Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུ་རུ་མཚན་བརྒྱད།

Posted on 2015-04-042015-04-04 By ཁ་བརྡ 53 Comments on གུ་རུ་མཚན་བརྒྱད།

ཨེ་མ་ཧོ།

 
གུ་རུ་མཚན་བརྒྱད་ནི། དཔེར་ན་བདག་ཅག་གི་སྟོན་པ་ལ་གཞོན་ནུ་དོན་གྲུབ། ལྷའི་ཡང་ལྷ། ཤཱཀྱ་ཐུབ་པ་སོགས་སངས་རྒྱས་གཅིག་ལ་མཚན་ཐ་དད་པ་རེ་མཛད་པ་ངོ་མཚར་བ་རེས་མཚོན་ཅིང་གྲགས་པ་བཞིན། གུ་རུ་རིན་པོ་ཆེ་གཅིག་ལ་མཛད་པ་རེའི་མཚན་དང་རྣམ་འགྱུར་རེ་བྱུང་བ་ལ་གུ་རུ་མཚན་བརྒྱད་དུ་གྲགས་པ་འཇམ་དཔལ་མཚན་བརྗོད་ལས་ལུང་བསྟན་པ་སྟེ། །དཔལ་ལྡན་སངས་རྒྱས་༡ པདྨ་སྐྱེས།༢། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།༣ །རྒྱལ་པོ་༤ སྒྱུ་འཕྲུལ་སྣ་ཚོགས་འཆང༌།༥ །ཆེ་བ་༦ སངས་རྒྱས་༧ རིག་སྔགས་འཆང༌།༨ ཞེས་པའི་

དང་པོ་དཔྃལ་ལྡནྃ་སངྃས་རྒྱྃས་ཞེས་པ་ནི། སྤངས་རྟོགས་མཐར་ཕྱིན་པའི་དཔྃལ་དང་ལྡནྃ་པ་སངྃས་རྒྱྃས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པར་གྲགས་པ་དོན་ལ་གནས་པ་སྟེ། གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་ཚུལ་བསྟན་པའི་མཚན་ཏེ་གུ་རུ་རིན་པོ་ཆེ་ལམ་མས་སྦྱང་གི་གང་ཟག་མ་ཡིན་པར་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཉིད་རིག་འཛིན་གྱི་སློབ་དཔོན་ཆེན་པོའི་སྐུར་བསྟན་པའི་དབང་གིས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆོས་སོགས་ལྷ་དང༌། བཀའ་བབ་རིག་འཛིན་བརྒྱད་དང་ཌོམྦི་ཧེ་རུ་ཀ་རིགས་ལྡན་པདྨ་དཀར་པོ་སོགས་རིག་འཛིན་མཁའ་འགྲོ་ལས་ཀྱི་དབང་མོ། བདུད་འདུལ་དྲག་མོ་སོགས་མཁའ་འགྲོ་རྣམས་ལས་དངོས་སུ་གསན་ཏེ་དེ་དག་གི་སྟོན་པ་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱི་བཀའ་བབ་ཚིག་དོན་ཐུགས་སུ་ཆུད་དངོས་གྲུབ་ཀྱི་མཛོད་བརྙེས་པས་མཁས་གྲུབ་སུས་ཀྱང་རྣམ་ཐར་ལ་འགྲན་མི་བཟོད་པའི་ངོ་མཚར་གྱིས་སྡེ་སྣོད་རྒྱུད་སྡེ་གསུང་རབ་ཀུན་གྱི་ཤིང་རྟ་ཆེན་པོར་གྱུར་པའི་སྐབས་མཚན་པདྨ་སཾ་བྷ་ཝ་ཞེས་པཎྜི་ཏའི་ཚུལ་དུ་བསྟན།

༈ གཉིས་པ་པྃདྨྃ་སྐྱེྃས་སམ་པདྨ་འབྱུང་གནས་ནི་སྐུ་ཐོག་མར་འཁྲུངས་པའི་ཚེ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་ཕ་ཡི་རྒྱུ་ལས་མ་བསྐྱེད། མ་ཡི་རྐྱེན་ལས་མ་བྱུང༌། མེ་ཏོག་གི་པདྨའི་སྡོང་པོར་སངས་རྒྱས་འོད་དཔག་མེད་པའི་ཐུགས་སོར་རྟོག་ཡེ་ཤེས་ཀྱི་རང་གཟུགས་ཡི་གེ་ཧྲཱིཿཡིག་སྤྲོས་པ་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་ཁྱེའུ་ལོ་བརྒྱད་པ་མཚན་དཔེས་བརྒྱན་པ་ལྷ་ཡི་ཆ་བྱད་ཅན་དུ་བརྫུས་ཏེ་འཁྲུངས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཁའ་འགྲོའི་ཚོགས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་ནས་པདྨ་འབྱུང་གནས་ཞེས་མཚན་གསོལ། སྐབས་འགར་མཚོ་སྐྱས་རྡོ་རྗེ་ཡང་གྲགས་པ་དང༌།

༈ གསུམ་པ་ཀུནྃ་མཁྱེྃན་ཡེྃ་ཤེསྃ་མཛོྃད་འཛིྃན་པྃ། ཞེས་ཤེས་བྱ་རིག་པའི་གནས་ཐམས་ཅད་མཁྱེན་པའི་སྐབས་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་སྟེ། བཅུ་ཕྲག་རིག་པའི་གནས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་ཚིག་དོན་ཐུགས་སུ་ཆུད་ཅིང་ཆོས་རབ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་གསང་མཛོད་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་གྲུབ་པས་མཁས་ཚུལ་དགུའམ་བཅུ་གཉིས་ལ་དབང་ཐོབ་པའི་མཚན་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་འཁོར་ལོའི་བསྒྱུར་བའི་རྒྱལ་པོའི་ཆས་ཌཱ་རུ་དང་མེ་ལོང་འཛིན་པའོ།།

༈ བཞི་པ་རྒྱྃལ་པོྃ་ཞེས་ཐོག་མར་རྒྱ་མཚོར་པད་སྡོང་གི་རྩེར་འཁྲུངས་པ་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རང་གི་སྲས་ཚབ་ཏུ་གདན་དྲངས་ཀྱང་འཇིག་རྟེན་གྱི་སྲིད་སྐྱོངས་བས་གཞན་དོན་མི་འབྱུང་བར་མཁྱེན་ནས་ཧེ་རུ་ཀའི་ཆས་ཀྱིས་ཁ་ཊྭཱཾ་འཕངས་ཏེ་བདུད་བློན་གྱི་བུ་བསད་པས་རྒྱལ་ཁྲིམས་དང་འགལ་བས་དུར་ཁྲོད་དུ་སྤྱུགས་པ་སླར་ཡང་ཨུ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་དུས་ལ་བབ་པ་ན་མུ་ཏོ་བའི་ཚུལ་གྱིས་བྱོན་པས་བློན་པོ་རྣམས་ཀྱིས་ངོ་ཤེས་ནས་གསོན་བསྲེགས་བཏང་བ་རྫུ་འཕྲུལ་གྱིས་མེ་དཔུང་མཚོར་བསྒྱུར་བའི་དབུས་སུ་པད་སྡོང་རྩེར་མ་ནོངས་པར་བཞུགས་པས་རྒྱལ་པོ་འཁོར་བཅས་དད་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་གྱིས་ཐམས་ཅད་གྲོལ་པར་མཛད་པས་མཚན་པདྨ་རྒྱལ་པོར་གྲགས། འདི་ཡང་འཁོར་ལོའི་བསྒྱུར་བའི་ཆས་ཌཱ་རུ་དང་པདྨས་གང་བའི་གཞོང་པ་འཛིན།

༈ ལྔ་པ་བརྟུལ་ཞུགས་དང་རྫུ་འཕྲུལ་གྱི་རོལ་པ་དུ་མ་ལ་མངའ་བརྙེས་པའི་སྒྱུྃ་འཕྲུྃལ་སྣྃ་ཚོགྃས་འཆྃང་ཞེས་པ། ཉི་མ་འོད་ཟེར་ཏེ་ཨུ་རྒྱན་རྒྱལ་པོའི་དུར་ཁྲོད་དུ་སྤྱུགས་པ་ལ་འཛམ་གླིང་གི་མཐའ་བསྐོར་དུར་ཁྲོད་ཆེན་པོ་བརྒྱད་སོགས་གནས་ཡུལ་ཀུན་ཏུ་བྱོན་ཏེ་གསང་བ་སྔགས་བརྟུལ་ཞུགས་ཀྱི་སྤྱོད་པས་གྲུབ་པ་རིག་འཛིན། མཁའ་འགྲོའི་ཚོགས་དང་ལྷན་ཅིག་ས་ལམ་གྱི་རྩལ་སྦྱངས་ཤིང་བརྟུལ་ཞུགས་ཀྱི་རྣམ་འཕྲུལ་སྣ་ཚོགས་དང་བཅས་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་མཚན་ཉི་མ་འོད་ཟེར་དུ་གྲགས། ཧེ་རུ་ཀའི་ཆས་ཕྱག་གཡས་སྡིག་མཛུབ་ཀྱིས་ཉི་མ་རྟོད་ལ་གནོན། གཡོན་ཁ་ཊྭཱཾ་ག་འཆང་བའོ།།

༈ དྲུག་པ་གསང་གསུམ་ནུས་སྟོབས་ཀྱི་ཆེྃ་བསྃ་བདུད་དང་མུ་སྟེགས་ཚར་གཅོད་པའི་མཚན་སེང་གེ་སྒྲ་སྒྲོགས་ཏེ་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་ཐོ་མཚམས་པའི་ཚེ་པཎྜི་ཏ་རྣམས་ལ་མཁའ་འགྲོ་མས་ལུང་བསྟན་པ་བཞིན་གུ་རུ་རིན་པོ་ཆེ་པཎ་ཆེན་ལྔ་བརྒྱའི་ཚོགས་དཔོན་དུ་ཕེབས་ནས་རྩོད་པས་ཚར་བཅད། མཐུ་འགྲན་པ་ལ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་བྱད་མ་རང་གཤེད་དུ་དབབ་པའི་མན་ངག་བསྟན་ནས་གྲུབ་པའི་ཆོ་འཕྲུལ་གྱིས་མུ་སྟེགས་ཐམས་ཅད་ཐོག་གིས་བསྒྲལ། ལྷག་མ་རྣམས་ནང་པའི་བསྟན་པ་ལ་བཙུད་པས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་བའི་ཚེ་གུ་རུ་སེང་གེ་སྒྲ་སྒྲོགས་ཞེས་གྲགས། སྐུའི་རྣམ་འགྱུར་ཁྲོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་འཛིན་ཅིང་སེང་གེའི་གཡང་གཞི་གསོལ་བའོ།།

༈ བདུན་པ་སངྃས་རྒྱྃས་ཞེས་པ་བསྟན་པའི་འཇུག་སྒོ་མི་ནོར་བའི་ཕྱིར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་དྲི་མེད་སྡོམ་གསུམ་གྱི་ཕུང་པོ་ཡོངས་སུ་རྫོགས་པ་ཐུབ་དབང་གི་རྒྱལ་ཚབ་ཏུ་གྲགས་པའི་མཚན་ཤཱཀྱ་སེང་གེ་ཞེས་སྤྲུལ་སྐུ་ཆགས་བྲལ་མཚན་དཔེ་རྫོགས་པའི་ཚུལ་རྡོ་རྗེ་དང་ལྷུང་བཟེད་བསྣམས་པའོ།།

༈ བརྒྱད་པ་རིགྃ་སྔགྃས་ནུས་པའི་སྟོབས་རྩལ་འཆྃང་ནས་འཇིག་རྟེན་གསུམ་གྱི་དྲེགས་ཚོགས་བཏུལ་བ་རྡོ་རྗེ་གྲོ་ལོད་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ། བོད་ཡུལ་དུ་ཕེབས་པའི་སྐབས་ལམ་དུ་བརྟན་མ་བཅུ་གཉིས་སོགས་དམ་ལ་བཏགས། བསམ་ཡས་ས་འདུལ་གྱི་སྐབས་ཧས་པོ་རི་རྩེ་ནས་དགེ་བསྙེན་ཉེར་གཅིག །མགུལ་ལྷ་བཅུ་གསུམ་སོགས་དམ་ལ་བཏགས། མལ་གྲོའི་ཀླུ་དང་རྒྱལ་པོ་བེ་ཧར་སོགས་གཙུག་ལག་བཞེངས་པའི་སྐབས་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་དེ་མ་འོངས་ཕྱི་མའི་གདུལ་བྱ་འདུལ་བའི་ཕྱིར་བོད་ཡུལ་གྱི་གནས་ཆེན་གངས་བྲག་ཐམས་ཅད་སྒྲུབ་གནས་སུ་མཛད། རི་མཚོ་བྲག་སོགས་སུ་འབྱུང་ལྔས་མི་ཤིགས་པའི་གཏེར་གྱི་གཏམས་ཏེ་གུ་རུ་དྲག་པོའི་སྐུར་བཞེངས་ནས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གཏེར་སྲུང་དུ་བཀའ་བསྒོས། རྒྱལ་བསེན་དམ་སྲི་ཐམས་ཅད་བསྒྲལ་ནས་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་གྱིས་སྐུར་བཞེངས་པ་ལ་མཚན་རྡོ་རྗེ་གྲོ་ལོད་ཅེས་གྲགས་པ་ཁྲོ་བོ་འཆོལ་བའི་ཆས་རྡོ་རྗེ་དང་ཕུར་པ་འཛིན་ཅིང་སྟག་ལ་ཆིབས་པའོ། །
དེ་དག་ཀྱང་རྣམ་ཐར་གྱི་གོ་རིམ་ལྟར་ན། པདྨ་འབྱུང་གནས། ཤཱཀྱ་སེང་གེ །བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། པདྨ་སཾ་བྷ་ཝ། པདྨ་རྒྱལ་པོ། སེང་གེ་སྒྲ་སྒྲོགས། རྡོ་རྗེ་གྲོ་ལོད་བཅས་ཡིན་ནོ། །ཞེས་པ་འདིའང་མངྒ་ལས་སོ།།

ངོ་སྤྲོད།

Post navigation

Previous Post: མི་རིགས་འཕེལ་རྒྱས་ཀྱི་དོན་དུ་ཨང་རྩིས་བོད་ཡིག་གི་ནང་གཏན་འབེབས་བྱ་དགོས།
Next Post: སློབ་གསོ།

Comments (53) on “གུ་རུ་མཚན་བརྒྱད།”

  1. སྤུ་གྲི་རེག་གཅོད། says:
    2015-04-04 at 9:01 pm

    གུ་རུ་དང་པོ་གྲ་པ་བྱས་ནས་རབ་དུ་བྱུང་བའི་མིང་ག་རེ་རེད། གཉིས་པ་གྲ་པ་བཙུན་མའི་ཐོག་ཀ་ལོག་ལས་གྲ་ལོག་སྐབས་སུ་མིང་ག་རེ་རེད། གསུམ་པ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཏུ་ལོག་གཡེམ་བྱེད་སྐབས་མིང་ག་རེ་ཟེར། དེ་ཚོ་ཚང་མ་ཆ་ཚང་དགོས་རེད་བསམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-05 at 1:46 am

    ་་་་་་་་་་་་་་་་་་་་་་ དེ་དག་ཀྱང་རྣམ་ཐར་གྱི་གོ་རིམ་ལྟར་ན། པདྨ་འབྱུང་གནས། ཤཱཀྱ་སེང་གེ །བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། པདྨ་སཾ་བྷ་ཝ། པདྨ་རྒྱལ་པོ། སེང་གེ་སྒྲ་སྒྲོགས། རྡོ་རྗེ་གྲོ་ལོད་བཅས་ཡིན་ནོ། །ཞེས་པ་འདིའང་མངྒ་ལས་སོ།། ་་་་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-05 at 1:49 am

    ཆོས་གྲོགས་ཨེ་མ་ཧོ་ལགས་ཀྱིས། གུ་རུ་མཚན་བརྒྱད་ཀྱི། རྣམ་ཐར་ཁུངས་བཙན་ལ། མདོར་བསྡུས་ཤིང་། གོ་བདེར་གསུངས་པ་ལ། བཀའ་དྲིན་ཆེ་ཞེས་ཞུའོ།། །།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-04-05 at 2:43 am

    ་་་་་་་་་་ཨེ་མ་ཧོས་རྩོམ་པ་མ་རེད། མངྒ་ལས་སོ་ཞེས་བཀྲ་ཤིས་དཔལ་འབྱོར་གྱིས་གསུངས་དག་མ་རེད། ་་་་་་་་་
    གང་ལྟར་ཡང་། དཔེ་འཁྱུད་མེད་པར། འདིར་དྲངས་པར། ཡང་སྐྱར་ལན་ཅིག ཨེ་མ་ཧོ་ལགས་ལ། བཀའ་དྲིན་ཆེ་ཞེས། ཞུའོ།། །།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-04-05 at 3:10 am

    མཚན་བརྒྱད་གསོལ་འདེབས།
    ༡ འོད་དཔག་མེད་ཀྱི་ཐུགས་རྗེས་འོད་ལས་པད་མཚོར་འཁྲུང་ས། །
    ༢ ཤཱཀྱ་སེང་གེའི་རྒྱལ་ཚབ་མཚོན་ཕྱིར་དགེ་སློང་མཛད། །
    ༣ བློ་གྲོས་ལྡན་ཕྱིར་པཎ་ཆེན་མཆོག་སྲེད་མཁས་ཟླ་བྲལ། །
    ༤ ཉི་མའི་ཟེར་ལས་བརྟུལ་བཞུགས་རྫུ་འཕྲུལ་ཐོགས་མེད་བསྟན། །
    ༥ གསང་སྔགས་ཤིང་རྟའི་སྲོལ་འབྱེད་པདྨ་སཾ་བྷ་ཝ། །
    ༦ གསོན་བསྲེགས་ནོངས་མེད་ཆོས་སྟོན་པདྨའི་རྒྱལ་པོ་གྱུར། །
    ༧ ཕལ་རྒོལ་མཐུ་ནུས་གཡུལ་རྒྱལ་སེང་གེ་སྒྲ་སྒྲོགས་མཁྱེན། །
    ༨ རྡོ་རྗེ་གྲོ་ལོད་སྟག་ཆིབས་པ་ལ་གསོལ་བ་འདེབས། །
    ཀརྡོས་རྒྱང་འབོད་བཞུགས་སོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-04-05 at 3:11 am

    འོད་དཔག་མེད་ཀྱི་ཐུགས་རྗེས་འོད་ལས་པད་མཚོར་འཁྲུང་ས། །
    ཤཱཀྱ་སེང་གེའི་རྒྱལ་ཚབ་མཚོན་ཕྱིར་དགེ་སློང་མཛད། །
    བློ་གྲོས་ལྡན་ཕྱིར་པཎ་ཆེན་མཆོག་སྲེད་མཁས་ཟླ་བྲལ། །
    ཉི་མའི་ཟེར་ལས་བརྟུལ་བཞུགས་རྫུ་འཕྲུལ་ཐོགས་མེད་བསྟན། །
    གསང་སྔགས་ཤིང་རྟའི་སྲོལ་འབྱེད་པདྨ་སཾ་བྷ་ཝ། །
    གསོན་བསྲེགས་ནོངས་མེད་ཆོས་སྟོན་པདྨའི་རྒྱལ་པོ་གྱུར། །
    ཕལ་རྒོལ་མཐུ་ནུས་གཡུལ་རྒྱལ་སེང་གེ་སྒྲ་སྒྲོགས་མཁྱེན། །
    རྡོ་རྗེ་གྲོ་ལོད་སྟག་ཆིབས་པ་ལ་གསོལ་བ་འདེབས། །

  7. པདྨ says:
    2015-04-05 at 9:03 am

    གཏེར་སྟོན་ཨོ་རྒྱན་གླིང་པས།
    ཨེ་མ་ཧོ༔
    དང་པོ་གུ་རུ་མཚན་བརྒྱད་བྱོན་ཚུལ་ནི༔
    ཁམས་གསུམ་སེམས་ཅན་བདེ་ལ་བཀོད༔
    གུ་རུ་པདྨ་འབྱུང་གནས་ཡིན༔
    བསྟན་པའི་མངའ་བདག་ཆོས་ཀྱི་རྗེ༔
    གུ་རུ་པདྨ་སཾ་བྷ་ཡིན༔
    ཤེས་བྱ་ཐམས་ཅད་མཁྱེན་མཛད་པའི།།
    གུ་རུ་བློ་ལྡན་མཆོག་སྲེད་ཡིན།།
    སྐུ་ལུས་གཅིག་ལ་བཀོད་པ་བརྒྱད༔
    གུ་རུ་ཤྰཀྱ་སེངྒེ་ཡིན༔
    སྐྱོན་གྱིས་མ་གོས་སྡེ་སྣོད་འཛིན༔
    གུ་རུ་པདྨ་རྒྱལ་པོ་ཡིན༔
    བདེ་བ་ཐམས་ཅད་སྐུ་ལ་རྫོགས༔
    གུ་རུ་རྡོ་རྗེ་གྲོ་ལོད་ཡིན༔
    ཐེག་ཀུན་མཉམ་ཉིད་ནམ་མཁར་བརྡལ༔
    གུ་རུ་ཉི་མ་འོད་ཟེར་ཡིན༔
    རིགས་དྲུག་ཀུན་ལ་ཆོས་སྒྲ་སྒྲོགས༔
    གུ་རུ་སེངྒེ་སྒྲ་སྒྲོགས་ཡིན།།
    གུ་རུ་མཚན་བརྒྱད་ཀྱི་ལེའུ་དང་པོའོ།།

  8. དྲི་མེད་ལྷག་བསམ། says:
    2015-04-05 at 10:06 am

    གུ་རུའི་རྣམ་ཐར་ཁུངས་བཙན་ཤོས། རྗེ་ཏཱ་ར་ནཱ་ཐས་རྣམ་ཐར་རྒྱ་གར་ལུགས་རེད། དེ་རྒྱ་གར་མཁས་པའི་ཡིག་ཆ་དང་། བོད་ཀྱི་རྦ་བཞེད་ཡིག་རྙིང་ལ་བརྟེན་ནས་བཤད་པས་སོ། །གུ་རུ་མཚན་བརྒྱད་སྐོར་ལ་གཏེར་མར་སྔ་ཤོས་གཏེར་ཆེན་བརྒྱ་རྩ་ལས་མཆོག་སྤྲུལ་རྣམ་གསུམ་གྱི་ཡིག་ཆ་རེད། དེ་ཡང་ཉི་མ་ལྟ་བུ་ཉང་རལ་བ་ཅན་གྱི་བཀའ་ཐང། ཟླ་བ་ལྟ་བུ་གུ་རུ་ཆོས་དབང་གི་བླ་མ་གསང་འདུས། ནོར་བུ་ལྟ་བུ་རྒོད་ལྡེམ་པའི་རིག་འཛིན་གདུང་སྒྲུབ་དང་ལེའུ་བདུན་མ་སོགས་ལ་བརྟེན་ནས་ཤེས་པར་བྱ་དགོས། མཚན་བརྗོད་གུ་རུ་མཚན་བརབརྒྱད་ཀྱི་ཕྱོགས་སུ་བཀྲལ་མཁན་མངའ་རི་པཎ་ཆེན། རིག་འཛིན་དབང་པོའི་སྡེ། རྒྱལ་དབང་ལྔ་བ་གསུམ་ཐོག་མ་མིན་ནམ་སྙམ། ཕྱིས་སུ་མཁྱེན་བརྩེ། ཀོང་སྤྲུལ། མི་ཕམ། དིལ་མགོ་མཁྱེན་བརྩེ་སོགས་ཀྱིས་ཁྱབ་སྤེལ་གནང་འདུག ། དེའང་རྡོ་རྗེ་གྲོ་ལོད་ཡིན་ན་སྟག་ཞོན་ཡིན་པ་དང་། སྟག་ཚང་ཡིན་ན་འབྲུག་ཡུལ་གྱི་དེ་ལས་མེད་པར་འདོད་པ་ནི་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་སྟེ། །གྲོ་ལོད་གྱི་གནས་སྟག་ཚང་བཅུ་གསུམ་དང་། སྤྲུལ་བའི་རྣམ་འགྱུར་སྣ་ཚོགས་པའི་སྒྲུབ་ཐབས་ཡོད་པ་ནི་བདེན་པའོ། །དུས་ཚོད་བྲེལ་བ་ཆེ་བས་རེ་ཞིག་དེ་ཙམ་མོ། ། །

  9. ཁུ་བྱུག says:
    2015-04-05 at 10:34 am

    མཉམ་མེད་བུ་རམས་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་བོད་གངས་ཅན་ལྗོངས་སོགས་བྱང་ནས་བྱང་དུ་དར་བའི་ལུང་གིས་ཟིན་པ་ལྟར། ལྷ་ཐོ་ཐོ་ཐོ་རི་གཉན་བཙན་སྐབས་བསྟན་པའི་དབུ་བརྙེས་པར་གྲགས་ཀྱང་། ལྷ་གྲུང་ལྟ་བུ་ཞིག་ལས་ཅང་མེད། བསྟན་པ་དངོས་དར་བའི་དུས་ནི། མཁན་སློབ་ཆོས་གསུམ་གདན་འཛོམས་པ་ནས་ཡིན་ལ། ཁོང་རྣམ་པ་གསུམ་ཕན་བདེའི་བྱུང་གནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་ཧ་ཅང་རླབས་ཆེ་བའི་བཀྲིན་དུས་ནམ་ཡང་གཞལ་ཟླ་འབྲལ་ལོ། །

  10. སྤུ་གྲི་རེག་གཅོད། says:
    2015-04-05 at 12:30 pm

    དགེ་ལུགས་པ་དགེ་ལུགས་པ་ཟེར་ཁ་ནས་ཁུར་མ་ཡོང་ཨ། ཤཀྱའི་བཀའ་ཡང་དག་པར་སྲུང་བརྩི་བྱེད་མཁན་དགེ་ལུགས་པ་རེད་བསམ། གྲ་པ་བཙུན་མ་གཉིས་དམ་ཉམས་ཁ་སྦྱོར་བྱས་ཚར་དུས་ད་རུང་སྔགས་པ་ཡིན་མདོག་མདོག། བོད་རྒྱལ་བཙན་པོའི་བཙུན་མོ་ལྐོག་ཏུ་ལོ་གཡེམ་བྱེད་བཞིན་ད་རུང་བླ་མ་ཡིན་མདོག་མདོག་བྱེད་ཆོག་པའི་ཆོག་མཆན་སྟོན་པ་ཤཀྱས་གནང་མེད། འཁོར་དུ་མཁའ་འགྲོ་མང་པོའི་སྐོར་ཟེར་དུས་འདོད་ཆག་ཅན་ཞིག་ཡིན་པ་ཧ་གོ་ཐུབ།
    ད་རུང་ཕ་མ་མེད་ཚུལ་དང་སྐྱེ་འཆི་མེད་ཚུལ་གྱི་ཁུང་མེད་རྫུན་སྒྲིག་དེ་ཚོ་ཤཀྱའི་བཀའ་དང་ཡོངས་སུ་འགལ་བ་རེད། དང་པོ་རང་ཉིད་ཀྱི་སྐྱོན་དེ་ངོ་ཟིན་པའི་ཐོག་ད་གཟོད་དགེ་ལུགས་པའི་སྐོར་ཤོད།

  11. པདྨ says:
    2015-04-05 at 1:02 pm

    སྤུ་གྲི་ཟེར་བ་དགེ་བཤེས་དམར་གསོད་བཏང་བ་དགེ་ལུགས་ཆེ་ཆོས་རེད་པ། མ་ཚད་དོལ་འདྲེས་ཁོག་ཞུགས་ཚོས་བསམ་བླ་ཡག་པོ་ཐོངས། ངས་འདིར་དོལ་རྒྱལ་གྱི་ཐུག་པ་ཞིམ་པོ་དེར་ཚྭ་ཏོག་ཙམ་ཞལ་འདེབས་འབུལ་ཆོག་པ་གནང་བ་སྤྲོད་རོགས། སྤུ་གྲིས་སྒེར་གྱི་འཁོན་འཛིན་ཤུགས་ལྡན་གྱི་འཐབ་རྩོད་ལ་གོང་ས་མཆོག་གིས་གུ་རུ་རིན་པོ་བསྟེན་ན་ལེགས། ཤུགས་ལྡན་མ་བསྟེན་ན་ལེགས། གུ་རུ་ལ་ང་རང་གིས་བསྟེན་པ་ཡིན། ཤུགས་ལྡན་བསྟེན་པ་ནོར་འདུག་གསུངས་རྗེས།་ཤུགས་ལྡན་གསོལ་མཁན་མང་ཆེ་བ། ལྷག་པར་དུ་སྲོག་གཏད་ཡན་ཆད་ཞུས་ཟིན་པའི་དགེ་ལུགས་པའཻ་བླ་མ་རྣམས་ལ་དེ་བཞག་པར་དཀའ་ངལ་འཕྲད་མེད།
    གཙོ་བོ་སྤུ་གྲི་ཟེར་བའི་དགེ་བཤེས་སྐལ་བཟང་ཟེར་བའི་དགེ་ལུགས་གསར་མའི་ཆོས་ཚོགས་ཟེར་བ་མི་དེ་དང་དཀའ་ངལ་འཕྲད་འདུག དཀའ་ངལ་འཕྲད་སྟངས་ཀྱི་རྒྱུ་མཚན་ཤུགས་ལྡན་དང་འབྲེལ་བ་མེད་པ་ཆེན་པོ་གསུམ་འདུག
    དང་པོ། དགེ་བཤེས་སྐལ་བཟང་ལོན་ཊོན་ལ་བླ་མ་ཡེ་ཤེས་ཀྱི་ཆོས་ཚོགས་མན་ཇུ་ཤེ་རེ་ཟེར་བར་གདན་ཞུ་བྱས་ནས། ཆོས་ཚོགས་དེ་གའི་ཆོས་དགེ་ལྟ་བུར་བསྐོས་འདུག དགེ་བཤེས་སྐལ་བཟང་གིས་ཆོས་ཚོགས་དེ་གའི་མིང་དང་སློབ་མ་ཚང་མ་ཁྱེར་ནས། གྲོང་ཁྱེར་གཞན་པ་ཞིག་ལ་ཆོས་ཚོགས་བཙུགས། ད་དུང་བླ་མ་ཡེ་ཤེས་ཀྱི་ཆོས་ཚོགས་ཀྱི་མ་རྩ་བགོས་དགོས་ཅེས་དབྱིན་ཇིའི་ཁྲིམས་ལ་བཏུགས་སྐབས། དེ་ལ་གོང་ས་མཆོག་གིས་དབྱིན་ཇིའི་ཁྲིམས་ཁང་ལ་དཔང་རྟགས་ཡི་གེ་གནང་ནས། ཆོས་ཚོགས་དེའི་བདག་པོ་སྙོས་མེད་དེ་བླ་མ་ཡེ་ཤེས་ཡིན་པས། དགེ་བཤེས་སྐལ་བཟང་ལ་རྒྱུའི་ཐོབ་ཐང་རྩོད་པའི་གོ་བབ་མེད་ཅེས་བཏང་བའི་རྗེས། རྩོད་པ་དེ་གཞི་ནས། དགེ་བཤེས་སྐལ་བཟང་དེ་ནས་བཟུང་གོང་ས་མཆོག་དགྲ་ལྟ་བུའི་འདུ་ཤེས་བཟུང་བ་རེད། ཐུག་ས་དངུལ་རེད།

    གཉིས་པ། དགེ་བཤེས་སྐལ་བཟང་གིས་རྒྱུན་པར་སྙིང་མའི་རྫོགས་ཆེན་དེ་ནང་པའི་ལྟ་བ་མིན་ཚུལ། རྫོགས་ཆེན་ཆོས་སྐོར་གསར་བཟོ་ཡིན་པའི་སྐད་ཆ་རྟག་ཏུ་ཤོད་བཞིན་པ་དེར་གོང་ས་མཆོག་ནས་མི་བརྒྱུད་ལན་བསྐུར་ནས། ཁྱེད་རང་འདུལ་བ་འཛིན་པའི་དགེ་སློང་ཞིག་གིས་དེ་ལྟར་གསུངས་ན། དགེ་སློང་གི་བསླབ་པ་ལྟུང་གི་རེད་ཅེས་བཀའ་བསྩལ་བ་དེར་དགེ་བཤེས་སྐལ་བཟང་གིས་རྒྱུན་པར་ཟུར་ཟ་དང་། གོང་ས་མཆོག་ཏ་ལའི་བླ་མའི་ཡང་སྲིད་ངོ་མ་ཡིན་མིན་དྭོགས་པ་འདུག་ཟེར་བའི་སྐད་ཆ་བཀྲམས་པ་རེད། དེ་རྙོག་ཁྲ་གཉིས་པ་དེ་རེད།

    གསུམ་པ། གོང་ས་མཆོག་གིས་རྡ་རམ་ས་ལའི་གཙུག་ལག་ཁང་ནང་ལ་གུ་རུའི་སྐུ་བཞེངས་པ་དེས། དགེ་བཤེས་སྐལ་བཟང་དང་། སྤེལ་ཟུར་ཇོ་ལགས། སོག་པོ་གུ་རུ་དེ་ཝ་ཟེར་བ་སོགས་ཀྱིས་ངོ་རྒོལ་ཆེན་པོ་བྱས་འདུག་རུང་། གོང་ས་མཆོག་གིས་དེ་ལ་གསན་འཇོག་མཛད་མེད། རྗེས་མ་ཁོང་ཚོ་འུ་ཐུག་ནས། མཛེ་སྨད་སྤྲུལ་སྐུར་ཞུ་བ་ཐེན་ནས། སྙིང་མའི་ཆོས་བྱས་ན་དོལ་རྒྱལ་གྱིས་སྲོག་བཅོམ་གྱི་རེད་ཟེར་བའི་གཞི་རྩ་འདི་འདྲ་གཅིག་ལ་རེ་བ་བཅོལ་ནས། ཕ་རྒོད་བླ་མའི་ཞལ་ལུང་བརྩམས་པ་རེད།

    གསལ་པོ་ཤེས་དགོས་པ་ཞིག་ལ། དགེ་བཤེས་སྐལ་བཟང་ཁོ་རང་སྔོན་མ་དོལ་རྒྱལ་བསྟེན་སྲོལ་བྱེད་ཀྱི་མིན་འདུག ཕ་རྒོད་བླ་མའི་ཞལ་ལུང་མ་འཐོན་གོང་དང་། ཤུགས་ལྡན་རྩོད་རྙོག་མ་ཡོང་གོང་ཁོང་གི་ཆོས་ཚོགས་ལ་ཡང་དོལ་རྒྱལ་སྐུ་མཐོང་རྒྱུ་མེད། ལྷག་པར་དུ་འདྲི་བ་ཆེན་པོ་ཞིག་ལ། དགེ་བཤེས་སྐལ་བཟང་གི་དོལ་རྒྱལ་སྲོག་གཏད་ཞུ་ཡུལ་ཡང་ལྐོག་འགྱུར་རེད། སྔོན་མ་སློབ་མ་ཞིག་གིས་དགེ་བཤེས་སྐལ་བཟང་གི་སྲོག་གཏད་རྒྱུད་པ་གསུང་རོགས་ཟེར་དུས། འཇམ་དཔལ་དབྱངས་ཀྱི་རྨི་ལམ་ལྟ་བུ་ཞིག་ལས་བཤད་རྒྱུ་མེད། དགེ་བཤེས་སྐལ་བཟང་གི་སློབ་མ་རྙིང་པ་ཚོས་བཤད་རྒྱུར། དགེ་བཤེས་སྐལ་བཟང་ཐོག་མར་དབྱིན་ལན་ལ་ཡོང་དུས་རྒྱུན་པར་རྟ་མགྲིན་གྱི་ཟླ་བསྐང་གཏོང་གི་འདུག་ཟེར།

    ད་བསམ་བློ་ཡག་པོ་གཏོང་དང་།་ད་ལྟ་གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གྱི་འགོ་ཁྲིད་དགེ་བཤེས་སྐལ་བཟང་རེད།
    བཞི་པ། སྔོན་མ་བླ་ཏི་རིན་པོ་ཆེ་སྐུ་བཞུགས་པའི་སྐབས་ལ། དགེ་བཤེས་སྐལ་བཟང་ལ་ཁྱེད་རང་ཤུགས་ལྡན་བསྟེན་ནས་ཟུར་དུ་ཐོན་ན་སྐྱོན་མེད། འོན་ཀྱང་གོང་ས་མཆོག་ལ་སྐྱོན་བརྗོད་དང་ངོ་རྒོལ་མཚམས་འཇོག་དགོས་ཅེས་བཀའ་བསྩལ་འདུག དེའི་ལན་ལ་དགེ་བཤེས་སྐལ་བཟང་གིས། ཤུགས་ལྡན་འཇོག་རྒྱུ་དེ་ཤིན་དུ་ལས་བསླ་པོ་རེད། ང་དང་སྐུ་སྒེར་ཡིག་ཚང་གི་གནས་ཚུལ་དེ་ཤུགས་ལྡན་མ་རེད། གཙོ་བོ་སངས་རྒྱས་བསྟན་པར་ཐུག་ཡོད། ཐུག་སྟངས་དེ་གོང་ས་མཆོག་གིས་ཆོས་ཀྱི་མཛད་པར་ཐུག་ཡོད། དེ་ངས་ཞུ་མི་དགོས། ཁོང་གིས་མཁྱེན་མཁྱེན་པ་རེད། དགེ་ལྡན་བླ་མའི་མཛད་སྤྱོད་གཙང་མ་གནང་ན། ཤུགས་ལྡན་ལས་ལྷག་པ་རང་གི་སྲོག་ཀྱང་འབུལ་ཐུབ་ཟེར་ནས། གོང་ས་མཆོག་གིས་གསང་སྔགས་རྙིང་མའི་ཟབ་ཆོས་ལ་ཉམས་ལེན་གནང་བ་དེར་དགེ་བཤེས་སྐལ་བཟང་དཀའ་ངལ་འཕྲད་ཡོད། འདི་ཚོ་ཚང་མ་ཁྲི་བྱང་སྤྲུལ་སྐུས་དང་ཁོང་གི་བླ་བྲང་མི་སྣ་ཚོས་ཤིན་དུ་གསལ་པོ་མཁྱེན་གྱི་ཡོད།།
    གུ་རུ་ལ་དགྲ་བཞིན་སྡང་བ་དེ་ཚོ་ཡིན་པ་གསལ་བོ་རེད། དེས་ན་ངས་བཤད་པའོ།།

  12. ཁུ་བྱུག says:
    2015-04-05 at 2:55 pm

    ཡང་གསར་རྙིང་གི་ཁ་འཁྲུག་བརྒྱབས་ཐལ། འཁོར་བའི་གནས་ལུགས་ལ་བདེན་པ་མེད་པས། གཅིག་གིས་གཅིག་བཟའ་ཞིང་། རྩོད་པ། བརྡེག་པ་དང་བསད་པ་སོགས་ནི། འཁོར་བའི་ཞན་ཆ་ཡིན་ཕྱིར། སྤངས་ན་རེད། སྤྱིར་རྩོད་ཅན་གཉིས་ཀ་ཆོས་ལུགས་ཀྱི་གནད་ཤེས་ཁུལ་བྱས་ཀྱང་། ཁ་ཐོག་ལས་ལག་ལེན་དུ་ཞན་སྐྱོན་འདུག དེས་ཆོས་ལུགས་ཁ་ལ་འཁྱེར་ནས་མཚོན་ཆ་ལྟ་བུར་སྤྱད་དེ། འཐབ་ཅིང་རྩོད་པས་རང་གཞན་ཕུང་བར་བྱེད་པ་ནི། ཆོས་རྒྱུད་སོ་སོའི་དམ་པའི་བཞེད་དགོངས་མ་རེད་ཡ། དེང་ཆོས་རྒྱུད་དང་ལུང་ཚན་རྩོད་པའི་དུས་ཡོལ་ཟིན། འཇིག་རྟེན་པས་དཔལ་འབྱོར་ཐབས་འཚོལ་ལ་མགོ་འཁོར་ནས་ལྐུགས་པའི་ཞེན་ཁོག་རྩོད་མཚམས་ཆད་ཟིན་ཅིང་། ཤཱཀྱའི་དགེ་སྦྱོང་གཤའ་མས་འདི་ཕྱིའི་སྙིང་པོར་ལེན་པར་འབྲེལ་ཏེ། ཕལ་བ་གཏན་སྤངས་ཟིན་པའི་དུས་སུ་ང་དང་ཁྱོད་རྩོད་མཁན་ཕལ་ཆེ་བ་ལས་དང་དམིགས་ཡུལ་ཅིའང་མི་མངའ་བའི་ལྟོ་རྒྱབ་ངལ་མེད་རང་བབས་དག་ཡིན་ཞེས་དཔྱོད་ལྡན་དག་གི་བཞེད་དོ། །

  13. ཁུ་བྱུག says:
    2015-04-05 at 3:02 pm

    ལྟོ་རྒྱབ་ངལ་མེད་རང་བབས་ཞེས་པའི་དོན་ནི། ཁ་ཟས་དང་གྱོན་པ་སོགས་སོ་སོས་ངལ་བ་བསྟེན་མ་དགོས་པར་གཞན་གྱིས་དཀའ་བ་སྤྱད་ནས་བྱུང་བར་གོ

  14. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 12:43 am

    གུ་རུ་རིན་པོ་ཆེ་རང་གི་ཡིད་དམ་གཙོ་བོ་དེ་གང་ཡིན་ནམ། ལགས།

  15. སྤུ་གྲི་རེག་གཅོད། says:
    2015-04-06 at 1:51 am

    པདྨ་ལགས་ངས་ཤུགས་ལྡན་སྐོར་ལ་བཤད་ཡ་གང་ཡང་མེད། བཤད་དགོས་ན་རང་གི་དགེ་བཤེས་བསྐལ་བཟང་ལ་ཤོད།
    རྫོགས་ཆེན་ཐུབ་པའི་དབང་པོའི་བཀའ་མིན་པ་དགེ་ལུགས་པས་བཤད་བཞག་པ་ཞིག་མ་རེད། ཐེག་ཆེན་གསུང་སྐབས་
    སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་དང་། ཞུ་མཁན་གནས་བརྟན་ཀུན་དགའ་བོ། ཉན་མཁན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ད་དུང་དགེ་བསྙེན་ཕ་མས་གཙོས་པའི་བྲམ་ཟེ་དང་ཁྱིམ་བདག་དེ་འདྲའི་མང་པོ་ཞིག་ཡོད་འདུག་པ། སྟོན་པ་མྱ་ངན་ལས་འདས་མ་ཐག་སུ་ཞིག་གིས་དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེས་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས། ཁོ་ཚོས་ཐེག་ཆེན་གསུང་སའི་མི་རེ་གཉིས་ཤིག་ཅི་ལ་མི་རྙེད། དེས་ན་ཉན་ཐོས་སྡེ་པ་དག་གིས་ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་རེད། ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི་ཐུགས་ཁག་ཁྱོན་ནས་མི་འདུག་སྟེ། དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆོལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང་ན། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར། ཚ་བ་མདའ་སྨྱུག།

  16. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 2:15 am

    ་་་་་་་་་་ ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི་ཐུགས་ཁག་ཁྱོན་ནས་མི་འདུག་སྟེ། དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆོལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང་ན། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར། ཚ་བ་མདའ་སྨྱུག། ་་་་་་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 2:17 am

    ཤེར་སྙིང་ལས། ་་་་་་ དགེ་སློང་གི་དེག་འདུན་ཆེན་པོ་དང་། ་་་་་་་་ གསུངས་པ་ཙམ་ཡང་། མི་གོ་བ་ཚོས། ཆོས་མ་ཤོད་། ངོ་ཚ་རོག་རེད།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 4:43 am

    དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །
    དངོས་གྲུབ་ཀུན་བདག་བདེ་བ་ཆེ་ན་པོའི་ཞབས། །
    བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ། །
    གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །
    ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །
    བསམ་པ་ལྷན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

  19. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 5:28 am

    ་
    བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ། །
    རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད། །
    བོད་ཡུལ་དབུས་སུ་ཞལ་བྱོན་དྲེག་པ་བཏུལ། །
    ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད། །
    ་

  20. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 5:33 am

    ་
    སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །
    ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་གཟིགས། །
    ་
    ་

  21. ཀརྡོ་གཉེར་ཕྱག་པ་ says:
    2015-04-06 at 5:38 am

    ༸ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས། །
    ཕ་ནོར་བུ་ཡིས་ལོན་པ་ཐེ་ཚོམ་མེད། །
    ང་བཅུ་ང་དགུ་ལོར་ཤོར་བོད་རིགས་ཀྱི། །
    ཕ་ནོར་བུ་ལ་སྩོལད་ཅིག་༸གུ་རུ་༸རྗེ། །

  22. མིག་བརྒྱད་པ། says:
    2015-04-06 at 8:42 am

    “ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་ན། །མ་འགགས་ཐུགས་རྗེའི་འོད་སྣང་ཕ་མཐའ་ཡས། །གང་འདུལ་འགྲོ་ལ་སྤྱན་རས་རྟག་གཡོ་བའི། །ཡ་མཚན་སྤྲུལ་པའི་སྐུ་མཆོག་པདྨ་འབྱུང༌། །”ཞེས་བསྟོད་ཕྱག་ལྟར་ཙོང་ཁ་པའི་སྐུའི་སྐྱེ་བ་སྔ་མ་གུ་རུ་རིན་པོ་ཆེའི་གང་འདུལ་སྤྲུལ་བའི་མཚན་བརྒྱད་དུ་གྲགས་པ་དེ་འཇམ་དཔལ་མཚན་བརྗོད་དང་སྦྱར་ནས་འཆད་པ་འདི་སུའི་ལུགས་རེད་དམ། འཇམ་དཔལ་མཚན་བརྗོད་ནི་དུས་འཁོར་ལུགས་ལྟར་འགྲེལ་བ་རྒྱ་བོད་ཀྱི་མཁས་པ་རྣམས་རྩོད་མེད་ཡོངས་གྲགས་རེད།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-06 at 9:52 am

    གུ་རུ་མཚན་བརྒྱད་ཅེས་ཐོས་ཀྱང་། གཡེངས་ཆེ་བས། སེམས་ལ་ངེས་པ་རེ་རེ་ནས་མེད་པ་ཡིན། འདིར་གུ་རུ་མཚན་བརྒད་བཀོད་པ་དྲིན་ཆེ། ཁྱད་པར་དུ་གཏེར་སྟོན་ཨོ་རྒྱན་གླིང་པའི་ཚིགས་བཅད་རྣམས་ཕན་པ་ཆེའོ། གཤམ་གསལ་ཡི་གེ་ཀུན་ལ་ཞུས་དག་དགོས་པར་མཐོང་ནས་བྱས་སོ།
    ་

    མཚོ་སྐྱས། ཞེས་པ་མཚོ་སྐྱེས་ཞེས་སོ། རྡོ་རྗེ་ཡང་གྲགས་པ་དང༌། འདིའི་ཅི་ཡིན་ནམ། སྲིད་སྐྱོངས་བས། ཞེས་པ་སྲིད་སྐྱོང་བས། ཞེས་དང་། མུ་ཏོ་བའི་ཚུལ། ཞེས་པ་མུ་ལྟོ་བའི་ཚུལ། དཔེ་དག་པ་ལ་བརྟེན་ནས་བཅོས་སོ། ནོར་ཡོད་ན། སླར་ཡང་ཞུས་དག་མཛོད། ནོར་འཁྲུལ་ལ་མཐའ་མེད་པའོ།

  24. དྲི་མེད་ལྷག་བསམ། says:
    2015-04-06 at 10:33 am

    འཇམ་དཔལ་མཚན་བརྗོད་ནི་དུས་འཁོར་ལུགས་ལྟར་འགྲེལ་བར་ལེགས་སོ་ཞུ། །དེ་ལས་གཞན་དུའང་རུང་སྟེ་སྔགས་ཀྱི་སྤྱི་རྒྱུད་དུ་གྲགས་པ་དོན་ལ་གནས་པས་སོ། །མཚན་བརྗོད་ཀྱི་ཚིག་འགའ་ཞིག་གུ་རུའི་རྣམ་ཐར་དང་སྦྱོར་བ་སྔ་འགྱུར་རྙིང་མའི་ལུགས་སྟེ། གཞན་ཡང་བསྐྱེད་རིམ་ལྟར་འགྲེལ་བ། རྫོགས་རིམ་ལྟར་འགྲེལ་བ། རྫོགས་ཆེན་ལྟར་འགྲེལ་སྟངས་སོགས་བཞུགས་སོ། །

  25. མིག་བརྒྱད་པ། says:
    2015-04-06 at 10:42 am

    འོ་ལེགས་སོ། །མཁས་དབང་རྒན་ལ་དྭགས་པ་དང་དྲི་མེད་ལྷག་བསམ་གཉིས་ལ་བཀའ་དྲིན་ཆེ་ཞུ། “ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །”
    ཞེས་པ་འདི་ཡང་ཀརྨ་པའི་ཞྭ་ནག་ལུང་བསྟན་ཡིན་ཟེར་བ་ལྟར་འགྲེལ་ན་འགྲིག་གམ་ལགས།

  26. དྲི་མེད་ལྷག་བསམ། says:
    2015-04-06 at 11:59 am

    མིག་བརྒྱད་པ་ལེགས། ཨ་ལ་ལ་ཧོ། དེ་ཀ་རང་། ད་དུང་། ཀརྨཔ་མཐའ་ཡས་རྡོ་རྗེ་ལུང་བསྟན་ནི་་་་ལག་ན་རྡོ་རྗེ་མཐའ་ཡས་པ། །ཀརྨ་པ་ཨོ་རྒྱན་འཕྲིན་ལས་ལུང་བསྟན་་་་་སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །གཞན་ཡང་རང་རེ་དྲ་ཞབས་པ་རྣམས་ལུང་བསྟན་པ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམས་དུ་བྱིང་བ་ཡི། །ཚོར་བ་་་ཁྲོ་བ་ཆེན་པོ་དགྲ་ཆེ་པ། །དང་། དགའ་བ་ཆེན་པོ་མགུ་བ་ཆེ། ། པདྨ་དང་དཔལ་དགྱེས་ལ་་་་དཔལ་ལྡན་པདྨ་གར་གྱིས་བདག །མིག་བརྒྱད་པ་ལ་་་ སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །དང་། མིག་བརྒྱད་པ་སྟེ་རྡོ་རྗེའི་མིག །ཡི་གེ་མ་དག་པ་འགྱུར་གྱི་ཁྱད། རྒན་ལ་དྭགས་པར་་་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དང་། ཀ་རྡོ་གཉེར་ཕྱག་ལ་་་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །ཕྲན་དྲི་མེད་ལ་་་རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ལ་སོགས་ཀུན་ལ་ཅི་འདོད་ཀྱིས་སྦྱར་ཆོག་པ་ཤ་སྟག་གོ། རྩེད་མོ་ཡིན། ཉེས་ཚོགས་མ་ལུས་བཟོད་པར་གསོལ།

  27. ངག་དབང says:
    2015-04-06 at 10:00 pm

    མཚོ་པད་མའི་བྲག་ཕུག་ལ་བཞུགས་སྐབས་ མན་ཌི་རྒྱལ་བའི་སྲས་མོ་མན་ད་རྭ་བ་ལ་ཆོས་གསུངས་བ་དེ་ཡང་མ་ཉེས་ཁ་གཡོག་བྱས་ནས་ ཁོང་མེ་ལ་བསྲེགས་རབས་བཤད་གི ཡང་མན་ད་རྭ་བ་གསང་ཡུམ་ཡིན་རབས་བཤད་གི ང་ལ་གསོལ་བ་ཐོབ་ད་ཅིག་ཅིག་པ་པ་མིག་མིག་མ་མ་ཟེར་བ་འདྲ་མ་གཏོགས་ རིག་པའི་གཞུང་ལུགས་གི་ངོས་ནས་གོ་རྒྱུ་ཚོར་རྒྱུ་ཅང་མི་འདུག གསུངས་ཡང་ས་ནས་བཏོན་པ་རེད ཆུ་ནས་བཏོན་རེད་ བྲག་ནས་བཏོན་པ་རེད་ཟེར དེ་ལས་ཀློང་ཆེན་རབས་པའི་གསུངས་ལ་དྲོ་བ་འདུག

  28. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:40 am

    ༦ གསོན་བསྲེགས་ནོངས་མེད་ཆོས་སྟོན་པདྨའི་རྒྱལ་པོ་གྱུར། ། གསོན་སྲེག་འདི་དང་། མཎཌི་རྒྱལ་པོས་ད་ལྟའི་མཚོ་པདྨར་གསོན་བསྲེགས་གཉིས་གཅིག་ཡིན་ནམ། གཞན་ཅིག་རེད་དམ། ལགས།

  29. དྲི་མེད་ལྷག་བསམ། says:
    2015-04-07 at 4:14 am

    མཚོ་པདྨ་ཕལ་ཆེར་ཡིན་པ་འདྲ། བྲག་ཕུག་མ་ར་ཏི་ཀ་ཟེར་བ་ནཻ་པཱལ་ཡུལ་དུ་ཡོད་པ་དེར་ཡིད་ཆེས་ཆེར་མེད། རྣམ་ཐར་ལོ་རྒྱུས་ཁུངས་ལྡན་ཚོར་ཕལ་ཆེར་མི་མཐུན། །

  30. དྲི་མེད་ལྷག་བསམ། says:
    2015-04-07 at 10:13 am

    ས་ཆུ་བྲག་གསུམ་མ་ཡིན་པར་ད་དུང་ནམ་མཁའ་ནས་ཐོན་པའི་གཏེར་ཡང་ཡོད། རྗེའི་གསུང་གི་འབྱུང་ཁུངས་ལ་རྩོད་པ་མེད་པ་མ་རེད། མཐའ་མར་ཐག་ཆོད་པ་རེད། ད་ལྟ་སྒྲ་གཟུགས་གཉིས་ཀའི་གསར་འགྱུར་དར་བའི་སྐབས་ལའང་ཉིན་རེའི་བྱུང་བར་བཤད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པར་གཟིགས་དང་། སྔོན་ཆད་ས་གནམ་ལས་བྱུང་བ་རྩད་གཅོད་དཀའ་བའི་རྩོད་པའི་བྱུང་ཚུལ་དང་ཀུན་ནས་མཚུངས། ད་དུང་དགེ་ལྡན་སྤྲུལ་བའི་གླེགས་བམ་ཟེར་བའི་ལས་ལྡན་གྱི་སྐྱེས་བུར་མིག་འཕྲུལ་ལྟར་ཤར་བ་ཞིག་ཡོད། འདི་དང་རྙིང་མའི་གཏེར་ཆོས་ཆེས་མཚུངས་སོ། །

  31. BONPO says:
    2015-04-07 at 11:37 am

    མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུངས་རྩོམ། མདའ་དང་འཕང་སྟོད་ཆ་༡༦༥ལས། རྙིང་མ་བའི་ལུགས་ནི་ཧ་ལམ་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བོད་དུ་དར་བའི་གསང་སྔགས་ཀྱི་སྒྲུབ་ལུགས་ཤིག་ཡིན་པར་སེམས། ཞེས་པ་འདིར་དྲྭ་གྲོགས་ཚོ་ལ་དགོངས་ཚུལ་གང་ཡོད་དམ། །

  32. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 12:34 pm

    མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཁོང་བོན་པོ་ཡིན་ཙང་། ནང་ཆོས་ལ། ཡིད་མ་ཆེས་མེད་ན་ཡང་། རྗེ་འབངས་ཉེར་ལྔའི་རྣམ་ཐར་དག ཚར་གཅིག་རང་ཉིད་མ་འཆི་གོང་ལ་ཀློག་ཐུབ་དེར་ཁོ་རང་ལ། ལན་ཅིག་རྙེད་སྲིད་པ་རེད།

  33. སྤུ་གྲི་རེག་གཅོད། says:
    2015-04-07 at 3:53 pm

    པདྨ་ས་བྷ་བ་ད་ཁྱེད་ཚོའི་ངོ་མ་བཤད་ན་ཕ་མ་ཡོད་རེད་ལབ་ཀྱི་ཡོད། ཡང་ན་མེད་རེད་ལབ་ཀྱི་ཡོད། ཡོད་ན་ཕ་མ་སུ་རེད།
    ཕ་མ་མེད་པར་ཁས་བླང་ན་པདྨ་འབྱུང་མངལ་སྐྱེས་སུ་འདོད་མཁན་གྱི་རྙིང་མའི་མཁས་དབང་དག་གི་གསུང་རྫུན་དུ་
    ཁས་ལན་དགོས་པའི་ཕྱིར། གཞན་གྲ་པ་ལོག་ནས་སྔགས་པ་བྱེད་ཆོག་པའི་གནང་བ་ཤཀྱ་སྟོན་པས་གསུང་ཡོད་དམ།
    ཡོད་ན་གྲ་ལོག་ཚང་མ་སྔགས་པ་ཡིན་པའི་ཕྱིར། དེ་ཁས་མ་བླང་ན་པདྨ་འབྱུང་སྐྱབས་ཡུལ་འཛིན་མཁན་དག་ལོག་ཤེས་
    ཡིན་པས་སོ། ཕྱིན་ཆད་དགེ་ལུགས་དགེ་ལུགས་མ་ལབ་ན་བཟང། དེ་མིན་གྲ་ལོག་འཁོར་དུ་ནག་མོ་མང་པོའི་སྐོར་བ་
    དེའི་སྐོར་ལབ་དགོས་ཁེལ་ཡོང་།

  34. BONPO says:
    2015-04-07 at 11:11 pm

    གཅོད་གཏོང་ན་འདི་འདྲ་བྱས་ནས་ཐོགས་པ་མེད་པར་ཐོངས། གསང་སྔགས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་ཡོད། https://www.youtube.com/watch?v=Z3MMn7wM3aY

  35. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 12:56 am

    མི་ལ་མངལ་སྐྱེས། སྒོང་སྐྱེས། དྲོད་སྐྱེས་དང་རྫུས་སྐྱེས་བཞི་ག་ཡོད་པ་དེ། སྤུ་གྲིས་མི་ཤེས་པ་འདྲ། ཧཧཧ། ཀུ་རེ་དང་བཅས།

  36. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 12:58 am

    སློབ་དཔོན་རྫུས་སྐྱེས་ཡིན་ཙང་། སྔགས་པ་གཞན་ལས། ལྷག་པའི་ལྷ་ཀླུ་གདམས་བཞག་གི་ནུས་པ་ཆེ་བ་དེ་ཡི་སྐུ་དྲིན་མིན་ནམ་སྙམ་མོ།།

  37. དྲི་མེད་ལྷག་བསམ། says:
    2015-04-08 at 11:03 am

    སྤུ་གྲི་ལེགས། ༡༽ལོ་གཅིག་སྟོང་སྔོན་གྱི་ལོ་རྒྱུས་ཐག་གཅོད་ཐུབ་མཁན་སུ་ཡང་མེད། ལུང་དང་གཏན་ཚིག་ཡོད་མེད་ཀྱི་ཁྱད་པར་ཙམ་མོ། །གུ་རུ་འགྲོ་རེའི་སྣང་ངོར་སྤྲུལ་བ་རེ་ཡོད་པས་ཕ་མ་ཡོད་མེད་ཅི་འདྲ་གླེང་ཡང་མི་ཆོག་རྒྱུ་མེད། ད་ལྟ་ཡང་རྩ་བའི་ཕ་མ། གསོ་མཁན་གྱི་ཕ་མ། དངུལ་སྤྲོད་མཁན་གྱི་སྦྱིན་བདག་པ་མ་སོགས་ཀྱང་མཐོང་ཆོས་སོ། །༢༽སྡོམ་པ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་པའི་ལུགས་ཙམ་ལས་གཞན་ཕལ་མོ་ཆེར་བསླབ་པ་ཅི་ཙམ་ཕུལ་ཡང་ཚད་བཟུང་མེད། གནས་བརྟན་པའི་དགེ་སློང་བུ་ཕྲུག་ཅན་མང་པོ་ད་ལྟ་ཡང་ཡོད། བསླབ་པ་ཕུལ་ཟིན་པའི་སྐབས་དེར་སྐྱེས་མ་བུ་ཕྲུག་ཡོད་ཆོག གཞན་དུ་སྡོམ་གསུམ་ངོ་བོ་གནས་འགྱུར། ཡོད་ཏན་ཡར་ལྡན་སོགས་སྡོམ་གསུམ་གང་ཟག་གཅིག་ཡོད་་ཆོག་པའི་ལུང་མཁའ་ཡས། སྒྲུབ་བྱེད་གྲངས་མང་ཡང་འདུལ་བ་དང་གསང་སྔགས་སོགས་སྡོམ་པ་དང་འབྲེལ་བའི་རིགས་གང་བྱུང་དུ་སྨྲ་བར་མི་འོས་སོ། །

  38. དྲི་མེད་ལྷག་བསམ། says:
    2015-04-08 at 11:11 am

    བོན་པོ་ལེགས། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་བཤད་པའི་སྒྲུབ་བྱེད་བདེ་སྦྱིན་བཟང་མོའི་རྐུབ་ནས་ཟད་ཚར། ཡང་ན་ཨ་ཅག་ལྷ་མོའི་ཕྱག་ནས་རྫོགས་ཟིན། རྩེད་མོ་ཡིན། སྤྱིར་ཕྲན་ཁོ་ལ་གུས་པ་ཡོད། གནད་དོན་དེའི་སྐོར་ཡིད་དཔྱོད་ཙམ་ལས་སྒྲུབ་བྱེད་ཆེར་མེད་པ་ཉིད་ཀྱིས་གཟིགས་པ་ལྟར་ལེགས། དུས་རབས་བརྒྱད་པ་ནས་རྒྱ་གར་དང་རྒྱ་ནག བལ་ཡུལ། ཀསྨིར་སོགས་ནས་བོད་དུ་ནང་སྐབས་དེའི་རྒྱ་ཡིག་གི་ལོ་རྒྱུས་དང་། ཧྭ་ཤང་མང་པོའི་རྣམ་ཐར་དུ་འཁོད་པ་དང་། རྡོ་རིང་། དྲིལ་བུའི་ཁ་བྱང་། ཏུན་ཧོང་ཡིག་ཆ་སོགས་ཉི་ཤར་སྤར་མོས་འགོགས་ཐུབ་པ་མེད་པས་སོ། །

  39. དྲི་མེད་ལྷག་བསམ། says:
    2015-04-08 at 9:19 pm

    གླང་དར་གྱིས་བསྣུབས་པ་དེ་སྔ་འགྱུར་ཡིན། ཁྱབ་ཁོངས་དབུས་གཙང་ཡིན། མདོ་ཁམས་སུ་བསྟན་པ་དར་ཞིང་རྒྱས་པའི་སྐབས་པའི་ཡིན། རིགས་ཕྱེས་ན་རབ་བྱུང་སྡེ་མེད་པ་བཟོས་བ་རེད། ཁྱིམ་སྔགས་པའི་སྡེ་གཏོར་བའི་ལོ་རྒྱུས་མེད། དེས་ན་མདོ་ཕྱོགས་ཀྱི་འཆད་ཉན་ཉམ་དམས་པར་བྱས་པ་ལས་གསང་སྔགས་སྔ་མ་སོ་ན་གནས་པར་མངོན། །

  40. BONPO says:
    2015-04-08 at 10:14 pm

    དྲི་མེད་ལྷག་བསམ་ལགས། བཀའ་དྲིན་ཆེ། །
    སྤྱིར་སྟངས་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་གླང་དར་མས་གསང་སྔགས་ཀྱི་བསྟན་པ་བསྣུབས་མི་འདུག་གསུངས་འདུག ད་དུང་དེ་ལྟར་ཡིན་པ་ཏུན་ཧོང་གི་ཡིག་རྙིང་ནས་རྒྱབ་བརྟན་ལུང་འདྲེན་ཡང་གནང་འདུག ཁོང་གི་མདའ་དང་འཕང་སྟོད་ཆ་༡༦༥ལས། རྙིང་མ་བའི་ལུགས་ནི་ཧ་ལམ་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བོད་དུ་དར་བའི་གསང་སྔགས་ཀྱི་སྒྲུབ་ལུགས་ཤིག་ཡིན་པར་སེམས། ཅེས་པའི་གསུངས་སྟངས་འདི་ལ་བལྟས་ན། ཕལ་ཆེར་ཁོང་ལ་གླང་དར་མ་མ་བཀྲོངས་བའི་སྔོན་གྱི་གསང་སྔགས་དང་། གླང་དར་མ་བཀྲོངས་བའི་རྗེས་ཀྱི་གསང་སྔགས་གཉིས་ལ་ཁྱད་པར་ཞིག་འཇོག་རྒྱུ་ཡོད་དམ་སྙམ། ཡང་ན་གླང་དར་མ་མ་བཀྲོངས་བའི་སྔོན་གྱི་གསང་སྔགས་ཀྱི་སྒྲུབ་ལུགས་དང་གླང་དར་མ་བཀྲོངས་བའི་རྗེས་ཀྱི་གསང་སྔགས་ཀྱི་སྒྲུབ་ལུགས་གཉིས་ལ་ཁྱད་པར་ཞིག་འཇོག་རྒྱུ་ཡོད་དམ་སྙམ། ཁྱད་པར་འདི་རྣམས་འཇོག་རྒྱུ་ཡོད་ན་ཤེས་འདོད་ཤིན་ཏུ་ཆེ། དེང་སང་ཁོང་དགུང་ལོ་ཆེ་ཙམ་ཡིན་ས་རེད། དྲི་བ་འདྲ་ཕུལ་བ་ཡིན་ནའང་ལན་གནང་གི་ཡོད་མེད་ནི་མི་ཤེས་སོ། །

  41. ཀརྡོ་གཉེར་ཕྱག་པ་ says:
    2015-04-09 at 12:12 am

    གླང་དར་གྱིས། གསང་སྔགས་བསྣུབས་ཡོད་པར་ངེས་ཏེ། རབ་འབྱུང་རྟེན་ཅན་གྱི་རྣལ་འབྱོར་བ་དག་གི་ལུས་ལོངས་སྤྱོད་ཚེ་སྲོག་སོགས་ལ་གནོད་པའི་ཕྱིར། དཔེར་ན་མའོ་ཙེ་ཏུང་བཞིན་ནོ།།

  42. BONPO says:
    2015-04-09 at 12:40 am

    སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་བསྟན་པ་ཡོད་མེད་སོ་ཐར་གྱི་སྡོམ་རྒྱུན་ལ་ཐུག་ཅེས་ཟེར། རྒྱུ་མཚན་དེས་ཕྱིས་སུ་ལོ་རྒྱུས་མཁན་གྱིས་”བསྟན་པ་བསྣུབས་”ཞེས་ཟེར་བར་སྙམ།འོན་ཀྱང་རྒྱལ་བོ་ཁྲི་དར་མའི་རིང་ལ་སྔགས་ཀྱི་ཐེག་པ་ཆེས་ཆེར་དར་བ་དང་།གསང་སྔགས་རྡོ་རྗེ་ཐེག་པ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་ཉིང་ཁུ་ཡིན་ཞེས་པའི་ཟེར་ལུགས་ལ་བལྟས་ན།རྒྱལ་པོ་ཁྲི་དར་མས་གཙུག་ལག་ཁང་རྣམས་སུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་པ་མང་པོ་འཚོ་རྟེན་གཞན་ལ་བཅོལ་ནས་བཞུགས་པ་བཀག་པ་ལས་ སངས་རྒྱས་ཆོས་ལུགས་རང་རྩ་མེད་བཟོས་མེད་པ་ནི་གནའ་རབས་ཀྱི་ཡིག་རྙིང་གིས་ར་སྤྲོད་བྱེད་ཐུབ་པ་འདི་ལྟར་ཡིན།

    “ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ༎
    གངས་རི་མཐོ་ཚང(གཙང)ཀུན་གྱི་གཉའ༎”
    ཆུ་བོ་ཀླུང་ཡས་ཀུན་གྱི་མགོ།
    ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན༎
    རྒྱལ་བོ་ཙ་ཞེས་བྱ་བ་དེ༎
    ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ(རྒྱུད)༎
    ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས༎
    དམ་ཆོས་སློབ་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ༎
    མུན་ནག་དཀྱིལ་དུ་སྒྲོན་བཏེག་བཞིན༎
    རྒྱལ་ཁམས་ཕྱོགས་ཀྱང་སྤྱོད་པར་གནང་༎
    བྱང་ཆུབ་མཆོག་གི་ལམ་ལ་བཀོད༎
    ལྷ་སྲས་ལྷའི་དྲིན་རེ་ཆེ༎
    བཀའ་ལུང་གཞུང་དང་འཐུད(མཐུན)པའི་ཚེ༎
    ཕྱི་ནང་གཉིས་ཀྱི་སློབ་དཔོན་དང་༎
    ལས་ཀྱི་རྡོ་རྗེ་མཁས་པ་གསུམ༎
    མ་འདྲེས་སྤྱོད་ལམ་འདི་ལྟ་བུ༎
    མཁས་བཙུན་སྤྱོད་ལ་འཁྲུག་པ་མེད༎
    བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད༎
    ལྷ་སྲས་དར་མ་མན་ཅད་(ཆད་)དང་།
    འོད་སུས་(སྲུང་)དབོན་སྲས་མན(ཡན་)ཆད་དུ༎
    སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས་)པས༎
    མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད༎”

    གནའ་རབས་ཀྱི་ལོ་རྒྱུས་འདི་དུས་རབས་དགུ་པའི་ཕྱེད་གཉིས་པའི་ནང་བྲིས་པར་ངེས། འདི་ཏུན་ཧོང་ཡིག་རྙིང་གི་གྲས་ནས་སྤྱི་ལོ1976ལོར་བདག་གིས་རྙེད།དེ་སྔོན་མཁས་པ་སུ་གང་གིས་གཟིགསམི་འདུག་པས་བོད་ཀྱི་ལོ་རྒྱུས་མཁན་ཚོ་ལ་ལེགས་སྐྱེས་སུ་འབུལ། དེར་བརྟེན་ལོ་རྒྱུས་འདི་དུས་སྐབས་དེ་རང་དུ་བྲིས་པས་ད་བར་ཆིག་སྟོང་ཉིས་བརྒྱ་ལོན་པ་དང་དེ་ནི་ཕྱིས་སུ་བྱུང་བའི་ལོ་རྒྱུས་མཁན་གྱིས་ཕྱོགས་ཞེན་གྱིས་མ་བསླད་པའི་ཡིག་ཆ་ཁུངས་ལྡན་ཞིག་ཡིན།འདིའི་ནང་རྒྱལ་པོ་ཙ་ཞེས་པ་ནི་རྡོ་རྗེ་ཐེག་པའི་འབྱུང་ཁུངས་བཤད་པའི་སྐབས་སུ་རི་བོ་དཔལ་ཞེས་བྱ་བའི་རྩེ་མོར་མགོན་པོ་ཕྱག་ན་རྡོ་རྗེ་ལས་གསང་སྔགས་རྒྱུད་བཅོ་བརྒྱད་ཞུས་པའི་རྒྱལ་པོ་དེ་དང་ཆ་འདྲ་བར་འདུག དེའི་སྐོར་ཞིབ་བཤད་གཞན་དུ་བྱས་ཡོད་པས་དེར་གཟིགས། དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་སྣུབ་པའི་ལོ་རྒྱུས་མི་འདུག་གོ །

    གོང་གི་རྩོམ་ཡིག་འདི། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱི་ལྗགས་རྩོམ་གཡེར་གྲགས་ཅན། བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས། ཅེས་པ་ནས་དྲྭ་གྲོགས་ཚོར་དཔྱད་གཞིར་ཕན་ནམ་སྙམ་ནས་གུས་པས་འདིར་དྲངས་བ་ཡིན། །

  43. ཀརྡོ་གཉེར་ཕྱག་པ་ says:
    2015-04-09 at 1:21 am

    ལྷ་སྲས་དར་མ་མན་ཅད་(ཆད་)དང་།
    འོད་སུས་(སྲུང་)དབོན་སྲས་མན(ཡན་)ཆད་དུ༎
    སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས་)པས༎
    མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད༎”
    འདི་བྲིས་པ་ཙམ་གྱིས་ཧང་མི་སངས། འབྲི་དུས་དང་འབྲི་མཁན་ལ་རག་མང་པོ་ལུས་ཡོད་པ་ཆོས་ཉིད་རེད། ས ྤིར་དང་པོ་དར་མས་ཀྱང་དགོན་པ་བཞེངས་པ་སོགས་ཡོངས་གྲགས་རེད། དེས་ཅང་མི་ཕན། མའོ་བཞིན་ནོ།།

  44. ཀརྡོ་གཉེར་ཕྱག་པ་ says:
    2015-04-09 at 1:25 am

    སྔར་དུས་སུ། ལྷ་སྲས་ཀྱི་ལྷ་ནི། རྗེའམ་རྒྱལ་པོ་དང་། རྒྱལ་སྲས་ཙམ་མི་ཡག་པོ་ཡོད་པའོ་གོ་དོན་མེད། མཁར་དམེ་བོདན་ཞེན་ཁོག་ཆེ་དྲག་པས། དར་པོ་མི་ཡག་པོ་བསྒྲུབས་པ་ལ་ཕན་པ་ལས། བོད་དང་བོད་མིར་མི་ཕན། དཔེར་ན། ང་ཕོད་ཀྱིས། མའོར་བསྟོད་པ་བཞིན་ནོ།།

  45. ཀརྡོ་གཉེར་ཕྱག་པ་ says:
    2015-04-09 at 1:58 am

    ང་གྲི་གུམ་དང་། དར་མ་དང་། ང་ཕོད་གསུམ་ལ་མི་དགའ་བས་འདིར་བྲིས་པ་ཡིན་གྱི། བོན་པོ་དང་བོན་ཆོས་ལ་མི་དགའ་ནས་མིན་ནོ།།

  46. དྲི་མེད་ལྷག་བསམ། says:
    2015-04-09 at 5:40 am

    བོན་པོ་ལེགས། སོ་ཐར་གྱི་སྡོམ་རྒྱུན་དཔྱད་པའི་ཡུལ་དུ་གྱུར། བླ་ཆེན་སྡོམ་རྒྱུན་ལ་སྔར་དོགས་པ་མེད་མོད། དེང་དུས་བཤད་སྲོལ་སྣ་ཚོགས་སུ་གྱུར་བས་རེ་ཞིག་ཟུར་དུ་འཇོག གང་ལྟར་ཡང་སྐབས་དེར་མདོཁམས་སྨད་ན་བསྟན་པ་ཡོད་པ་གཞིར་བཞག་རེད། ཚོགས་བདག་ཁམས་ལུགས་མའི་ལོ་རྒྱུས་དང་། མདོ་དབང་ཁམས་ལུགས་ཀྱི་རྣམ་ཐར་ལ་བལྟས་པས་ཤེས། །རབ་བྱུང་གི་སྡེ་མེད་པ་ཡངཤེས་དཀའ། སྐབས་དེའི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། ལུང་ཚན་དཔོན་ཁག་མང་པོས་བཟུང་བས་འགྲོ་འདོད་ཀྱང་སླེབས་མིན་མ་ཤེས། དབུས་ན་རབ་བྱུང་གི་སྡེ་མེད་པ་ཡོངས་གྲགས་རེད། མངའ་རི་ཁུལ་བཤད་མ་ཤེས། ལ་དྭགས་དང་གློ་བོ་ས་ཁུལ་ལ་བསྟན་པ་གནས་སྙམ་པ་འདུག་སྟེ་བདེན་དཔང་སྟོན་མ་ཐུབ། །

  47. དྲི་མེད་ལྷག་བསམ། says:
    2015-04-10 at 9:27 pm

    མཆན། 14་པ། ཀ་རྡོ་ལེགས། གུ་རུའི་ཡི་དམ་རྒྱ་ཆེ་བའི་ནང་གི་གཙོ་བོ་རྡོ་རྗེ་སེམས་དཔའི་རིགས་དང་། པདྨ་གསུང་གི་རིགས་རེད། དེའི་ནང་ནས་ཡང་དག་སྟེ་བདེ་མཆོག་དང་། ཕུར་བ་སྟེ་ཕྱག་ན་རྡོ་རྗེ་རེད། གསུང་གི་རིགས་ལས་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས། ཕུར་བ་ལས་བདུད་བཞིའི་གཡུལ་ལས་རྒྱལ་དེ་སྤང་བ་ཕུན་ཚོགས། ཡང་དག་ལས་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཀྱི་གོ་འཕང་བརྙེས་ཏེ་རྟོགས་པ་ཕུན་ཚོགས་ཀྱི་མཛད་པ་བསྟན་པ་ཡིན་ནོ། །

  48. ཀརྡོ་གཉེར་ཕྱག་པ་ says:
    2015-04-10 at 11:38 pm

    # 47 དྲི་མེད་ལྷག་བསམ་གྱི་གསུང་ལ་བཀའ་དྲིན་ཆེ། ང་ལ་ད་དུང་དྭོགས་པ་མ་ཆོད་པ་མང་དག་ཅིག་འདུག

  49. ཀརྡོ་གཉེར་ཕྱག་པ་ says:
    2015-04-11 at 12:21 am

    ད་ནས་རྗེ་འབངས་ཉེར་ལྔའི་སྐོར་ལ་ཅུང་ཟད་གླེང་ན་ཁ་གསལ་དུ་འགྲོ་སྲིད་སྙམ་ལགས།

  50. བསོད་རྒྱལ། says:
    2017-01-19 at 2:44 am

    བྲག་ཕུག་མ་རུ་ཏི་ཀའི་ལོ་རྒྱུད་མདོར་བསྡུས་ཤིང་གནང་རོགས

  51. ཀརྡོ་རབ་འབྱམས་པ་ says:
    2017-01-19 at 12:10 pm

    ་་་་་་་་་་ དེ་དག་ཀྱང་རྣམ་ཐར་གྱི་གོ་རིམ་ལྟར་ན། པདྨ་འབྱུང་གནས། ཤཱཀྱ་སེང་གེ །བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། པདྨ་སཾ་བྷ་ཝ། པདྨ་རྒྱལ་པོ། སེང་གེ་སྒྲ་སྒྲོགས། རྡོ་རྗེ་གྲོ་ལོད་བཅས་ཡིན་ནོ། །ཞེས་པ་འདིའང་མངྒ་ལས་སོ།། ་་་་་་་་་

  52. ཀརྡོ་རབ་འབྱམས་པ་ says:
    2017-01-19 at 3:08 pm

    https://www.facebook.com/rangjung.foundation/videos/734365410066363/?hc_ref=NEWSFEED

  53. ཀརྡོ་རབ་འབྱམས་པ་ says:
    2017-04-21 at 2:59 am

    ་་་་་་་་་་ གོང་དུ་སྨྲོས་ཟིན་ལྟར་ཐོག་མར་སློབ་དཔོན་རིན་པོ་ཆེ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་བཅས་གུ་རུ་ཡབ་ཡུམ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་། སློབ་དཔོན་ཆེན་པོས་བདུད་འདུལ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཏེ་མོན་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་འོག་ཏུ་བཅུག རྩ་བའི་གནས་དང་ཉེ་བའི་གནས་རྣམས་སུ་གཏེར་ཁ་དཔག་ཏུ་མེད་པ་སྦས། མ་འོངས་པར་གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་པའི་རྡོ་རྗེའི་གནས་ཆེན་དུ་བྱིན་གྱིས་བརླབས་པ་ནས་བཟུང་། ་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme