས་ནས་སྤྱི་ལོ་༡༩༩༨ལོའི་ཟླ་བདུན་པར་<<གེ་སར་སྒྲུང་ལས་བླའི་རིག་གནས་སྐོར་རགས་ཙམ་བརྗོད་པ>>ཞེས་པའི་མཐར་ཕྱིན་ཆེད་རྩོམ་གྱི་དམ་བཅའ་བཞག་ནས་སློབ་མཐར་ཕྱིན། ལོ་དེའི་ཟླ་དགུ་བར་ཕ་ཡུལ་དུ་ལོག་ནས་དགེ་རྒན་གྱི་ལས་ཀ་གཉེར་ཞིང་། སྤྱི་ལོ་༢༠༠༩ལོའི་ཟླ་དགུ་བར་རེབ་གོང་དབྱི་ཧྥུ་མི་རིགས་སློབ་འབྲིང་ནས་རྫོང་སློབ་དཔྱོད་ཁང་དུ་ལས་གནས་སྤར། <<རེབ་གོང་སློབ་གསོ>>དང་<<རེབ་གོང་སློབ་གསོའི་བརྙན་དེབ>>སོགས་རྩོམ་སྒྲིག་བྱས།

སྤྱི་ལོ༢༠༡༡ལོར་དབྱིན་ཇིའི་རེན་ཇེན་སློབ་ཆེན་དུ་སློབ་སྦྱོང་ལ་ཕྱིན་ནས་ཟླ་ངོ་འགའི་རིང་སློབ་སྦྱོང་དང་ཉམས་ཞིབ་བྱས། ཁོང་གིས་<<བོད་ལྗོངས་ཞིབ་འཇུག་>>དང་<<ཀྲུང་གོའི་བོད་ཀྱི་ཤེས་རིག>><<བོད་ལྗོངས་་སློབ་གསོ་>>སོགས་སུ་དཔྱད་རྩོམ་མང་པོ་བཀོད་ཡོད་པ་དང་། བརྩམས་དེབ་ལ་<<གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ།>> དང་<<བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག>>སོགས་ཡོད་པ་བཅས་སྐུ་ཚེ་གང་བོར་དགེ་རྒན་དང་ཞིབ་འཇུག རྩོམ་འབྲི། འཆད་ཁྲིད་དང་གཏམ་བཤད་སོགས་གནང་ཤེས་རིག་སློབ་གསོའི་ཕྱོགས་ལ་འབད་འབུངས་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ན་ཡང་། ཤས་གོང་ནས་སྟུང་གཞིས་ཟིན་ཡོད་པར་བརྟེན་སྤྱི་ལོ་༢༢ལོའི་ཟླ་༡༢ པའི་ཚེས༢༢ཉིན་ཕ་ཡུལ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།

དྲན་ཐོ།

Post navigation

Previous Post: སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་པར་མྱ་ངན་ཞུ།
Next Post: ༄༅། །ལྷ་རྗེ་གཡང་དགའ་རྗེས་སུ་དྲན་པ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme