Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲུར་ཞུགས་ཏེ་ཞོགས་པའི་གངྒར་ལྟ་བ། 

Posted on 2015-10-262015-10-26 By ཁ་བརྡ 21 Comments on གྲུར་ཞུགས་ཏེ་ཞོགས་པའི་གངྒར་ལྟ་བ། 

རྫ་ཚེ་རིང་བཀྲ་ཤིས།

 

གངྒའི་ངོགས་ན་སྒྱུ་མའི་གྲོང་ཁྱེར་མཆིས། །
རྩ་བ་ཡན་ལག་མེད་པར་མགུལ་གྱིན་གདའ། །
ཞོགས་པ་སྔ་མོ་སྔ་མོའི་ཉི་ཟེར་དག །
གསེར་གྱི་ཆར་བ་བཞིན་དུ་འབབས་ཀྱིན་གདའ། །
བྱེ་མའི་རྡུལ་གྱིས་འཁོར་བའི་གྲངས་ཀ་འདྲེན། །
མི་རོའི་སྒལ་བ་རུས་སྦལ་རྒྱབ་ལྟར་སྔོ། །
གདོལ་བ་བཞིན་དུ་བྲམ་ཟེ་གཅེར་བུར་རྒྱུ། །
ཤིན་ཏུ་གཙོགས་ཤིང་གཙང་བའི་མཐར་ཐུག་ཉིད། །
གྲུ་ཆུང་དག་ན་མགྲོན་པོ་རྒྱང་ལྟ་བྱེད། །
ཉི་མའི་རྔ་ཆེན་ཐོལ་གྱིས་མཁའ་ལ་འཕགས། །
རྡུལ་དམར་ཟོལ་དུ་བབས་པའི་མྱ་ངན་དག །
མི་ཡི་ཡུལ་ལ་དགེ་བའི་བསུན་མར་ཆས། །
དད་པའི་སྐྲ་ལོ་བྱེ་མའི་རླབས་སུ་འདྲེས། །
སྡིག་པའི་རྣམ་སྨིན་བསིལ་བའི་ཆབ་ཀྱིས་འཁྲུད། །
ཚངས་པའི་རྐུད་པ་བ་ལང་རིག་བྱེད་བཞིན། །
གངྒའི་བུ་མོ་མཆོག་ཏུ་གྱུར་པ་ལགས། །
ཚངས་པའི་རལ་པ་ཐུབ་པའི་ཞལ་གྱི་ཁྱིམ། །
མཁས་པའི་སྨྱུག་རྩེ་དམངས་ཀྱི་འཚོ་བ་སྟེ། །
གང་དང་གང་ན་དགེ་བའི་ལམ་མཆིས་པ། །
དེ་དང་དེ་རུ་ཁྱོད་ཀྱི་ཟུར་མིག་མངའ། །
ཤིང་གྲུ་ལེབ་མོས་གངྒའི་ཞེང་ཚད་གཞལ། །
རྣམ་ཤེས་ཉ་ཆུང་ཞེན་པའི་ཆུ་གཏིང་སྙོགས། །
ལི་ཁྲིའི་མེ་ཏོག་ལྟ་བུའི་མཚམས་སྤྲིན་གྱིས། །
རིང་བའི་ས་ནས་ཉེ་བའི་ཤིས་ཚིག་བརྗོད། །
ཁོ་བོས་ཁྱེད་ལ་དལ་གྱིས་བལྟས་པ་ན། །
ཁྱེད་ཀྱིས་ཁོ་བོ་ཧུབ་ཀྱིས་བཏུང་བ་མཐོང་། །
དེ་ཚེ་བདག་གི་ཐར་པའི་འཇུག་ངོགས་མ། །
ལྷན་སྐྱེས་དབྱིངས་ལ་གཅིག་ཏུ་འདྲེས་ཏེ་རྒྱུ། །
བྱང་ནས་ལྷོ་རུ་ཕྱོགས་པའི་གོམ་སྟབས་རེར། །
མཛེས་སྡུག་བྱེ་བ་སྟོང་གི་དབྱངས་འགྲོས་མངའ། །
བསིལ་བའི་རླུང་དང་སྡེབས་པའི་རླབས་ཕྲན་རེས། །
དེ་བྱུང་ལོ་རྒྱུས་འབུམ་གྱི་འཁྱུགས་རིས་འབྲི། །
ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ལགས་ཏེ། །
ཆུ་མོ་གངྒའི་འགྲམ་འདིར་ཏིལླི་པས། །
དཀའ་བ་སྤྱོད་པའི་སློབ་མ་ནཱ་རོ་པར། །
རྡོ་རྗེའི་ཚིག་རྐང་ཉི་ཤུ་རྩ་བརྒྱད་གསུང་། །
རྫོགས་པ་ཆེན་པོ་བྱ་རུ་མེད་ལགས་ཏེ། །
ཆུ་མོ་གངྒའི་འགྲམ་འདིར་བཱི་མ་ལས། །
འཛིན་པའི་དྲ་བ་རིག་པས་གཅོད་པའི་ཕྱིར། །
ཆུ་བོ་གྱེན་དུ་ལྡོག་པའི་རྫུ་འཕྲུལ་བསྟན། །
ཁ་བའི་རི་ལས་བབས་པའི་གནོད་སྦྱིན་གྱི། །
ང་རྒྱལ་ཞུན་མར་བཞུས་པའི་དངུལ་ཆུའི་རྡུལ། །
ཁྲོ་ཆུའི་མེ་རྟགས་འཕྲོ་བའི་རྡོ་རིང་ཞིག །
ཁྱེད་ཀྱི་དྲན་པའི་ཡུལ་ན་མཆིས་ལགས་སམ། །
ཐག་རིང་ས་མཐོའི་ལམ་ནས་ཡོང་བ་ཡི།།
མར་བར་འབོད་པའི་བོད་ཀྱི་བནྡེ་དེས།།
མི་ཕངས་གསེར་གྱིས་ཉོས་པའི་པུསྟི་ཞིག །
ཁྱེད་ཀྱིས་འཁྱུར་མིད་བྱས་པ་བདེན་ལགས་སམ། །
དེ་སོགས་འཕགས་བོད་ལོ་པཎ་ཕལ་མོ་ཆེས། །
འཇུགས་ངོགས་འདི་ནས་དངོས་གྲུབ་ནོར་བུ་བླངས། །
གངྒའི་ཆུ་ལ་བསྟིམས་པའི་གཏམ་བརྒྱུད་དག །
བྱེ་མའི་གྲངས་དང་བསྡེབས་ཏེ་ཕྱོགས་སུ་འཁུར། །
རྟོག་པའི་སྐུད་པ་ལུ་གུ་རྒྱུད་དུ་སྨེད། །
སྨེད་ཀྱིན་སྨེད་ཀྱིན་སྡོམ་གྱི་དྲ་བ་བཞིན། །
སེམས་པ་སེམས་པར་འཐོག་ན་མི་ལེགས་ཀྱི། །
རྟོག་པའི་སྤྲོས་པ་རེ་ཞིག་བསྐྱུང་བར་བྱ། །
ཞེས་པ་འདི་ཡང་རྫ་ཚེ་རིང་བཀྲ་ཤིས་ཀྱིས།
སྤྱི་ལོ་༢༠༡༥ཟླ་༡༠ཚེས་༢༥ལ།

སྙན་ངག

Post navigation

Previous Post: ༧གོང་ས་མཆོག་གི་ཨ་རིའི་བཅིང་གྲོལ་དགའ་རྟགས་ལེན་པའི་ཉིན་མོར།
Next Post: གཉིད་དུ་ཡུར་བ།

Comments (21) on “གྲུར་ཞུགས་ཏེ་ཞོགས་པའི་གངྒར་ལྟ་བ། ”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-10-26 at 4:57 pm

    ལྷ་ཆེན་དབང་ཕྱུག་རལ་པའི་ཁོངས་གསེང་ནས། །
    ལྷ་མོ་གངྒ་ཆུ་མོར་རྒྱུན་བབས་དང་། །
    ཛ་ཧུས་ཧུབ་བཏུང་གཏམ་བརྒྱུད་གྲགས་པ་དག །
    དིང་གི་དུས་སུ་ཡིད་ཆེས་བྱེད་མཁན་དཀའ། །
    ་
    འོནད་ཀྱང་རྒྱ་གར་ཆུ་བོ་གངྒ་རུ། །
    ཉི་ཤར་སྔ་དྲོ་ཆར་པ་འབས་པའི་ཚེ། །
    གངྒའི་བུ་མོས་ལུས་པོ་འཁྲུད་པའི་དུས། །
    དགེ་སློང་རྫ་ཚེས་གཟིགས་པ་ཡིད་ཆེས་སླ། །
    ་
    ཚིགས་བཅད་སྔ་མ་བཞི་ནི་ཟུར་ཟ་ཙམ། །
    ཚིགས་བཅད་ཕྱི་མ་བཞི་ནི་ཀུ་རེ་ཙམ། །
    ཞོར་དུ་ཞོགས་པར་སྔ་དྲོ་བྲིས་པ་དང། །
    ཆར་བ་ཆར་པར་བྲིས་པར་དགོས་པ་ཡོད། །

  2. ཀླུ་སྨྱོན། says:
    2015-10-26 at 6:08 pm

    སྙན་ངག་ཆེན་པོ་ཞེས་པ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད། ཝྰར་ཎའི་འོ་ཇ་ནང་བཞིན་བྲོ་བ་ཞིམ་པོ་བྱུང་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-10-26 at 10:14 pm

    གངྒཱ་ཞེས་པ་བོད་ཀྱི་རིག་གཞུང་ན།
    རབ་ཏུ་གསལ་ཅིང་ངོ་མཚར་ཅན་དུ་འཛིན།
    གྲོང་ཁྱེར་གསལ་ལྡན་ལོགས་ན་འབབས་པ་དེར།
    སྐྱེ་བོ་ཕོ་མོ་མང་པོས་ཁྲུས་བྱེད་དང་།
    མཁས་པ་དག་གིས་དགའ་བྱེད་འཇུག་པ་སོགས།
    བསྟན་བཅོས་བཀླགས་ཏེ་བཤད་པ་རྒྱབ་པ་མཐོང་།
    རྒྱ་གར་དད་ལྡན་མི་དག་འཆི་བ་ལ།
    གྲོང་ཁྱེར་ཆེན་པོ་གསལ་ལྡན་དུ་འོང་བ།
    ཐོས་པ་ཙམ་ལས་དངོས་མ་མཐོང་མ་མྱོང་།
    དིང་སང་གངྒཱ་ལྷ་ཡི་གཙང་པོ་དེ།
    རྙོག་པར་གྱུར་ཅིང་ལྟ་མི་བཟོད་པ་མཆིས།
    ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་པ་ཡི་ལོར།
    ཆར་དུས་ཆུ་རྒྱས་གད་སྙིགས་གསེབས་ཤིག་ན།
    བྱིས་པ་ཆུང་ངུའི་རོ་ཞིག་ལྡིང་བ་མཐོང་།
    ནུབ་ཕྱོགས་མཛའ་གྲོགས་དག་ལ་བསྟན་མ་ནུས།
    ་
    ཉེ་དུས་རང་རེའི་བླ་མ་མཆོག།
    ཆུ་བོ་གངྒཱ་ཡ་མུ་ནཱ།
    བུམ་པ་འདུས་པར་རྒྱ་གར་གྱི།
    སྐལ་ལྡན་སྐྱེ་བོར་གདམས་ངག་སྩལ།།
    ་
    དད་ལྡན་ཕོ་མོས་ཐལ་མོ་སྦྱར།
    སྙིང་ནས་མོས་གུས་བྱེད་པ་ལ།
    བླ་མའི་བྱིན་རླབས་འཇུག་པ་དེ།
    ལོག་ལྟ་ཅན་གྱི་བཟློག་མི་ནུས།།
    ་
    ཆུ་བོ་གངྒཱའི་རྒྱུན་བཞིན་དུ།
    ཡོན་ཆབ་རྒྱུན་ཡང་མི་འཆད་པ།
    བླ་མ་ལྷ་ཡི་ཚོགས་ལ་འབུལ།
    འགྲོ་བའི་དོན་དུ་བཞེས་སུ་གསོལ།།

  4. ཀླུ་སྨྱོན། says:
    2015-10-27 at 12:36 am

    མགུལ་དེ་འགུལ་ཡིན་པ་འདྲ།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 1:39 am

    གངྒ་ལྷ་ཡི་བདུད་རྩིར་གྲགས། །
    བར་དུ་མི་ཡི་འཐུང་ཆུ་བྱས། །
    ད་ལྟ་གད་སྙིགས་སྐྱུར་སྣོད་འདི། །
    ད་དུང་དད་མོས་བྱས་འདི་མཚར། །
    ་
    སྔར་གྱི་དུས་སུ་ཆུ་ཙམ་བཙལ། །
    བར་དུ་ཆུ་གཙང་གར་འདུག་བཙལ། །
    ད་ལྟ་བཙོག་ཆུའི་གཙང་སྒྱུར་རེ། །
    རེ་དགོས་དེ་དག་སུ་ཡིས་བྱས། །
    ་
    འབྱུང་བ་རླུང་ལ་དུག་གཏོང་ཞོགས། །
    འབྱུང་བ་ཆུ་ལ་སྦག་བཙོག་ཞོགས། །
    འབྱུང་བ་ས་ལ་གཅེས་སྲུང་གྱིས། །
    འབྱུང་བ་མེ་ལ་ནན་གཟབ་གྱིས། །

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-10-27 at 2:58 am

    དད་ལྡན་ཕོ་མོས་ཐལ་མོ་སྦྱར།
    སྙིང་ནས་མོས་གུས་བྱེད་པ་ལ།
    བླ་མའི་བྱིན་རླབས་འཇུག་པ་དེ།
    ལོག་ལྟ་ཅན་གྱིསབཟློག་མི་ནུས།།

    ཞེས་རྐང་པ་བཞི་པར་གྱི་ཞེས་པ་གྱིས་ཞེས་བཅོས་སོ།
    ་
    ཏིལླི་པ། ནཱ་རོ་པ། བཱི་མ་ལ། ཞེས་པའི་ཚིག་དོན་དག་ཡོད་དམ།
    བི་མ་ལ་ཞེས་པནི། ་བོད་སྐད་དུ། དྲི་མེད་ལགས།

  7. ཁྱུང་སེ། says:
    2015-10-27 at 3:51 am

    ༼རྡོ་རྗེའི་ཚིག་རྐང་ཉི་ཤུ་རྩ་བརྒྱད་གསུང༽
    དག་ནོར་འདུག་གམ

  8. ལོ་ཡག says:
    2015-10-27 at 4:28 am

    དྲ་གྲོགས་དང་དྲ་དགྲ་གཉི་ག་ཡིན་པའི་སྙུ་གུ་བ་ཀར་རྡོར་གཉེར་ཕྱག་པས་ཡིད་ལ་གང་དྲན་དྲན་དང་ཁ་ནས་གང་བྱུང་བྱུང་དུ་ལབ་རྗེས་འདི་ན་བྲོས་ཞིང་འགྲོ གར་འགྲོ་ཡང་ལན་འདི་ཁྱེར་ལ་སོང་། དེ་མིན་ལན་མ་ལྡོན་པའི་འཁང་ར་བྱེད་སྲིད།

    ཤེས་བྱའི་གཉོམ་ལག་མ་རྒྱས་པའི།།
    བུས་པ་ཀར་རྡོར་མལ་ན་ངུ་།།
    ལྟོགས་སམ་རིགས་པའི་ནུ་ཞོ་འདི།།
    འགྲངས་ཕྱིར་ཁ་ཡིས་མུར་ཞིག་ཀྱེ།།
    པུ་རུ་ཥ་ནི་སྐྱེས་པའི་སྒྲ།།
    ཡིན་ཕྱིར་པུ་ཡིག་ཕོར་བྱས་ཏེ།།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།།
    ཞེས་སུ་སྒྱུར་མཁན་བྱུང་བ་བདེན།།
    འོན་ཏེ་བ་བོ་ཕོ་མིན་པར།།
    སྒྲུབ་བྱེད་རི་བོང་རྭ་ཡི་སྤུན།།
    དཔའ་བོ་མཛའ་བོ་དགའ་བོ་ཞེས།།
    མདོ་ན་འབྱུང་བ་མ་མཐོང་ངམ། །
    དེ་ཀུན་ཕོ་རྟགས་མིན་ཞེ་ན།།
    ཨ་ཙི་མོ་ཡི་རྟགས་སམ་ཅི།།
    མོ་ལ་མོ་མཚན་མི་དགོས་སམ།།
    དཔའ་མོ་མཛའ་མོ་དགའ་མོ་ཞེས།།
    མཚན་མ་ཅན་དག་འདི་ན་གདའ།།
    ཕོ་མོའི་རྣམ་དབྱེ་མི་ནོར་གཅེས།།
    སྙིང་ཁམས་ཀུན་བས་ཆེ་ལུགས་ཀྱིས།།
    འདི་ཀུན་བདག་སྒྲ་མིན་ཟེར་ན། །
    བདག་པོའི་སྒྲ་དེ་ཅི་འདྲ་ཅི།།
    དཔའ་བོ་པ་དང་དཔའ་བོ་མ།།
    ཞེས་སུ་སྦྱར་ན་འཚེང་ངམ་ཅི།།
    སྔ་ཕྱི་བར་གྱི་མཁས་པའི་ཁྲོད།།
    པུ་ནི་པ་སྡེ་ལ་འདོད་པའི།།
    རྒྱུ་མཚན་ལུང་རིགས་དེ་བས་རྣོ།།
    བདག་སྒྲ་དྲུག་གི་འབྱུང་ལུགས་སོ།།
    ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་།།
    ཕ་ངོ་ཤེས་ཀྱང་དགྲ་མ་ཤེས།།
    ཐབ་ས་ཟིན་ཡང་ནང་མ་ཟིན།།
    འདི་འདྲའི་ལུགས་ཀྱིས་རང་སྡུག་ཉོ།།
    བོང་བུས་མ་སོང་ལམ་འཕྲང་མང་།།
    བྱིས་པས་མ་མཐོང་ཤེས་བྱ་མང་།།
    སྔོན་དུ་ཕྱོགས་སྔའི་ནམ་ལངས་ན།།
    དེ་ནས་ཉི་མ་ཤར་ཡང་སྲིད།།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 4:39 am

    ཏིལླི་ང་ལ་མི་ཡི་བླ་མ་མེད། །
    ང་ཡི་བླ་མ་སངས་རྒྱས་ཉག་ཅིག་ཡིན། །
    ཞེས་པ་གསུངས་པ་ལྟར། ཏིལླིའམ། ཏིལླི་པ་ནི། ཏིལ་རྡུང་པའམ། ཏིལ་རྡུང་མཁན་ལ་ཟེར། ནཱ་རོ་པའམ། ནཱ་རོ་ཏ་པའི་མཚན་འདི་རེད་ཅེས་པའི་བོད་མིང་ཞིག་མཐོང་ཡང་ད་ལྟ་མི་དྲན།

  10. ལོ་ཡག says:
    2015-10-27 at 5:00 am

    བསྒྱུར་རྩོམ་ཞིག་གི་ཉམས་སྟེར། གང་ལྟར་སྙན་ངག་གི་རོ་ཤིན་ཏུ་མངར།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 5:18 am

    དཔའ་བོ་དཔའ་མོ་བདག་སྒྲར་རུ། །
    འདོད་པ་ལོ་ཡག་ཁྱོད་ཀྱི་ལུགས། །
    ངས་ནི་དཔའ་དང་ལྡན་༼པ་༽འདི། །
    བདག་སྒྲ་ཡིན་ང་ཡི་ལུགས། །
    ་
    དེས་ན་བ་བོ་བདག་སྒྲ་ལ། །
    འཇུག་པར་འདོད་པ་ནོར་བ་རེད། །
    འོནད་ཀྱང་ནང་མ་ཇ་མ་སོགས། །
    དོན་གྱིས་བདག་སྒྲར་སོང་བ་ཡོད། །
    ་
    ཞིང་གི་ལོ་ཡག་དམན་ན་ཡང་། །
    བློ་གྲོས་ལོ་ཏོག་སྤེལ་བས་རིགས། །
    ཚིག་ངན་ལེགས་བཤད་འཇལ་བ་འདི། །
    ཆུ་ལན་ཆང་འཇལ་འདི་ལ་ཟེར། །

  12. ལོ་ཡག says:
    2015-10-27 at 8:24 am

    ཀར་རྡོར་ཀུན་ལ་མཁས་ན་ཡང་།།
    གཅིག་ལ་རྨོངས་པའི་རང་རྟགས་སུ།།
    ཆུ་ལན་འཇལ་བའི་ཆང་དེ་ཡང་།།
    མི་ཞིམ་ཁ་བའི་མཐར་ཐུག་ཉིད།།

    བགྲོ་བ་གཏམ་གྱི་འོ་ཇ་དྲངས་པ་ལ།།
    ཚིག་ངན་ཇ་རོ་འགའ་ཡིས་རྫོབ་དྲགས་ན།།
    ཕུ་ཡིས་བཏབ་སྟེ་དྭངས་སྙིགས་འབྱེད་པའི་ལས།།
    ལྷུར་བཞེས་ཉེས་པ་འདི་ཀོར་དགོངས་དག་མཛོད།།

  13. རྫ་ཚེ་རིང་བཀྲ་ཤིས། says:
    2015-10-28 at 1:07 pm

    དྲ་གྲོགས་རྙིང་པ་ཀར་རྡོར་དང་ཀླུ་སྨྱོན་རྒན་འཇམ་དཔལ་སོགས་དང་དེ་བཞིན་ལོ་ཡག་མཚན་ཅན་སོགས་ཕེབས་པར་འཚམས་འདྲི་ཞུ།
    ཡིག་ནོར་ཡོད་པ་བདེན། ཀར་རྡོར་གྱི་ཚིག་རྐང་དང་ཚིགས་བཅད་ནོར་བ་འདྲ། ཐུགས་མཉམ་མ་བཞག་པ་ལོས་ཡིན།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-10-28 at 4:05 pm

    ངས་ནི་ཚིག་རྐང་དང་ཚིགས་བཅད་གཉིས་གཅིག་ཏུ་འདོད། དེ་གཉིས་ཀ་ཚིག་ལྷུག་གི་ལྡོག་ཕྱོགས་སོ།།

  15. ཆོས་རྗེ་ཚང་། says:
    2015-10-29 at 7:18 am

    སྙན་ངག་གི་ཉམས་དང་གོ་བའི་གནད་སོགས་གཉིས་འཛོམས་ཀྱི་སྙན་ངག་ཕུན་སུམ་ཚོགས་པ་ཞིག་བྲིས་གནང་འདུག། སྙན་ངག་པ་དགེ་སློང་རྫ་ཚེ་རིང་བཀྲ་ཤིས་ལགས་སུ་བཀའ་དྲིན་ཆེ། སྙན་པོ་བྱུང་།

  16. རྫ་ཚེ་རིང་བཀྲ་ཤིས། says:
    2015-10-29 at 12:42 pm

    ཚིག་རྐང་ནི་ཚེགས་བར་བདུན་ནམ་གང་ལྟར་ཚིགས་བཅད་གཅིག་གི་གྲུབ་ཆའི་རྐང་པ་གཅིག་ལ་གོ ཚིགས་སུ་བཅད་པ་གཅིག་ལ་ཚིག་རྐང་བཞི་ཡོད།
    ཚིགས་བཅད་དང་ཤོ་ལོ་ཀ་དོན་གཅིག
    ད་ཤེས་སོང་ངམ།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-10-30 at 6:18 am

    ཚིགས་བཅད་རྐང་པ་གཅིག་དང་། ཚིག་རྐང་གཅིག་དོན་གཅིག་རེད། ཚིགས་བཅད་དང་། ཤྭ་ལོ་ཀའམ། ཤོ་ལོ་ཀ་དོན་གཅིག་ཡིན་ན། རྒྱ་སྐད་ཀྱི་ཤོ་ལོ་ཀ་དང་། ཤ་ལོ་ལོ་ཀ་དུས་ད་ལྟའི་བར་བེད་བྱེད་དགོས་དོན་གང་ཡིན་ནམ། ལགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-10-30 at 9:38 am

    སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །
    ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་འདི་ཚིགས་བཅད་རེད། གཞན་དོན་དུ་རྫོགས་བྱང་ལ་དམིགས་ནས་འདུན་པ་གཉིས་ལྡན་སེམས་ལ་བྱང་ཆུབ་ཀྱི་སེམས་ཟེར་ཞེས་པ་ལྟ་བུ་ནི། ལྷུག་མ་རེད། འདི་གཉིས་བསྡོམས་ན་ཚིགས་ལྷུག་སྤེལ་མ་ཟེར། འདིར་ཚིགས་བཅད་ཡོད་ཀྱང་། ཤོ་ལོ་ཀའི་དོན་གང་ཡང་ཚང་མེད་པས་འདིས་ཤེས་ཐུབ་བོ།།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-10-30 at 1:50 pm

    ཏིལློ་ནྰ་རོའི་དུས་སུ། །
    གང་ཆུ་གཙང་ལོས་ཡོད་དམ། །
    རྫ་ཚེ་ཀརྡོའི་དུས་སུ། །
    གང་ཆུ་སྦག་བཙོག་ཤོར་འདུག །

  20. ཀརྡོ་གཉེར་ཕྱག་པ་ says:
    2015-10-30 at 1:55 pm

    སྡིག་པ་ཆུ་ཡིས་མི་དག་ཀྱང་། །
    བུམ་དབང་བུམ་ཆུས་དག་པར་གསུངས། །
    ཐེག་པ་ཆེ་ཆུང་མང་གསུངས་ཀྱང་། །
    མཐའ་མའི་བབ་ས་ཕྱག་ཆེན་ཙམ། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-10-30 at 2:01 pm

    མི་ཡི་ལུས་པོའི་གྲུར་ཞུགས་ནས། །
    སྲིད་ཐར་ཞི་བའི་གྲོང་འཁྱེར་ལྷག །
    ཞི་ཐར་རྣམ་མཁྱེན་གྲོང་འཁྱེར་སར། །
    ད་རེས་མི་འགྲོ་ག་དུས་འགྲོ །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme