Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྱོད་ཀྱི་རྣམ་བཤད།

Posted on 2013-05-112013-05-11 By སྤོབས་པ་མཐའ་ཡས། 61 Comments on གྱོད་ཀྱི་རྣམ་བཤད།

སྤོབས་པ་མཐའ་ཡས།
(མིང་ཚིག་ཅིག་གི་འགྲེལ་བཤད། ལ་དྭགས་པ་བློ་བཟང་འཇམ་དཔལ་ལ་ཕུལ་བ།)

• གྱོད་ཐུག་པ།
• གྱོད་རྒྱག་པ།
• གྱོད་བཤད་པ།
• གྱོད་འཐོར་བ།
• གྱོད་འགྲིགས་པ།
• གྱོད་ཡ།
• གྱོད་ཉལ།
• གྱོད་ཐོག་ཏུ་འདུག་པ།
• གྱོད་ར།
• གྱོད་ཟས།

གྱོད་ཅེས་པའི་མིང་ཚིག་འདི་ནི་བོད་ཡུལ་བྱིངས་དང་ལྷག་པར་ཡང་མདོ་ཁམས་མི་མང་གི་ཁྲོད་དུ་བེད་སྤྱོད་ཆེ་བ། རྒྱུས་མངའ་ཟབ་པ། ཐོས་པའི་གོ་སྐབས་མང་བ། རྒན་གཞོན་ཚང་མའི་ཁ་དང་རྣ་བར་བྱང་བ་ཞིག་ཡིན། དེའི་དོན་ནི་མི་དང་མིའི་བར་དུ་བྱུང་བའི་འགལ་བ་ཆེ་གྲས་རྩད་གཅོད་མ་བྱས་པར་འཇོག་མི་བཏུབ་པ་ཞིག་རྩད་གཅོད་འདུམས་སྒྲིག་གི་བརྒྱུད་རིམ་ལ་ཟེར། འདིར་གྱོད་ཅེས་པའི་ཚིག་བེད་སྤྱད་སྟངས་ཁ་ཤས་ཤིག་ངོ་སྤྲོད་བྱ།
◆ གྱོད་ཐུག་པ། གྱོད་ཐུག་པ་ནི་མི་དང་མིའི་བར་ལ་འགལ་བ་ཆེ་གྲས་སྣང་མེད་དུ་འཇོག་མི་ནུས་པ་བྱུང་བ་ཞིག་རྩད་གཅོད་འདུམས་སྒྲིག་གི་མགོ་ཚུགས་པ་ལ་ཟེར། གྱོད་ཐུག་དོན་ནི་འགལ་བ་ཆེ་གྲས་ཡིན་ཞིང་། དེ་ཡང་དཔེར་ན། བོད་མིའི་གཏམ་དཔེར། ཕོ་གྱོད་ཕ་བོང་རྒས་རྒྱུ་མེད། མོ་གྱོད་ཤུག་པ་རུལ་རྒྱུ་མེད། ཅེས་མི་བསད་པ་དང་། སྐྱེས་པ་གཅིག་གི་བཟའ་ཟླར་གཏན་ཁེལ་ཟིན་པའི་བུད་མེད་ཅིག་ཐབས་གང་རུང་གིས་སྐྱེས་པ་གཞན་ཞིག་གིས་མནའ་མར་བླངས་པ་སོགས་ནི་སྤྱི་ཚོགས་ཁྲོད་ཡང་ཡང་འབྱུང་བའི་འགལ་བ་ཆེ་གྲས་སུ་བརྩི། གཞན་ཡང་། རྐུན་མས་རྐུ་བྱས་པ། ཇག་པས་ཇག་བརྒྱབ་པ། དཔའ་དཔུང་ཤེད་ངོམ་ཉེས། གཏམ་སྐད་ཆ་ལ་གོ་བ་ལེན་ཉེས། ལོག་གཡེམ་མཁན་གྱིས་བྱི་བྱས་པ། འབྲོག་པའི་རྩྭ་ས་རྩོད་གླེང་། རོང་པའི་ཞིང་ཆུ་འཕྲོག་རྩོད། གྲྭ་བ་དང་དད་ལྡན་མི་སེར་གྱིས་དགོན་པ་གྲྭ་ཚང་གི་ལས་སྣེའི་བཀའ་མ་བརྩིས་པ། མི་ཆེན་བླ་དྲགས་ཚོས་ང་ཆེ་ཁྱོད་གཉན་གྱི་འགྲན་རྩོདཤོར་བ། དགོན་པ་ཕན་ཚུན་གྱིས་གྲྭ་རྒྱུན་འཕྲོག་རྩོད། བླ་མས་མནན་བསྲེགས་འཕང་གསུམ་བྱེད་ཉེས། ཚོང་གི་བུ་ལོན་དུས་ཐོག་དུ་མ་སྤྲད་པ་སོགས་འགལ་བ་འབྱུང་རྐྱེན་ནི་མཐའ་ཡས་པ་ཞིག་གོ
◆ གྱོད་རྒྱག་པ། གྱོད་འཛུགས་པ་ཡང་ཟེར། གྱོད་རྒྱག་པའམ་གྱོད་འཛུགས་པ་ནི་གནོད་འཚེ་ཕོག་མཁན་གྱིས་ཤོག་ཁག་གིས་གནོད་འཚེ་གཏོང་མཁན་དེར་ལས་ལན་བསྙེགས་པ་ལ་ཟེར། གྱོད་རྒྱག་པ་ནི་གནོད་འཚེ་ཕོག་པའི་མི་སྣ་དེའི་བརྒྱུད་ལམ་གང་རུང་གི་སྒོ་ནས་གནོད་འཚེ་གཏོང་མཁན་གྱི་ཤོག་ཁག་ལ་བརྡ་གཏོང་བ་སྟེ། རང་ཉིད་སྡུག་ཆེ་རབས་དང་། མཆི་མ་མང་རབས་བཤད་པ་སོགས་གནོན་ཤུགས་འདྲ་མིན་སྤྲད་ནས་ཕ་རོལ་པོ་རང་གར་མི་འཇོག་པའི་ཐབས་ཤེས་ཤིག་ལ་ཟེར། གྱོད་མགོ་འཛུགས་སྟངས་ནི་ལ་ལ་ཞིག་གིས་ཕ་རོལ་པོ་དང་གདོང་དང་གདོང་ཐུག་ནས་སྐད་ཆ་ཤོད་པ་དང་། ལ་ལ་ཞིག་གིས་མི་གཞན་བརྒྱུད་ནས་གོ་བརྡ་སྤྲོད་ཐབས་བྱེད་པ། ལ་ལས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་བརྒྱུད་ཁྲིམས་གཏུག་བྱེད་པ། ཁ་ཤས་ཀྱིས་དངོས་སུ་མི་བརྗོད་པར་དཔའ་བོའི་དཔུང་ངོམ་དང་དམག་གི་རུ་སྒྲིག་སོགས་འཇིགས་སྐུལ་ཐབས་ལམ་བརྒྱུད་ནས་ཤུགས་ཀྱིས་གོ་ཐབས་བྱེད།
◆ གྱོད་བཤད་པ། གྱོད་བཤད་པ་ནི་འགལ་ཟླར་གྱུར་པའི་ཤོག་ཁག་གཉིས་ཀྱི་བར་དུ་ཤོག་ཁག་གསུམ་པ་ཞིག་བསྡད་ནས་འདུམས་སྒྲིག་བྱེད་པ་ལ་ཟེར། ཡུལ་སྐད་ལ་ལར་གྱོད་གཏམ་པ་ཡང་ཟེར། དེ་ཡང་། འགལ་ཟླར་གྱུར་པའི་ཕྱོགས་གཉིས་པོས་ཆ་འཇོག་ཡོད་པ་དང་ཁ་ལེན་ཚིག་བརྩི་ནུས་པའི་མི་སྣ་སྟེ་ཤོག་ཁག་གསུམ་པ་ཞིག་བར་དུ་བསྡད་ནས་གཟུ་དཔང་གི་ལས་ཀ་བྱ་དགོས་པ་དང་། ཤོག་ཁག་གསུམ་པ་དེ་ཡང་ཕྱོགས་གཉིས་པོས་བརྩི་བཀུར་འོས་པའི་བླ་མ། དཔོན་པོ། རང་བཞིན་གྱིས་བརྩི་བཀུར་ཐོབ་པའི་མི་རྒན་སོགས་ཡིན། སྐབས་མང་ཆེ་བར་གྱོད་བཤད་མཁན་གྱི་བར་དཔང་དེ་མི་ཁ་ཤས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཡིན། དེ་ཡང་འགལ་ཟླར་གྱུར་པའི་ཤོག་ཁག་གཉིས་པོའི་མི་སྣ་གནད་ཡོད་ཚོ་འདུས། ཚང་མ་གདན་གྱི་སྟེང་དུ་གྲལ་སྒོར་མོར་སྒྲིག དེ་ནས་བར་དཔང་མཁན་གྱིས་སྐད་ཆ་འདྲི་རྩད་ཀྱི་མགོ་ཚུགས། གྱོད་ཡ་ཤོག་ཁག་གཉིས་པོའི་མི་སྣ་རེ་རེ་བཞིན་དུ་སྐད་ཆ་ཤོད་དུ་འཇུག གཏམ་ཁ་ལྕེ་ཅན་ཚོས་ཆུ་ཚོད་ནས་ཆུ་ཚོད་སྦྲེལ་དེ་གཏམ་བཤད། གཏམ་གང་བཤད་པའི་དུས་སུ་ཚང་མས་འཇམ་ཐིང་ངེར་ཉོན། གཅིག་གི་འཕྲོར་གཞན་གཅིག་ལ་ཤོད་དུ་འཇུག དེ་ནས་གཟུ་དཔང་ཤོག་ཁག་གིས་འདྲི་རྩད་བྱ་འོས་པ་ཡོད་ན་འདྲི་རྩད་དང་། གཏམ་བཤད་སྔ་ཕྱི་འགལ་བ་དང་། དོན་དངོས་དང་མི་མཐུན་པའི་རིགས་གསལ་པོར་བྱུང་བ། ཕ་རོལ་པོར་དམའ་འབེབས་ཚིག་རྩུབ་སོགས་བྱུང་ན་ཐེར་འདོན་བྱེད། གྱོད་གཞི་འདུམས་འགྲིགས་དང་འཇལ་བཤགས་སྤྲོད་ལེན་སོགས་སྐབས་འདིའི་བློ་རྩེ་གཏད་ཡུལ་གཙོ་བོ་ཡིན། དོན་གནད་གལ་ཆེན་དོ་སྣང་བྱ་རིན་ཡོད་པ་གཞན་ཞིག་ནི་ཁ་ལྕེ་སུ་རྣོ་དང་ཚིག་རྩ་སུ་བཟང་གི་གཏམ་བཤད་སྒྱུ་རྩལ་འགྲན་བསྡུར་གྱི་རྩེད་ར་ཡག་ཤོས་ཤིག་ཀྱང་ཡིན། གཟུ་དཔང་ངམ་བར་འདུག་པས་སྐབས་བབ་འགལ་བ་དེའི་མགོ་ནས་རྔ་མ་བར་དུ་བརྟག་དཔྱད་ཀྱིས་དཀར་ནག་གི་དབྱེ་བ་ཕྱེ། ལེགས་ཉེས་ཀྱི་སྟངས་འཛིན། བདེན་རྫུན་གྱི་ཕུ་ཐག་བཅད་ནས་འཇལ་བཤགས་གང་ལ་གང་བབ་ཐག་བཅད། གྱོད་ཡ་ཤོག་ཁག་གཉིས་པོས་དེ་ལ་ངོས་ལེན་བྱས་ནས་མཇུག་དྲིལ་དགོས། གྱོད་བཤད་པའི་དུས་ཡུལ་སྡེའི་མི་ཚང་མས་དེའི་སྐོར་གྱི་སྐད་ཆ་གོ་བར་འབད་བརྩོན་བྱེད། གྱོད་ཐག་ཅི་ལྟར་བཅད་པའི་སྐོར་ནི་ཡུལ་སྡེ་དེའི་ནང་གི་གསར་འགྱུར་གླེང་གཞི་གལ་ཆེན་ཞིག་ཡིན།
◆ གྱོད་འཐོར་བ། གྱོད་འཐོར་བ་ནི་གྱོད་གཞི་འདུམས་སྒྲིག་ལ་འབད་པའི་བྱ་བ་ལམ་ལྷོངས་མ་ཡོང་བའི་དོན་ཡིན། གནོད་འཚེ་གཏོང་མཁན་ནམ་གནོད་འཚེ་ཕོག་མཁན་གང་རུང་རང་ཤེད་ཆེ་དྲགས་ནས་གྱོད་ཡའམ་གཟུ་དཔང་གི་ཁར་མི་ཉན་པའམ། བར་འདུག་གཟུ་བའམ་དཔང་པོ་དེ་ཉིད་གྱོད་ཡ་གང་རུང་གི་ཕྱོགས་སུ་ལྷུང་ནས་ཕྱོགས་གཞན་དེའི་ཁར་མི་ཉན་པ། གྱོད་བཤད་བཞིན་པའི་སྐབས་སུ་ཕན་ཚུན་ལ་མི་བསད་རྟ་བསྒྱེལ་སོགས་ཀྱི་རྐྱེན་ངན་བྱུང་བས་གྱོད་གཞི་འདུམས་སྒྲིག་གི་བྱ་བ་ལམ་ལྷོངས་མ་བྱུང་ན་སྔར་བཞིན་མི་མཐུན་པ་སོར་བཞག་གིས་རང་རང་སར་མི་འགྲོ་ཐབས་མེད་ཡིན་པས་གྱོད་འཐོར་བ་ཟེར། གྱོད་འཐོར་བ་ནི་ཉེན་ཁ་ཆེ། གྱོད་གཞི་ཚབ་ཆེན་ཡིན་ན་གྱོད་འཐོར་སོང་བའི་ཉིན་ནས་གནོད་འཚེ་བྱེད་མཁན་གྱི་ཁག་གིས་དགྲ་དོགས་ནན་པོ་བྱེད་དགོས། གནོད་འཚེ་ཕོག་མཁན་གྱི་ངོས་ནས་གྱོད་གཞི་འགྲིགས་འཇགས་ཀྱི་རེ་ཐག་ཆད་རྗེས་སུ་བཙན་ཤེད་ཀྱིས་ཕ་རོལ་པོའི་ལུས་སྲོག་ལོངས་སྤྱོད་ཀྱི་སྟེང་ནས་ཀུན་གསབ་ལེན་པར་འབད་བརྩོན་བྱེད་མཁན་མང་།
◆ གྱོད་འགྲིགས་པ། གྱོད་ཐག་ཆོད་པ་དང་གྱོད་འགྲིགས་པ་དོན་གཅིག་ཡིན། གྱོད་ཐག་ཆོད་པའམ་གྱོད་འགྲིགས་པ་ནི་འགལ་ཟླར་གྱུར་པའི་ཤོག་ཁག་གཉིས་པོས་ཞུ་ལན་བཤགས་གསུམ་དང་ཕར་སྤྲོད་ཚུར་ལེན་གྱིས་ལམ་ནས་འགྲིགས་མཐུན་བྱུང་བ་ལ་ཟེར། དེ་ཡང་སྲོལ་རྒྱུན་ལ་མི་བསད་པ་ལ་སྟོང་། རྐུ་བྱས་པ་ལ་འཇལ་སོགས་གང་ལ་གང་བབ་སྤྲད་རྗེས་སུ་ཕན་ཚུན་འགལ་ཟླར་གྱུར་པའི་ཤོག་ཁག་གཉིས་པོས་ཕྱིས་སུ་དགྲ་ལན་གྱོད་འཁོན་མེད་པའི་ཁས་ལེན་དམ་བཅའ་བྱེད་དགོས། བོད་མི་ནི་ཚིག་ལ་བརྩི་འཇོག་ཆེ་བའི་གོམས་སྲོལ་ཅན་ཡིན་སྟབས་གལ་སྲིད་ཁས་ལེན་དམ་བཅའ་བྱས་ཟིན་ན་དེ་ནས་ཕྱོགས་གཉིས་པོ་ཞི་འཇམ་ངང་འདུག དེ་ཡང་བོད་མི་ཕལ་མོ་ཆེ་ཆོས་ལ་དད་པའི་དབང་གིས་སྐུ་གསུང་ཐུགས་རྟེན་སོགས་ལ་མགོ་བོ་གཏུག་ནས་ཕྱིན་ཆད་འགལ་བ་དང་འཁོན་འཛིན་མེད་པའི་མནའ་སྐྱེལ་སྲོལ་ཡོད། དེ་ཡང་། དེ་རིང་ནས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན། ཟེར་སྲོལ་ཡོད་ཅིང་། དེ་ལྟར་གྱོད་གཞི་འདུམས་འགྲིགས་བྱུང་ཉིན་ནས་ཕན་ཚུན་ཕྱོགས་གཉིས་པོས་སྔར་བྱས་ལ་རྩད་གཅོད་ཀྱིས་ཟིང་འཁྲུགས་སློང་བ་སོགས་དཀོན།
◆ གྱོད་ཡ། གྱོད་ཡ་ནི་འགལ་ཟླར་གྱུར་པའི་ཤོག་ཁག་ཕན་ཚུན་ལ་ཟེར། དེ་ཡང་འདུམ་སྒྲིག་གི་བརྒྱུད་རིམ་མགོ་མ་ཚུགས་བར་དུ་དགྲ་ཡ་ཟེར་བ་ལས་གྱོད་ཡ་མི་ཟེར། འདུམས་སྒྲིག་གི་བརྒྱུད་རིམ་མགོ་ཚུགས་པའི་ཉིན་ནས་གནོད་འཚེ་གཏོང་མཁན་གྱི་གྱོད་ཡ་ནི་གནོད་འཚེ་ཕོག་མཁན་དེ་ཡིན་ལ། གནོད་འཚེ་ཕོག་མཁན་གྱི་གྱོད་ཡ་ནི་གནོད་འཚེ་གཏོང་མཁན་དེ་ཡིན།
◆ གྱོད་ཚིག གྱོད་ཚིག་ནི་ནག་ཉེས་ཚབ་ཆེན་འཛུགས་པའི་གཏམ་བཤད་སྤེལ་བར་ཟེར། དེ་ཡང་ཚིག་མང་ཉུང་མེད་པར་ཕ་རོལ་པོའི་བྱ་སྤྱོད་ལ་ངོས་ལེན་མེད་ཐོག་དེ་ལ་དེ་ལན་མ་འཇལ་བར་རང་དགར་མི་འཇོག་པའི་བརྗོད་ཚིག་སྤེལ་བ་ལ་གྱོད་ཚིག་ཟེར། སྲོལ་རྒྱུན་ལྟར་ན་བོད་མི་ནི་ཚིག་ལ་བརྩི་འཇོག་ཆེ་བའི་སྤྱི་ཚོགས་ཤིག་ཡིན་པས་གཏམ་བཤད་སྐབས་ཧ་ཅང་གཟབ་དགོས། སྨྲ་བ་ཉུང་བའི་མི་དེ་རང་བཞིན་གྱིས་ཡ་རབ་ཏུ་བརྩི་བ་ཡང་གནད་འདི་ལ་ཐུག གཏམ་བཤད་སྟངས་མ་འགྲིགས་ན་ཉན་མཁན་གྱིས་གོ་ནོར་བྱས་པའམ། ཆེད་དུ་ཚིག་ལ་འཇུས་ནས་གླེང་རྙོགས་ཆེན་པོ་ཡོང་། དེར་བརྟེན་དམངས་ཁྲོད་ཀྱི་གཏམ་དཔེར་ཡང་། ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ། ཞེས་ཟེར་སྲོལ་ཡོད།
◆ གྱོད་ཉལ། གྱོད་ཉལ་ནི་མི་ཁས་དྲགས་དབང་ཆེན་ཞིག་གིས་མི་གཉོམ་ཆུང་ལ་ཐུབ་ཚོད་བྱས་པར་ཀུན་གསབ་མ་སྤྲད་ན་མི་གཉོམ་ཆུང་དེ་མི་ཁས་དྲགས་པ་དེའི་སྒོ་ཁར་ཉལ་ནས་ཡར་མི་ལངས་པར་ཉིན་མཚན་བསྟུད་མར་སྡོད་པའི་ཞི་བའི་ཨུ་ཚུགས་ངོ་རྒོལ་བྱེད་པར་ཟེར། བྱེད་སྟངས་དེ་མི་ཁས་དྲགས་པ་དེའི་ལུས་སྲོག་རྒྱུ་ནོར་ལ་བཙན་ཤེད་ཀྱིས་ཉེན་ཁ་བྱེད་པ་མིན་མོད། མི་ཁས་དྲགས་པ་དེས་བྱེད་སྟངས་དེ་ནི་ལས་རྒྱུ་འབྲས་དང་མི་མཐུན་ཞིང་ཡ་རབ་བཟང་སྤྱོད་དང་འགལ་བའི་རང་བཞིན་གསལ་བོར་སྟོན་པས་གནོད་འཚེ་བྱེད་མཁན་དེ་ངོ་ཚ་ཁ་སྐྱེངས་བྱེད་ནུས་པ་ཡིན། དེ་ནི་དེང་དུས་ཀྱི་འཚེ་མེད་ཞི་བའི་ཆབ་སྲིད་ལས་འགུལ་གྱི་ངོ་རྒོལ་རིགས་ཤིག་དང་ཕྱོགས་མང་པོ་ནས་མཚུངས།
◆ གྱོད་ཐོག་ཏུ་འདུག་པ། གྱོད་ཐོག་ཏུ་འདུག་པ་དང་མི་འདུག་པ་ནི་གྱོད་གཞི་འདུམས་འགྲིགས་བྱུང་བའི་སྐབས་སུ་གྲོས་མཐུན་ཞིང་ཐག་བཅད་པའི་དོན་ལ་བརྩི་སྲུང་བྱེད་དང་མི་བྱེད་ཀྱི་དོན་ཡིན། དེ་ཡང་གྱོད་ཡ་ཕྱོགས་གཉིས་པོས་ཁས་བླངས་པའི་དོན་གནད་ཁག་སྟེ། དཔེར་ན། གནོད་འཚེ་བྱེད་མཁན་གྱིས་སྔར་བྱས་ཀྱི་བྱ་བ་ངན་པའི་ལེ་ལན་ལ་བཤགས་པ་བྱེད་པ། དེའི་ཀུན་གསབ་ཀྱི་རྒྱུ་དངོས་སྤྲོད་པ། ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་ནས་ཉེས་པ་དག་ཐབས་སོགས་དང་། གནོད་འཚེ་ཕོག་ཡུལ་གྱིས་ཕ་རོལ་པོའི་བཤགས་པ་ལ་དང་ལེན་དང་། དེའི་རྒྱུ་དངོས་སྤྲོད་ལེན་མང་ཉུང་དང་སྤུས་ཀ བར་འདུམས་མཁན་གྱི་ངོས་ནས་གྱོད་གཞིའི་སྐབས་སུ་ཐག་གཅོད་བྱུང་བའི་རྗེས་ཀྱི་བྱ་བ་རྣམས་གཙང་དག་བྱེད་པའི་འགན་འཁུར་དགོས། གལ་ཏེ་ཤོག་ཁག་གང་རུང་གིས་གྱོད་དོན་ཐག་གཅོད་བྱུང་རྗེས་སུ་སྔར་གྱི་ཁས་ལེན་དམ་བཅའ་དང་འགལ་བའི་ལས་ཀ་བྱས་ན་གྱོད་ཐོག་དུ་མི་འདུག་པ་ཟེར་ཞིང་མི་དེ་མ་རབ་ལ་བརྩི།
◆ གྱོད་ར། གྱོད་ར་ནི་གྱོད་གཞི་འདུམས་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་ལ་ཟེར། གྱོད་ར་ཚུགས་ཡུལ་དེ་དབེན་པ། འགྲུལ་བཞུད་སྟབས་བདེ་ས། མིའི་རྒྱུ་འགྲུལ་ཉུང་ས་ཞིག་འདེམས། གྱོད་རའི་ནང་དུ་ཕན་ཚུན་བཤད་སྦྱངས་བྱེད་པའི་སྐད་སྒྲ་ཐོས་ས་ལ་མི་གང་བྱུང་མི་གཏོང་བ་སོགས་སྒྲིག་ལམ་དམ་པོ་བྱེད། གྱོད་རའི་ནང་དུ་གྱོད་ཡའི་ཤོག་ཁག་གཉིས་ཀྱི་འབྲེལ་ཡོད་མི་སྣ་དང་བར་དཔང་གི་ཤོག་ཁག་སྟེ་ཤོག་ཁག་གསུམ་ལ་མ་གཏོགས་པའི་མི་སུ་ཡང་བཅར་སྲོལ་མེད། གལ་སྲིད་མིག་མཐོང་བྱུང་མཁན་གྱི་དཔང་མི་འབོད་འགུགས་བྱ་དགོས་བྱུང་ན་སྐབས་སུ་བབ་པའི་དོན་གནད་དེ་རང་གི་སྟེང་མ་གཏོགས་གཞན་ལ་ཐེ་གཏོགས་མེད་པར་གྱོད་ར་ནས་ཕྱིར་ཐོན་དུ་འཇུག གྱོད་ར་ནས་གང་བཤད་པ་ཧ་ཅང་གསང་བ་དམ་པོ་བྱ་སྲོལ་ཡོད། གྱོད་རའི་ནང་དུ་སྐད་ཆ་གང་བཤད་པ་ལས་ཀྱང་གྱོད་ཡའི་ཤོག་ཁག་ནང་ཁུལ་གྱི་གྲོས་མོལ་དེ་གསང་བ་དམ་པོ་བྱེད། གཟུ་དཔང་ཤོག་ཁག་ནང་ཁུལ་ལ་གྲོས་མོལ་མང་པོ་བྱེད་དགོས་པས་དེ་ཡང་གསང་བ་ཤིན་དུ་དམ། གྱོད་ར་ཚུགས་པའི་འགོར་འགྱང་གི་དུས་ཡུན་མི་འདྲ་བ་ཡོང་། སྐབས་ལ་ལར་ཕྱོགས་གཉིས་པོས་གྱོད་དོན་དང་འབྲེལ་བའི་དོན་དག་དེར་འགྲེལ་བཤད་གཏིང་ཕྱིན་པ་བྱས་རྗེས་སུ་དཔང་པོས་གང་ལ་གང་བབ་ཀྱི་ཐག་བཅད་ནས་ལས་སླ་བོར་མཇུག་དྲིལ་ནུས་པ་དང་། སྐབས་ལ་ལར་གྱོད་ཡ་ཕྱོགས་གཉིས་ཀའམ་ཕྱོགས་གཅིག་གིས་བདེན་དོན་ལ་བསྙོན་འཛུགས་བྱས་ནས་གཞི་གཅིག་གི་སྟེང་ལ་འབབ་མི་ཐུབ་པར་བཤད་སྦྱངས་ཡུན་རིང་པོར་བྱ་དགོས་ཐུག་པ། སྐབས་ལ་ལར་གྱོད་གཞི་དེ་བཤད་ཀྱིན་བཤད་ཀྱིན་གྱོད་གཞི་དེ་དང་འབྲེལ་བའི་མི་གཞན་འབོད་འགུགས་བྱ་དགོས་པ་སོགས་ཀྱང་ཡོད། སྐབས་ལ་ལར་ཚོང་སྒྲིག་པ་བཞིན་དུ་འཇལ་བཤགས་ཀྱི་རྒྱུ་ནོར་མང་ཉུང་སོགས་བརྩད་ནས་ཡུན་རིང་འགོར་བ་བཅས་རྙོགས་འཛིང་ཤིན་ཏུ་ཆེ། གྱོད་གཞི་བར་འདུམས་མཁན་གྱི་མི་སྣ་གདན་འདྲེན་ཞུ་བ་དང་། སྡོད་གནས། བཟའ་བཏུང་རྒྱས་སྤྲོས་ཅན་གྲ་སྒྲིག་བྱེད་དགོས་པ་སོགས་གྱོད་རའི་འགྲོ་སོང་ཚང་མ་གནོད་འཚེ་བྱེད་མཁན་གྱི་ཤོག་ཁག་གིས་གྲ་སྒྲིག་བྱེད་དགོས། ཡིན་ན་ཡང་། བླ་མ་གྲྭ་བ་སོགས་བསམ་པ་བཟང་བའི་བར་འདུམས་པ་ལ་ལས་རྒྱགས་བྲོ་རང་རང་གིས་ཁྱེར་ནས་ཡོང་མཁན་ཡང་ཡོད།
◆ གྱོད་ཟས། གྱོད་ཟས་ནི་གྱོད་གཞི་ཆེན་པོ་ཞིག་འདུམ་འགྲིགས་བྱུང་ན་གྱོད་གཞི་འདུམས་སྒྲིག་ལ་ནུས་པ་འདོན་མཁན་གྱི་གཟུ་དཔང་མི་སྣའི་འབབ་སྐལ་རྒྱུ་ནོར་ལ་ཟེར། རྩོད་རྙོགས་ཆེན་པོ་ཞིག་འདུམས་འགྲིགས་བྱུང་རྗེས་སུ་གནོད་འཚེ་གཏོང་མཁན་གྱི་ཤོག་ཁག་གིས་གནོད་འཚེ་ཕོག་ཡུལ་གྱི་ཤོག་ཁག་ལ་འཇལ་བཤགས་ཞེས་རྒྱུ་ནོར་སྤྲོད་དགོས་པའི་ནང་ནས་ཆ་ཤས་གང་འཚམས་ཞིག་བར་འདུམས་མཁན་ལ་སྤྲོད་དགོས། གྱོད་ཟས་དེ་ཆུ་ཚོད་དུས་ཚོད་ལ་དཔགས་པའི་གླ་ཡོན་ལེན་པ་དང་གྱོད་གཞི་འདི་འདྲ་ལ་གླ་ཡོན་འདི་ཙམ་ཞེས་གཏན་འཁེལ་མེད། གྱོད་ཡའི་བར་གྱི་འཇལ་བཤགས་རྒྱུ་ནོར་སྤྲོད་ལེན་གྱི་ནང་ནས་ཆ་ཤས་གང་འཚམས་ཤིག་གཟུ་དཔང་བ་རང་གིས་ཐག་བཅད་ནས་ཁྱེར་འགྲོ་བ་ཡིན། གྱོད་གཞི་ཆེན་པོའི་རིགས་ཞི་འཇགས་བྱེད་ནུས་ན་ཡོང་སྒོ་ཧ་ཅང་ཆེ། དེ་ནི་སྔོན་དུས་སུ་ཡུལ་དཔོན་གྱིས་འགན་འཁུར་སྐབས་བརྒྱ་ཆ་མང་པོ་ལེན་མོད། དུས་ཕྱིས་སུ་ནང་པ་སངས་རྒྱས་པའི་བླ་མ་གྲྭ་བ་ཚོས་གྱོད་ཀྱི་གཟུ་དཔང་བྱས་པ་མང་བས་སྒེར་ངོས་ནས་གྱོད་ཟས་ལེན་མཁན་ཉུང་། བླ་མ་གྲྭ་བ་གྱོད་འདུམས་སྒྲིག་བྱས་པར་ཕེབས་ན་གྱོད་ཡ་ཕྱོགས་གཉིས་ཀས་བཀའ་དྲིན་ཤེས་པའི་མཚོན་བྱེད་ལྟ་བུར་རང་མོས་ཀྱིས་འབུལ་བ་གང་འཚམས་རེ་འབུལ་སྲོལ་འདུག ལྷག་པར་ཡང་སྔོན་གྱི་བླ་མ་ཚོས་རང་རང་ལ་གཞན་གྱིས་ཕུལ་བའི་རྒྱུ་ནོར་ཕོན་ཆེན་བཏང་ནས་འཁོན་པ་བསྡུམས་པའི་ལོ་རྒྱུས་ཀྱང་མང་། བླ་མ་ལ་ལས་གྱོད་ཟས་མི་ཟ་བའི་དམ་བཅའ་བྱས་ཚུལ་ཡོད་པར་གཞིག་ན་ཐོག་མའི་ཆར་བླ་མ་ཚོས་ཀྱང་གྱོད་ཟས་ལེན་བཞིན་ཡོད་པར་ངེས། ཡིན་ན་ཡང་། བླ་མ་གྲྭ་བ་ཕལ་མོ་ཆེས་གྱོད་གཞི་ཞི་འཇགས་བྱས་པ་ལས་བྱུང་བའི་འཇལ་བཤགས་རྒྱུ་ནོར་གྱི་ཆ་ཤས་གང་འཚམས་ཤིག་དགོན་པ་གྲྭ་ཚང་ལ་འབུལ་བ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཀྱི་དགོས་འདུན་འདོན། དེ་ནི་མིའི་བར་དུ་འགལ་བ་བྱུང་སྐབས་ཆགས་སྡང་གི་བསམ་སྤྱོད་མང་པོ་བྱུང་བའི་སྡིག་བཤགས་ལྟ་བུར་བརྩི་བ་ཡིན།

རྩོམ་རིག

Post navigation

Previous Post: སྐད་ཆ་འདི་སུ་ལ་བཤད་དགོས།
Next Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཞི་བ།

Comments (61) on “གྱོད་ཀྱི་རྣམ་བཤད།”

  1. བྱམས་པ་ལྷུན་གྲུབ། says:
    2013-05-11 at 7:22 am

    གྱོད་དང་འབྲེལ་བའི་ཐ་སྙད་མང་པོ་འགྲེལ་བརྗོད་བྱས་པར་ཐུགས་རྗེ་ཆེ་ཞུ།

  2. ཐུ་བ་རྒྱ་མཚོ། says:
    2013-05-11 at 7:48 am

    གྱོད་རྒྱག་པ་ཟེར་པ་དེ་ཡུལ་སྐད་ལ་ལར་ཁ་མཆུ་རྒྱག་པ་ཟེར་པ་དེ་ཡིན། ཡིནའང་དེང་སྐབས་ཡུལ་དུས་ཀྱི་དབང་གིས་མང་ཆེ་བས་མཞུང་གི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་པ་དང་། ཁྲིམས་རྩོད་པ་གླས་ནས་ཁྲིམས་དཔོན་གྱིས་བཅའ་ཁྲིམས་ལྟར་ཁྲིམས་ཐག་གཅོད་པ་ཡིན།

    སྤོ་པ་མཐས་གྱོད་དང་འབྲེལ་བའི་ཚིག་འགྲེལ་དོན་བསྡུས་ཞིག་ཕུལ་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 8:25 am

    ་་་་་ བོད་མི་ནི་ཚིག་ལ་བརྩི་འཇོག་ཆེ་བའི་གོམས་སྲོལ་ཅན་ཡིན་སྟབས་གལ་སྲིད་ཁས་ལེན་དམ་བཅའ་བྱས་ཟིན་ན་དེ་ནས་ཕྱོགས་གཉིས་པོ་ཞི་འཇམ་ངང་འདུག དེ་ཡང་བོད་མི་ཕལ་མོ་ཆེ་ཆོས་ལ་དད་པའི་དབང་གིས་སྐུ་གསུང་ཐུགས་རྟེན་སོགས་ལ་མགོ་བོ་གཏུག་ནས་ཕྱིན་ཆད་འགལ་བ་དང་འཁོན་འཛིན་མེད་པའི་མནའ་སྐྱེལ་སྲོལ་ཡོད། ་་་་ཟེར།

  4. གནམ says:
    2013-05-11 at 8:39 am

    གྱོད་སྐོར་བཤད་ན་རྫོགས་ཡ་མེད་པ་རེད། འདི་ཚོ་སྤོབས་པ་ལ་ཞལ་འདེབས་སུ་ཕུལ།
    གྱོད་གཞི།
    གྱོད་དོན།
    གྱོད་རྩ།
    གྱོད་པ།
    གྱོད་དཔོན།
    གྱོད་མཆུ།
    གྱོད་ནག།
    གྱོད་གཤར།
    གྱོད་རིགས།
    གྱོད་བཤད།
    གྱོད་འབྲུ།
    གྱོད་ལོག།
    གྱོད་འདུམ།
    གྱོད་རྩོད།
    གྱོད་ངན།
    གྱོད་ཁ།
    ས་གྱོད།
    ཆུ་གྱོད།
    མོ་གྱོད།
    ཕོ་གྱོད།
    ཤོ་གྱོད།
    རྒྱལ་གྱོད།
    ནག་གྱོད།
    རྟ་གྱོད།
    གཡག་གྱོད།
    ལུག་གྱོད།
    ར་གྱོད།
    རའུ་གྱོད།
    མྱིད་གྱོད།
    སྡེ་གྱོད།
    བླ་གྱོད།
    བཟའ་གྱོད།
    ད་ཉོབ་སོང་། བདེ་མོ་བྱོས།

  5. འབྲོག་ཕྲུག says:
    2013-05-11 at 9:23 am

    སྤོབས་པ་ལགས་ལ་མནའ་གཏམ་འདི་དག་འབུལ་དགོས།
    ༡༽ བཞི་བརྒྱ་ནད་ཀྱི་རྩ་བ། དམར་ནག་གྱོད་ཀྱི་སྡོང་པོ།
    ༢༽ རོ་ལ་མ་ལྟ། གྱོད་ལ་མ་ཉོན།
    ༣༽གྱོད་མགོ་རི་ལས་མཐོ། གྱོད་རྟིང་ཆུ་ལས་རིང་།
    ༤༽ རྟ་སྒོ་ལ་བཏགས། གྱོད་རི་ལ་རྒྱབ།

  6. གནམ says:
    2013-05-11 at 9:37 am

    མྱི་གྱོད་ལ་བཅོས།
    ཤ་གྱོད།
    གྱོད་འཛིང་།
    གྱོད་འཇལ།
    གྱོད་བསྟོན།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-11 at 10:44 am

    བླ་མ་རེ་ལ་ཆོས་ལུགས་རེ།
    ལུང་པ་རེ་ལ་སྐད་ལུགས་རེ།
    ་
    བོད་ལུང་པ་རྒྱ་ཆེ་བས་དེ་དག་རེ་རེ་བཞིན་ཤེས་དགོས་ན། མི་ཚེ་གཅིག་གིས་མི་ལྡང་། ངས་བཤད་པ་ནི། བཀོལ་བཞིན་ཡོད་པ་དེ་རྣམས་ཀྱི་དག་ཆ་བོད་ཡོངས་ལ་མཐུན་པ་ཞིག་དགོས་ཟེར་བ་དེ་ཡིན། དེ་ཐབས་གང་ཡིན་ནམ་ཞེ་ན། བཀའ་བསྟན་གསུང་འབུམ་དག་ན་ཡོད་པའི་དག་ཆ་ལ་བོད་པ་ཚང་མས་རྩི་དགོས། དེ་ལ་མ་རྩི་ན། བྱེད་ཐབས་མེད། བོད་སིལ་བུར་འཐོར་བ་ལས་ཀྱང་འཐོར་བ་བཟོ་བར་འདོད་ན། ལུངཔ་ཆུས་གང་ན། རྡོ་ལེབ་སྐམ་པོར་ག་ན་ལུས། ཞེས་པ་ལ་དྭགས་པའི་གཏམ་དཔེར་ཐོས་པ་ལྟར་ཡིན།
    ལ་དྭགས་རྐྱང་རྐྱང་གི་ས་རྒྱ་ཆེ་ལ་ལུང་པ་དེ་དག་གི་སྐད་ཤེས་དགོས་ན། སྤོབས་པ་མཐའ་ཡས་མཆོག ཁྱེད་ཀྱི་སྤོབས་པ་དེ་རྫོགས་ངེས་པརཐེ་ཚོམ་མེད། བཀའ་བསྟན་གསུང་འབུམ་རྣམས་སུ་མེད་པའི་ལ་དྭགས་ཁ་སྐད་ལྟ་ཅི། བཀའ་བསྟན་གསུང་འབུམ་རྣམས་ན་ཡོད་པའི་མིང་ཚིག་གསུམ་རང་འདིར་བཀོད་པ། ཁྱེད་ཀྱི་སྤོབས་པ་མཐའ་ཡས་པས་མཁྱེན་ནམ། དེ་དག་ནི།
    ཐེ་རེལ།
    རྒྱལ་བ།
    འཇུ།
    འདི་དག་ལ་བཤད་པ་ཐུང་ཐུང་རེ་མཛོད།
    ཚིག་གི་ལོ་མས་མ་བསྒྲིབས་པར་དོན་གྱི་འབྲས་བུ་གཡུར་ཟ་བ་ཞིག་འབྱུང་ན། རང་གཞན་ཀུན་ལ་ཕན་ཐོགས། འདི་ཐུགས་ལ་ཞོག ཅེས་སོ།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 12:34 pm

    མོ་གྱོད་ཡོད་ན། རྒྱོ་གྱོད་ཀྱང་ཡོད་དགོས། ཧཧ། ཧོཧོ།

  9. དྲན་དཀར་དཔལ་ཡོན་ says:
    2013-05-11 at 2:43 pm

    གནམ་འདི་ཉོབ་པར་ཁག་མི་འདུག
    རྩྭ་གྱོད།
    བོང་གྱོད།
    ཕག་གྱོད།
    ད་ཡིན་ན་ངོ་ནས་ཉོབ་སོང

  10. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-05-11 at 6:49 pm

    གྱོད་བསྡུམ་འགྲིགས་ཆེས་དཀའ་ཤོས་ཀྱི་གྱོད་བཞི།

    བརླ་གྱོད།
    སྟུ་གྱོད།
    མཇེ་གྱོད།
    གཤང་གྱོད།

    འདི་དག་བཤད་ན་བཤད་ས་མི་འགྲོ་ནི་འདྲ་འདྲ་མ་བཤད་ན་མི་འགྲིག་ནི་འདྲ་འདྲ་ཡིན་ནོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 7:26 pm

    ང་ཚོའི་ཕ་ཡུལ་འབ་ཆེན་སྡེ་པའི་ཡུལ་སྐད་ནང་ལ།

    ཨ་མ་ལ། ཨང་འ།
    འོ་མ་ལ་། འོང་ཨ།
    སྲོག་ལ། ཧྲོག
    ཕྱེ་མར་ལ། ཕེ་མར།
    ཅོ་ཇོ་ལ། ཨ་ཡོ།
    སྲུ་མོ་ལ། ཤོ་འོང་།

    ད་དུང་།
    བྱུར།
    ཐོད་དཀར།
    གླ་དྲ།
    གཅིག་བྱས་བྱས།
    ཇམ།
    འབར་རོ།

    སོགས་འདྲའི་མིང་ཚིག་མང་ཡང་ད་ཕ་ཡུལ་སྐད་བརྗེད་འགྲོ་བགྱིད་འདུག་གོ

  12. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 7:34 pm

    གྱོད་བཞི་ནི།
    བརླ་གྱོད།
    སྟུ་གྱོད།
    མཇེ་གྱོད།
    གཤང་གྱོད།
    དྰིས་ ཕོར་ ཝོརཌས་ ཝེ་རི སེཀ་སི་ རོ་མན་ཊིག ཝོརཌས་ ཨིན ཊི་བེ་ཊེན་ ལན་གུཨེཇ།
    ཡིས་ སེནཊ ཡིཊ ? ཧ་ཧ་ཧ།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 7:39 pm

    མདང་ སླེབས་ལོང་ མེད་པར་ ཨ་མར་ བྱས་པ་ ཡིན། ཞེས་པའི་དོན་སུས་ཤེས་སམ། ཧཧཧཧཧཧ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 7:59 pm

    སྙན་དངགས་ཀྱི་མིང་གི་མངོན་བརྗོད་ནང་ལ། འབྲུག་སྦྲ་ལ་སྤྲིན་སྒྲ་གསུངས་པ་འདི། དངོས་ཡོད་གནས་ཚུལ་དང་མཐུན། སྤྲིན་སྒྲ་ནི། དངོས་མིང་དང་འབྲུག་སྒྲ་ནི་བཏགས་ཡིན་པ་ལ་མགོ་བཟློག་ནས་བེད་སྤྱོད་ད་ལྟའང་བྱེད།

  15. ལེགས་བཤད། says:
    2013-05-11 at 7:59 pm

    ཀརྡོ་ལགས།
    བརླ་གྱོད།
    སྟུ་གྱོད།
    མཇེ་གྱོད།
    གཤང་གྱོད། བོད་ལ་འདི་ལྟ་བུའི་གྱོད་ཡོད་དམ་ལགས།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 8:16 pm

    ༡༥༽ ལེགས་བཤད་ལགས།
    ང་ནི་དགེ་སློང་སྡོམ་གཙང་དང་། དགེ་བསྙེན་ཁྲིམས་གཙང་ཅིག་ཡིན། ང་ལ་ཆ་མེད། བོད་རྒན་ར་བཟི་འཆལ་པོ་དེ་ཚོ་དང་། གྲྭ་པ་རྡོབ་རྡོབ་དམག་ཟུར་དེ་ཚོ་ལ་སྐད་ཆ་བྲིས། ཡང་ན། སྤོབས་པ་མཐའ་ཡས་ལགས་དང་། མཁས་དབང་གནམ་ལགས་ལ་དྲིས་དང་། གྱོད་སྐོར་ཁོང་གཉིས་ལས་མཁས་པ་ཁ་བརྡའི་ནང་ལ་མ་གྲགས། ཧཧཧ།

  17. གཡུ་འབྲུག་དཀར་པོ། says:
    2013-05-12 at 4:44 am

    འདུམས་འགྲིགས་ཀྱི་བརྒྱུད་རིམ་ལ་ཟེར་ཞེས་པ་ནི་ཁྱབ་ཆུང་བར་སྣང་སྟེ། གྱོད་འགྲིགས་ཞེས་པ་འདུམས་འགྲིགས་ཀྱི་བརྒྱུད་རིམ་ལ་ཟེར་བ་ཡིན་ཀྱང་སྤོབས་མཐའ་ཁོང་རང་གིས་བཀོད་པའི་གྱོད་ཀྱི་མིང་ཚིག་གཞན་ཕལ་ཆེ་བས་འདུམས་འགྲིགས་ཀྱི་བརྒྱུད་རིམ་ལ་གོ་བ་མིན་པར་དེ་ལས་ལྡོག་སྟེ་འཐབ་འཁོན་གྱི་བརྒྱུད་རིམ་ལ་གོ་བར་མཐོང་། 

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-12 at 9:42 am

    གྱོད། ཅེས་པ་བདག་གི་ཁ་སྐད་དང་། ཆོས་སྐད་ཕྲན་བུ་ཤེས་པ་ན་མེད་པ་དང་། མདོ་སྟོད་མདོ་སྨད་སོགས་ཀྱི་ཁ་སྐད་ལ་སློབ་སྦྱོང་བྱེད་པའི་དུས་སྐབས་ཀྱིས་དབེན་པས། ངེད་ལ་ཉེར་མཁོ་ཞིག་མེད་ཀྱང་། འདི་ཉིད་བཀོལ་སྤྱོད་མཛད་མཁན་རྣམས་ལ་སྤོབས་པ་མཐའ་ཡས་ཀྱི་འགྲེལ་བཤད་འདི་ཕན་ཐོགས་ཆེ། དེ་བཞིན་ཐུགས་གཉེར་མཛད་དགོས་པ་དང་། བདག་གི་མིང་ཐོག་ཁ་བརྡར་བཀོད་པས། སྤོབས་པ་མཐའ་ཡས་མཆོག་ལ་བཀའ་དྲིན་ཆེ་ཞུའོ། །

  19. ཅོག་མྱི། says:
    2013-05-12 at 11:27 am

    ཕོ་གྱོད་ཕ་བོང་བཤིག་རྒྱུ་མེད།
    མོ་གྱོད་ཤུག་པ་རུལ་རྒྱུ་མེད།

  20. རྣོན་པོ་ཚང་། says:
    2013-05-12 at 9:16 pm

    (གྱོད་ཐུག་པ། གྱོད་ཐུག་པ་ནི་མི་དང་མིའི་བར་ལ་འགལ་བ་ཆེ་གྲས་སྣང་མེད་དུ་འཇོག་མི་ནུས་པ་བྱུང་བ་ཞིག་རྩད་གཅོད་འདུམས་སྒྲིག་གི་མགོ་ཚུགས་པ་ལ་ཟེར།) གྱོད་ཐུག་པ་ནི་གྱོད་ལ་ཐུག་པ་སྟེ། མི་དང་མིའི་བར་དུ་འགལ་བ་བྱང་བའོ། ཁྱོས་བཤད་པ་དེ་ནི་གཟུ་བཤད་མགོ་བཙུགས་པ་ལ་གོ་བ་ལས། གྱོད་ཐུག་པ་ལ་གོ་ན་བདེ་བོ་རང་མི་འདུག
    (གྱོད་འཐོར་བ། གྱོད་འཐོར་བ་ནི་གྱོད་གཞི་འདུམས་སྒྲིག་ལ་འབད་པའི་བྱ་བ་ལམ་ལྷོངས་མ་ཡོང་བའི་དོན་ཡིན།) གྱོད་ཆད་ཟེར་བ་ལས་གྱོད་འཐོར་ཟེར་བ་ཞིག་གོ་མ་མྱོང་། བཟའ་འཐོར་བྱུང་ཟེར་བ་ཞིག་ཡོད།

  21. རྣོན་པོ་ཚང་། says:
    2013-05-12 at 9:18 pm

    ་འགལ་བ་བྱང་བའོ།མ་ཡིན། འགལ་བ་བྱུང་བའོ།ཡིན།

  22. སྤོབས་པ་མཐའ་ཡས། says:
    2013-05-12 at 11:58 pm

    མཁས་དབང་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱིས་གྱོད་ཅེས་པའི་དོན་གང་རེད་ཅེས་དྲིས་པར་བརྟེན་ངས་འདི་བྲིས་པ་ཡིན། ད་དུང་ཁོང་གིས་མིང་ཚིག་གསུམ་གྱི་དོན་དྲིས་པའི་དང་པོ་ཐེ་རིལ་ཞེས་པ་དེ་མ་རྟོགས་སོ།
    འཇུའི་འཇུག་དོན་གསུམ་ཡོད་པ་ཤེས།
    ༡ འཇུ་བ་ནི་འཛིན་པའི་དོན་དུ་འཇུག དཔེར་ན། ལག་པས་སྐྱོགས་ལ་འཇུ་ལྟ་བུ་ཡིན། བྱ་བའི་ཚིག་གི་འགྱུར་སྟངས་ནི་འདས་པ་དང་སྐུལ་ཚིག་ལ་འཇུས། ད་ལྟ་དང་མ་འོངས་པར་འཇུ། ལྷ་ས་ཕྱོགས་ཀྱི་ཡུལ་སྐད་ལ་ལག་པས་འཆང་ཞེས་ཟེར་བ་ལས་ལག་པས་འཇུ་མི་ཟེར། མདོ་ཁམས་ཀྱི་སྐད་དུ་འཇུ་བ་སྤྱིར་བཏང་གིས་འཛིན་བ་ཙམ་དང་འཆངས་བ་ནི་ཧ་ཅང་དམ་པོར་བཟུང་བར་གོ་བའི་ཁྱད་པར་ཡོད།
    ༢ འཇུ་ནི་བཞུ་ཞེས་པའི་བྱེད་མེད་ལས་ཚིག་ཡིན། དེ་ཡང་ཕོ་བས་ཟས་འཇུ་བ་ལྟ་བུ་ཡིན། བྱ་ཚིག་དེའི་འདས་པ་ལ་ཞུ་དང་མ་འོང་པ་དང་ད་ལྟ་བར་འཇུ་ཞེས་འཇུག སྐབས་ལ་ལར་མ་འོང་པར་ཞུ་ཞེས་བྲིས་པ་དང་ཡོད་པས་གདམ་ང་ཅན་ཡིན་པ་འདྲ།
    ༣ འཇུ་ཡི་དོན་གཞན་ཞིག་ནི་བོད་ཀྱི་རུས་རྒྱུད་ཅིག་ཡིན། རུས་འདི་ལས་ཆད་པའི་མི་རྣམས་མདོ་ཁམས་མགོ་ལོག་དང་སེར་ཤུལ་སོགས་སུ་མང་། དེ་ཡང་རུས་འདི་ལས་ཉེ་བའི་དུས་དུས་ཀྱི་མཁས་པ་ཆེན་པོ་འཇུ་མི་ཕམ་པ་འཁྲུངས། ཁོང་གིས་འཇུ་ཞེས་པ་དོན་ནི་བོད་ཀྱི་གན་བོའི་སྲོལ་རྒྱུན་ཆོས་ལུགས་ཀྱི་ཡིད་ཆེས་ལ་གནམ་གྱི་ལྷའི་འཇུ་ཐག་ལ་འཇུས་ནས་མི་ཡུལ་དུ་ཆད་པའི་དོན་ཡིན་ཚུལ་གྱི་ཀུ་རེ་ལྟ་བུའི་ཆེ་བསྟོད་མཛད་ཡོད། དེ་བཞན་དུ་དེང་དུས་ཀྱི་སྙན་ངག་པ་འཇུ་སྐལ་བཟང་དང་འཇུ་བསྟན་སྐྱོང་སོགས་ཀྱང་རུས་འདི་ལ་གཏོགས། ལ་ལ་ཞིག་གིས་ནི་རུས་འདི་སོག་པོ་འཇུ་ནང་གི་སྡེ་ཚོ་ཞིག་ལས་ཆད་པས་འཇུ་ཞེས་ཐོགས་པ་ཡིན་པར་བཤད་མཁན་ཡང་ཡོད།
    རྒྱལ་བ་ནི་འགྲན་ཟླ་མེད་པའི་དོན་དུ་འཇུག དེ་ཡང་རྒྱ་གར་གྱི་སྐད་ལས་བི་ཛ་ཡ་ཞེས་པ་དེ་བསྒྱུར་ནས་བོད་སྐད་དུ་རྒྱལ་བ་བྱུང་བ་ཡིན། སྐབས་དེར་རྒྱལ་བའི་བ་དེ་བདག་སྒྲ་ཡིན། དེ་ཡང་བྱ་ཚིག་གི་འགྱུར་སྟངས་ནི་དུས་གསུམ་ཚིག་གྲོགས་ཀྱི་བསྒྱུར་བ་མ་གཏོགས་འགྱུར་བ་མེད་པའི་རིགས་ཡིན།

  23. བན་དེ་བ། says:
    2013-05-13 at 3:58 am

    སྤོབས་པའི་སྤོབས་པ་ཉམས་སོང། དང་པོར་ལ་དྭགས་པ་ཏག་ཏག་བཟོ་གི་ཡིན་གསུངས། ད་བྱེད་དུས་་་་་མཁས་དབང་ལ་དྭགས་པ་ཞེས་གནམ་ལ་འཕྱར་སོང།
    སྤོབས་ཆེན་ལགས་་་་་ཁྱེད་ཀྱི་རྩོམ་ལས་འཕྲོས་ཏེ་མཆན་བུ་བ་རྣམས་གྱོད་ཅིག་ཐུག་འདུག་་་་གྱོད་འདི་ཁྱེད་ཀྱིས་འདུམ་འགྲིག་བྱེད་ཐུབ་བམ།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 4:27 am

    ཐེ་རེལ། བྱས་སམ་ཇུས་གཏོགས།
    རྒྱལ་བ། ཡག་པོ། ལེགས་པོ།
    འཇུ། འཇུ་ཐག ཟས་འཇུ།

  25. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 4:43 am

    བི་ཛ་ཡ་ལ་རྒྱལ་བ་ནི། སྐྱོན་དང་དགྲ་ལས་རྒྱལ་བའི་གཡུལ་ལས་རྒྱལ་བ་རེད་ལྟ་བུའོ། །

  26. ཚེ་རིང་བསམ་གྲུབ། says:
    2013-05-13 at 6:38 am

    གྱོད་ཀྱི་རྣམ་གྲངས་རེ་རེ་བྱས་ནས་ཀློག་པའི་སྐབས་སུ་གད་མོ་དབང་མེད་ཤོར་གྱི་འདུག ཧཧཧཧཧཧཧཧཧ

  27. ཨ་ར་དཀར་པོ says:
    2013-05-13 at 8:54 am

    སྤྱིར་ཐ་སྙད་ཀྱི་ཡོང་ཁུངས་ཤིན་ཏུ་ནས་རྒྱ་ཆེན་པོ་རེད། རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ཀྱང་ཆོས་ལུགས་ལས་བྱུང་བའི་ཐ་སྙད་དང་རྒྱལ་རབས་ལོ་རྒྱུས་ལས་བྱུང་བའི་ཐ་སྙད། གནའ་དེང་རིག་གཞུང་ལས་བྱུང་བའི་ཐ་སྙད། ཚན་རིག་དང་བཟོ་ལས་ཚོང་ལས་དམག་དོན་གསོ་དཔྱད་སོགས་ལས་བྱུང་བའི་ཐ་སྙད་སོགས་ཡོད་པ་རེད། དེ་ཐམས་ཅད་གཅིག་རང་ལ་ཁུངས་གཏུགས་ནས་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་ཅང་མ་མཐོང་། རང་ཅག་བོད་ལ་མཚོན་ནའང་གདོད་མའི་བོན་ཆོས་ལས་བྱུང་བའི་ཐ་སྙད་དང་ཕྱིས་ཀྱི་བན་ཆོས་ལས་བྱུང་བའི་ཐ་སྙད། དེ་བཞིན་མང་ཚོགས་ཀྱི་འཚོ་བའི་ཁྲོད་ནས་བྱུང་བའི་ཐ་སྙད་དེ་འབྲོག་ལས་སམ་ཕྱུགས་ལས་ཀྱི་ཐ་སྙད། རོང་ལས་སམ་ཞིང་ལས་ཀྱི་ཐ་སྙད་སོགས་མང་བས་དེ་དག་ཐམས་ཅད་བཀའ་བསྟན་ཙམ་ལ་ཁུངས་གཏུགས་དགོས་ན་ཐ་སྙད་སོ་སོའི་ཡོང་ཁུངས་དང་གྲུབ་སྟངས། དགོས་པ བྱེད་ནུས་སོགས་ཐ་དད་པའི་དབང་གིས་ཡོང་ཐབས་མེད། ཐ་སྙད་ཀྱི་རིགས་དང་རྣམ་གྲངས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་སྐད་ཡིག་དེ་ཕྱུག་པོ་དང་ཕུན་སུམ་ཚོགས་པ་ཡིན་པ་མཚོན་ཐུབ།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-13 at 12:54 pm

    མིང་ཚིག་གསུམ་ལ་འབད་པ་མཛད་པར་བཀའ་དྲིན་ཆེ། ཐེ་རེལ་ཞེས་པ་ནི་ལྷག་ལུས་ལ་བཀོལ་ཅིང་། གནའ་བོའི་མིང་ཚིག་མར་ཡུལ་པའི་ཁ་སྐད་དུ་ལུས་ཡོད་པ། ལུང་པ་དེ་ཡི་མི་སློབ་སྦྱོང་མེད་པ་ཞིག་གིས་གིས་གོ་ཐུབ། དེ་ཡང་མདོ་སྡེ་ལས་བརྒྱ་པ་ན། ཝ་ཞིག་ལ་མགོ་བསྐོར་ཐེབས་ཏེ། སེངྒེའི་ཚང་ཞིག་ལ་ཟས་ཀྱི་རེ་བས་ཞུགས། དེར་སེངྒེ་མ་བུ་གསུམ་ཡོད་པ་ན། བུ་གཅིག་གིས་རྣ་ལྕོག་བཅད། གཅིག་གིས་རྔ་མ་བཅད་པ་ན། མ་དེས་འདི་ཐེ་རེལ་ཟ་མཁན་[scavenger]ཡིན་འདུག འདི་བསད་ན་གང་འོང་། ཐོངས་ཤིག ཅེས་སོ།།

    མིང་ཚིག་འདི་བོད་རྒྱ་ཚིག་ཆེན་མོར་ཡང་མ་འཁོད། སྤོབས་མཐའ་ཡས་མཆོག་ལ་ཐུགས་ཁག་མེད། འོན་ཀྱང་རི་བོ་གངས་ཅན་པ། ཁུ་ནུའི་དཔའ་བོ། སྐུ་གཤེགས་ཇི་ཏ་སེ་ན་མཆོག་གིས་བོད་ལེགས་སྦྱར་ཚིག་མཛོད་ན། ཐེ་རེལ་ཞེས་པའི་རྒྱབ་རྟེན་དཔེར་འདི་ལྟར་བཀོད་དེ།
    ་
    ཅེ་སྤྱང་མི་བཟད་ཁྲོ་བོ་དེ་ན་འཁོད།
    མི་རོ་རྣམས་ལ་འཁྲེན་ཅིང་རབ་ཏུ་ཟ།
    དེ་ཡི་ཐེ་རེལ་འདོད་ཅིང་ལྟ་བ་ཡང་།
    ཝ་དང་ཁྱི་དག་དེ་ན་དུ་མ་འཁོད།།
    ་
    དམ་ཆོས་པད་དཀར་ལེའུ་༣༤། ཚིགས་བཅད་ ༥༦
    ་
    འཇུ། ཞེས་པ་ལ་དྭགས་ཁ་སྐད་དུ་གུས་པ་སྟོན་བྱེད་དུ་བཀོལ། མི་ཞིག་གསར་དུ་ཐུག་ན། འཇུ། ཟེར་ཚུལ་མཆིས། ༡༩༧༦ ལོར། ཨ་རི་པ་ཞིག་ལ་དྭགས་གྲོང་ཡུལ་རྣམས་སུ་འགྲོ་བ་ན། ལ་དྭགས་པ་ཀུན་གྱིས་ཁོང་ལ་གུས་པའི་ཚུལ་དུ། འཇུ་ཟེར་བ་ན། ཨ་རིའི་མི་དེས་འདི་དག་གིས་ང་འཇུ་ཡིན་པ། ཅི་འདྲས་ཤེས། སེམས་ལ་ཤར་སོང་བཤད། འཇུ་ཞེས་པ་འཛིན་པ་དང་། ཟས་འཇུ་བའི་དོན་གཉིས་ལས། ཕལ་ཆེར་ཕྱི་མ་དེ་ཡིན་ནམ་སྙམ་སྟེ། འཇུ་ཟེར་མཁན་དེ་ལ་མ་རངས་ན། མི་འཇུ་བྱ། ཁྱོད་ཀྱིས་ང་ལ་ཅི་བཏང་ཡོད་ཅེས་བཤད་ཚུལ་ལ་དྭགས་ཁ་སྐད་དུ་ཡོད། དེ་ཡང་དགེ་བའི་བཤེས་གཉེན། པོ་ཏོ་པས། དཔེ་ཆོས་རིན་ཆེན་སྤུངས་པ་ན། ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ། ཞེས་གསུངས་པ་དང་མཐུན།
    ་
    རྒྱལ་བ། ལ་དྭགས་གཤམ་མས་ཟུར་མ་ཆག་པ་འདི་རང་བཀོལ། གླེ་སོགས་སུ་ཟུར་ཆག རྒྱ་ལ། ཞེས་བཀོལ། མིང་ཚིག་འདི། བདུད་བཞི་ལས་རྒྱལ་བའི་རྒྱལ་བའི་དོན་མ་ཡིན་པར་ལེགས་པའི་དོན་ལ་གོ་དགོས། མདོ་མཛངས་བླུན་གྱི། ཨུ་པ་གུཔྟའི་ལེའུ་ན། སྨད་ཚོང་མའི་བྲན་མོ་ཞིག་ཨུ་པ་གུཔྟ་ནས་མེ་ཏོག་ཉོ་བ་ན། ཨུཔ་གུཔྟ་རང་བཞིན་གྱིས་དྲང་བས། མེ་ཏོག་རྒྱལ་བར་བྱིན་ཏེ། མ་རངས་པ་མེད་པར་བྱས་སོ། །ཞེས་པ་དེ་ཡིན། ཀརྡོ་གཉེར་ཕྱག་པ་མཆོག་བརྩོན་འགྲུས་ཅན་ཡིན་པས། རྒྱལ་བ། ཡག་པོ། ལེགས་པོ། རབ་ཏུ་མཁྱེན་ཡོད་པ་གཟེངས་བསྟོད་ཞུ་འོས་སུ་བཞུགས་སོ།།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 2:48 pm

    ངའི་ཕ་ཡུལ་འབྲོག་སྐད་དུ།
    ང་ཚོ་ལ། འུ་རང་ཚ།
    ཡང་།
    ང་ཚོ་ལ། བདག་སོགས་དང་།
    ལུག་ལ། ལུག་དང་མ་མོ་ཡང་ཟེར།

  30. དྲན་དཀར་དཔལ་ཡོན་ says:
    2013-05-13 at 3:24 pm

    བཀུར་འོས་ལ་དྭགས་པ་བློ་བཟང་འཇམ་དཔལ་སྦྱོན་པ་ལེགས། བརྩེ་བའི་ཁ་བརྡ་བ་རྣམས་ཀྱིས། ཨ་རོག་ཁྱ། ཞེས་པའི་ཚིག་འདི་ལེགས་སྦྱར་ཡིན་མིན་དང་། ཡང་ན་བོད་སྐད་དུ་འདོད་མཁན་ཡོད་པ་བཞིན་བོད་སྐད་ཀྱིས་དབང་དུ་བྱས་ནས་ཚིག་གྲོགས་གང་ལ་སྦྲེལ་ནས་བེད་སྤྱོད་བྱེད་མིན་ཁ་བརྡ་རེ་གནང་བའི་རེ་བ་ཞུ་ཞུ།

  31. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 3:35 pm

    ང་ཚོ་ལ། འུ་རང་ཚོ།
    ཁྱེད་རང་ཚོ་ལ། ཉེ་ཅག
    ཡང་།
    ང་ཚོར། འུ་ཅག
    ཁྱེད་ཚོར། ཉེ་ཅག
    ཅག་འདི་མང་ཚིག་ཏུ་སོང་འདུག

  32. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 3:41 pm

    དེས་ན།
    ང་ཚོ་ལ། འུ་ཚོ། འུ་ཅག བདག་སོགས་ཞེས་ཡི་གེ་མི་ཤེས་པའི་འབྲོག་གཅིག་གི་ཁ་ནས་ཐོན་པ་དང་། ཕྱུག་རྫི་གཞན་པ་དེས་ཀྱང་གོ་ཐུབ། དེ་དབུས་སྐད་ཅེས་གྲགས་ཀྱང་། དོན་དུ་སྟོད་པ་ཚོའི་སྐད་ཡིན་པ་འདྲ། སྟོད་ཕྱོགས་ལ་ཕེབས་དུས་དཔྱད་པར་མཛོད།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-13 at 8:06 pm

    དྲན་དཀར་དཔལ་ཡོན་མཆོག
    ཨ་རོག་ཁྱ། ཞེས་པ་འདི་ང་ཕྲུ་གུ་བཙུན་ཆུང་ཡིན་པའི་སྐབས་སུ་ཐོས། ཅི་ཡིན་པའི་དོན་དག་མ་ཤེས། ཕྱིས་སུ་ལེགས་སྦྱར་སྦྱངས་པས། ཨ་རོག་ཁྱ། ཨཱ་རོགྱ ཞེས་པ་དེ་མ་དག་པར་འདོན་པ་ཤེས། དེ་ཡང་། ཨ་རོ་ག ནད་མེད་པ། ཁྱད་ཆོས་ལ་འཇུག་པ་དང་། ཨཱརོགྱ ནད་མེད་པ་ཉིད། མིང་ལ་འཇུག་པའི་ཚུལ་དུ་སྣང་། དཔེར་ན། ཤཱུནྱ། ཞེས་པ་སྟོང་པ་ཁྱད་ཆོས་དང་། ཤཱུནྱ་ཏཱ། སྟོང་པ་ཉིད། མིང་དུ་འཇུག་པའི་ཚུལ་ལོ།།

  34. མྱི་དཀར says:
    2013-05-13 at 9:38 pm

    ཐེ་རིལ་ནི་ཐེད་རོའི་སྒྲ་མ་དག་པ་ཡིན་ལས་ཆེ། བོད་ཁམས་ཕྱོགས་ཀྱི་ལུང་པ་མང་པོའི་ནང་གཅན་སྤྱང་གིས་ར་ལུག་བསད་དེ་ཟ་འཕྲོའི་་རོ་ལ་ཐེད་རོ་ཞེས་འབོད་སྲོལ་ཡོད།

  35. ཀརྡོ་གཉེར་ཕྱག་པ་ says:
    2013-05-13 at 10:16 pm

    ཐེ་རིལ་དང་ཐེད་རོའི་ལུག་བསད་དེ་ཟ་འཕྲོའི་ལྷག་རོ་ལ་ཟེར། ཟེར།

  36. དྲན་དཀར་དཔལ་ཡོན་ says:
    2013-05-13 at 10:25 pm

    བཀུར་འོས་ལ་དྭགས་པ་བློ་བཟང་འཇམ་དཔལ་བྱོན་ལེགས། ཨ་རོག་ཁྱ་ཞེས་པ་འདི་ཨ་རོཀྵ་ཅེས་པའི་ལེགས་སྦྱར་གྱི་སྒྲ་ཟུར་ཉམས་པ་འམ་ཡང་ན་ཡུལ་མི་རང་བཞིན་པའི་སྐད་གང་ཡིན་བདག་གི་དངོས་གནས་མི་ཤེས། གང་ལྟར་སྨོན་ཚིག་ཞིག་ཡིན་དགོས་པ་འདྲ་སྙམ་མོ། ད་དུང་དུས་ཚོད་རེ་བྱུང་ན་ཞིབ་དཔྱད་ཀྱི་རེ་བ་དང་བཅས་གུས་པས།

  37. སྤོབས་པ་མཐའ་ཡས། says:
    2013-05-14 at 4:49 am

    ལ་དྭགས་པས་འདིར་དྲངས་ཡོང་བའི་བཀའ་བསྟན་ལས་བྱུང་བའི་མིང་ཚིག་ཐེ་རིལ་ཟེར་བ་དེ་ཤེས་མཁན་གྱི་བོད་མི་ག་ཚོད་ཡོད། ངས་དྲངས་ཡོང་བའི་གྱོད་ཅེས་པ་དེ་ཤེས་མཁན་ག་ཚོད་འདུག བེད་སྤྱོད་གང་ཆེ་བ་འདུག དེ་འདྲ་རེད། གྱོད་ཤེས་མཁན་བོད་མི་བརྒྱ་ཆ་ལྔ་བཅུ་ཏན་ཏན་ཡོད། ཐེ་རིལ་ཤེས་མཁན་བརྒྱ་ཆ་གཅིག་ཀྱང་མི་ཟིན། ལ་དྭགས་པས་བཤད་བཞིན་པའི་བཀའ་བསྟན་གྱི་མིང་ཚིག་མང་པོ་ཞིག་ཤེས་མཁན་མང་པོ་མེད་པ་རེད། བཀའ་བསྟན་ལ་བེད་སྤྱད་པའི་སྐད་དེ་དུས་རབས་བཅུ་པ་ཡས་མས་སུ་བོད་མི་ཕལ་མོ་ཆེས་རྒྱུན་སྤྱོད་སྐད་དེ་རེད། ཡིན་ན་ཡང་དེང་སང་ཤེས་མཁན་མང་པོ་མེད་པ་ཐེ་རིལ་ལྟ་བུ་རེད། སྐད་འགྱུར་བཞིན་པ་རེད། མཁས་དབང་ལ་དྭགས་པ་དང་ཁོང་ལྟ་བུ་མང་པོ་ཞིག་གིས་བོད་ཀྱི་སྐད་འགྱུར་བའི་རིམ་པ་བཞིན་དུ་ཡིག་ཐོག་ལ་འབྲི་སྟངས་ཀྱང་སྐད་ཀྱི་འགྱུར་བ་དང་བསྟུན་དགོས་པ་མི་ཤེས་པ་རེད། ཁོ་རང་ལྟ་བུ་ཡིག་རྙིང་གི་མིང་ཚིག་ཁ་ཤས་ལ་འཐམ་ནས་མི་ཚེ་བསྐྱལ་མཁན་ཚོས་མི་ཚང་མ་དེ་ལྟ་བུ་ཡོང་དགོས་ཟེར་ན་དགོས་གལ་མེད་པ་རེད། མི་འདི་ཚོའི་ཁ་ལ་ཉན་ན་བོད་སྐད་ཡིག་ལ་ཐར་བ་ཡོད་པ་མ་རེད་དོ།

  38. སྤོབས་པ་མཐའ་ཡས། says:
    2013-05-14 at 4:57 am

    ལ་དྭགས་པ་དང་ངེད་གཉིས་ཀྱི་བར་གྱི་རྩོད་པ་དེ་ལ་སུ་རྒྱལ་སུ་ཕམ་ནི་གྱོད་ཐེ་རེལ་གཉིས་ཀ་ཤེས་མཁན་སུ་མང་ལ་ལྟོས་དང་ཤེས། ངས་ཐེ་རིལ་གང་ཡིན་མ་ཤེས་པ་རེད། ལ་དྭགས་པས་གྱོད་གང་ཡིན་མ་ཤེས་པ་རེད། ཁྱོད་ཚོའི་ནང་ལ་གྱོད་ཤེས་མཁན་ག་ཚོད་ཡོད། ཐེ་རིལ་ཤེས་མཁན་ག་ཚོད་ཡོད།་ལག་པ་ཁྱོགས་དང་། སུའི་ཕྱོགས་མང་བ་འདུག

  39. དྲན་དཀར་དཔལ་ཡོན་ says:
    2013-05-14 at 5:29 am

    ཐེ་རིལ་མ་ཤེས་པའི་སྤོབས་པ་ངོ་ནས་ཅི་བཤད་འདི་བཤད་མི་འདུག གྱོད་མ་ཤེས་པའི་ལ་དྭགས་པ་གནས་ལུགས་འདུག།

  40. བན་དེ་བ། says:
    2013-05-14 at 5:38 am

    ཐེད་རིལ་ཡིན་གྱི་རེད། ཐེ་རིལ་ཟེར་ན་གོ་རྒྱུ་མི་འདུག ཐེད་པ་ནི་སྤྱང་ཀི་སོགས་ཀྱིས་ཐེད་པའི་ཤ་ལྷག་སོགས་ལ་ཟེར་ན་འགྲིག
    སྤོབས་མཐའི་སྐད་ཆ་ལ་བརྒྱ་ཆ་༥༠/རྒྱབ་སྐྱོར་ཡོད། ལག་པ་ཕྱེད་ཙམ་གནམ་ལ་བསྐྱག་གི་ཡིན།
    སྤོབས་མཐས་རྒན་ལ་དྭགས་པ་ལ་བཤད་པའི་གཤམ་གསལ་གྱི་ཚིག་འཕྲེང་དེ་དག་ནང་འགལ་རེད་འདུག ཡང་ན་མཁས་དབང་་་་་ཡང་ན་ཤི་འཐམ་རོ་འཐམ་མི་ཤེས་མཁན་་་་གང་རུང་ཅིག་གི་གནས་བབ་ལ་བཞག་ན་ལེགས།
    ༼ཁོ་རང་ལྟ་བུ་ཡིག་རྙིང་གི་མིང་ཚིག་ཁ་ཤས་ལ་འཐམ་ནས་མི་ཚེ་བསྐྱལ་མཁན་ཚོས་མི་ཚང་མ་དེ་ལྟ་བུ་ཡོང་དགོས་ཟེར་ན་དགོས་གལ་མེད་པ་རེད། ༽
    ༼མཁས་དབང་ལ་དྭགས་པ་དང་ཁོང་ལྟ་བུ་མང་པོ་ཞིག་གིས་བོད་ཀྱི་སྐད་འགྱུར་བའི་རིམ་པ་བཞིན་དུ་ཡིག་ཐོག་ལ་འབྲི་སྟངས་ཀྱང་སྐད་ཀྱི་འགྱུར་བ་དང་བསྟུན་དགོས་པ་མི་ཤེས་པ་རེད། ཁོ་རང་ལྟ་བུ་ཡིག་རྙིང་གི་མིང་ཚིག་ཁ་ཤས་ལ་འཐམ་ནས་མི་ཚེ་བསྐྱལ་མཁན་ཚོས་མི་ཚང་མ་དེ་ལྟ་བུ་ཡོང་དགོས་ཟེར་ན་དགོས་གལ་མེད་པ་རེད། ༽

  41. གནམ says:
    2013-05-14 at 7:40 am

    གྱོད་འདྲེ་བྱེད་ལ་དགའ་བའི་མཆན་པ་ཚོས། ལ་ཐོད་བློ་བཟང་འཇམ་དཔལ་དང་སྤོབས་པ་མཐའ་ཡས་གཉིས་འི་ཐུགས་སྲེག་གི་མ་འདུག་དྲིན་ཆེན་ཚོ།
    རང་ལ་དགོས་མཁོ་མེད་པའི་ཡིག་ཚིག་སྦྱང་བ་དང་རང་ལ་དགོས་མཁོ་ཡོད་པའི་ཡིག་ཚིག་མི་སྦྱང་བ་གཉིས་ལྐུག་པ་ཡིན་པ་གཅིག་པ་ཡིན།
    བོད་ཡིག་གི་ཡིག་ཚིག་ཚང་མ་མཁྱེན་པའི་ཐམས་ཅད་མཁྱེན་པ་ཞིག་འཁྲུང་མི་སྲིད་པ་ཡིན། ཧ་ཧ་བྱས་ཙང་མཁས་བ་མེད་ས་ན་མཁས་པའི་དཔང་པོ་ཤིག་ཡང་ཡོད་མི་སྲིད་པ་ཡིན།

  42. མྱི་དཀར says:
    2013-05-14 at 9:17 am

    ཐེ་རིལ་ནི་ཐེད་རོའི་སྒྲ་འགྱུར་བའམ་ཡང་ན་ཐེད་རོའི་འབྲི་སྟངས་ནོར་ནས་ཐེ་རིལ་ལ་གྱུར་པ་རེད་འདུག དེར་བརྟེན་བོད་པ་ཚོས་མ་ཤེས་པར་ཁག་ཅི་ཡོད། ད་དུང་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རོང་མ་བོད་ཚོས་འདི་འདྲ་བའི་ཚིག་གང་མང་བེད་སྤྱོད་བྱེད་བཞིན་ཡོད་པ་ཐམས་ཅད་གནའ་བོའི་བོད་སྐད་མ་བཅོས་ལྷད་མེད་ཡིན་ཞེས་ཁས་ལེན་ནུས་སམ། །

  43. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-14 at 9:50 am

    སྤོབས་པ་མཐའ་ཡས་རྒྱལ་ཏམ་ལ་དྭགས་པ་རྒྱལ། བདེན་པས་ཤེས། བདེན་པ་ཉིད་རྟག་ཏུ་རྒྱལ། གཏམ་འདི་རིན་ཐང་ཅན་ཡིན་པས་ན། རྒྱ་གར་རྒྱལ་དར་འོག་ཏུ། སཏྱམེབ་ ཇཡཏེ། ཞེས་བྲིས། མི་མང་ན་རོ་མང་ཞེས་ལ་དྭགས་པའི་གཏམ་དཔེར་ཐོས། ངས་གྱོད་མི་བཀོལ། ཁྱེད་ཀྱིས་ཐེ་རེལ་མི་བཀོལ། དེ་ལ་རྩོད་པ་མེད། གང་བཀོལ་སྤྱོད་བྱེད་པའི་མིང་ཚིག་གི་དག་ཆ་དེ་བཀའ་བསྟན་གསུང་འབུམ་དག་ན་ཡོད་ན། དེ་དང་མཐུན་པར་གྱིས། ཞེས་ལན་དུ་མར་བཤད་ཟིན་པ་ཡིན། དུ་དུང་ཡང་། དམ་པའི་ཆོས་ལ་བརྒྱ་རྩ་དང་། དཀའ་བ་ཆེ་ལ་ནན་ཏན། ཞེས་པའི་བོད་ཡུལ་གྱི་གཏམ་དཔེ་ཡོད་པ་དེ་ཡིན་ནོ།།

  44. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-14 at 10:49 am

    བསྟན་པ་སྔ་དར་སྐབས་སུ་བསྒྱུར་པའི་མིང་ཚིག་བཀའ་འགྱུར་ན་ཡོད་པ་ཀུན་ལ་སློབ་སྦྱོང་ངམ་། དེ་དག་ལ་རྟོག་དཔྱོད་མེད་པར་འདི་དང་འདི་ནོར་ཞེས་པ་སུས་ཆ་འཇོག་བྱེད། བཀའ་བསྟན་གསུང་འབུམ་དག་ན་ཡོད་པའི་ཐེ་རེལ་དང་། ཐེད་གཉིས་ཀ་ལ་དྭགས་པའི་ཁ་སྐད་ལ་ཡོད། ས་སྐྱ་ལེགས་བཤད་ན། ཟས་ཀྱི་ལྷག་མ་དགྲ་བོའི་ཐེད། ཅེས་གསུང་འབུམ་ན་བཀོལ་སྤྱོད་ཡོད་པ་བཞིན། ལ་དྭགས་པས་ཐེ་རེལ་ནི་ལྷག་ལུས་གང་ཡིན་ལ་བཀོལ། ཐེད་ནི། ཟ་ཐེད། འཐུང་ཐེད། ཅེས་བཀོལ་བ་ཐོས་སོ།།

  45. ཨ་ར་དཀར་པོ says:
    2013-05-14 at 11:58 am

    དམ་པའི་ཆོས་ལ་བརྒྱ་ཚར་དང་གལ་བོ་ཆེ་ལ་ནན་ཏན་ཟེར་དགོས་རེད་ལགས།

  46. མྱི་དཀར says:
    2013-05-14 at 12:09 pm

    རླངས་འཁོར་གཏོང་མཁན་ལ་རླངས་འཁོར་ཁ་ལོ་བ་དང་། གནམ་གྲུ་གཏོང་མཁན་ལ་གནམ་གྲུའི་ཁ་ལོ་བ་འབོད་པ་ལས་ཁ་ལོ་པ་ཞེས་བོད་པའི་སྐད་ལུགས་ལ་འབོད་སྲོལ་མི་སྣང་བས་སྔོན་གྱི་བཀའ་བསྟན་རྣམས་ལྟར་ན་བོད་པའི་ཁ་གཤིས་ལ་རྒྱུན་འཇགས་ཡོད་པའི་འབོད་སྒྲ་མང་པོ་ཕལ་ཆེར་ནོར་བ་འདྲ།།

  47. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-14 at 12:41 pm

    ཨ་ར་དཀར་པོ་མཆོག་ནས་ཞུས་དག་མཛད་པར་བཀའ་དྲིན་ཆེ།
    ་
    འོན་ཀྱང་བདག་གིས། དམ་པའི་ཆོས་ལ་བརྒྱ་ཚར་དང་གལ་པོ་ཆེ་ལ་ནན་ཏན། ཞེས་ཐོས་པ་དྲན།
    ་
    མྱི་དཀར་མཆོག
    བོད་ནུབ་ཕྱོགས་པའི་ཁ་སྐད་དུ་ད་ལྟ་ཡང་། ཁ་ལོ་པ། འདི་ཉིད་སི་ཏུའི་བརྡ་སྤྲོད་དང་མཐུན་ཀྱང་། དབྱངས་ཅན་གྲུབ་པའི་རྡོ་རྗེའི་བརྡ་སྤྲོད་སོགས་དང་འགལ། ད་ཅི་བྱེད་དགོས།

  48. མྱི་དཀར says:
    2013-05-14 at 8:24 pm

    ལགས་སོ། །རྒན་ལ་དྭགས་པ་མཆོག་ཐུགས་རྗེ་ཆེ།

  49. མྱི་དཀར says:
    2013-05-14 at 8:46 pm

    བོད་ཀྱི་བརྡ་སྤྲོད་ཁ་ཤས་ནང་ཟ་འཕྲོའི་ཐེད་ཞེས་བྲིས་ཤིང་དེའི་མཆན་བུར་ཡང་༼གཅན་གཟན་གྱིས་༽ཞེས་བཏགས་འདུག དེས་ན་ཐེད་རོ་ནི་གོང་གི་ཐེ་རིལ་དང་དོན་གཅིག་ཏུ་འབབ་པ་དང་། སྒྲ་ཡང་ཤིན་ཏུ་ཉེ་བ་ཡོད་པའི་སྟབས་ཀྱིས་ཐེད་རོ་ཐེ་རིལ་དུ་གྱུར་པ་སྙམ་བཞིན་ལགས་པས་ངས་དཔྱད་ཚུལ་འདི་ལ་རྒན་ལ་དྭགས་དགོངས་ཚུལ་གང་ཡོད་གསུངས་རོགས་གནང་།

  50. སྤོབས་པ་མཐའ་ཡས། says:
    2013-05-14 at 10:06 pm

    ཐེད་ཟེར་བ་དེ་གོས་དང་པགས་པ་སོགས་རལ་པའི་དོན་ཡིན། མདོ་ཁམས་པའི་ཁ་སྐད་ལ་གོས་ལ་བུ་ག་བརྡོལ་བ་དང་ཚལ་བར་གཤགས་པ་སོགས་ལ་གོས་ཐེད་ཅེས་བརྗོད། གཅན་གཟན་གྱིས་བསད་ནས་ཟས་འཕྲོར་ལུས་པའི་སྒོ་ཕྱུགས་རི་དྭགས་ཀྱི་ཤ་ལྤགས་ལ་ཡང་ཐེད་ཅེས་བརྗོད། གང་ཡིན་ཟེར་ན་དེ་ཉིད་ཆ་ཚང་མ་ལུས་པར་རལ་ཧྲུལ་དུ་གྱུར་པའི་ཆ་ཤས་ཙམ་ལུས་པས་དེ་ལྟར་བརྗོད། ཐེད་ཅེས་པ་བྱ་ཚིག་དང་དེ་ཡང་བྱེད་མེད་ལས་ཚིག་ཡིན། དུས་གསུམ་ཚིག་གྲོགས་ཀྱིས་བསྒྱུར་བ་མ་གཏོགས་རང་ངོས་ལ་འགྱུར་བ་མེད།
    ཐེད་ཀྱི་བྱེད་འབྲེལ་ལས་ཚིག་ལ་གཏེད་ཅེས་བརྗོད། འདི་ཡང་དུས་གསུམ་ལ་འགྱུར་བ་མེད་པའི་བྱ་ཚིག་ཡིན། གོས་སོགས་བཙན་ཚུགས་ཀྱིས་ཚལ་བར་བྱས་ན་གོས་གཏེད་ཅེས་བརྗོད། ང་བུ་ཆུང་ཡིན་དུས་འཁྱགས་རོམ་སྟེང་དུ་དར་བཤུད་རྒྱག་པ་ལ་དགའ་བས་སློག་པའི་རྐུབ་རལ། ཡང་ལྷན་པ་བརྒྱབ་ན་ཡང་རལ། ངའི་ཨ་མས་ངས་དར་བཤུད་རྒྱག་པ་མཐོང་ན་”གོས་ངན་གཏེད་མ་འགྲོ”་ཞེས་གཤེ་བ་དྲན། ཧ་ཧ་ཧ་

  51. ཨ་ར་དཀར་པོ says:
    2013-05-14 at 11:00 pm

    སྤོབས་མཐས་བཤད་པ་བདེན། ལྭ་ཐེད་པོ། ཁུག་མ་འདི་ཐེད་འདུག གཏེད་ནས་ཐེད་ལྟ་བུ་རེད།

  52. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-14 at 11:34 pm

    ལུང་པ་རེ་ལ་སྐད་ལུགས་རེ།
    ་
    ཞེས་པ་འདི། ༧རྒྱལ་དབང་སྐུ་གོང་མར་སྲིད་ཀྱི་ལུགས་སྲོལ་ལ་ཞབས་ཏོག་ཞུ་བ་པོས་ཅལས་བེལ་ཞེས་པའི་བོད་སྐད་བརྡ་སྤྲོད་ཀྱི་སྔོན་གླེང་ན་བཀོད་པ་དེ། བདེན་པ་ཅིའི་ཕྱིར་མ་ཡིན།

    ལག་པ་ཁྱོགས་དང་། ལག་པ་རྐྱོངས་དང་། དང་པ་དེ། སྤོབས་མཐའི་ཁ་སྐད་དང་། གཉིས་པ་དེ་བདག་གི་ཁ་སྐད་ཡིན། བོད་སྐད་ཤེས་མཁན་གཟུ་བོར་གནས་པ་ཞིག་གིས་གང་དེ་ཡིག་སྐད་དང་མཐུན་པ་འདུག་གཟིགས་དང་།
    ་
    ཁྱོད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི།
    ལུས་ཅན་ཕན་བདེ་ཁུར་ནི་ཅང་མ་མཆིས།
    ་
    ཞེས་པ། རྗེ་རིན་པོ་ཆེ་ལ་མཁས་གྲུབ་རྗེས་བསྟོད་པ་ན། མཆིས་སོ།།

  53. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-14 at 11:37 pm

    དང་པ་དེ། དང་པོ་དེ། ཞེས་ཀློག་པར་མཛོད།

  54. dechensemkyi says:
    2013-05-14 at 11:42 pm

    ཧོཧོཧོཧཧཧཧཧཧཧོཧོ། ད་ལ་དྭགས་པས་ཡང་གད་མོ་བསླངས་སོང་།
    ལག་པ་ཁྱོགས་ཟེར་ན་ལག་པ་གྱེན་དུ་ཡར་བཀྱགས་པའི་སྐུལ་ཚིག་རེད། ལག་པ་རྐྱོངས་ནི་ཕྱོགས་གང་རུང་ལ་བརྐྱངས་པའི་སྐུལ་ཚིག་རེད། བརྐྱངས་ནི་ཐུང་ངུ་རིང་པོར་བསྲིངས་པའི་དོན་རེད། འདི་གཉིས་ཀའི་དོན་གཅིག་མ་རེད། འདི་གཉིས་ཀ་ངའི་ཡུལ་སྐད་དུ་བེད་སྤྱོད་སྲོལ་ཡོད། ཁྱོད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི།།ཞེས་པའི་ཁྱོགས་ནི་སྐབས་དེར་འགྱོག་ཁྲི་ལ་འཇུག་པ་རེད། དེའི་མི་དང་དངོས་རྫས་སོགས་ཡར་བའགྱོག་པའི་ཆ་ནས་བྱ་ཚིག་གིས་མིང་བཟོས་ནས་ཁྱོགས་ཞེས་གྲུབ་པ་རེད། སྐབས་ཐོབ་ཀྱི་གོ་དོན་ཐ་དད་པ་ཡོད་པས་འདི་ཚོའི་དོན་ཤེས་པར་བོད་སྐད་ཡག་པོ་སྦྱོང་དགོས།

  55. dechensemkyi says:
    2013-05-14 at 11:47 pm

    བཀྱག འགྱོགས། བཀྱགས། ཁྱོགས། འདི་དག་བྱ་བ་གཅིག་གི་རྣམ་འགྱུར་རེད།
    བརྐྱང་། རྐྱོང་། བརྐྱངས། རྐྱོངས། འདི་དག་བྱ་བ་གཅིག་གི་རྣམ་འགྱུར་རེད།
    འདི་ཁྱོད་ངེད་གཉིས་ཀའི་ཡུལ་སྐད་ཀྱི་ཁྱད་པར་ཅང་མ་རེད། ཨ་ཁུས་ད་དུང་ད་དུང་བོད་སྐད་སྦྱོང་དགོས་གི་འདུག

  56. བསམ་ཤེས། says:
    2013-05-15 at 12:08 am

    སྤོབས་པའི་མཆན་༥༥ལ་གོ་རྒྱུ་འདུག ངས་ཡང་འདིའི་ཐད་ལ་བསམ་བློ་ཞིབ་ཕྲ་བཏང་མྱོང་། དཔེར་ན།

    སྐོར་དང་འཁོར་དང་སྒོར་གསུམ་ལ་འབྲེལ་བ་འདུག
    གཅོད་དང་ཆོད་དང་ཆོས་གསུམ་འབྲེལ།
    བསྟན་དང་མཐོང་དང་གདོང་གསུམ་འབྲེལ།
    སྤོབས་དང་ཕབ་དང་འབེབ་གསུམ་འབྲེལ།
    བསྐུར་དང་འཁུར་དང་སྒུར་གསུམ་འབྲེལ།

    བཙན་དང་ཚན་དང་འཛིན་གསུམ་འབྲེལ།

    ཀློད་དང་གློད་དང་ལྷོད་གསུམ་འབྲེལ།

    ཀློང་དང་ལྷོངས་གཉིས་འབྲེལ།

    མང་པོ་འདུག

  57. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 12:17 am

    སྤོབས་མཐའི་ཁྱོགས་ལས། འཇམ་དཔལ་གྱི་རྐྱོངས་འདི། བདེན་པ་འདུག་སྙམ་པས། ད་ལྟ་ཚིག་མཛོད་འཚོལ་ཞིབ་བྱ་ལོང་བ་བྱུང་གོང་ལ་རྒན་ལ་དྭགས་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

  58. མྱི་དཀར says:
    2013-05-15 at 4:58 am

    ང་ཚོ་ཁམས་པའི་ཁ་སྐད་ནང་རྐང་པ་ཁྱོགས་ཟེར་ན་རྐང་པ་མཐོ་སར་བཀྱག་དགོས། རྐང་པ་རྐྱོངས་ཟེར་ན་རྐང་པ་ཕྱོགས་གང་རུང་ཞིག་ཏུ་བསྣར་དགོས།

  59. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 5:15 am

    ཁྱེད་རང་ཚོའི་ནང་ལ་བོད་རིགས་ག་ཚོད་ཡོད་པེ། ཁྱེད་རང་ཚོས་ལག་པ་ཡར་ལ་རྐྱོངས་དང་། ལྟ་བུ་དང་། འདི་ཡར་ཁྱོགས་ཟེར་ན་བཀྱག་ཐུབ་པར་བྱེད་དགོས་ལྟ་བུ་མིན་ནམ། ལགས།

  60. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-15 at 10:04 am

    སྤོབས་མཐས་འདི་འདྲ་བཤད་འོང་སྙམ་པ་ཡིད་དུ་མཆིས། ངས་བོད་སྐད་སྦྱང་དགོས་པ་བདེན།
    ་
    རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།
    ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་།
    ་
    “བཀྱག འགྱོགས། བཀྱགས། ཁྱོགས། འདི་དག་བྱ་བ་གཅིག་གི་རྣམ་འགྱུར་རེད།” སྤོབ་མཐས་འདི་འདྲ་བཤད་པ་ལ། ཁོ་བོའི་ཁ་སྐད་དུ་ཡང་། འདེགས་ བཏེགས་ གདེག་ ཐེག ཅེས་པ་འདི་ཡིན། སྤོབས་མཐའ་རང་གི་ཁ་སྐད་ཁོ་ན་གཙོ་བོར་འཛིན་པསå། བཀྱག་སོགས་བོད་སྤྱིའི་སྐད་དུ་མཁས་པས་བྲིས་པ་ཞིག་ན་ཡོད་ཚེ། སྟོན་གྲོགས་ཁོ་བོའི་བློ་གྲོས་མཐའ་ཡས་སུ་བསྐྱེད་པར་ཕན་ཐོགས་ཆེར་འགྱུར། དེ་མིན་ཕྱོགས་ཆུང་ངུ་ཞིག་ཤེས་པ་ལ་ང་རྒྱལ་འཆང་ན་མི་རུང་སྟེ།
    ་
    སྦུར་པས་མ་མཐོང་རྩིག་མིག་གཞལ་ཡས་ཁང་།
    ་
    སྤོབས་མཐས་ངར་བཤད་པ་འདི། ལ་དྭགས་པའི་གཏམ་དཔེ་འདི་དང་ཕྱོགས་ཀུན་ནས་མཚུངས་པར་མཐོང་ངོ་།།
    ་

  61. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 10:46 am

    བཀྱག འགྱོགས། བཀྱགས། ཁྱོགས།
    བརྐྱང་། རྐྱོང་། བརྐྱངས། རྐྱོངས།
    འདེགས་ བཏེགས་ གདེག་ ཐེག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme