Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“གུང་ཁྲན་ཏང”་སུ་ལ་ཞེད་ཀྱིན་ཡོད་དམ།

Posted on 2013-05-222013-05-23 By འདྲེ་རིག་ལྡན 17 Comments on “གུང་ཁྲན་ཏང”་སུ་ལ་ཞེད་ཀྱིན་ཡོད་དམ།
.
(རྩོམ་ཡིག་འདིར་དྲ་འབྲེལ་མང་པོ་ཞིག་བྱས་ཡོད་པས། འོག་ཐིག་-underline-ཡོད་པའི་ཚིག་གྲུབ་དག་ལ་སྣུན་ན་དཔྱད་གཞི་ཁག་ཀློག་ཐུབ། འདིར་གཙོ་བོ་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་ལུགས་ཤིག་བྲིས་ཁུལ་བྱས་ཡོད་ལ། དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐད་ཀའི་དཔེར་བརྗོད་དུ་བཀོད་པ་ཙམ་ལས་གཞོན་ནུར་དམིགས་པ་ཞིག་གཏན་ནས་མིན་པར་མ་ཟད། རང་བཙན་དང་དབུ་མའི་ལེགས་ཉེས་ཤིག་ཀྱང་གཏན་ནས་གླེང་མེད་པ་དགོངས་འཇག་ཞུ།)

.

ལོ་ངོ་བརྒྱ་ཕྲག་དུ་མར་གཞན་གྱི་གཉའ་གནོན་དང་བཤུ་གཞོག  ནང་འཁྲུག་དང་ལྟོགས་སྐོམ་ཉམས་སུ་མྱངས་ནས་འོང་པའི་རྒྱ་མི་རིགས་དང་། རྒྱ་ནག་གུང་ཁྲན་ཏང་གཉིས་ཀ་ད་ནི་ས་འབུ་ནག་རིང་གི་ལུས་བརྟེན་བརྗེས་ནས་གཏུམ་འབྲུག་དམར་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བ་དང་དུས་མཉམ་དུ། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གི་ཁོང་ཚོའི་སྣང་བརྙན་ཡང་ཆུང་ཆུང་ནས་ཆེན་པོ་དང་། གལ་ཆུང་ནས་འགངས་ཆེན་དུ་འགྱུར་བཞིན་ཡོད། ཡིན་ན་ཡང་། རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་དང་དུས་མཚུངས་སུ། གུང་ཁྲན་ཏང་སྲིད་གཞུང་ལ་ མལ་ས་མི་བདེ་བའི་”འཇིགས་སྣང་”ཞིག་ཀྱང་ཉིན་རེ་བཞིན་ཐུ་རུ་འགྲོ་བཞིན་ཡོད། དེས་ན། འཛམ་གླིང་གི་མི་འབོར་ཆེ་ཤོས་ དང་། དཔལ་འབྱོར་དང་དམག་དོན་ཐད་(ཡུ་རོབ་མནའ་འབྲེལ་རྒྱལ་ཁབ་ཅིག་ཏུ་མ་བརྩིས་ན་)འཛམ་གླིང་འདིའི་སྟོབས་ཆེན་ རྒྱལ་ཁབ་ཨང་གཉིས་པར་གྱུར་པའི་རྒྱ་ནག་རྒྱལ་ཁབ་ལ་དབང་བསྒྱུར་བྱེད་མཁན་གུང་ཁྲན་ཏང་སྲིད་གཞུང་གི་འཇིགས་སྣང་སྐྱེ་ས་དེ་སུ་ཡིན་ནམ།

རྒྱ་ནག་གི་དཔལ་འབྱོར་གནས་བབ་ཇེ་ལེགས་སུ་སོང་རིམ་བཞིན་དུ་མི་འབོར་ས་ཡ་ཆིག་སྟོང་ལྷག་ཨ་རི་གཙོ་བོར་གྱུར་པའི་ རྒྱལ་སྤྱིའི་ཁྲོམ་རྭ་ཁག་གི་འཛད་སྤྱོད་པར་གྱུར་དང་འགྱུར་བཞིན་ཡོད་པ་མ་ཟད། ཁོང་ཚོ་ནི་ནུབ་ཕྱོགས་ཀྱི་ཁེ་ལས་སྡེ་ཁག་དེ་དག་གི་”གོང་ཐང་ཆུང་”ཞིང་སློབ་སྦྱོང་དང་ལག་རྩལ་ཚད་མཐོ་བའི་ལས་ཀ་བ་ གལ་ཆེན་དག་ཀྱང་ཡིན། རྒྱལ་སྤྱིའི་ཁྲོམ་རྭ་ལ་མཚོན་ན་རྒྱ་ནག་ནི་ཁོང་ཚོའི་ཁྲོམ་ར་ཆེ་ཤོས་ཤིག་ཡིན་པར་མ་ཟད། གུང་ཁྲན་ཏང་གི་རྩ་བ་བརྟན་རྒྱུ་ནི་ཁྲོམ་རྭ་འདི་དག་ལས་མང་པོ་ཞིག་གི་ཁེ་གོང་ཆུང་བའི་ལས་མིའི་ཐོན་ཁུངས་ཀྱི་ཚེ་ཐག་ལ་ ཐད་ཀར་རག་ལས་པ་ཞིག་སྟེ། ད་ལྟའི་ཆར་རྒྱ་ནག་གི་ལས་མིའི་གོང་ཐང་དང་། ནུབ་ཕྱོགས་ཀྱི་ཁེ་ལས་བཟོ་གྲྭ་ཁག་རྒྱ་ནག་ཏུ་ འཛུགས་པ་དང་། དེའི་ཉེར་ལེན་ལས་རྒྱ་ནག་གི་ཁོར་ཡུག་འབག་བཙོག་གི་དཀའ་ངལ་མཐའ་དག་གྲོས་ཚོགས་རྭ་བ་ཞིག་ནས་ མང་མོས་ཐག་གཅོད་བྱེད་མི་དགོས་པར། ནུབ་ཕྱོགས་ཁེ་ལས་པ་དག་གིས་རྒྱ་ནག་གི་འགོ་ཁྲིད་ཉུང་ཤས་ཤིག་གི་ཧམ་སེམས་འགེངས་སུ་འཇུག་ཐུབ་ན་དེ་གས་ཆོག་པས་སོ། དེས་ན་ནུབ་ཕྱོགས་ཀྱི་ཁེ་ལས་སྡེ་ཁག་དག་གིས་ནུབ་ཕྱོགས་ཀྱི་ཕྱི་སྲིད་ནང་སྲིད་གང་གིའང་ཁ་ལོ་བ་ཡིན་ན། དེ་དག་གིས་ཁོང་ཚོའི་ཐབ་ཚང་ཆེན་པོ་འདི་ཁ་འཐོར་དགུ་འཐོར་དུ་གཏོང་བར་འབད་བརྩོན་བྱེད་སྲིད་དམ།  དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པའི་འབུམ་རམས་པའི་ལག་ཁྱེར་མེད་རུང་རྒྱུན་ཤེས་དེ་འདྲ་ཞིག་སློབ་འབྲིང་སློབ་མའི་ཁོང་དུའང་ཆུད་ཐུབ་མོད། འོན་ཀྱང་། རྒྱ་ནག་སྲིད་གཞུང་གི་ངོས་ནས་ནུབ་ཕྱོགས་ཀྱི་སྟོབས་ཤུགས་མཐུ་ཆེན་ཞིག་གིས་ འཚར་བཞིན་པའི་ཀྲུང་གོའི་མདུན་བསྐྱོད་ལ་གཏོར་བརླག་བྱེད་ཆེད། ཁ་བྲལ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱེད་ཀྱིན་པའི་ངན་ཁག་རྟག་ཏུ་འགེལ་གྱིན་ཡོད་ལ། དེའི་ཐད་ལ་ཀྲུང་དབྱང་གི་འགོ་ཁྲིད་རིམ་པར་བློ་འཚབ་ཆེན་པོ་ཡོད་པའི་རྣམ་པའང་དུས་ནས་དུས་སུ་སྟོན་བཞིན་ཡོད། དེ་ཙམ་དུ་མ་ཟད། རྒྱ་ནག་གིས་རྨ་ཁ་རྙིང་པ་ལ་གཟས་ནས་བཙིར་ཏེ་ན་ཟུག་དང་ཟུངས་ཁྲག་གསར་པ་འདོན་ཐབས་ཀྱང་བྱེད་ཀྱིན་ཡོད། དེ་ལས་ཀྱང་”དགོད་བྲོ་བ་”ཞིག་ནི་ཁོང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འཇིགས་སྣང་སྐྱེ་དགོས་རབས་དང་དོགས་ཟོན་ནན་མོ་བྱེད་དགོས་པར་བཤད་པ་འདི་རེད། རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོ་སྤྲོད་བྱེད་དུས། ཚོགས་པ་འདིར་ཚོགས་མི་འབུམ་ལྷག་ཡོད་པ་དང་། ཡན་ལག་ལས་ཁུངས་རྒྱལ་སྤྱིའི་ཁྱོན་དུ་ཡོད་པ། དྲག་ཤུགས་དང་དམག་དཔུང་ཡོད་པ་སོགས་མདོར་ན་རང་ཕྱོགས་ཀྱིས་གོ་ན་སེམས་ཤུགས་འཕར་བ་ཞིག་དང་། ཁ་གཏད་ཀྱིས་གོ་ན་བླ་འདར་བ་ཞིག་ཏུ་འགྲེལ་གྱིན་ཡོད།

དགྲ་བོས་ང་ཚོར་ཕན་ཅི་ཞིག་ཐོགས་ཐུབ་བམ་ཟེར་ན། ཆོས་ལུགས་པ་ཞིག་ལ་མཚོན་ན་བཟོད་པ་སྒོམ་རྒྱུ་དང་སེམས་བསྐྱེད་རྒྱུར་ཕན་པ་མ་ཟད། “དགྲ་མེད་ན་དུས་ཚོད་མི་འཁྱོལ་”བའི་དཀའ་ངལ་ཡོད་པའི་ཆབ་སྲིད་པ་ཚོར་མཚོན་ནའང་རང་གི་རྐུབ་སྟེགས་སྲུང་རྒྱུའི་ཁེ་ཕན་བླ་མེད་ཅིག་ཡོད་པ་རེད། བྱེད་ཐབས་འདིས་དགྲ་གཉེན་གཉིས་ཀར་ཁེ་གྱོང་ཅི་རིགས་ཀྱི་གོ་སྐབས་ཤིག་བསྐྲུན་བཞིན་ཡོད་པས་ན། འདི་ནི་ཤར་ནུབ་དང་ཕྱི་ནང་གི་དབྱེ་བ་མེད་པར་ཆབ་སྲིད་པ་མང་པོ་ཞིག་གིས་འཁྲབ་དང་འཁྲབ་ཀྱིན་པའི་བྱེད་ཐབས་ཤིག་ཡིན་པར་སྣང་ལ། དམིགས་བསལ་གྱིས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་གུང་ཁྲན་ཏང་སྲིད་གཞུང་ལ་མཚོན་ན་མི་མང་གི་འདོད་བློ་མ་ཁེངས་པའི་ཁོང་ཁྲོ་ཕྱི་ལ་བསྐོར་ཐབས་དང་། གྲངས་ཉུང་མི་རིགས་ཁག་གི་ས་གནས་སུ་ཁྲིམས་ལུགས་ལས་བརྒལ་བའི་བཀག་སྡོམ་དང་། བཙན་གནོན་བྱེད་པར་ཁ་གཡར་ས་གཙོ་བོ་ཞིག་ཏུ་བཀོལ་བཞིན་ཡོད། བོད་ནང་ལ་མཚོན་ནའང་གུང་ཁྲན་ཏང་སྲིད་གཞུང་གི་ཉེན་རྟོག་པས་བོད་ཆས་དང་གྲ་ཆས་གོན་ནས་བོད་རང་བཙན་སྐད་འབོད་བྱེད་པར་བོད་མི་ཚོར་བློ་སྟོབས་བསྩལ་བ་ཙམ་དུ་མ་ཟད། རྒྱ་མི་རིགས་ཐོག་ལ་”བརྡུང་འཕྲོག་བཅོམ་གསུམ་”བྱས་ནས་བོད་ མིའི་སེམས་ཀྱི་ན་ཟུག་དང་”རྒྱ་མི་རིགས་ལ་བཅིངས་པའི་ཞེན་འཁོན་”མཚོན་པར་རོགས་འདེགས་བྱས་དང་བྱེད་ཀྱིན་ཡོད།

དེས་ན་བོད་ཀྱི་གཞོན་ནུ་ཚོགས་པར་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་སྲིད་གཞུང་གུང་ཁྲན་ཏང་ཞེད་སྲིད་དམ། བཙན་བྱོལ་བོད་ མི་སྟོང་ཕྲག་ཉི་ཤུ་རྩ་གྲངས་ཐམས་ཅད་གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་པ་དང་། དེ་དག་ལས་བརྒྱ་ཆ་བདུན་བཅུ་ཐམས་པ་ཕོ་གཞོན་དར་མ་དམག་སྦྱོང་ཡོད་པ་ཤ་སྟག་ཡིན་རུང་། དྲག་ཆས་སྤྲས་པའི་ཉེན་རྟོག་པ་ གཅིག་པུའི་གྲངས་འབོར་ས་ཡ་གཅིག་དང་ཕྱེད་ལྷག་ཡོད་པའི་གུང་ཁྲན་ཏང་ད་དུང་སྐྲག་སྲིད་དམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དྲག་པོའི་དཔུང་དམག་རྐང་གཅིག་ཀྱང་མེད་པ་མ་ཟད། ཡན་ལག་ཚོགས་པ་བརྒྱད་ཅུ་གྱ་དྲུག་ འཛམ་གླིང་ཡུལ་གྲུ་བཅུ་ཙམ་ནང་ཡོད་ཟེར་རུང་དོན་གྱིས་བརྒྱ་ཆ་དགུ་ཅུ་གོ་དགུ་ལྷག་ནི་ཞོར་ལས་པ་ཤ་སྟག་ཡིན། མདོར་དེད་ན། ད་ལྟའི་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ”་ཟེར་འདི་འཛམ་གླིང་འདིའི་མི་འབོར་མང་ཤོས་གཉིས་པ་རྒྱ་གར་ལ་མི་སྐྲག དམག་ཤུགས་དང་དཔལ་འབྱོར་གང་ཐད་ནས་ཀྱང་འཛམ་གླིང་གི་ཨང་དང་པོར་སོན་པའི་ཨ་རིས་ཀྱང་རྒྱ་ནག་ལ་སྐྲག་དགོས་དང་མི་དགོས་ཀྱི་གླེང་སློང་བྱེད་ཀྱིན་པའི་སྐབས་འདིར།  ཁོང་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཉིན་གཅིག་གཉིས་རིང་སྐད་འབོད་ཁྲོམ་སྐོར་མ་གཏོགས་གཞན་ཅི་ཡང་བྱེད་མི་ཐུབ་མཁན་ཚོ་ལ་སྐྲག་སྲིད་དམ།  ད་གུང་ཁྲན་ཏང་སྐྲག་ས་ངོ་མ་དེ་སུ་ཡིན་ནམ།  དེ་ནི་ང་ཚོ་སུས་ཀྱང་ཤེས་ཐུབ་པ་ཞིག་སྟེ། འཛམ་གླིང་འདིའི་མི་འབོར་མང་ཤོས་ཡིན་པའི་”རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ”་ཀྱི་བདག་པོ་ངོ་མ་རྒྱ་མི་རིགས་ཡིན་པ་ལས་གཞན་མིན་ལ། གཞན་ལ་ཚོན་རྩི་བྱུགས་ནས་རྫིག་རུ་བཏང་བ་དང་། བརྒྱུད་ནས་གཞན་ལ་ཕུ་བརྒྱབ་ཏེ་ཆེན་པོར་བཟོས་པའི་”འཇིགས་ས་”དག་ནི་གུང་ཁྲན་ཏང་གི་ཁྱི་རྒྱག་གི་དབྱུག་པ་ལས་ཁོང་ཚོའི་སྐྲག་ས་མིན།

དཔྱད་རྩོམ།

Post navigation

Previous Post: ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་ཞུས་པ།
Next Post: རང་བྱུང་གི་མཛེས་སྡུག་ཏུ་འཐིམས་སོང་།

Comments (17) on ““གུང་ཁྲན་ཏང”་སུ་ལ་ཞེད་ཀྱིན་ཡོད་དམ།”

  1. སྣྲོན ངག་ཁྲི། says:
    2013-05-23 at 1:51 am

    ཁྱེད་ཀྱི་གསུངས་པ་ལ་རྒྱུ་མཚན་ཆེན་པོ་ཡོད་སྲིད་པ་རེད། ཁོ་བོ་ལྟར་ན། གུང་བྲན་ཏང་སྐྲག་ས་མང་པོ་ཡོད་དེ། ༡༽ འགལ་རྐྱེན་ལྐོག་ཟ་རུལ་སུངས་སོགས་སྣ་ཚོགས་ཤིག་ཡོད་པས་དེ་དག་ལ་བརྟེན་ནས། ཏང་དང་མི་དམངས་ཁ་བྲལ་མི་ཡོང་ངམ་སྙམ་པ་དེ་རེད། ༢༽ ཏང་ནང་ཁུལ་ཁ་བྲལ་ལམ་ཕྱོགས་ཞེན་གྱི་འཐེན་འཁྱེར་ཇེ་ཆེར་འགྲོ་བ་དེ་རེད། ༣༽ཕྱི་ཕྱོགས་ཀྱི་དམངས་གཙོ་དོན་གཉེར་པ་དང་། ཆོས་འཁོར་སྒོམ་སྒྲུབ་པ། བོད་དང་ཐའེ་་དབེན་སོགས་ཀྱིས་ལྐོག་གཡོ་ངན་ཇུས་ཚགས་ཚུད་ཞིག་གི་འོག་ནས་འཇིགས་སྐུལ་དང་ངན་བསླབ་ནུས་ལྡན་ཞིག་རྒྱབ་མི་ཡོང་སྙམ་པ་སོགས་ཐ་ན་རྒྱ་དོགས་པས་ཕུངས། བོད་རེ་བས་ཕུངས་ཟེར་བ་བཞིན། བདེན་མིན་མི་ཤེས་ཀྱང་། རྒྱ་དོགས་པས་སྐྱབས། བོད་རེ་བས་སྐྱབས་ཏེ་མུ་མཐུད་སེམས་ཤུགས་ཆེན་པོ་བཅངས་ཏེ་འབད་བཞིན་པ་འདི་ལྟར་རེད། །ོ

  2. དྲན་དཀར་དཔལ་ཡོན་ says:
    2013-05-23 at 2:42 am

    མའོ་ཡི་རོ་དེ་མི་དམངས་ཀྱིས་སྲུང་ལམ་དུ་མ་དྲུད་གོང་ལ་མེར་བསྲེགས་དགོས་མིན་བློ་མཐུན་ཏང་ཡོན་ཚོས་བསམ་གཞིག་ནན་མོ་བྱ་ཐུབ་བྱ་དགོས་དུས་ལ་བབས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-23 at 3:15 am

    ་་་་་་ དེ་ལས་ཀྱང་”དགོད་བྲོ་བ་”ཞིག་ནི་ཁོང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འཇིགས་སྣང་སྐྱེ་དགོས་རབས་དང་དོགས་ཟོན་ནན་མོ་བྱེད་དགོས་པར་བཤད་པ་འདི་རེད། རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོ་སྤྲོད་བྱེད་དུས། ཚོགས་པ་འདིར་ཚོགས་མི་འབུམ་ལྷག་ཡོད་པ་དང་། ཡན་ལག་ལས་ཁུངས་རྒྱལ་སྤྱིའི་ཁྱོན་དུ་ཡོད་པ། དྲག་ཤུགས་དང་དམག་དཔུང་ཡོད་པ་སོགས་མདོར་ན་རང་ཕྱོགས་ཀྱིས་གོ་ན་སེམས་ཤུགས་འཕར་བ་ཞིག་དང་། ཁ་གཏད་ཀྱིས་གོ་ན་བླ་འདར་བ་ཞིག་ཏུ་འགྲེལ་གྱིན་ཡོད། ་་་་་་་ཟེར།

  4. གསེར་འབྲུག་སྡེར་ལྔ། says:
    2013-05-23 at 4:36 am

    ཏང་ཀྲུང་དབྱང་སྲིད་གཞུང་ལ་སྐྲག་ས་གཅིག་ཡོད་པ་དེ་མདོ་དབུས་ཁམས་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་གཅིག་སྤྲད་པ་ཡིན་ན་གྲངས་ཉུང་མི་རིགས་ཁག་སྡེབས་ལང་བརྒྱབས་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཐོར་བཤིག་འགྲོ་རྒྱུར་དངངས་སྐྲ་ག་ཆེན་པོ་སྐྱེས་ཀྱི་ཡོད་པ་དེ་རེད། བྱས་ཙང་ལན་དགུ་ཆད་མཐུད་ཀྱི་འབྲེལ་མོལ་ལ་གྲུབ་འབྲས་སྒོར་ཐིག་ཡིན་པ་མ་ཟད་ད་ཆ་སྒོ་དམ་པོར་བརྒྱབས་ནས་ག་ཚོད་བརྡུང་ཀྱང་ཨ་ལན་མི་བསྟེར་བ་དེས་ར་སྤྲོད་གསལ་པོ་བྱུང་བ་རེད། དེས་ན་ཀྲུའུ་ཞི་གསར་པ་ཞི་ཅིན་ཕིན་གྱིས་མའོ་ཡི་དམར་ཤོག་ལམ་ལུགས་ལ་སྐྱར་ལོག་བརྒྱབས་ནས་སྔར་ལས་ལྷག་པའི་དམ་དྲག་ཇེ་ཆེ་དང་སྔར་ལས་ལྷག་པ་ཏང་དང་རྒྱལ་ཁབ་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་བསྟོད་གླུ་རྐྱང་རྐྱང་ལེན་དགོས་པ་བསྒྲོགས་ཀྱིན་པ་འདི་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-05-23 at 5:18 am

    དྲིབ། “གུང་ཁྲན་ཏང”་སུ་ལ་ཞེད་ཀྱིན་ཡོད་དམ།
    ལན། སྟོན་པ་ཤྰཀྱ་ཐུབ་པ་དང་གཅིག ༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གཉིས། ང་ཀརྡོ་གཉེར་ཕྱག་པ་གསུམ་ཙམ་མོ། ཞེད་ས་གཞན་པ་ཅིག་ཡོད་ན་ཅིག་སྟོན་དང་། ཧ་ཧ་ཀུ་རེ་དང་བཅས།

  6. གནམ says:
    2013-05-23 at 6:59 am

    རྒྱ་ནག་སྐྲག་ས་ངོ་མ་དེ་རྒྱ་ནག་ནང་གི་མི་རིགས་རང་ལ་ཐུག་ཡོད་པ་རེད། མི་རིགས་ལྔ་བཅུ་ཙམ་ལས་ལག་མི་ཁེལ་སའི་མི་རིགས་སམ་ཚོགས་པ་ག་རེ་བྱས་བྱས་མིན་པ་ནི་ཧ་ལམ་གཞོན་ནུ་ཚོགས་པ་གཅིག་པོ་རེད། དེ་ལ་སྐྲག་གི་ཡོད་པ་གསལ་བོ་རེད། དེ་མིན་ཁ་ནས་ག་རེ་གླེང་དང་མ་གླེང་ཁོག་པ་རྒྱ་ཞེན་ཅན་གྱི་ཚོགས་སྡེ་ཁོག་ལ་སྐྲག་མི་དགོས་བའི་ཡིད་ཚོད་ཡོད་པ་རེད། སྐྲག་གི་འདུག་ན་ཁོང་ཚོས་ཁ་ཁྲིམས་ཡུལ་ཁྲིམས། ལྐོག་གསོད་སོགས་ག་རེ་ཡིན་ཡང་བྱེད་སྤོབས་པ་དང་ཐུབ་པ་རེད། ཕྱི་ལོག་གི་རྒྱ་རིགས་(བོད་རིགས་ཀྱི་མཛའ་མཐུན་ཚོ)ལ་རྒྱ་ནག་སྐྱོབས་པའི་རེ་བ་ལས་རྒྱ་ནག་བཅོམ་པའི་དམིགས་ཡུལ་མེད། རྒྱ་ནག་ཉམ་རྒུད་དུ་མ་སོང་བའི་སྲིད་ཇུས་ལས་བོད་ཐར་ས་མེད། ད་དུང་ཡང་དམར་འཛིང་ལས་ང་ཚོའི་རྨི་ལམ་རྨི་ལམ་ལས་ལྷག་འགྲོ་བ་རེད། ཧམ་པ་ཅན་གྱི་མྱི་རིགས་ཀྱིས་གཞན་ལ་ཁེ་སྤྲོད་པའི་ལོ་རྒྱུས་ཡོང་མི་སྲིད་པ་ཞིག་རེད།
    གཞོན་ནུའི་སྟོབས་ཤུགས་ཞི་བ་རེད། ཞི་བའི་བཙན་ཤུགས་དྲག་པོ་རེད།
    དཔེ་ཞིག་བཞག་ན། གཞོན་ནུ་ཚོགས་པས་རྒྱ་ནག་ཡོངས་སུ་བཅོམ་ཐུབ་མི་དགོས་བ་རེད། གཞོན་ནུ་ཚོགས་པས་རྒྱ་ནག་ཡོངས་སུ་བཅོམ་བའི་ཆུ་སྒོ་ཙམ་གཏོར་ཐུབ་ན་འགྲིག་གི་ཡོད་པ་རེད། ཆུ་སྒོ་གཏོར་ཟིན་པའི་ཆུས་ཡོངས་སུ་གཏོར་འགྲོ་བ་ཆོས་ཉིད་རེད། དུས་རབས་ཉི་ཤུ་རྩ་གཅིག་པའི་མགོ་སྟོད་རེད། ཁེར་ཐུག་རྒྱག་དགོས་ནིའི་དུས་ཞིག་ཡང་མ་རེད།

  7. ཅོ་རི་ཉི་མ། says:
    2013-05-23 at 7:30 am

    གུན་ཁྲན་ཏང་སྐྲག་ས་ངོ་མ་དམངས་གཙོའི་གསར་བརྗེ་དང་གསར་བརྗེ་བའི་མི་དམངས་རེད། གུན་ཁྲན་ཏང་ཤི་ས་ཡང་དམངས་གཙོའི་གསར་བརྗེ་བའི་ལག་ཏུ་ཤི་ངེས་རེད་འདོད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བཙན་བྱོལ་མི་དམངས་ལྷམ་གོག་ནང་གི་རྡོ་རིལ་ཆུང་ཆུང་ཞིག་རེད། གོམ་པ་རྒྱག་དུས་བདེ་པོ་མེད་པ་ཙམ་རེད།

  8. ཚེ་རིང་བསམ་གྲུབ། says:
    2013-05-23 at 9:05 am

    རྒྱ་གུང་བྲན་ཞེད་ས་དེ་རྒྱ་མི་རིགས་རེད། ཨ་རི་སོགས་སྟོབས་འབྱོར་ཆེ་ཡང་། གནས་སྟངས་ཤིག་གི་འོག་ནས་ཨ་རི་སོགས་རྒྱ་ལག་ནས་ཕམ་སྲིད་པ་རེད། འོན་ཀྱང་རྒྱ་མི་རིགས་ཀྱི་ལག་ནས་རྒྱ་གུང་བྲན་ནམ་ཡང་རྒྱལ་སྲིད་ཀྱི་མ་རེད།

  9. འདྲེ་རིག་ལྡན། says:
    2013-05-23 at 9:12 am

    མདོར་རྩ་བཤད་ན་”ཆུ་བོས་གྲུ་བོ་འདེགས་ལ་སྣུབ་ཀྱང་ཐུབ་”པའི་གནས་ལུགས་འདི་རྒྱ་ནག་ཆིང་རྒྱལ་རབས་ཀྱི་དམག་དཔོན་ཚོའི་མྱོང་བྱང་དང་ཐབས་ལམ་ཡིན་པས། གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་ཀློག་གིན་ཡོད་པ་རེད། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ད་དུང་གུང་ཁྲན་ཏང་ང་ཚོར་སྐྲག་གི་ཡོད་པས་ང་ཚོས་མུ་མཐུད་ནས་མཁྲེགས་བཟུང་བྱེད་དགོས་པའི་བླང་བྱ་འདོན་མཁན་ཡོད་པ་འདི་ཅི་ཡིན་ཤེས་མ་སོང་། གཅིག་བྱས་ན་རང་ཉིད་ལ་རྒྱུས་མངའ་མེད་སོང་བས་ཀྱང་ཡིན་སྲིད།

  10. སྣྲོན ངག་ཁྲི། says:
    2013-05-23 at 10:51 am

    སྐུ་ཞབས་ཚེ་བསམ་ལགས། ཁྱེད་ཀྱིས་གུང་བྲན་ཏང་ནམ་ཡང་རྒྱ་མི་རིགས་ལས་རྒྱལ་མི་ཐུབ་ཅེས་པའི་གོ་དོན་གང་རེད་དམ། ༼གུང་བྲན་ཏང་༽ཞེས་པའི་ཚོགས་པའི་མིང་དེ། རྒྱ་མི་རིགས་ཀྱིས་བསྡུས་པའམ་རྒྱ་མི་རིགས་ལ་མ་གཏོགས་མེད་ཅེས་པའི་དོན་ཡིན་ནམ། ཡང་ན། ཏང་དེ་འཛིན་སྐྱོང་བྱེད་མཁན་དུས་ནམ་ཡང་རྒྱ་མི་རིགས་རིགས་རེད་ཟེར་བ་ཡིན་ནམ། དང་པོ་ལྟར་ན། དམར་ཤོག་གི་རྒྱལ་ཁབ་གཞན་པ་ཁག་དང་། རྒྱ་གར་། བལ་ཡུལ་སོགས་ལ་ཏང་དེ་་མེད་ཐལ། ཁྱེད་ཀྱི་རྒྱུ་མཚན་དེེའི་ཕྱིར། གཉིས་པ་ལྟར་ན་ལོ་རྒྱུས་ཐོག་གི་ཧོར་རམ་ཡོན་རྒྱལ་རབས་དང་། །ཆིང་ངམ་མན་ཇུས་དབང་བསྒྱུར་བ་ལྟར་གྲངས་ཉུང་མི་རིགས་ཀྱིས་ཏང་དེ་ཉིད་དབང་དུ་སྒྱུར་མི་སྲིད་པར་ཐལ། ཁྱེད་ཀྱི་དམ་བཅའམ་ཁ་མཚོན་བཅད་པའི་ཁས་ལེན་དེའི་ཕྱིར།

  11. རང་མདངས་ says:
    2013-05-23 at 11:00 am

    གཞོན་ལྷན་ལ་དམག་བཔུང་ཡོད་མེད་སོགས་ལ་རྒྱ་དམར་མི་སྐྲག་ཁོ་ཐག་ཡིན་ལ་མེད་པ་གསལ་པོ་ཡིན་པ་འང་ཤིས་་་འོན་ཀྱང་གཞོན་ནུས་རང་བཙན་ལ་ཕྱོགས་པ་འདི་རང་ཁྱིམ་རང་བདག་གི་ལོ་རྒྱུས་ནང་ལ་བདག་དབང་གི་ཐོབ་ཐང་ཡོད་པ་ཞིག་ཡིན་པས་དེ་ལ་ཞེད་སྣང་བྱེད་ནས་རྟུག་དྲི་ཤོར་བ་ཡང་བྱུང་ཡོད།།

  12. ཤར་མདའ། says:
    2013-05-23 at 11:44 am

    སྤྱིར་འུ་ཚོས་བསམ་བློ་མང་པོ་ཞིག་གཏོང་དགོས་ཡོད་པ་མ་རེད་གང་ཡིན་ཟེར་ན་དེང་དུས་གུང་བྲན་ཏང་ལ་ལྟོས་དང་གཙོ་བོ་གང་འདྲ་བྱས་ནས་གར་འཁྲབས་བཞིན་འདུག་འདིའི་འུ་ཚོ་ལ་ངོ་སྤྲོད་གསལ་བོ་ཞིག་གནང་ཚུར་བ་རེད་དྲན་སོང་གང་ཡིན་ཞེ་ན་ད་བར་བོད་བརྒྱ་དང་བཅུ་བདུན་ཙམ་གྱི་མེ་བསྲེགས་བཏང་ཡང་ཁྱབ་བསྒྲགས་དང་ཁུངས་ལུང་མེད་པའི་གཏམ་སྣ་ཚོགས་ཀྱི་མགོ་སྐོར་གཏོང་བཞིན་ཡོད་དང་རྒྱ་མི་རིགས་ཀྱི་ས་ཞིག་འདེབས་ལས་སོགས་ཀྱི་དབང་གི་ངོ་རྒོལ་ཅུང་ཙམ་བྱས་ན་ཡང་མགྱོགས་པར་ཐོག་གཅོད་བྱས་ནས་ཞི་བའི་ནམ་པ་སྟོན་པ་འདི་ནི་རང་ཉིད་སྐྲག་ས་གཙོ་བོ་རྒྱ་མི་རིགས་རང་ཡིན་པ་ར་སྤྲོད་གསལ་བོ་རེད།

  13. གསེར་འབྲུག་སྡེར་ལྔ། says:
    2013-05-23 at 12:48 pm

    རྒྱ་མི་རིགས་ལ་ཏང་སྐྲག་དགོས་པའི་རྒྱུ་མཚན་ཅི་རེད། རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལ་ཉེ་བ་བརྒྱ་ཆ་མང་ཤོས་ཧན་མི་རིགས་རེད། ཧན་མི་རིགས་ལ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་ཡོད་པ་ཤ་སྟག་རེད། བྱས་ཙང་ནང་ཁུལ་རྙོག་དྲ་ཏོག་ཙམ་ཡོད་ཀྱང་ཁ་ཕྱིར་བསྐོར་ཡོང་དུས་རྡོག་རྡོག་གཅིག་རེད། དེས་ན་གུང་ཁྲན་ཏང་ད་བར་བརྟན་པོར་གནས་ཐུབ་པའི་རྒྱུ་མཚན་གཅིག་འདི་རེད། ལར་ནས་རྒྱ་རིགས་མི་དམངས་ཀྱིས་ཏང་འདི་གདུག་རྩུབ་ཇི་ལྟར་ཆེ་ཡང་ནུབ་ཕྱོགས་པ་དང་ལྷག་པར་དུ་ཨ་རིར་ཁ་གཏད་དུ་ལངས་རྒྱུར་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕྱི་སྡོད་རྒྱ་རིགས་ལ་ནི་སྐྲག་ས་ཞིག་མེད་ཁོ་ཐག། ཁོ་ཚོ་ནི་དཔལ་འབྱོར་ཁོ་ནར་གཡེང་བ་མ་ཟད་ནང་ཁུལ་རྡོག་རྡོག་གཅིག་མེད་པར་ཕན་ཚུན་གཅིག་ལ་གཅིག་ཡིད་ཆེས་མེད་པར་གནས་བསྡད་པ་ཁོ་ན་རེད། འོ་ན་རྒྱ་རིགས་གཞན་གཅིག་གང་དུ་ཡོད་པ་རེད། ཐེ་ཝན་རྒྱ་རིགས་སྤུན་ཟླ་དང་སིང་གྷ་པུར་སོགས་ཀྱི་རྒྱ་རིགས་ནི་ཡིན་རྒྱུ་མ་རེད་པ།

  14. ཆབ་མདོ་ངག་ཕུན། says:
    2013-05-23 at 1:33 pm

    ད་ཡིན་ན་མང་པོ་གསུང་གནང་འདུགོོ
    ོ

  15. ཅོ་རི་ཉི་མ། says:
    2013-05-23 at 2:32 pm

    བློ་མཐུན་གསེར་ལགས། བསམ་ཚུལ་ཏོག་ཙམ་ཞིག་ཞུ་གི་ཡིན།
    འཛམ་གླིང་འདིའི་ཐོག་ཏུ་དམར་ཕྱོགས་པའི་སྲིད་དབང་འགོ་གཏོང་སློག་མཁན་དམངས་གཙོའི་གསར་བརྗེ་བ་ཚོ་ཡིན་པ་ནི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཤེས། འཇར་མན་དང་ར་ཤི་ཡ་སོགས་དཔེར་མཚོན་འགྲིག་གི་རེད།
    ཧན་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡིན་པ་ཡང་བདེན་པ་རེད། རྒྱ་ནག་ལ་དགྲ་བྱུང་ན་ཧན་མི་རིགས་ཀྱིས་མཉམ་འབྲེལ་བྱས་ནས་ཁ་གཏད་བཅག་གྱི་ཡིན་པ་ཡང་གསལ་པོ་རེད། སྔོན་བྱུང་གྱི་ལོ་རྒྱུས་ནང་དུའང་་གོ་མིང་ཏང་དང་གུན་ཁྲན་ཏང་གཉིས་མཉམ་འབྲེལ་གྱིས་ཐོག་ནས་འཇར་པན་བཙན་འཛུལ་ལ་ཁ་གཏད་བཅག་པ་རེད། དེང་སང་ཡང་རྒྱ་ནག་ལ་དམག་སླེབས་ན་ཐད་ཝན་གོ་མིང་ཏང་ཚོགས་པས་དཔུང་རོགས་བྱེད་ཀྱི་ཡིན་པར་གསལ་པོ་རེད་འདོད།
    ཡིན་ནའང་གུན་ཁྲན་ཏང་གི་སྲིད་དབང་འགོ་གཏིང་སློག་ཆེད་དུ་ཐད་ཝན་གོ་མིང་ཏང་ཚོགས་པས་ཀྱང་ནུས་ཤུགས་བདེབས་ཀྱི་ཡིན་པར་གསལ་པོ་རེད། གོ་མིང་ཏང་ཚོགས་པའི་སྲིད་འཛིན་མ་ཡུང་ཅུང་གྱིས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཉིན་རྒྱ་ནག་མི་དམངས་ལ་དམངས་གཙོའི་ལུགས་སྲོལ་འདི་ངས་རྔན་པ་སྤྲོད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་།་་་གཅིག་རེད།

    གཉིས་ནས་་་་གནམ་སྡེ་སྒོ་མོ་ཆེན་དམངས་གཙོའི་གསར་བརྗེ་གྱེན་ལོག་བྱས་པའི་དོན་རྐྱེན་དང་། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་ལས་འགུལ་སྤེལ་ཕྱོགས་སོགས་་་་ཕྱོགས་གང་ལ་བལྟས་ཀྱང་གུན་ཁྲན་དམར་ཕྱོགས་པ་འགོ་གཏིང་སློག་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་རེད་འདོད།་

    ཧན་མི་རིགས་ཀྱིས་གུན་ཁྲན་དམར་ཕྱོགས་པ་རྩ་མེད་བཟོ་གི་རེད་མ་གཏོགས་རྒྱ་ནག་རྩ་མེད་བཟོ་གི་མ་རེད། རྒྱ་ནག་འདི་རང་དབང་དམངས་གཙོ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་འཛམ་གླིང་ན་འགྲན་ཟླ་བྲལ་བ་ཞིག་བཟོ་འདོད་ཡོད་པ་ཡང་གསལ་པོ་རེད། ཧན་མི་རིགས་རྒྱལ་ཞེན་ཆེན་པོ་རེད། ཏང་ཞེན་ཆེན་པོ་མ་རེད། ཁྱད་པ་འདི་རེད་འདོད་དོ།།

  16. ཅོ་རི་ཉི་མ། says:
    2013-05-23 at 2:48 pm

    བློ་མཐུན་གསེར་ལགས། བསམ་ཚུལ་ཏོག་ཙམ་ཞིག་ཞུ་གི་ཡིན།
    འཛམ་གླིང་འདིའི་ཐོག་ཏུ་དམར་ཕྱོགས་པའི་སྲིད་དབང་འགོ་གཏིང་སློག་མཁན་དམངས་གཙོའི་གསར་བརྗེ་བ་ཚོ་ཡིན་པ་ནི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཤེས། འཇར་མན་དང་ར་ཤི་ཡ་སོགས་དཔེར་མཚོན་འགྲིག་གི་རེད།
    ཧན་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡིན་པ་ཡང་བདེན་པ་རེད། རྒྱ་ནག་ལ་དགྲ་བྱུང་ན་ཧན་མི་རིགས་ཀྱིས་མཉམ་འབྲེལ་བྱས་ནས་ཁ་གཏད་བཅག་གྱི་ཡིན་པ་ཡང་གསལ་པོ་རེད། སྔོན་བྱུང་གྱི་ལོ་རྒྱུས་ནང་དུའང་་གོ་མིང་ཏང་དང་གུན་ཁྲན་ཏང་གཉིས་མཉམ་འབྲེལ་གྱིས་ཐོག་ནས་འཇར་པན་བཙན་འཛུལ་ལ་ཁ་གཏད་བཅག་པ་རེད། དེང་སང་ཡང་རྒྱ་ནག་ལ་དམག་སླེབས་ན་ཐད་ཝན་གོ་མིང་ཏང་ཚོགས་པས་དཔུང་རོགས་བྱེད་ཀྱི་ཡིན་པར་གསལ་པོ་རེད་འདོད།
    ཡིན་ནའང་གུན་ཁྲན་ཏང་གི་སྲིད་དབང་འགོ་གཏིང་སློག་ཆེད་དུ་ཐད་ཝན་གོ་མིང་ཏང་ཚོགས་པས་ཀྱང་ནུས་ཤུགས་འདེབས་ཀྱི་ཡིན་པར་གསལ་པོ་རེད། གོ་མིང་ཏང་ཚོགས་པའི་སྲིད་འཛིན་མ་ཡུང་ཅུང་གྱིས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཉིན་མོར་རྒྱ་ནག་མི་དམངས་ལ་དམངས་གཙོའི་ལུགས་སྲོལ་འདི་ངས་རྔན་པ་སྤྲོད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་།་་་གཅིག་རེད།

    གཉིས་ནས་་་་གནམ་སྡེ་སྒོ་མོ་ཆེན་དམངས་གཙོའི་གསར་བརྗེ་གྱེན་ལོག་བྱས་པའི་དོན་རྐྱེན་དང་། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་ལས་འགུལ་སྤེལ་ཕྱོགས་སོགས་་་་ཕྱོགས་གང་ལ་བལྟས་ཀྱང་གུན་ཁྲན་དམར་ཕྱོགས་པ་འགོ་གཏིང་སློག་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་རེད་འདོད།་

    ཧན་མི་རིགས་ཀྱིས་གུན་ཁྲན་དམར་ཕྱོགས་པ་རྩ་མེད་བཟོ་གི་རེད་མ་གཏོགས་རྒྱ་ནག་རྩ་མེད་བཟོ་གི་མ་རེད། རྒྱ་ནག་འདི་རང་དབང་དམངས་གཙོ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་འཛམ་གླིང་ན་འགྲན་ཟླ་བྲལ་བ་ཞིག་བཟོ་འདོད་ཡོད་པ་ཡང་གསལ་པོ་རེད། ཧན་མི་རིགས་རྒྱལ་ཞེན་ཆེན་པོ་རེད། ཏང་ཞེན་ཆེན་པོ་མ་རེད། ཁྱད་པ་འདི་རེད་འདོད་དོ།།

  17. ཅོ་རི་ཉི་མ། says:
    2013-05-23 at 3:09 pm

    རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་ཞིག་བྱས་ཏེ་ལོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་སྐབས་ ཕྱི་ཟླ་༤་ཚེས་༢༩རེས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་མའ་དབྱིན་ཅུའུ་ཡིས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ལ་བརྩི་སྲུང་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་ཐོན་འདུག

    ཐེ་ཝན་གོ་མིང་ཏང་གི་སྲིད་འཛིན་མའ་དབྱིན་ཅུའུ་ལགས་ཀྱིས་རང་ཉིད་གུང་ཁྲན་ཏང་གིས་རྒྱང་ཕུད་བཏང་ཟིན་ནའང་བོད་དང་སོག་པོ་ཟ་འདོད་ཀྱིས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་རྫུན་མ་དེ་ལ་ངོས་ལེན་བྱས་འདུག བོད་མི་རིགས་ཀྱི་ཐོབ་ཐང་བདག་དབང་ཡོད་ཚད་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ངན་པ་འདིའི་འོག་བཙན་འཕྲོག་བྱས་དང་བྱེད་བཞིན་པ་རེད།

    ཐེ་ཝན་གོ་མིང་ཏང་ཚོགས་པའི་སྲིད་འཛིན་མའ་དབྱིན་ཅུའུ་ལགས་སྲིད་འཛིན་གྱི་འོས་ཐོབ་སྐབས་སུ་དམངས་གཙོ་འདི་རྒྱ་ནག་མི་དམངས་ལ་ངས་ལེགས་སྐྱེས་འབུལ་གྱི་ཡིན་བསྒྲབས་སོང་། ཐེ་ཝན་གོ་མིང་ཏང་ཚོགས་མི་རྣམས་ཀྱིས་རྒྱ་ནག་ལ་བརྩེ་བ་ཆེན་པོ་ཡོད་པ་མཚོན། གུང་ཁྲན་ཏང་གི་གསར་བརྗེ་བ་ཚོས་གོ་མིང་ཏང་ལ་སྡུག་རིགས་ངན་ཚད་ག་རེ་བྱས་ཡོད་ནའང་རིགས་གཅིག་སྤུན་ཟླའི་འདུ་ཤེས་དོར་ཐབས་མེད་པར་གསལ་པོ་ཆགས་ཡོད་པར་མཚོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཕ་མེས་དམ་པ་ཚོས་དགྲ་བོ་དམར་ནག་གཉིས་ཟེར་ནས་འབོད་བསྡད་པ་དོན་ལ་གནས་ཡོད། ཐེ་ཝན་གོ་མིང་ཏང་ཚོགས་པས་ཀྱང་བོད་དང་ཡུར་གུར་གཉིས་ཟ་བརྩིས་རྒྱག་ཀྱི་འདུག རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ངན་པ་འདི་ལ་རྒྱབ་སྐྱོར་བྱས་ན་བོད་དང་ཡུར་གུར་བའི་གཏེར་ཁ་དང་ཐོན་ཁུངས་ཡོངས་རྫོགས་ཀྱི་བདག་དབང་རྒྱ་ནག་ལ་འཐོབ་ཀྱི་ཡོད་པ་རེད།

    རྒྱ་ནག་གཅིག་ཟེར་བའི་ཁུངས་ལུང་མེད་པའི་སྲིད་ཇུས་རྫུན་མ་འདི་རྩ་མེད་མ་ཕྱིན་ན་བོད་དང་ཡུར་གུར་གཉིས་ལ་རང་དབང་ཟེར་བ་ཞིག་འཐོབ་མི་སྲིད་པ་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཁུངས་ལུང་མེད་པའི་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་འདི་ལ་ཁས་ལེན་བྱས་བསྡད་པ་ནི་བོད་མི་རིགས་ཀྱི་བདག་དབང་བཙན་འཕྲོག་དང་ཚོང་འབྲེལ་ཁེ་ཕན་ལ་ཐུག་ཡོད་པ་ལས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་མེད།

    བོད་དོན་འཐབ་རྩོད་ཀྱི་འགག་སྒོ་གཙོ་བོ་རྒྱ་ནག་གཅིག་ཟེར་བའི་ཁུངས་ལུང་མེད་པའི་སྲིད་ཇུས་འདི་ལ་ཐུག་ཡོད། བོད་དོན་འཐབ་རྩོད་ཀྱི་ནུས་པ་ཐོན་དང་མི་ཐོན་ཟེར་བ་ཡང་འགག་སྒོ་འདི་ལ་ཐུག་ཡོད་པར་འདོད། རྒྱ་ནག་གཅིག་ཟེར་བའི་ཁུངས་ལུང་མེད་པའི་སྲིད་ཇུས་འདི་ལ་འགྱུར་བ་གཏོང་ཐུབ་པའི་ཐབས་ཇུས་ངེས་པ་ཏུ་རྙེད་ཐུབ་དགོས་པར་འདོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme