Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོག་མ་ལ་མིག་མེད་པ་ཨེ་ཡིན།

Posted on 2015-06-012015-06-02 By ཁ་བརྡ 25 Comments on གྲོག་མ་ལ་མིག་མེད་པ་ཨེ་ཡིན།

imageརྟ་དབྱངས།
གྲོག་མ་མིག་ཡོད་བདེ་བའི་ཆེད་དུ་རྒྱུག་ཟེར་ན་འགྲིག ང་ཚོ་མི་མང་བོ་ཞིག་གིས་ད་བར་དུ་གྲོག་མ་ལ་མིག་མེད་ཀི་བསམ་གྱིན་ཡོད། དེས་མི་ཚད་མཁས་པ་མི་ཉུང་བ་ཞིག་གི་ཞལ་ན་དགེ་ཆོས་ཀྱི་རྩོམ་ནང་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག་ཟེར་བའི་ཚིག་དེ་སྤོབས་པ་ཆེན་པོས་ངག་ལ་གྱེར་བཞིན་ཡོད།
ཡིན་ན་ཡང་། གྲོག་མ་ལ་མིག་ཡོད་པ་མ་ཟད་ཀླད་པ་ཡང་ཡོད་པ་ཚན་རིག་པས་ལོ་མང་ཞིབ་འཇུག་བྱས་ཏེ་བཙལ་རྙེད་བྱུང་ཡོད།

གྲོག་མའི་མིག་ནི་ང་ཚོའི་མིག་དང་མི་འདྲ་བར་རྫས་སྦྱོར་ལས་གྲུབ་པའི་མིག་ཆུང་ཆུང་མང་བོ་མཉམ་དུ་གྲུབ་ཡོད་པ་རེད་ཅེས་ཚན་རིག་པ་རྣམས་ཀྱིས་སྡོམ་ཚིག་བཀོད་ཡོད། དེའི་སྐོར་གྷོ་གལ་ Google དང་ཡུ་ཌོབ་ YouTube སོགས་ན་རྩོམ་ཡིག་དང་བརྙན་པར་མང་པོ་འདུག

དཔེར་ན། ཝེ་ཀེ་རིག་མཛོད་ Wikipedia ཞེས་པའི་དྲ་ངོས་ན། གྲོག་མོའི་མིག་ནི་འདྲེས་སྦྱོར་མིག་ཡིན་ལ་ལེན་ཤེལ་ཆུང་ཆུང་མང་བོས་མཉམ་དུ་མཐུད་དེ་འཆིང་འདུག འགུལ་སྐྱོད་མྱུར་མོ་མཐོང་བར་གྲོག་མའི་མིག་བཟང་། འོན་ཀྱང་། འཆར་གཟུགས་ཆེན་པོ་ཐག་གཅོད་གཏན་ལ་འབེབ་མི་ཐུབ།
གྲོག་མའི་མགོ་རྩེ་ན་མིག་རྟགས་ཆུང་ཆུང་གསུམ་ཡོད་པ་དེ་དག་གིས་གློག་འོད་མཐོ་དམན་འཇལ་བ་དང་འོད་གསལ་བོར་རིག་ཅེས་འདུག ཝེ་ཀེ་རིག་མཛོད་ནི། མི་སྟོང་ཕྲག་བརྒྱ་བཅུ་ལས་མང་བ་ཞིག་གིས་རིག་གནས་སྣ་ཚོགས་སྐད་ཡིག་མང་པོའི་ནང་འབྲི་སྤེལ་བྱས་དང་བྱེད་བཞིན་ཡོད་པ་དང་། རྩོམ་ཡིག་རིང་ཐུང་སྣ་ཚོགས་ས་ཡ་བཅུ་དགུ་ལས་མང་བ་ཡོད་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཟླ་གཅིག་ནང་ལ་ལྟ་ཀློག་བྱེད་མཁན་ས་ཡ་བཞི་བརྒྱ་བརྒལ་གྱི་ཡོད་པའི་དྲྭ་ལྗོངས་ཤིག་ཡིན། དྲ་མཛོད་འདི་དོན་གནས་མང་དག་ཁུངས་གཏུགས་དང་དར་སྲོལ་ཆེ་ཤོས་ལྟ་བུ་རེད།

ད་ནི་མུ་མཐུད་ནས་ཞུས་ན། ང་ཚོ་འགྲོ་བ་མིའི་ཀླད་པའི་ནང་ན་ཀླད་རྩ་ས་ཡ་བཅུ་(10,000,000 million cells.)ཡོད་པ་དང་གྲོག་མ་ལ་ཀླད་རྩ་(250,000)ཡོད་པ་དང་གྲོག་ཚང་ངམ་གྲོག་མའི་ཁྱུ་ཚོགས་རེར་གྲོག་མ་སྟོང་ཕྲག་ཡོད་པ་དེ་འདྲ་སྟོང་ཕྲག་བཞི་བཅུའི་(40,000)ཀླད་པ་ནི་ང་ཚོ་མི་གཅིག་གི་ཀླད་པའི་ཆེ་ཆུང་གཅིག་པ་ཡིན་པ་དང་། འབུ་སྲིན་ནང་ནས་ཀླད་པ་ཆེ་ཤོས་གྲོག་མ་རེད་ཟེར།

དེ་ཡིན་ན་གྲོག་མ་ལ་མིག་ཡོད་པ་མ་ཟད་ཀླད་པའང་ཡོད་ཅེས་ཚན་རིག་པས་བརྟག་དཔྱད་ལོ་མང་བྱས་ནས་ལྷང་ངེར་བུད་འདུག་པ་མ་ཟད། འཛམ་གླིང་འདིའི་སྟེང་ན་གྲོག་མའི་རིགས་མི་འདྲ་བ་སྟོག་ཕྲག་སུམ་བཅུ་སོ་ལྔ་ཡོད།
ཤིང་ནགས་གྲོག་མ་ལོ་བདུན་ནས་བཅུར་འདུག་གི་ཡོད་པ་དང་། གྲོག་མའི་རྒྱལ་མོ་ནི་ལོ་བཅུ་ནས་ཉི་ཤུ་བར་གསོན་ཐུབ། སྤྱིར་བཏང་གྲོག་མའི་ཚེ་ཚད་ནི་ཉིན་གྲངས་བཞི་བཅུ་ཞེ་ལྔ་ནས་དྲུག་ཅུ་བར་ཡིན།་

ང་ཚོའི་མི་རབས་འདི་ལ་གྲོག་མ་མིག་མེད་ཟེར་ནས་ཚིགས་བཅད་དེ་འགྲིག་སོང་བ་རེད། འོན་ཀྱང་། ང་ཚོས་མ་འོངས་པའི་བྱིས་པ་ཚོར་གྲོག་མ་མིག་མེད་ཅེས་བཤད་ན་མི་འོས། གྲོག་མ་མིག་ཡོད་ཟེར་དགོས་རྒྱུ་རེད། ད་ལྟ་ང་ཚོས་གྲོག་མ་ལ་མིག་ཡོད་པ་ཤེས་བཞིན་དུ་གྲོག་མ་མིག་མེད་ཟེར་ན་མི་འགྲིག

དེ་འདྲ་ཡིན་ཙང་། བདག་གིས་བར་སེང་གི་ཆུད་ཚོད་བེད་སྤྱད་ནས་ཡར་ལྟ་མར་ལྟ་རེ་བྱས་ནས་རྩོམ་ཐུང་འདི་བྲིས་པ་ཡིན།

སྣ་ཚོགས།

Post navigation

Previous Post: བསྟན་རྡོར་གྱི་བརྙན་ཐུང་ཞིག་མཐོང་བའི་སེམས་ཚོར།
Next Post: འཁྲུངས་སྐར་སྲུང་བརྩི་བྱ་ཚུལ་ལ་བསམ་ཚུལ་མདོ་ཙམ་བརྗོད་པ།

Comments (25) on “གྲོག་མ་ལ་མིག་མེད་པ་ཨེ་ཡིན།”

  1. རྟ་བདུན་དབང་བོ says:
    2015-06-02 at 1:21 am

    ཚན་རིག་པས་གྲོག་མ་ལ་མིག་འདུག་ཅེས་བརྗོད་ན་ཁས་ལེན་མ་བྱས་རང་བྱས་རེད། ཁོང་ཚོས་ཕྲ་མཐོང་འཕྲུལ་ཆས་བེད་སྤྱོད་བཏང་སྟེ་བཤད་པ་ལས་ཚོད་དཔག་བྱས་པ་མ་རེད། །ཤིག་ལའང་མིག་ཡོད་ན་གྲོག་མར་ཀྱང་མིག་དགོས་རྒྱུ་ལྟ་བུ་རེད། །

  2. དཔལ་གློ་བོ་རྒྱལ says:
    2015-06-02 at 3:01 am

    སྲོག་ཆགས་གྲོགས་མ་ལ་མིག་ཡོད་པ་ཚན་རིག་གིས་བཤད་པ་ལ་ཡིད་ཆས་བྱེད་དཀའ་བ་ཡིན།ཚན་རིག་པས་རྟགས་དཔྱད་བྱས་ནས་མིག་རྙེད་ཡོད་ན་ཁུངས་ལྡན་ཨེ་ཡོད།ཚན་རིག་པའི་རྗེས་འབྲང་ཙམ་མིན་པར་རང་ཉིད་ཀྱིས་དཔོད་དགོས་རེད།གཞི་ནས་ངེས་ཤེས་སྐྱེས་ན་ཕལཆེར་འགྲིག་འགྲོ་གི་རེད།སྔོན་མཁས་དབང་ཚོ་ལ་ཟུར་ཟ་ཙམ་མ་ཡིན་པར་དཔྱད་པ་བྱེད་རོགས།

  3. དོན་འགྲུབ says:
    2015-06-02 at 3:29 am

    འ་རོ་གྲོག་མར་མིག་མེད་ཅེས་པ་ནི་དབང་ཤེས་ལྔའི་ནང་གི་མིག་ཤེས་ཀྱི་རྟེན་བྱེད་པའི་མིག་དབང་རང་མཚན་པ་མེད་ཅེས་པ་རེད་མ་གཏོགས། གཟུགས་མཐོང་བྱེད་ཀྱི་ཤེས་པ་མེད་ཅེས་པ་མ་རེད། དཔེར་ན་སྦྲུལ་ལ་རྣ་དབང་མེད་པས་མིག་གི་དབང་བོ་དང་རྟེན་བརྟེན་པའི་འབྲེལ་བ་ཅན་གྱི་ཤེས་པ་ཞིག་གིས་སྒྲ་གོ་བར་བྱེད་པ་ཡིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་དེ་མིག་ཤེས་ཡིན་མིན་དཔྱད་གཞིར་གྱུར་ཡོད།རང་རེའི་བོད་ཀྱི་རིག་གཞུང་ནང་ཅི་ཕྱིར་སྲོག་ཆགས་ཕྲ་མོ་དག་ལ་དབང་བོ་ལྔ་ཚང་མིན་བརྟག་དགོས་བྱུང་བ་རེད་དམ་ཞེ་ན། དེ་དག་ལ་རྟེན་པའི་དབང་ཤེས་ལྔའི་རྣམ་གཞག་གཏན་ལ་འབེབས་ཕྱིར་རོ། དེས་ན་གྲོག་མར་མིག་མེད་པར་མཁས་པའི་བཤད་པ་རྫུན་དུ་མ་བསྒྱུར་བའི་སྔོན་ལ་རང་ཉིད་ལ་མིག་ཡོད་པར་བགྱི་བ་གལ་ཆེ་སྙམ། རང་གི་མི་ཤེས་པ་གཞན་འགེབ་ཟེར་བ་འདི་རེད།

  4. ཁྱུང་སེ། says:
    2015-06-02 at 3:47 am

    བོད་ཀྱི་མཁས་པ་རྣམས་ཀྱིས་དཔྱད་པ་ནི་ལུག་ཆུ་ལ་མཆོང་ཚུལ་རང་རེད། དེ་མིན་གྲོག་མ་ལ་མིག་ལོས་ཡོད། དེ་ཚན་རིག་གིས་མིག་མཐོང་ལག་ཟིན་བྱུང་བ་རེད། བོད་ཀྱི་མཁས་པ་རྣམས་ཀྱིས་གྲོག་མ་ལ་མིག་ཡོད་མེད་དཔྱད་པ་ཕྲ་ཞིབ་བྱས་ཚུལ་ཡོད་དམ་ཁ་རྒྱུན་ཙམ་གྱིས་སྒྲོགས་པ་རེད། དཔེར་ན་བོད་ཀྱི་མཁས་པ་བླ་སྤྲུལ་དགེ་བཤེས་མཁན་པོ་ཚོས་མུ་སྟེགས་ཀྱི་གྲུབ་མཐར་ཉིན་གཅིག་ཀྱང་སྦྱོང་བ་མ་བྱས་པར་མུ་སྟེགས་རྟག་ཆད་གཉིས་ཀྱི་མཐའ་ལ་ལྷུང་ཚུལ་དང་རང་ཉིད་མཐའ་ཐམས་ཅད་ལ་གྲོལ་ཚུལ་རྐྱང་རྐྱང་བཤད་པ་ལྟ་བུ་རེད། དེ་ལ་བོད་ཀྱི་གཏམ་དཔེར། ཤོག་ཐོག་ཏུ་བྲོ་བརྡུང་ཚུལ་ཅེས་བཤད་པ་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-06-02 at 4:39 am

    གྲོག་མའི་མིག་ནི་ང་ཚོའི་མིག་ནང་བཞིན་མེད་ཙང་མིག་མེད་ལབ་པ་རེད། དེའི་ཚབ་ལ་ཅིག་ཡོད་པས། མིག་ཡོད་པ་གྲུབ་མི་ཐུབ། དེ་བཞིན་སྦྲུལ་ལ་ཡང་ཨམ་ཆོག་གམ། རྣ་བའི་རྣ་ཤེས་མེད་པ་འདྲ། དེའི་ཚབ་ལུས་ཀྱི་ཚོར་ཤེས་བེད་སྤྱད་བགྱིན་ཡོད་པ་འདྲ།

  6. ཁྱུང་སེ། says:
    2015-06-02 at 5:09 am

    གྲོག་མ་ལ་རྐང་ལག་མེད་ལབ་དགོས་སམ། ང་ཚོའི་རྐང་ལག་ནང་བཞིན་མེད་པའི་ཕྱིར་ཁྱབ་པ་འགྲིག དེ་བཞིན་གྲོག་མ་ལ་གཟུགས་པོ་མེད་པར་ཐལ། ང་ཚོའི་གཟུགས་ནང་བཞིན་གྱི་གཟུགས་པོ་མེད་པའི་ཕྱིར་རྟགས་དོན་གྱིས་གྲུབ། ཁྱབ་པ་ཁྱེད་ཀྱིས་ཁས་བླང་གིས་གྲུབ་པའི་ཕྱིར། ཧ་ཧ་ཧ་ཁྱབ་ལོག་ལུང་པ་གང་འདྲག་བཞག།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-06-02 at 5:17 am

    དིང་སང་གི་མི། མིག་གཉིས་ཀ་ལོང་བ་དེ་ལ། མིག་ཡོད་པར་ཐལ། རང་གི་མཛུམ་མོས་ཚགས་པར་ཀློག་པའི་ཕྱིར། ཟེར་ན། ལན་ཅི་ཡོད།

  8. ཁྱུང་སེ། says:
    2015-06-02 at 5:32 am

    ཧ་ཧ་ཧ་སུས་ཁས་ལེན་བྱས་སོང་ངམ། ཁས་ལེན་མེད་པའི་རྟགས་བསལ་རེད་ད་་་དེ་ལ་རྟོག་གེ་བས། འདྲེ་ཤར་སྒོར་བཞག་ནས། གླུད་ནུབ་སྒོར་བཏང་སོང་ཟེར་བ་རེད། ཀློག་ན་མིག་གིས་ཀློག་དགོས་པ་མ་རེད་་་་བློར་འཛིན་གྱིས་ཀློག་ཆོག་གི་རེད། ཧ་ཧ་ཧ་ཡང་ཁྱབ་ལོག་གཅིག་འདྲག་སོང།

  9. ཅོ་རི་ཉི་མ། says:
    2015-06-02 at 5:38 am

    དོན་འགྲུབ་ཀྱིས་ནོར་བ་རེད། ཀརྡོས་ཅི་ཡང་ཤེས་ཀིན་མ་རེད། ན་ལན་ཌའི་ཆོས་རྒྱུད་ཀྱི་ངོས་ནས་བཤད་ན་་་གཅིག་གིས་གཉིས་ཤེས་མ་ཡིན་སྟེ། དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་ཟེར་བ་རེད།

    རྣ་ཤེས་ཀྱིས་གཟུགས་མི་མཐོང་། མིག་ཤེས་ཀྱིས་སྒྲ་མི་གོ་ཅེས་པའི་དོན་རེད། སྦྲུལ་གྱི་མིག་གིས་སྒྲ་ཐོས་ཀྱི་ཡོད་ན་དཔལ་ན་ལན་ཌའི་ཆོས་རྒྱུད་ཚན་རིག་དང་མ་མཐུན་ཚར་སོང་བ་རེད་དོ། བདག་རྐྱེན་མིག་དབང་ལ་བརྟེན་པའི་ཤེས་པ་དེ་ལ་མིག་ཤེས་ཟེར་བ་དང་བདག་རྐྱེན་རྣ་དབང་ལ་བརྟེན་པའི་ཤེས་པ་དེ་ལ་རྣ་ཤེས་ཟེར་བའི་འདོད་ཚུལ་འདི་ནི་དཔལ་ན་ལན་ཌའི་ཆོས་རྒྱུད་ཀྱི་འདོད་ཚུལ་རེད།

  10. ཅོ་རི་ཉི་མ། says:
    2015-06-02 at 5:50 am

    ས་པན་གྱིས་་་སྲོག་ལྡན་གྲོག་མ་མིག་མེད་ཀྱང། སྲོག་ཆགས་གཞན་ལས་ལྷག་པ་མགྱོགས།་ཅེས་གསུངས་པ་དང་།
    དགེ་ཆོས་ཀྱིས་་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས་་་ཅེས་གསུངས་པ་གཉིས་ནོར་བསྡད་པར་བརྒྱ་ཆ་བརྒྱ་རེད། བོད་ཀྱི་མཁས་དབང་ཚོའི་ཆེད་དུ་ཕྱོགས་ཞེན་བྱས་ནས་གྲོག་མ་ལ་མིག་མེད་མདོག་མདོག་བཤད་ན་་་མངོན་སུམ་ལ་བསྙོན་གྱི་ཡོད་པ་དང་། རིག་པ་དང་འགལ་བའི་གྲུབ་མཐའ་ཆགས་འགྲོ་གི་ཡོད་པ་རེད། བོད་མཁས་པའི་ཆེད་དུ་ཕྱོགས་ཞེན་གྱིས་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་པར་རྗེ་བདག་ཉིད་ཆེན་པོས་གསུངས་ཡོད་རེད།་་་ཧཧཧ

    དེ་ལས་་་་ས་པན་དང་དམ་པ་དགེ་ཆོས་གཉིས་ཀྱིས་གཞི་གང་བཞག་ནས་གྲོག་མ་མིག་མེད་རེད་ཅེས་བརྗོད་པ་རེད་དམ། གཞུང་གང་ལ་བརྟེན་ནས་གསུངས་པ་རེད་དམ། གཏན་ཚིགས་གང་ལ་བརྟེན་ནས་ཐག་གཅོད་པ་རེད་དམ། དྲི་བ་འདི་དག་གི་དྲི་ལན་རྙེད་དགོས་ཀྱི་གལ་ཆེན་རེད་འདོད་དོ

  11. གནམ་ says:
    2015-06-02 at 6:15 am

    སྔ་མོའི་མཁས་བ་ཚོ་ལ། མཚན་རིགས་ཀྱི་ཕྱོགས་ཙམ་པ་ཡང་མེད་པ་བསྟན་པ་ཙམ་རེད། ཡིན་ན་ཡང་རིག་གནས་ཆེ་ཆུང་བཅུ་ལ་མི་མཁས་ཚུལ་བཤད་མི་ཕོད།
    ཤེས་དགོས་ན་ཡོད་ཚད་ཤེས་དགོས་བ་དང་། མཁྱེན་དགོས་ན་འདི་ཕྱི་གཉིས་ཀ་མཁྱེན་དགོས་བ་ཞིག་ཨེ་ཡོད་ནི་ཨ། དེ་འདྲ་ཞིག་མ་བྱུང་ན་མི་མཁས། མི་མཁྱེན་མདོག་མདོག་བཤད་ནས་དུས་ཚོད་སྐྱེལ་ན། ངོ་ཚ་ཉོས་མཁན་ངོ་མ་ནི་ང་ཚོ་ལས་གཞན་མེད་པ་གསལ་བོ་རེད་འདོད། དྲ་རྐྱང་ཚོ། དྲ་ལྡོམ་ཚོ། ཧ་ཧ་ཧ།

  12. ཇུས་ཏོག་ says:
    2015-06-02 at 6:15 am

    བོད་ལ་ཡོད་པའོ་གྲོག་མ་ལ་མིག་མེད་པ་རེད་།
    རྒྱ་གར་ལ་ཡོད་པའ་གྲོག་ལ་མིག་ཡོད་པ་མ་ཚད་
    མིག་ཧ་ཅང་ཆེན་པོ་ཡོད་ས་རེད།ཧ་ཧ་སྐུ་རྩེད་ཞུས་ཡིན་
    ནོ་།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-06-02 at 7:28 am

    ་་་་་་་་་ ཀརྡོས་ཅི་ཡང་ཤེས་ཀིན་མ་རེད། ན་ལན་ཌའི་ཆོས་རྒྱུད་ཀྱི་ངོས་ནས་བཤད་ན་་་གཅིག་གིས་གཉིས་ཤེས་མ་ཡིན་སྟེ། དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་ཟེར་བ་རེད། ་་་་་་་་་་་་་ཟེར།

    གཅིག་གིས་གཉིས་ཤེས་མ་ཡིན་སྟེ། །
    དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་ཟེར་བ་དེ། དངོས་སུ་མི་ཤེས་གསུངས་པ་མ་གཏོགས། ཤུགས་ལ་མི་ཤེས་གསུངས་མེད། ད་སུས་ཤེས་བགྱིན་མི་འདུག ལགས།

  14. རྟ་བདུན་དབང་བོ says:
    2015-06-02 at 12:58 pm

    ཁ་ཅིག་གི་ཀླད་པ་རྡོ་ནང་བཞིན་མཁྲེགས་པོ་རེད་འདུག ཚན་རིག་པས་གྲོག་མར་མིག་མི་འདུག་ཅེས་བཤད་ན། ཁོང་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་མ་རེད། དངོས་སུ་ཕྲ་མཐོང་འཕྲུལ་ཆས་སོགས་བཀོལ་ནས་རྟགས་དཔྱད་ཡང་ཡང་བྱེད་ཀྱི་ཡོད་པ་རེད། རིའི་རྒྱལ་པོ་རི་རབ་ཟེར་བ་ཞིག་མི་འདུག་ཟེར་བ་དེའང་ཁོང་ཚོས་ཚོད་དཔག་བྱས་པ་མ་རེད། དེ་འདྲ་ཞིག་གོ་ལ་འདིའི་ཐོག་ཏུ་རྙེད་རྒྱུ་མེད་པས་དེ་ལྟར་བརྗོད་པ་རེད། བོད་ཀྱི་བླ་ཆེན་ཞིག་ཨ་རིར་ཕེབས་ནས་གསུངས་ཆོས་ཤིག་གི་སྐབས་སུ། ཟླ་བའི་ནང་དུ་འཇིག་རྟེན་འདིའི་མི་བགྲོད་ཡོད་ཟེར་བ་དེ་རྫུན་མ་རེད། དེ་འདྲའི་རིགས་ལ་ཡིད་ཆེ་ནམ་ཡང་བྱེད་མི་རུང་ཞེས་ནན་མོ་གསུངས་འདུག འོན་ཀྱང་ཉན་མཁན་ཕལ་མོ་ཆེས་དེང་དུས་ཀྱི་ཚན་རིག་ལ་ཡིད་རྟོན་བྱེད་པ་ལས་བོད་ཀྱི་བླ་མ་དེར་ཡིད་རྟོན་ག་ལ་བྱེད། དེ་དུས་གསུངས་ཆོས་ཞུ་མཁན་མགོ་སེར་ཞིག་གིས་ང་ལ་དངོས་སུ་བཤད་སོང་། །

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-02 at 1:02 pm

    གཟུགས་མེད་ཁམས་ལ་ལེགས་སྦྱར་དུ་ཨཱརཱུཔྱདྷཱ་ཏུ་ཟེར། ཨཱ་ཡིག་ཀུན་དང་ཉུང་བར་འཇུག་པས་ན། གཟུགས་མེད་ཅེས་པ་གཟུགས་གཏན་ནས་མེད་པ་མ་ཡིན་པར་གཟུགས་ཕྲ་བ་མིག་གིས་མཐོང་དཀའ་བས་ན། གཟུགས་མེད་ཁམས་ཞེས་པ་དཔེར་ན། སྐེད་པ་ཕྲ་མོའི་བུད་མེད་ལ་སྐེད་མེད་མ་དང་། བུ་ངན་པ་ཕ་མ་ལ་ཕན་མི་ཐོགས་པས་ཕ་མས་བུ་མེད་ཟེར་བ་ལྟར། འབུ་གྲོག་མ་ལ་ཡང་མིའི་མིག་རྗེན་པས་མཐོང་དཀའ་བས་མིག་མེད་པར་བཤད་ཀྱིས། མིག་གཏན་ནས་མེད་པ་མ་ཡིན་པར་འདོད་དགོས་སོ།

  16. ཁ་བའི་ཡུལ་གྱར་བ། says:
    2015-06-02 at 3:00 pm

    འོ་ཡ།

  17. ཡར་ཁམས་ཁྲི་རྒྱལ། says:
    2015-06-02 at 6:53 pm

    གྲོག་མ་མིག་མེད་པའི་རིགས་གཅིག་ཡོད་པའང་མཚན་རིགས་པས་བཤད།

  18. ལུང་རྟོགས། says:
    2015-06-03 at 1:17 am

    གྲོག་མ་ལ་རིགས་མང་པོ་དེ་འདྲ་ཞིག་ཡོད་ན་གྲོག་མ་ཚང་མ་ལ་མིག་ཡོད་པ་བཤད་དཀའ། ཚན་རིགས་པས་རྟགས་དཔྱད་བྱེད་ས་ནི་གྲོགས་མའི་རིགས་གཅིག་གཉིས་ཤིག་ཡིན་རྒྱུ་རེད། མགོ་མ་ཚོས་གོང་ནས་ལྕེ་ལ་སྙབ་མ་འདུག ད་དུང་ལྟད་མོ་མང་པོ་ག་ལེར་མཐོང་རྒྱུ་ཡོད་རྒྱུ་རེད། ཚན་རིག་པ་སྔོན་མ་དག་གིས་གཅིག་རེད་ཅེས་ཐག་བཅད་ཟིན་པ་དེ་འདྲ་རྗེས་ཀྱི་ཚན་རིག་པས་ནོར་འཕྲུལ་ཡིན་པར་ར་སྤྲོད་བྱས་པ་མང་པོ་རེད། དེས་ན་ཚན་རིག་པས་གཅིག་བཤད་པ་ཙམ་གྱིས་ཡིན་པའི་ངེས་པ་ཅང་མེད།

  19. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-03 at 2:45 am

    མི་འདི་ཚོ་བཤད་རྒྱུ་ཞིག་མང་གི་ལ། གྲོག་མ་གཅིག་ལ་མིག་ཡོད་ན་ཡོད་གོ་ཆོད། གྲོག་མའི་རིགས་ཡོད་ཚད་གླེང་མ་དགོས་པ་རེད། མི་ལའང་མིག་མེད་མཁན་འདུག གཅིག་ལ་མེད་པ་ཙམ་གྱིས་མི་ཚང་མར་མིག་མེད་པར་ག་ལ་གོ །

  20. ཁྱུང་སེ། says:
    2015-06-03 at 3:29 am

    རིག་པའི་རྡོ་རྗེས་ལུང་རྟོགས་སྟེང་དུ་མེ་ཆར་ཕབས་འདུག

  21. BONPO says:
    2015-06-03 at 4:59 am

    འབུ་གྲོག་མ་ལ་མིག་མེད་ལབ་མཁན་ཐོག་མ་དེ་ས་སྐྱ་པཎྡི་ཏ་ཡིན་ས་རེད། དེ་ནི་ཁོང་གིས་འབུ་གྲོག་མར་མིག་རྩ་བ་ཉིད་ནས་མེད་པར་གསུངས་པ་ཅང་ཨ་ཡིན་ན། འབུ་གྲོག་མའི་རང་གཤིས་ལ། གྲོག་མ་གཉིས་ཕན་ཚུན་ཐུག་དུས་ཐོད་ཐུག་གམ་ཡང་ན་གདོང་ཐུག་རེ་བྱས་ནས་འགྲོ་སྲོལ་ཡོད་པ་རེད། བྱེད་ཚུལ་དེ་ལ་བལྟས་དུས། གྲོག་མས་མིག་གིས་མ་མཐོང་ནས་གདོང་ཐུག་བྱས་པ་འདྲ་པོ་ཡོད་པའི་རྒྱུ་མཚན་གྱིས། མིག་མེད་གྲོག་མ་རྟ་བས་མགྱོགས་གསུངས་པ་ཡིན་འགྲོ། དཔེར་ན་བུ་མོའི་ཞལ་རས་ཟླ་དཀར་དང་འདྲ་པོ་འདུག་ལབ་ན་བུ་མོ་ཟླ་བ་ཡིན་མི་དགོས་པ་བཞིན་དུ། འབུ་གྲོག་མས་མིག་མེད་པ་འདྲ་པོ་བྱས་ཀྱང་གྲོག་མར་མིག་རྩ་བ་ནས་མེད་པ་མ་ཡིན་ལབ་ན་འདྲ་འདུག་གམ། སྤྱིར་སྟངས་འབུ་གྲོག་མ་ནི་སྲོག་ཆགས་ཚང་མའི་ནང་ནས་ཤུགས་ཆེ་ཤོས་དེ་རེད་ལབ་སྲོལ་ཞིག་ཡོད། དེ་ག་འདྲ་ཡིན་ནམ། འབུ་གྲོག་མ་ནི་ཆུང་ཆུང་ཞིག་མ་གཏོགས་མི་འདུག་བ། ཧ་ཧ་

  22. ལུང་རྟོགས། says:
    2015-06-03 at 8:38 pm

    གྲོག་མ་རྟ་ལས་འགྱོག་ཟེར་བ་དང་གྲོག་མ་ཤུགས་ཆེ་ཤོས་ཡིན་པ་འདི་ཚོ་རིག་པའི་འགྲོས་གཅིག་པ་རེད། རྟ་དང་གྲོག་མ་གཉིས་བང་འགྲན་ན་གྲོག་མ་འགྱོག་མི་སྲིད་པ་སུས་ཀྱང་ཤེས་ཀྱི་རེད་ལ། གྲོག་མ་དང་གླང་ཆེན་གཉིས་ཤུགས་འགྲན་ནའང་དེ་བཞིན་རེད། འོན་ཀྱང་གྲོག་མ་ཤུགས་ཆེ་ཤོས་ཡིན་པའི་རྒྱུ་མཚན་ནི་རང་གི་ལུས་ཚད་དང་མཉམ་པའི་གསེར་ཞིག་ཡོད་ན་དེ་ཁྱེར་ཐུབ་མཁན་ནི་གྲོག་མ་ལས་མེད་པར་བཤད་ཀྱི་འདུག་ལ། འགྱོག་ཚད་ཡང་ལུས་ཚད་དང་བབཏུན་ནས་གཞལ་དགོས་པ་རེད། དེས་ན་མི་ལ་ལས་ས་པཎ་གྲོག་མ་རྟ་འགྱོག་མ་ཞེས་ཟུར་ཟ་བྱས་པ་ནི་རིག་ལམ་མི་ཤེས་པའི་གླེན་ལྐུགས་ཀྱི་སྐད་ཆ་རེད།

  23. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-04 at 2:18 am

    ད་རེས་དངོས་གནས་ལུང་རྟོགས་ལགས་ཀྱིས་ཡག་པོ་གསུངས་བྱུང་། དེ་འདྲ་བཤད་ན་སུ་ཞིག་གིས་ཁྱོད་ལ་རྩོད་པ་རྒྱག་ནུས། །

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-04 at 11:48 am

    ས་པཎ་ལེགས་བཤད་དུ།
    ་
    སེམས་ཅན་གྲོག་མ་མིག་མེད་ཀྱང་།
    མིག་ལྡན་གཞན་པས་ལྷག་པར་མགྱོགས།
    ་
    ཞེས་པར་བློ་གྲོས་རྩིངས་པ་འགའ་ཞིག་གིས།
    ་
    ས་སྐྱ་པཎྜིཏ་མཐོང་རྒྱ་ཆེ།
    རྟ་ལས་གྲོག་མ་མགྱོགས་པར་མཐོང་།
    ་
    ས་པཎ་གྱིས་བཤད་པ་ལུས་ཆེ་ཆུང་ལ་དཔགས་པས་གསུངས་པ་ལ་གོ་དགོས་པ་ལུང་རྟོགས་ཀྱིས་ཚད་ལྡན་དུ་བསྒྲུབས་པས་གོ་བ་ཆེ་བར་བསྟོད་འོས་ཀྱང་། བོད་ཀྱི་ཡི་གེའི་དག་ཆ་ལ་རྩོད་དགོས་པར་མཐོང་། མགྱོགས་པའི་དོན་ལ་འགྱོག་ཅེས་ལན་མང་དུ་བྲིས་པ་སྐྱོན་ཆེ་སྟེ། ཨ་རིའི་མཁས་དབང་གོལ་སྟ་ཨེན་གྱི་ཚིག་མཛོད་མཛོད་དུ་འགྱོག་ཅེས་པ་ལ་གནས་མ་སྟེར་ཀྱང་། བྱ་ཚིག་ཏུ། ད་ལྟ་འདས་མ་འོངས་གསུམ་ལ་རིམ་པ་བཞིན་དུ་འདི་ལྟར་བྲིས་ཏེ། འགྱོགས། བཀྱགས། བཀྱག ཅེས་སོ།

  25. དོན་འགྲུབ says:
    2015-06-04 at 3:52 pm

    ཝེ་ཀེ་རིག་མཛོད་ Wikipedia ཞེས་པའི་དྲ་ངོས་ན། གྲོག་མོའི་མིག་ནི་༡འདྲེས་སྦྱོར་མིག་ཡིན་ལ་༢ལེན་ཤེལ་ཆུང་ཆུང་མང་བོས་མཉམ་དུ་མཐུད་དེ་འཆིང་འདུག འགུལ་སྐྱོད་མྱུར་མོ་མཐོང་བར་གྲོག་མའི་མིག་བཟང་། འོན་ཀྱང་། ༣འཆར་གཟུགས་ཆེན་པོ་ཐག་གཅོད་གཏན་ལ་འབེབ་མི་ཐུབ། དང་པོ་ལ་གྲོག་མའི་མིག་ནི་འདྲེས་སྦྱོར་དབང་བོ་ཞིག་ཏུ་ཟད་ཀྱི། ལྷན་སྐྱེས་ཀྱི་མིག་དབང་རང་མཚན་པ་ཞིག་མེད་པར་གོ དེ་ཡང་འབུ་སྲིན་གཞན་གྱི་མིག་དང་འདྲ་བ་ཞིག་མེད་པས་འདྲེས་སྦྱོར་ཟེར་དགོས་བྱུང་། ༢ལེན་ཤེལ་ཆུང་ཆུང་མང་བོ་མཉམ་དུ་འཐུད་ཟེར།ལེན་ཤེལ་ཆུང་ངུ་མང་བོ་ཞེས་པའི་ལེན་ཤེལ་དེ་གཟུགས་ཀྱི་རྣམ་པ་འཆར་བའི་མིག་དབང་ལྟ་བུ་ལ་གོའམ་དོན་གཞན་ཞིག་ཏུ་ཟད། དོན་གཞན་ཡིན་ན་ནི་དེར་ཟད་མོད། གཟུགས་ཀྱི་རྣམ་པ་དེ་རང་ལ་རྟེན་པའི་དབང་ཤེས་ལ་འཕྲོད་སྦྱོར་བྱེད་མཁན་གྱི་ཤིན་ཏུ་དངས་བའི་མིག་དབང་ཤེལ་ལྟ་བུ་ལ་ཟེར་ན། གྲོག་མར་མིག་མང་བོའི་སྐྱོན་འབྱུང་ངོ་། ༣འཆར་གཟུགས་ཆེན་པོ་ཐག་གཅོད་གཏན་ལ་འབེབ་མི་ཐུབ།ཟེར།གཟུགས་ཆེན་པོ་མཐོང་མི་ནུས་པ་ཞེས་པས་ནི་འབུ་སོགས་ནས་མིའི་བར་གྱི་མིག་གིས་སོ་སོའི་མཐོང་བའི་གཟུགས་ལ་ཕལ་ཆེར་ཁྱད་མེད་ཡིན་འདུག་པས་ན་དེ་ལྟ་བུ་ཞིག་དགོས་པ་ལ་དེ་མེད་པས་མིག་མེད་ཅེས་ཟེར་བར་གོ་ཆོག་གོ། དེའི་ཕྱིར། མིག་ཡོད་པར་བཤད་པའི་རྒྱུ་མཚན་གསུམ་ག་མིག་མེད་པར་འདོད་པའི་སྒྲུབ་བྱེད་ལས་དགག་པ་མིན་པར་འགྱུར་བ་སྟེ། འདྲེས་སྦྱར་དང་ལེན་ཤེལ་མང་བ། གཟུགས་ཆེན་མི་མཐོང་བ་བཅས་ཀྱིས་མིག་རང་མཚན་པ་ཞིག་མེད་མོད། མིག་ལྟ་བུའི་མཐོང་བྱེད་ཤེས་པ་གཞན་ཞིག་མངའ་བར་བཤད་པ་ཙམ་མོ། ཅལ་ལ་མ་འདོགས་ཡུན་གྱིས་དཔྱོད་ཅིག་དཔྱོད་ལྡན་རྣམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme