Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།

Posted on 2015-03-102015-03-10 By ཁ་བརྡ་ 3 Comments on གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།

 

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱིས་བཙན་གནོན་བྱས་པར་བོད་མི་མང་གིས་རང་དབང་སྒེར་ལངས་ཆེན་མོའི་ཞི་རྒོལ་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་དང༌། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཡང་ཡིན་པ་ལྟར། ཁོ་བོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་བཟང་ལ་རྗེས་དྲན་དང༌། ད་ལྟའང་རྒྱ་དམར་གྱི་དྲག་གནོན་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཤུགས་དྲག་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་མ་ཐག་ནས་བོད་གངས་ཅན་ཞིང་གི་སྣོད་བཅུད་ཡོངས་རྫོགས་ཟ་སེམས་བཅངས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་དྲག་པོའི་དཔུང་འཇུག་རིམ་བྱས་ཀྱིས་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པ་མ་ཟད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལའང་འགལ་རྐྱེན་བརྩམ་ལ་ཉེ་བའི་སྐབས་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་གཅེས་བོད་མི་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་གཞུང་དང་། རྒྱ་ཡི་དབང་འཛིན་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་བ་དེ་ནི་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུ་ཆགས་ཡོད། རྒྱ་དམར་གཞུང་གིས་བོད་དུ་དབང་བསྒྱུར་བྱས་རིང་བོད་ཀྱི་ལོ་རྒྱུས་བདག་དབང་ལ་འཁྱོག་བཤད་དང་། ཐུན་མིན་རིག་གཞུང་ལ་བསྲེ་སླད། ཆོས་དད་ཀྱི་རང་དབང་བཙན་འཕྲོག སྣོད་བཅུད་ཁོར་ཡུག་ལ་གཏོར་བཅོམ། འགྲོ་བ་མི་ཡི་ཐོབ་ཐང་ལ་རྡོག་རོལ། སྨྲ་བརྗོད་རང་དབང་ལ་བཀག་སྡོམ། དཔལ་འབྱོར་ཡར་རྒྱས་ལ་ཁག་དཀྲི། མི་སེར་སྤེལ་བའི་ངན་བྱུས། བོད་རིགས་གཅིག་གྱུར་ལ་ཁག་བགོས། བོད་མིའི་མངོན་འདོད་ལ་ཁྱད་གསོད་བྱས་པ་སོགས་ལས། དོན་དམ་བོད་ཀྱི་དགོས་མཁོ་དང་བསྟུན་པའི་སྲིད་བྱུས་ཡང་དག་པ་ཞིག་ད་བར་ལག་ལེན་དུ་མ་བསྟར་བར་མ་ཟད། དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁོ་ན་བཟུང་བར་བརྟེན། བོད་ཀྱི་མི་རབས་གསར་རྙིང་བརྗེས་མིན་ལ་མ་ལྟོས་པར་རྒྱ་གཞུང་ལ་ཞི་རྒོལ་གནང་བའི་རིམ་པ་ད་བར་མཚམས་ཆད་མྱོང་མེད་ཅིང། ད་དུང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་མཚམས་ཆད་མི་སྲིད་པའི་གལ་གནད་འདི་ཡང་རྒྱ་ནག་གི་དབང་འཛིན་པ་ཚོས་ཤེས་དགོས་པ་ཞིག་ཆགས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གངས་ཅན་པའི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱའི་གནད་དོན་མཐུན་འགྲིག་ཡོང་ཆེད་བོད་གཞིས་བྱེས་གཉིས་སུ་ཐུགས་ཁུར་རིམ་བཞེས་མཛད་ཅིང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་རྒྱལ་སྤྱིའི་མཚན་སྙན་ཆེ་བའི་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་བཞེས་གནང་མཛད་དེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་མཛད་འཕྲིན་བླ་ན་མེད་པ་བསྐྱངས་ཡོད་ནའང་། རྒྱ་ནག་གཞུང་གི་འགོ་ཁྲིད་རིམ་པས་ཁ་ཞེ་མི་མཚུངས་པའི་བྱེད་ཕྱོགས་འབའ་ཞིག་སྟེ་མཐའ་ན་རྒྱ་གཞུང་རང་ཉིད་ཀྱི་འདོད་དོན་ལྟར་མེ་མདའི་སོ་ཁ་ནས་བཞག་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཚུན་ཆད་བརྡལ་བཤིག་བཏང་བ་དང་། རིག་གནས་གསར་བརྗེ་ཆེན་པོའི་ངན་ཁག་ཡོངས་རྫོགས་མི་བཞི་ཤོག་ཁག་ལ་བཀལ་རྗེས་བསྒྱུར་བཅོས་སྒོ་དབྱེ་དང་། སྲིད་བྱུས་ལྷུག་གཏོང་སོགས་ཀྱི་མིང་འདོགས་སྣ་ཚོགས་བྱས་ཡོད་ནའང་། དོན་དངོས་བོད་དོན་ལ་སྨན་པའི་སྲིད་བྱུས་ཡང་དག་ཅིག་ད་བར་བཟུང་མེད་པར་བརྟེན་ ༡༩༨༧ ལོར་བོད་ཀྱི་མི་རབས་གཉིས་པ་དང་། ༢༠༠༨ ལོར་བོད་ཀྱི་མི་རབས་གསུམ་པ་སོགས་རྒྱ་གཞུང་གིས་དར་དམར་འོག་ཏུ་འཚར་ལོངས་བྱུང་བ་ཡིན་ཟེར་བའི་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་སྣེ་ཁྲིད་དེ། སླར་ཡང་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་རྒྱ་ནག་དམར་གཞུང་ལ་གཞི་རྒྱ་ཆེ་བའི་ཞི་རྒོལ་རིམ་བསྟུད་བྱ་དགོས་ཐུག་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ ཟླ་ ༣ ཚེས་ ༥ བར་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བ་བོད་མི་ ༡༣༦ གིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༡༧ ཆགས་ཡོད་པ་སོགས་སྔར་ཞི་བདེ་ལྷིང་འཇགས་སུ་གནས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁམས་དེ་ཡང་དེང་སྐབས་ཁྲག་དྲི་བྲོ་བའི་དམར་གསོད་ཀྱི་བཤས་ར་ལྟ་བུར་འགྱུར་དགོས་པའི་རྐྱེན་རྩ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་དང་། རྒྱ་གཞུང་གི་དཔོན་རིགས་ཚོས་བྱེད་ཕྱོགས་ལ་ཐུག་ཡོད། རྒྱ་དམར་གྱི་དྲག་གནོན་སྲིད་བྱུས་དེའི་འོག་བོད་མི་འབུམ་ ༡༢ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ད་དུང་སྡུག་སྦྱོང་བཙོན་འཇུག་གི་དྲག་གནོན་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མིའི་གྲངས་ཚད་ནི་སུས་ཀྱང་ཚོད་འཛིན་མི་ཐུབ་པའི་གནས་སུ་ལྷུང་ཡོད།

རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་སྡེ་ཚན་མ་འདྲ་བ་མང་པོ་དང་། དབུ་ཁྲིད་རིམ་པ་བཅས་ཀྱིས་ ༡༩༥༩ ནས་བཟུང་ད་བར་བོད་ཀྱི་བདེན་དོན་སྐོར་ལ་བགྲོ་གླེང་དང་། གྲོས་ཆོད་རིམ་འཇོག དཔལ་འབྱོར་གྱི་མཐུན་རྐྱེན་སོགས་བསྐྲུན་གནང་མཛད་ཡོད་པ་རྣམས་ནི་བོད་དོན་རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་པའི་དཔུང་གཉེན་དང་། བདེན་དོན་ལ་རྒྱབ་སྐྱོར་གནང་བའི་བཀའ་དྲིན་དཔག་ཏུ་མེད་པ་ཞིག་ཡིན་ནའང་། དོན་དངོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་འགན་ཆེ་ཤོས་དེ་བོད་པ་རང་ཉིད་ཀྱིས་ཁུར་དགོས་པ་ལྟར་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་། ཆོད་སེམས་ལ་གསལ་འདེབས་ཞུ་དགོས་མ་མཆིས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་ཕལ་ཆེར་སོགས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་མཁན་མང་པོ་ཞིག་བཙན་བྱོལ་དུ་ཞབས་སོར་འཁོད་ཐུབ་པ་བྱུང་སྟེ། རྒྱ་གར་གཙོས་པའི་རང་དབང་ཡུལ་ལུང་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ངོ་བོ་འཛིན་སྐྱོང་སྤེལ་གསུམ་ཆེད། མང་གཙོའི་ཀ་བ་གསུམ་ལྡན་གྱི་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་འདུ་སྡོད་གཞིས་ཆགས་སྲ་བརྟན། བཤད་སྒྲུབ་བསྟན་པའི་གནས་གཞི་དར་རྒྱས། བོད་དོན་བདེན་པའི་གནས་ཚུལ་དྲིལ་བསྒྲགས། གཞོན་སྐྱེས་ཡོངས་ལ་གནའ་དེང་གི་ཤེས་ཡོན་སློབ་སྦྱོང་སྤྲད་དེ་སྲིད་དོན་གྱི་སྐྱབས་བཅོལ་བ་གཞན་དང་མ་འདྲ་བར་ཆོས་སྲིད་གང་ཐད་ནས་གྲུབ་འབྲས་གང་ལེགས་ཐོན་ཡོད་ཀྱང་། མི་རབས་གོང་མ་རྣམས་ཀྱི་མཛད་རྗེས་དང་དམིགས་ཡུལ་དེ་དག་མི་རབས་གསར་པ་ཚོས་རྒྱུན་འཛིན་ཐུབ་པ་བྱ་དགོས་པས་ཕྱོགས་ཡོངས་ནས་འགན་ཁུར་ཆེ་བཞེས་ཀྱིས་འཐུས་ཤོར་དུ་མ་སོང་བ་དགོས་པ་མ་ཟད། ལྷག་པར་དུ་མི་རིགས་ཀྱི་སྲོག་རྩ་གལ་ཆེ་ཤོས་ནི་མི་རིགས་དེའི་སྐད་ཡིག་ཡིན་པས་རང་རེ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་རིགས་གཞོན་སྐྱེས་སྤྱི་དང་། བྱེ་བྲག་ཏུ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་འབད་འབུངས་ཆེར་བསྐྱེད་མ་གནང་ཚེ་ཉིན་ཞིག་བོད་སྐད་མི་ཤེས་པའི་བོད་པ་ཞིག་ཏུ་འགྱུར་ཉེན་ཆེན་པོ་འདུག་པས། གཞིས་བཞུགས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་གཞུང་གི་དྲག་གནོན་འོག་སྐད་ཡིག་སྲུང་སྐྱོབ་ཆེད་འབད་བརྩོན་ཇི་གནང་ལ་མིག་དཔེ་བལྟས་ཏེ། རང་གིས་རང་ལ་ངོ་གནོང་མི་དགོས་པའི་བོད་པ་ཞིག་ཆགས་ཐུབ་པར་བརྩོན་ལེན་བྱ་དགོས་རྒྱུ་གལ་ཆེ་ཆགས་ཡོད།

འདས་པའི་ལོ་ཤས་ནས་བཟུང་རྒྱ་གཞུང་གི་འགོ་ཁྲིད་གསར་པ་ཚོས་དབང་བསྒྱུར་བྱས་རིང་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་བོད་ཁུལ་བརྟན་ལྷིང་དགོས་སྐོར་སོགས་ལ་བསྙད་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོས་བོད་མི་གནས་ཡུལ་ས་ཕྱོགས་གང་སར་བཅའ་སྡོད་ལས་དོན་རུ་ཁག་ཁྲི་ཚོ་མང་པོ་དང་། དགོན་སྡེ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་སོགས་གཏན་སྡོད་བྱས་ནས་བོད་མི་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་སོ་ལྟ་བྱས་ཏེ་རྒྱུན་ལྡན་ཆོས་ལུགས་ཀྱི་བཤད་སྒྲུབ་ཉམས་བཞེས་ལ་སུན་གཙེར་དང་། ཆབ་སྲིད། སྨྲ་བརྗོད་རང་དབང་། ཉིན་རེའི་འཚོ་བའི་སྤྱོད་སྒོ་ཁག འགྲུལ་བསྐྱོད་ཀྱི་རང་དབང་སོགས་ལའང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པ་དང་། ད་དུང་རུལ་སུངས་ལ་རྟོག་ཞིབ་ཅེས་པ་དང་སྦྲེལ་ནས་བོད་མི་མང་པོར་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཟེར་བ་སོགས་ཉེས་འགེལ་སྣ་ཚོགས་བྱས་ཏེ་བོད་ཀྱི་བདེན་དོན་དང་འབྲེལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱ་དབང་མེད་པར་ཕྱི་ལོ་ ༢༠༡༤ ལོའི་ནང་དུ་ཡང་མུ་མཐུད་ཛ་དྲག་ངང་གནས་མུས་སུ་ཡོད་ཐོག་བོད་མིས་རང་ལུས་མེར་བསྲེགས་སོགས་ཀྱི་ངོ་རྒོལ་གནང་དགོས་ཆགས་ཡོད་ལ། གཏེར་ཁ་བསྔོག་འདོན་དང་ཁོར་ཡུག་གཏོར་སྐྱོན་མཚམས་ཆད་མེད་ཅིང་། མ་མཐའ་བདུན་ཕྲག་རེ་རེ་ལའང་བོད་མི་འཛིན་བཟུང་དང་བཙོན་འཇུག་མཚམས་ཆད་མེད་པ། བོད་ཀྱི་དངོས་བྱུང་ལོ་རྒྱུས་རྫུན་བཟོ་བྱས་པའི་བརྙན་འཕྲིན་བརྒྱུད་སྟོན། དམིགས་བསལ་དྲག་དམག་གི་མེ་མདའི་འོག་བོད་མི་ཁག་ཅིག་དམར་བསད་བཏང་བ་བཅས་མེས་རྒྱལ་ཁྱིམ་ཚང་ཆེན་མོ་ཞེས་གྲགས་པ་དེའི་ནང་མི་རིགས་དབྱེ་འབྱེད་སོགས་ཀྱི་བྱེད་ཕྱོགས་ཆ་མ་སྙོམས་པ་དེས་བོད་ཁུལ་བརྟན་ལྷིང་ཡོང་ཐབས་མེད་པ་ལྟ་བུ་ཆགས་ཡོད། ༢༠༡༤ ལོའི་རྒྱལ་སྤྱིའི་འགྲོ་བ་མི་ཡི་རྟོག་ཞིབ་ཚོགས་པ་ཁག་མང་པོའི་སྙན་ཐོའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་ཡོད་གནས་གསལ་ཡོད་པས་རྒྱ་ནག་གི་དཔོན་རིགས་ཚོས་དངོས་ཐོག་བདེན་འཚོལ་དང་། ཁ་བཤད་དོན་གནས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་དུས་ལ་བབ་པ་ནན་སྐུལ་བྱེད་ཀྱི་ཡོད།

རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་རིགས་མཚམས་མ་ཆད་པ་སྤེལ་དགོས་རྒྱུ་ཡང་གལ་ཆེ་དོན་ཆེན་ལ་སོང་། འདས་པའི་ཕྱི་ལོ་ ༢༠༡༤ ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་ཆ་བགོས་ཀྱིས་ཤར་ནུབ་རྒྱལ་ཁབ་མང་པོར་ཆེད་བསྐྱོད་ཀྱིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་གཙོས་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། མ་འོངས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་ཞུ་གཏུག་རིམ་བྱས་ལ་དོན་འབྲས་གང་ལེགས་སོན་ཐུབ་པ་བྱུང་ཡོད་པ་དང་། ལྷག་དོན་རྒྱ་གར་གྱི་སྐབས་ ༡༦ པའི་གྲོས་ཚོགས་འོག་མའི་འཐུས་མི་གསར་ཕེབས་དང་འབྲེལ་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༠༠ ལྷག་ལ་ཐུག་འཕྲད་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཞུས་ཏེ་ལས་དོན་འགོ་འཛུགས་ཞུས་ཟིན་ཡོད།

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། བོད་དོན་གྱི་དཀའ་རྙོག་སེལ་ཐབས་ཆེད་ང་ཚོའི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་ལ་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་མཐུད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།

དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་དང་། བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་གནང་མཁན་གྱི་རྒྱལ་ཁབ་དང་། ཚོགས་པ། མི་སྒེར་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་ཕྱི་ལོ་ ༢༠༡༤ ལོ་དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་བརྩི་སྲུང་ཞུས་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་མགོན་པོ་གང་ཉིད་ཀྱིས་བསྟན་འགྲོའི་དོན་དུ་རླབས་ཆེན་གྱི་དགོངས་གཞི་དང་། མཛད་འཕྲིན་བསྐྱངས་གནང་མཛད་པའི་ཆ་ཤས་ཕྲ་མོ་ཚུན་ཆད་དྲན་ཚོར་ཆེན་པོའི་ཐོག་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་། སླར་ཡང་ཁམས་གསུམ་བསྟན་འགྲོའི་མགོན་དཔུང་དམ་པར་༸ཞབས་པད་བསྐལ་བརྒྱའི་བར་དུ་མི་འགྱུར་བརྟན་པར་བཞུགས་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ལ།།

གསར་འགྱུར།

Post navigation

Previous Post: གསུམ་བཅུའི་དུས་དྲན་༥༦ པར་སྲིད་སྐྱོང་གི་གསུང་བཤད།
Next Post: བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་གི་ངོ་རྒོལ་ལས་འགུལ།

Comments (3) on “གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-10 at 10:47 am

    ་་་་་་་་་་ རྒྱ་དམར་གྱི་དྲག་གནོན་སྲིད་བྱུས་དེའི་འོག་བོད་མི་འབུམ་ ༡༢ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ད་དུང་སྡུག་སྦྱོང་བཙོན་འཇུག་གི་དྲག་གནོན་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མིའི་གྲངས་ཚད་ནི་སུས་ཀྱང་ཚོད་འཛིན་མི་ཐུབ་པའི་གནས་སུ་ལྷུང་ཡོད། ་་་་་་་་་་་་

  2. དགེ་འདུན་རྒྱ་མཚོ། says:
    2015-03-10 at 10:56 am

    བཀླགས་ཟིན།
    སྐད་ཆ་གསར་བ་ཅང་མཐོང་མ་སོང་། 

  3. ཇུས་ཏོག says:
    2015-03-10 at 10:50 pm

    འབུམ་བཅུ་གཉིས་རེད་དམ་ས་ཡ་གཉིས་རེད་། གཞུང་འབྲེལ་གྱི་ཡིག་ཆ་མང་པོའི་ནང་ས་ཡ་གཉིས་གསལ་གྱི་འདུག་པ་དོན་དངོས་གཞི་གང་ལ་བཞག་དགོས་པ་རེད་། གསུམ་བཅུའི་དུས་དྲན་གསུང་བཤད་དུས་ཆེན་ལ་ཁ་་ཕྱོགས་པ་མ་རེད་། མི་ལོ་ལྔ་བཅུ་ང་ལྔ་མི་ཡུལ་དུ་རྫོགས་སོང་།

    ད་དུང་གཏམ་བཤད་ལ་མགོ་འཁོར་ནས་ཉི་མ་བསྐྱལ་ནས་ཞུགས་རོགས་གནང་སྐུ་ཚེ་་རིང་མི་ཡུལ་དུ་སྐྱིད་པོ་གཏོང་། རོགས་དངུལ་མང་ཙམ་སློང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme