Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་བཞི།

Posted on 2011-06-15 By ཁ་བརྡ་ 3 Comments on གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་བཞི།

ཚའོ་ཁྲང་ཆིན་གྱིས་བརྩམས། ཕུན་ཚོགས་ཀྱིས་བསྒྱུར།
མ་ཕྱི་དྲ་གནས་འདིར་གསལ། http://cn.epochtimes.com/gb/11/6/7/n3278675.htm

ཏག་ཏག་དུས་རབས་གཅིག་གི་དུས་ཡུན་ནང་། འཛམ་གླིང་དཀྱིལ་ཤར་དང་བྱང་ཨ་ཧྤི་རི་ཀ་བཅས་ནས་དམངས་གཙོའི་འགྱུར་ལྡོག་ཤུགས་ཆེན་བྱུང་སྟེ་ད་ལྟའི་གནས་བབ་འདིར་སླེབས་ཚར་ཡོད་མོད། རྒྱ་དམར་གཞུང་ནི་སྔར་བཞིན་ཆབ་སྲིད་བསྒྱུར་བཅོས་ཐད་སྐྱི་གཉེར་ཙམ་ཡང་འགུལ་གྱིན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་རྣམས་ལ་དམ་དྲག་ཤུགས་ཆེར་གཏོང་བཞིན་ཡོད། འདི་ལྟའི་གནས་སྟངས་འོག དུས་ཡུན་ཐུང་ཐུང་ཞིག་གི་ནང་རྒྱ་ནག་གི་ཆབ་སྲིད་ལ་རྩ་བའི་འགྱུར་བ་འབྱུང་རྒྱུ་དཀའ་ཙམ་ཡོད་ལ། དེར་ཁོར་ཡུག་དང་རྒྱབ་ལྗོངས་གང་ནས་བལྟས་ཀྱང་མཐུན་རྐྱེན་ཡོངས་སུ་འཛོམས་མེད།
དོན་ངོ་མར་རྒྱ་ནག་མི་མང་ནི་ཐོ་ནི་སིའི་(Tunisia)མི་རྣམས་དང་མི་མཚུངས་པ་དང་། དེ་བཞིན་ཨེ་ཅིབ་(Egypt) མི་མང་དང་མི་འགྲན་པ། ནང་སྒོས་སུ་ཁྲག་དྲོན་གྱི་འཐབ་རྩོིད་བརྒྱུད་རང་དབང་བརྩོན་ལེན་བྱེད་ཕོད་པའི་ལེ་བྷི་ཡ(Labya)མི་མང་དང་གཏན་ནས་མི་དོ་བ་མ་ཟད། ཡེ་མིན་མི་མང་དང་ཅི་ལེ་མི་མང་སོགས་ལ་རྩད་ནས་མི་དོ་བ་ཡིན་ནམ། དོན་ངོ་མར་རྒྱ་ནག་ནི་ཨེ་ཤི་ཡ་ཤར་མའི་ནད་རོ་དང་། འཛམས་གླིང་རྒྱལ་ཁབ་ཁག་གི་ཆེས་མཐའ་མའི་དམངས་གཙོའི་ལམ་དུ་སྐྱོད་མཁན་རྗེས་ལུས་རྒྱལ་ཁབ་གཅིག་པོར་འགྱུར་རྒྱུ་ཡིན་ནམ།
མདོར་བསྡུས་ནས་བཤད་ན། རྒྱལ་ནག་ལ་མཁྲེག་འཛིན་གྱི་རྒྱལ་ཞེན་དམིགས་བསལ་བ་ཞིག་ཡོད་ཅིང་། གནས་བབ་དེར་རྒྱུ་རྐྱེན་མི་འདྲ་བ་ཁག་བཞི་སྔར་བཞིན་གནས་ཡོད།
དང་པོ། གུང་ཁྲན་ཏང་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་དམངས་སེམས་ཉོས་པ།
དྲུག་བཞིའི་དམར་གསོད་ཆེན་མོའི་རྗེས་སུ། སྐབས་དེའི་དབང་འཛིན་གཅིག་ལྕོགས་ཏིང་ཞའོ་ཕིང་མའོ་ཡི་དུས་རབས་ལ་ཕྱིར་བསྐྱེད་ཡོངས་སུ་བྱས་མེད་ནའང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་ཁོ་ནས་གུང་ཁྲན་ཏང་གི་དབང་ཆ་ཐག་གཅོད་བྱེད་ཐུབ་པར་ངོས་འཛིན་རྒྱུན་འཛིན་བྱས་ཡོད། ཏིང་ཞོ་ཕིང་རང་ཕྱོགས་ཀྱི་མི་ཚང་མས་དཔལ་འབྱོར་ནི་དབང་ཆ་ཐག་གཅོད་བྱེད་པའི་ཐབས་ཤེས་བླ་མེད་ཅིག་ཏུ་བསམ་ཡོད་སྟབས། མི་མཐུད་དཔལ་འབྱོར་སྒོ་འབྱེད་ལ་ཤུགས་སྣོན་བྱས་ཡོད། འདི་ལྟའི་བསམ་ཚུལ་གྱི་འོག་ནས་གུང་ཁྲན་ཏང་གིས་དཔལ་འབྱོར་སྒོ་འབྱེད་བྱས་པ་དང། གུ་ཡང་གི་རྣམ་པ་དང་ལྷོད་ཡང་ཟེར་བའི་བཤད་སྟངས་བེད་སྤྱད་དེ་རྒྱ་ནག་མི་མང་ལ་གཟུགས་མེད་ཀྱི་དཔལ་འབྱོར་སྒུལ་ཤུགས་གཞི་རྒྱ་ཆེ་བ་མཁོ་སྤྲོད་བྱས་ཡོད། དེ་ཡང་རྒྱ་ནག་གི་འདས་པའི་ལོ་རྒྱུས་ནི་དབུལ་ཕོངས་ཡིན་པ་འདིས་ཁོ་ཚོར་མཁོ་སྤྲོད་ཀྱི་གོ་སྐབས་ཡག་པོ་སྤྲད་ཡོད་ལ། མི་ཚང་མས་རྒྱུ་ཐོག་ལ་རྒྱག་རྒྱུར་རྔམ་སེམས་ཆེ་བ་འདིས་ཀྱང་རྒྱ་ནག་ལ་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་ཡོང་བའི་འབྲེལ་བ་གསལ་བོ་བསྟན་ཡོད། དེ་བས་གུང་ཁྲན་ཏང་གིས་གནད་འགག་དེ་དང་དཔལ་འབྱོར་འཕེལ་ཤུགས་ཀྱི་རྒྱབ་ལྗོངས་འདི་ཉིད་བེད་སྤྱད་དེ་མི་མང་གི་ལྷིང་འཇགས་སམ་ངོ་རྒོལ་མི་བྱེད་པའི་གནས་བབ་ཉོ་སྒྲུབ་བྱེད་ཀྱིན་ཡོད།
གཉིས་པ། གུང་ཁྲན་ཏང་གི་ཤུགས་ཆེ་བའི་དྲིལ་བསྒྲོག
འདི་ལ་ཕྱོགས་ངོས་གཉིས་ནས་གླེང་གི་ཡོད། གཅིག་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གུང་ཁྲན་ཏང་གི་རླབས་ཆེ་བའི་བྱས་རྗེས་ཡིན་ཚུལ་དང་། གུང་ཁྲན་ཏང་གིས་རྒྱ་ནག་གི་དབུ་ཁྲིད་བྱས་པ་དོན་སྙིང་ལྡན་ཚུལ། (ཀྲུང་གོ་གུང་ཁྲན་ཏང་གིས་རྒྱ་ནག་གི་ཚབ་མཚོན་བྱེད་ཐུབ་ཟེར་བའི་དོན) དེ་ལས་ཀྱང་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཡིན་ཚུལ་དང་། གཟི་བརྗིད་ཆེ་ཚུལ་སོགས་བརྗོད་དེ་འདས་པའི་མི་ལོ་དྲུག་བཅུའི་རིང་རྒྱ་ནག་མི་མང་རྣམས་ལ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་བརྗོད་བྱེད་ཐབས་བྱས་ཏེ། མི་མང་རྣམས་དམར་པོའི་གཞུང་གི་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་ལག་ལེན་བཅས་དོན་དངོས་དང་མཐུན་པ་ཞིག་ཡིན་ཚུལ་ལ་ཡིད་ཆེས་འཕེར་བར་བྱས་ཡོད། གཉིས་ནི་རྒྱ་ནག་མི་མང་རྣམས་འདས་པའི་གོད་ཆགས་ཀྱི་དབང་གིས་“ཟིང་འཁྲུག་”ལ་ཤིན་ཏུ་འཚེར་སྣང་ཡོད་པའི་ལོ་རྒྱུས་བེད་སྤྱད་དེ། གུང་ཁྲན་ཏང་མེད་ན་གནམ་ས་བདེ་འཇགས་ཡོང་མི་ཐུབ་ཚུལ་ཤུགས་བརྗོད་བྱེད་པ་དང་། གུང་ཁྲན་ཏང་ཁོ་ནའི་ནུས་པ་དང་དབུ་ཁྲིད་ཀྱི་གོ་གནས་ཤུགས་བརྗོད་ཀྱིས། “ཟིང་འཁྲུག་”དང་གོད་ཆག་གི་འཇིགས་སྔངས་མི་མང་གི་སེམས་སུ་འཛུལ་ཐབས་བྱས་ཡོད། དེར་བསྟུན་རྒྱ་ནག་མི་མང་རྣམས་ཀྱི་སེམས་ལ་“འགྱུར་ལྡོག་”ཟེར་བ་ནི་འཇིགས་སྣང་ཅན་ཞིག་དང་ཟིང་འཁྲུག་ཟེར་བ་ནི་གོད་ཆག་ཆེན་པོ་ཞིག་ཡིན་པའི་ངེས་ཤེས་སྐྱེས་སུ་བཅུག་པ་ལ་བརྟེན། གུང་ཁྲན་ཏང་གི་འདོད་བློར་བཀོད་འགུག་བྱེད་པར་གོང་རིམ་གྱི་དམ་དྲག་དང་བཙན་གནོན་ཅི་བྱས་ལ་བཟོད་བསྲན་ཐུབ་པའི་སྣང་ཚུལ་ཁྱད་པར་བ་འབྱུང་བར་བྱས་ཡོད་པ་མ་ཟད། རྒྱ་ནག་མི་མང་ཤིན་ཏུ་མང་པོ་ཞིག་གི་སེམས་སུ་གུང་ཁྲན་ཏང་གིས་ལོ་ངོ་དྲུག་བཅུ་ལྷག་གི་རིང་“ཟིང་འཁྲུག་”བཟོས་པ་དང་“གོད་ཆག་”ཅི་ཙམ་བཟོས་པ་གཏིང་བརྗེད་དུ་འགྲོ་རུ་བཅུག་ཡོད།
གསུམ། གུང་ཁྲན་ཏང་གི་དྲག་གནོན་སྲིད་བྱུས།
ཆབ་སྲིད་སྒེར་གཅོད་དབང་འཛིན་པའི་ལག་འོག་ནས་མཆོངས་ཕོད་པའི་མི་སུ་ཡང་དྲག་གནོན་འོག་ཚུད་ཡོད། དེ་ཡང་ཏིང་ཞའོ་ཕིང་གི་སྐབས་ནས་རང་དབང་བརྩོན་ལེན་བྱེད་མཁན་ཚོར་མིང་ཆས་འདྲ་མིན་གཡོགས་ཏེ་དྲག་གནོན་ཀྱི་མཆེ་བ་ཡོངས་སུ་འབུས་པར་བྱས་ཡོད་པ་བཞིན། ད་ལྟའི་ཧུའུ་ཅིན་ཐའོ་སྐབས་ཀྱི་དུས་རབས་འདིར་སླེབས་པ་ན་དེ་ལྟའི་མིང་ཆས་འདོགས་ཚུལ་ལ་བྱུང་ཆུབ་ཡོད་པ། དེང་གི་སྐབས་སུ་དམངས་གཙོ་དང་རང་དབང་ལ་ཕྱོགས་མཁན་གྱི་མི་རྣམས་ལ་ནག་ཚོགས་དང་། ཁ་བྲལ་བ། གདོང་བཏུམ་ཆོམ་རྐུན། ཁྲམ་པ། རྒྱ་ནག་མི་མང་ལ་གནོད་འཚེ་གཏོང་མཁན་སོགས་ཀྱི་མིང་ཆས་བེད་སྤྱད་དེ་མུ་མཐུད་འཇིགས་སྐུལ་དྲག་གནོན་བྱེད་པའི་དུས་སྐབས་སུ་འཕེལ་ཡོད། གནས་སྟངས་འདི་ནི་སྔོན་ལྟར་ཕྱོགས་གཅིག་ནས་དམ་དྲག་བྱེད་ཀྱང་ཕྱོགས་གཅིག་ནས་གུ་ཡང་བྱེད་པ་ལྟ་བུའི་རྣམ་པ་གང་ཡང་མེད་པར་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེར་གཏོང་བཞིན་པ་དེ་ཡིན། སྤྱིར་བྱང་ཨ་ཧྥི་རི་ཀ་དང་འཛམ་གླིང་དཀྱིལ་ཤར་སོགས་སུའང་སྒེར་གཅོད་ལམ་ལུགས་སྤེལ་གྱིན་ཡོད་པ་དུ་མ་ཡོད་ཀྱང་། རྒྱ་དམར་གཞུང་ལྟར་སྒྱུ་རྩལ་བློ་འགུག་གི་དྲག་གནོན་དང་སྟངས་འཛིན་བྱེད་ཐབས་བེད་སྤྱོད་བྱེད་པའི་གོ་རིམ་དུ་འཕེལ་ཡོད་པ་སུ་ཡང་མེད། རྒྱ་དམར་གཞུང་གི་ཆབ་སྲིད་སྒེར་གཅོད་བྱེད་སྟངས་ནི་ཆེས་ཞིབ་ཚགས་ལྡན་པ་དང་། ཆེས་གདུག་རྩུབ་ཆེ་བ། ཆེས་འཇིགས་སུ་རུང་བ་ཞིག་ཡིན།
བཞི། མང་ཚོགས་ཀྱི་དབུ་ཁྲིད་ཡིན་མདོག་སྟོན་མཁན་འགའི་ཤུགས་རྐྱེན།
རྒྱ་ནག་གི་དམངས་གཙོའི་དབུ་ཁྲིད་ཡིན་ཟེར་མཁན་ཁ་ཤས་ཀྱིས། གདུག་རྩུབ་ཆེ་བའི་སྲིད་དབང་ལ་ཁ་གཏད་གཅོག་པར་གུང་ཁྲན་ཏང་ལ་བསམ་ཤེས་བབ་བསྟུན་བྱེད་དགོས་ཚུལ་དང་། ང་ཚོ་དགྲ་བོ་ངོ་མ་མེད་ཚུལ་སོགས་ཞི་བདེ་དང་འཚེ་བ་མེད་པའི་ལམ་དུ་བསྐྱོད་དགོས་ཟེར། སྐད་ཆ་མཐོན་པོ་ཤོད་མཁན་འདི་དག་གི་ངོས་འཛིོན་ཁྲོད་མགོ་འཐོམས་རང་བཞིན་གྱི་བཀག་རྒྱ་ཞིག་ཡོད། ཁོ་ཚོས་གུང་ཁྲན་ཏང་གི་ནོར་འཁྲུལ་ཧ་གོ་བཞིན་དུ་སྐད་ཆ་མཐོན་པོ་འདི་རིགས་ཆེད་དུ་བརྗོད་ཀྱིན་ཡོད་ལ། བསམ་ཤེས་ལྡན་པའི་སྤྱང་ལྟོགས་འཚོལ་བར་ངང་སྒུག་བྱེད་ཀྱིན་ཡོད། འདི་ལྟའི་སྐད་ཆ་མཐོན་པོ་བཤད་པས་རང་ཉིད་ཀྱི་བདེ་འཇགས་སྲུང་ཐུབ་པ་མ་ཟད། (ཐད་ཀར་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་དགོས་ཚུལ་བརྗོད་མི་ཐུབ་པས་ཉེན་ཁ་ཆེར་མེད།) རང་ཉིད་ཀྱི་ཀུན་སྤྱོད་ཀྱང་འཛམ་གླིང་རང་བཞིན་ཅན་དུ་ཕྱོགས་ཏེ། ནོ་སྦེལ་ཞི་བདེ་གཟེངས་རྟགས་སོགས་ཐོབ་པར་འབད་བརྩོན་གནང་གི་ཡོད། འདི་དག་གི་ཤུགས་རྐྱེན་ཀྱིས་རྒྱ་དམར་གཞུང་གི་ཆབ་སྲིད་སྒེར་གཅོད་དབང་འཛིན་པར་ཡིད་ཆེས་དང་བག་ཕེབས། ལྷོད་ཡང་བཅས་ཐོབ་ཀྱིན་ཡོད་པ་ཟད། མི་མང་གི་ངོ་རྒོལ་ལ་འཇིགས་སྣང་ཅི་ཡང་བྱེད་ཀྱིན་མེད་ཅིང་ཆབ་སྲིད་བསྒྱུར་བཅོས་ཀྱི་ཁ་ཕྱོགས་གཏན་འབེབ་ཀྱང་བྱེད་ཐུབ་ཀྱིན་མེད།
འདི་ལྟར་ན་རྒྱ་ནག་ལ་རེ་བ་ཅི་ཡང་མེད་སོང་བ་ཡིན་ནམ་ཟེར་ན། དེ་ལོས་ཡོད། ཐོག་མར་གོང་དུ་བཤད་པའི་རྒྱུ་རྐྱེན་བཞིའི་བསམ་བློའི་འདུ་ཤེས་ཀྱིས་རྒྱ་ནག་མི་མང་རང་དབང་འཐབ་རྩོད་ཀྱི་ལམ་དུ་ཕྱོགས་ཐུབ་མེད་པ་དང་། བསམ་བློ་ནི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ངེས་འཛིན་གསལ་བོ་བྱས་ཏེ། མུ་མཐུད་གཤམ་གསལ་རྒྱུན་ཤེས་ཚན་པ་བཞི་བརྒྱུད་བསྒྲགས་བྱ་དགོས།
མུ་འགོད།

མ་ཕྱི་དྲ་གནས་འདིར་གསལ། http://cn.epochtimes.com/gb/11/6/7/n3278675.htm

འགྱུར་རྩོམ།

Post navigation

Previous Post: ཡང་སྐྱར་བྱིས་པའི་དུས་དེ་དྲན་པ།
Next Post: འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།

Comments (3) on “གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་བཞི།”

  1. བརྩོན་རྒྱམ། says:
    2011-06-16 at 1:42 am

    སྐུ་ཞབས་ཚོའོ་ཁྲང་ཆེན་གྱིས་གསུང་པ་ནང་བཞིན་རེད།  ད་སྐབས་རྒྱ་མའི་ནང་ལས་མི་མང་པོ་ཞིག་གི་རྒྱ་ནག་དམར་གཞུང་གི་མགོ་ཁྲིད་ཚོས་དྲང་བདེན་མ་ཡིན་པས་བྱ་སྤྱོད་ཀྱིས་ཁོང་ཚོའི་འདོད་པ་མ་འཁང་པར་གང་སར་སྐད་འབོད་བྱེད་བཞིན་ཡོད་པ་སོགས་ངོ་རྒོལ་པ་མང་ནས་མང་དུ་འགྲོ་བཞིན་ཡོད་པ་འདི་རྒྱ་ནག་དམར་གཞུང་མགོ་སྟངས་སློག་བའི་སྔོན་རྡ་ལྟ་བུར་གྱུར་ཡོད།  མ་ཟད་སྤྱིར་འཛམ་གླིང་རྒྱལ་ཁབ་ཚང་མ་མང་གཙོའི་ལམ་དུ་འགྲོ་བཞིན་པ་དང་ལྷག་པར་དུས་རབས་འདིར་རྒྱལ་ཁབ་ཚང་མ་གཅིག་གྱུར་གྱི་ངང་ནས་མང་གཙོ་གལ་ཆེ་ཚུལ་བརྗོད་པ་འདི་དངོད་ཡོད་དུ་གནས།  དེ་འདྲ་ཡིན་དུས་རྒྱ་ནག་དམར་གཞུང་གཅིག་བུ་འདི་ལྟར་གནས་མི་ཐུབ་པ་གསལ་པོ་ཆགས་པ་ཞིག་ཡིན་པར་མ་ཟད་རྒྱ་ནག་གི་ཤེས་ཡོན་ཅན་དང་རྩོམ་པ་པོ་དང་ཡར་ཐོན་གྱི་བསམ་བློ་ཡོད་མཁན་ཚང་མའི་རྒྱ་ནག་དམར་གཞུང་འདི་དེང་རབས་ཀྱི་རྗེས་སུ་སྙག་མི་ཐུབ་པས་རྒྱུ་མཚུན་དང་པོ་དེ་མང་གཙོ་མ་ཡིན་པ་དེ་ཡིན་པ་གསལ་བཤད་གནང་ཡོད་པ་སོགས་གང་ལྟར་ཁོང་ཚོས་དུས་རྟག་ཏུ་རྒྱ་གཞུང་ལ་ཤ་ཚས་དབང་གིས་རྩོམ་ཡིན་འདྲ་མིན་ཞིག་སྤེལ་བཞིན་པ་ཡིན། ད་འདྲ་ཡིན་དུས་ང་ཚོས་གོ་སྐབས་འདི་རྒྱུད་ནས་ང་ཚོས་འཛམ་གླིང་རྒྱལ་ཁབ་ཚང་མ་ལ་ང་ཚོ་རྒྱ་ནག་དམར་གཞུང་དང་མཉམ་དུ་གནས་དགོས་ན་ཁོང་ཚོས་དྲང་བདེན་གྱི་ལམ་ཁར་སྤྱོད་དགོས་པ་དང་ལྷག་པར་༧གོང་ས་མཆོག་དང་བགྲོ་མོར་བྱེད་དགོས་པ་སོགས་བརྗོད་དགོས་པ་དང་རྒྱ་ནག་དང་མཉམ་དུས་བགྲོས་མོར་བྱེད་ཐུབ་ཀྱི་གལ་ཆེན་འདྲ་བོ་མཐོང་།

  2. གཙུག་ལག་སློབ་དཔོན་ says:
    2011-06-16 at 9:02 pm

    གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་ཐུབ་པའི་རྒྱུ་རྐྱེན་བཞི་ནི།
    དང་པོ། གུང་ཁྲན་ཏང་གི་དཔལ་འབྱོར་འཕེལ་རྒྱས་ལྐོག་ཟ་རུལ་སུངས་འདིས་དམངས་སེམས་ཉོ་མི་ཐུབ།
    གཉིས་པ། གུང་ཁྲན་ཏང་གི་ཤུགས་ཆེ་བའི་དྲིལ་བསྒྲོག་རང་གིས་རང་བཀྱག་སྐྱག་པས་རྐུབ་བཀྱག་པ་འདིས། ནམ་ཞིག་རང་གིས་ཚིག་ལ་རང་དང་རང་མིས་ཞེ་ལོག་པར་འགྱུར་ངེས།
    གསུམ་པ། གུང་ཁྲན་ཏང་གི་དྲག་གནོན་སྲིད་བྱུས་ཕྱིའི་མཐའ་མཚམས་སྲུང་སྐྱོབ་ལས་ལྷག་པའི་རང་མིར་དུག་རྩུབ་ཀྱི་འགྲོ་འགྲོན་བཏང་ཆེས་དྲགས་ནས། རྒྱ་རིགས་དང་བོད་རིགས་ཤེས་ཡོན་དང་ཕྱི་མིར་ངོ་ཚ་ནས་རང་ཤི་རྒྱབ་རྒྱབ་ཆོག་ཆོག་ལ་བསྡད་པའི་དུས་ཚོད་ཅིག་ཤར་རན་ཡོད།
    བཞི། མང་ཚོགས་དང་དམར་པོའི་དབུ་ཁྲིད་ཡིན་མདོག་སྟོན་མཁན་འགའི་ནོར་འཁྲུལ་ཆེ་མགོ་ལས་རྨ་ཆེ་བའི་ཤུགས་རྐྱེན་གྱིས། རྒྱ་ནག་གི་རྩ་ཁྲིམས་ཞིག་རལ་དུ་འགྲོ་བར་ཐེ་ཚོམས་མེད། ནག་ཕྱོགས་ཕམ། དཀར་ཕྱོགས་རྒྱལ། དྲང་བདེན་རྒྱལ་ལོ། དགེའོ། དགེའོ། དགེའོ།

  3. ཨ་ནུ་ཐང་བསོད་ནམས says:
    2011-06-17 at 8:22 am

    འཛམ་གླིང་གི་ས་ཆ་གང་དུ་ཕྱིན་ཡང་མང་ཉུང་ལ་མ་ལྟོས་བ་ལྐོག་ཟ་རུལ་སུངས་ཡོད་པས་གོང་ཁྲན་ཏང་གློ་བུར་ཕམ་མི་ཐུབ།
    འཇིག་རྟེན་གྱི་རིན་ཐང་ཡོད་ཚད་དྲིལ་བསྒྲགས་ལ་རྟེན་ཞིང་དྲིལ་བསྒྲགས་མེད་ན་གསེར་ཡིན་ཡང་ས་འོག་ཏུ་ལུས་བས་གོང་ཁྲན་ཏང་གློ་བུར་ཐོར་མི་སྲིད།
    ཆབ་སྲིད་པ་དང་བླ་མ། རྩོམ་པ་པོ་དང་ཆོས་ལུགས་པ་སོགས་མིའི་བསམ་བློའི་གནད་ཡོད་ཀྱི་མི་སྣ་མང་པོས་རང་ཉིད་ཀྱི་གྲགས་པ་དང་ཁེ་ཕན་ཆེད་དུ་འཚེ་མེད་དང་ཞི་བདེ་གླིང་ཞིང་། འཚེ་མེད་དང་ཞི་བདེས་གོང་ཁྲན་ཏང་གི་སྲིད་དབང་ལ་གནོད་པ་བཏང་མི་ཐུབ་ཅིང་གོང་ཁྲན་ཏང་གི་ཞེན་འདོད་ཀྱང་དེ་ལྟར་ཡིན་པས་གློ་བུར་ཡལ་མི་སྲིད།
    འཇིག་རྟེན་འདིར་རྒྱ་སྐྱེད་རིང་ལུགས་དང་གཡོ་སྒྱུ་ཁྲམ་གསུམ་ཅན་གྱི་མི་དང་རྒྱལ་ཁབ་བམ། ཁེ་ཕན་ཆེད་དུ་ཡོད་ཚད་བཏང་མཁན་གྱི་མི་སྣ་དག་ལ་སྔ་ནས་ད་ལྟའི་བར་དུ་རྒྱལ་ཁ་ཐོབ་པས་གོང་ཁྲན་ཏང་གློ་བུར་རྒུད་མི་སྲིད།
    རྒུད་སྲིད་པའི་གནད་དོན་དེ་གོང་ཁྲན་ཏང་སྔ་ས་རྟོགས་ཡོད་ཅིང་མུ་མཐུད་དུ་དེ་ལྟར་ལས་དོན་སྒྲུབ་པས་གློ་བུར་འཇིག་མི་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme