Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་བཅུ་དུས་དྲན་ཐེངས་༥༥པའི་སྟེང་སྤེལ་བའི་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།

Posted on 2014-03-10 By ཁ་བརྡ་ 20 Comments on གསུམ་བཅུ་དུས་དྲན་ཐེངས་༥༥པའི་སྟེང་སྤེལ་བའི་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།

411༄༅། །ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱ་ཆེད་ཞི་བའི་གྱེན་ལངས་བྱས་ཡོད། དེ་ནས་ཉིན་བདུན་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་རྒྱ་གར་ལ་ཕེབས་དགོས་བྱུང་བ་དང་། བོད་མི་སྟོང་ཕྲག་བརྒྱད་ཅུ་ལྷག་ཀྱང་ཁོང་གི་ཕེབས་རྗེས་སུ་འབྲངས་ཏེ་བཙན་བྱོལ་དུ་འབྱོར་བ་རེད།
འདི་ལོ་ཕྱི་ཟླ་དང་པོའི་ནང་ཕྲན་རང་མོན་རྟ་དབང་ལ་བསྐྱོད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ལམ་དེ་དག་དངོས་སུ་མཇལ་ཏེ་བསམ་བརྗོད་མི་ཤེས་པའི་སེམས་འགུལ་ཞིག་ཐེབས་བྱུང་། དེ་བཞིན་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་འབྱོར་ས་འབུམ་སྡེ་ལ་དང་ཀྲུ་ཀྲིང་ལའང་འགྲོ་རྒྱུ་བྱུང་ཞིང་། བློ་ཕམ་པར་དེ་སྐབས་ཀྱི་མི་རབས་རྒན་པ་མང་པོ་ད་ལྟ་འཚོ་བཞུགས་མེད། དེ་མཚུངས་བོད་ནང་ལའང་གཞིས་བྱེས་མཉམ་འཛོམས་སམ་རང་དབང་གི་གོ་སྐབས་མ་བྱུང་གོང་མི་རབས་རྒན་པ་མང་པོ་འདས་ཟིན་པ་རེད། འོན་ཀྱང་མི་རབས་གོང་མ་དེ་དག་གི་རེ་བ་དང་འདུན་པ་རྣམས་སོ་སོའི་བུ་ཚར་རྣམས་ཀྱི་དུས་སུ་གསོན་པོར་གནས་པ་མ་ཟད་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་ནི། དགའ་སྤོབས་བྱ་འོས་པ་ཞིག་ཏུ་མཐོང་།

ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བཀའ་ཤག་གིས་རྗེས་དྲན་གུས་བཏུད་ཞུ་རྒྱུ་ཡིན།
རྒྱ་མིས་བོད་བཙན་བཟུང་བྱས་ཏེ་ལོ་དྲུག་ཅུ་ལྷག་བརྒལ་ཡང་གཞིས་བཞུགས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༥༠ ང་གྲངས་ནང་ཁམས་དང་ཨ་མདོའི་ནང་བྱུང་བའི་བཙན་རྒོལ་གྱི་ལས་འགུལ་དང་། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ལྷ་སར་ངོ་རྒོལ་རྔམ་སྟོན། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་བྱུང་བའི་ཞི་བའི་གྱེན་ལངས། ད་ལྟའི་རང་ལུས་མེར་སྲེག་གི་དོན་རྐྱེན་བཅས་ཀྱི་ལམ་ནས་བོད་མིའི་བདེན་དོན་འཐབ་རྩོད་མི་རབས་ནས་མི་རབས་བར་མུ་མཐུད་གནས་པ་མ་ཟད། ད་ལྟའི་ཆར་གཞིས་བྱེས་གཉིས་ཀའི་ནང་མི་རབས་གཞོན་པ་ཚོས་ལས་འགུལ་སྣེ་འཁྲིད་བྱེད་བཞིན་པ་རེད། ལོ་ཤས་གོང་ཨ་མདོ་ཆབ་ཆར་སློབ་ཕྲུག་ཚོས་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་བཞག་དགོས་པའི་རེ་འདུན་བཏོན་ཡོད། སྔ་ལོ་འབྲི་རུར་བོད་མི་ཚོས་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་བཙན་བཀར་མོས་མཐུན་མ་བྱས་པ་དང་། མལ་གྲོ་གུང་དཀར་ནང་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་མི་མང་པོའི་ཚེ་སྲོག་དང་ཁོར་ཡུག་གཏོར་བཤིག་ཇི་བྱུང་བཅས་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། དེ་དག་གིས་”བོད་ནང་བོད་མི་ཉུང་ཤས་མ་གཏོགས་བདེ་སྐྱིད་ངང་ཡོད་”ཅེས་པའི་རྒྱ་གཞུང་གི་དྲིལ་བསྒྲགས་དེའི་རྫུན་ཕུགས་གཏོལ་ཡོད་པ་སྨོས་ཅི་དགོས།

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་སྲེག་གནང་མཁན་ ༡༢༦ བྱུང་ཡོད། ང་ཚོས་ཚབས་ཆེའི་ལས་འགུལ་འདི་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་རིམ་པ་ཞུས་ཀྱང་རང་ལུས་མེར་སྲེག་མུ་མཐུད་འབྱུང་བཞིན་པ་རེད། རང་ལུས་མེར་སྲེག་གནང་རྒྱུར་ང་ཚོས་མོས་མཐུན་བྱེད་ཀྱི་མེད་ནའང་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོས་རང་ལུས་མེར་སྲེག་གནང་སྐབས། མིག་ཆུ་གསེར་གྱི་ཐིགས་པ། ཞེས་པའི་ཞལ་ཆེམས་བཞག་པའི་ནང་”ཁྱེད་ཀྱིས་གསན་ནམ། ཁྱེད་ཀྱིས་མཐོང་ངམ། ཁྱེད་ཀྱིས་ཐོས་སམ། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་ལ་ཕེབས་རྒྱུའི་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་ཐོབ་པའི་ཆེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མེར་མཆོད་བཏང་བ་ཡིན།” ཞེས་སོགས་འཁོད་འདུག གཞིས་བཞུགས་བོད་མིའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ལ་བཀའ་ཤག་གིས་གུས་བཏུད་དང་སྦྲགས་ཁོང་ཚོའི་དཀའ་སྡུག་སེལ་ཐབས་ལ་འབད་རྩོལ་མུ་མཐུད་བྱ་རྒྱུ་ཡིན། ཞི་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་གང་མྱུར་སེལ་ཐབས་བྱ་རྒྱུ་བཀའ་ཤག་གི་དམིགས་ཡུལ་གཙོ་བོ་ཡིན། དེ་དང་ཆབས་ཅིག་ལོ་མང་པོའི་བར་བོད་དོན་འཐབ་རྩོད་མུ་མཐུད་བྱ་དགོས་བྱུང་བ་ཡིན་ན། དེ་ལྟར་མུ་མཐུད་གནས་ཐུབ་པ་བྱ་རྒྱུའི་ཕུགས་རིང་གི་ཐབས་བྱུས་ཤིག་ཀྱང་དགོས་པ་ཡིན།

ཕྱི་ལོ་ ༢༠༢༠ ཟིན་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་བདུན་ཅུ་འགྲོ་རྒྱུ་ཡིན་པ་དང་། དེ་དུས་དེ་སྔའི་རང་དབང་གི་བོད་མཐོང་མྱོང་མཁན་གྱི་མི་རབས་ཧ་ཅང་ཉུང་དུ་འགྲོ་རྒྱུ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་རྒྱུ་དང་། བོད་མི་རིགས་ཀྱི་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་བླ་ན་མེད་པའི་དབུ་འཁྲིད་ལམ་སྟོན་མཛད་ནས་ལོ་ངོ་བདུན་ཅུ་ཧྲིལ་པོ་འཁོར་རྒྱུ་རེད། དེར་བརྟེན་གཞིས་བྱེས་གཉིས་ཀའི་ནང་མི་རབས་གཞོན་པ་ཚོས་གདོང་ལེན་བྱ་དགོས་པའི་གནས་སྟངས་མང་པོ་ཡོང་རྒྱུ་ཡིན། བོད་ནང་ལ་ཆ་མཚོན་ན་དེ་སྔའི་རང་དབང་གི་བོད་རྒྱུས་མངའ་མེད་པའི་མི་རབས་འབའ་ཞིག་ཆགས་རྒྱུ་དང་། ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་ཡང་དེ་ལྟར་ཆགས་རྒྱུ་ཡིན། ཁྱད་པར་བཙན་བྱོལ་བོད་མིའི་མི་འབོར་ནི་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་ ༢་༥ ལས་ཟིན་གྱི་མེད་པ་དེ་དག་ཀྱང་རྒྱ་གར་ཁུལ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་མང་ཉུང་འདྲ་མཉམ་ལྟ་བུ་ཆགས་རྒྱུ་ངེས་པར་སྣང་།

བཙན་བྱོལ་གྱི་གནས་སྟངས་ནི་ངེས་པ་མེད་པའི་རང་བཞིན་དང་། བཙན་བཟུང་ནི་མི་རིགས་ཀྱི་ངོས་འཛིན་རྩ་མེད་འགྲོ་ཉེན་ཆེ་བའི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པར་བརྟེན། གཞིས་དང་བྱེས་ཀྱི་གནས་བབ་མི་འདྲ་བའི་འོག་འཚར་ལོངས་བྱུང་བའི་མི་རབས་གསར་པ་ཚོར་བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་བྱ་དགོས་པའི་འགན་འཁྲི་བབས་ཡོད།
དེ་ཡང་ཕུགས་རྒྱང་རིང་པོའི་ཐབས་བྱུས་ཀྱི་ཚུལ་དུ་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་ལག་ལེན་གཉིས་ཀའི་ཐོག་ནས་རང་རྐྱ་འཕེར་བའི་རང་ཁ་རང་གསོ་ཡོང་ཐབས་བྱ་དགོས། ལོ་ལྔ་བཅུ་ལྷག་ཕྱིན་པའི་འཐབ་རྩོད་ལམ་ལྷོང་ཡོང་བར་མི་གཞན་གྱི་རོགས་སྐྱོར་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་ཅིང་། ད་ཆ་ང་ཚོས་གདེང་སྤོབས་ལྡན་པའི་སྒོ་ནས་འགོ་འཁྲིད་ཀྱི་ལས་འགན་ཁུར་ཐུབ་པ་བྱ་དགོས་པ་ཡིན། དེ་འདྲ་སོང་ཙང་སྤྱི་སྒེར་གཉིས་ཀས་ནུས་པ་མཉམ་རུབ་བྱ་རྒྱུའི་དུས་ལ་སླེབས་ཡོད།

དེ་ལྟར་ཡོང་བར་ཤེས་ཡོན་ནི་རྨང་གཞི་ཡིན། གནའ་དེང་གི་ཤེས་ཡོན་ཟུང་དུ་འབྲེལ་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་པོའི་གཞུང་བསྲངས་ཏེ་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་དགོས། སྤྱི་ཚོགས་ཤེས་ཡོན་ལྡན་པ་ཞིག་བྱུང་ན་རང་ཁ་རང་གསོ་ཡོང་ཐུབ་པ་དང་། ནུས་འཇོན་ལྡན་ཞིང་འཛིན་སྐྱོང་ཚགས་ཚུད་པ། དེ་བཞིན་བོད་མིའི་བདེན་དོན་འཐབ་རྩོད་ལའང་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་སྔར་ལྷག་ཐོབ་རྒྱུ་ངེས་པ་རེད།

བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏད་བཅོལ་ཡུལ་གྱི་སྲོག་ཤིང་ལྟ་བུ་ཡིན་སྟབས། ༧གོང་ས་མཆོག་དང་སྒྲིག་འཛུགས་དེ་ལས་ལྷག་པ་ཞིག་མེད་སྟབས་ཆིག་སྒྲིལ་གྱི་ནུས་པ་མ་ཉམས་པ་བྱེད་རྒྱུ་ནི་དོན་གྱི་སྙིང་པོ་ཡིན། མི་རབས་གཞོན་པ་ཚོས་འགན་ཁུར་མང་ཙམ་བླང་རྒྱུར་གཞེན་སྐུལ་ཞུ་རྒྱུ་དང་། གསར་གཏོད་རང་བཞིན་ཅན་གྱི་ལས་འཆར་དང་སྲིད་བྱུས་ཁག་མུ་མཐུད་སྤེལ་རྒྱུ་ཡིན།
ཉེ་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་ནང་ཆབ་སྲིད་དྲག་གནོན་གྱི་ཚབ་ཏུ་མང་ཚོགས་ཀྱི་གཞི་རིམ་རང་དབང་དང། དཔལ་འབྱོར་དབྱེ་འབྱེད་ཀྱི་ཚབ་ཏུ་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་དབྱེ་འབྱེད་ཀྱི་ཚབ་ཏུ་སྤྱི་ཚོགས་འདྲ་མཉམ། རིག་གཞུང་རྩ་གཏོར་གྱི་ཚབ་ཏུ་རིག་གནས་སྲུང་སྐྱོབ། ཁོར་ཡུག་གཏོར་གཤིག་གི་ཚབ་ཏུ་ཁོར་ཡུག་སྲུང་སྐྱོབ་བཅས་ཡོང་ཐབས་བྱེད་བཞིན་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་ཡིན་སྟབས་མུ་མཐུད་དམ་འཛིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་འདིའི་གལ་འགངས་ཤེས་རྟོགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ད་བར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་རྒྱ་གར་གཞུང་མང་གཉིས་ནས་ད་བར་གཡོ་བ་མེད་པའི་མཐུན་འགྱུར་རོགས་རམ་གནང་བར་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དགའ་སེམས་འཁོལ་བའི་ངང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༤ འདི་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་དང་ཆབས་ཅིག འདི་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ཉེར་ལྔ་འཁོར་བའི་དུས་ཚིགས་ཀྱང་འཁེལ་གྱི་ཡོད་པ་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་ཡིན། དེ་མཚུངས་འདི་ལོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ཉེར་ལྔར་ཕེབས་པའི་འཁྲུངས་སྐར་ཡང་སྲུང་བརྩི་ཞུ་རྒྱུ་ཡིན།
ད་ལྟའི་ཆར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་གནས་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། གཞིས་བྱེས་གཉིས་བསམ་འདུན་གཅིག་གྱུར་ཡིན་པ་མ་ཟད། ང་ཚོས་མུ་མཐུད་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱས་ན་ནམ་ཞིག་བོད་དོན་བདེན་མཐའ་གསལ་རྒྱུ་ངེས་པ་ཡིན།

གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་ཞུ་རྒྱུར། ང་ཚོའི་མདུན་དུ་ལྷག་པའི་དཀའ་ངལ་དང་འཐབ་རྩོད་ཀྱི་འགྲུལ་བཞུད་ཇི་ལྟར་རིང་ཡང་རྒྱལ་ཁ་འཐོབ་རྒྱུ་ངེས་པ་ཡིན། ཉེ་སྔོན་རྟ་དབང་ཁུལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ང་ཚོའི་ཕ་མེས་རྣམས་བཙན་བྱོལ་དུ་འབྱོར་སའི་ཕེབས་ལམ་མཇལ་རྒྱུ་བྱུང་བ་དང་། ཕར་ཕྱོགས་ཀྱི་བོད་ཀྱི་བརྗིད་ཆགས་རི་བོ་དེ་དག་ཀྱང་མཐོང་བྱུང་ལ། བོད་ལ་ཕྱིར་ལོག་འགྲོ་སའི་ལམ་ཤུལ་ཡང་མཐོང་ཐུབ་པ་ནི་རྟེན་འབྲེལ་དུ་སེམས།
མཐའ་དོན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་སྔར་ལྷག་རྒྱས་པ་དང་། ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ལ།།

སྣ་ཚོགས།

Post navigation

Previous Post: ཁྱོད་ཀྱི་གཏམ་རྒྱུད།
Next Post: གསུམ་བཅུ་དུས་དྲན་ཐེངས་༥༥པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་བའི་ཡོངས་ཁྱབ་གསུང་བཤད།

Comments (20) on “གསུམ་བཅུ་དུས་དྲན་ཐེངས་༥༥པའི་སྟེང་སྤེལ་བའི་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།”

  1. རིན་ཆེན says:
    2014-03-10 at 5:58 am

    བོད་ཡིག་རང་དབང་གི་སྐད་འབོད་ཐོག་མ་བྱེད་མཁན་རེབ་གོང་རེད།འདི་ཙམ་ཡང་དོན་སྣང་བྱས་མི་འདུག་པས་བློ་ཕམ་གྱི་གནས་རེད། 2010ཡི་ལོ་རེད།ད་བོད་ནང་གི་མི་དམངས་ཀྱི་བདེ་སྡུག་ཞིག་ཅི་ལྟར་བཤད་།ངོ་མ་ཐབས་སྐྱོ་བོ་རེད།

  2. ཁྱུང་ཆེན། says:
    2014-03-10 at 6:31 am

    རེད། དང་པོ་རེབ་གོང་རེད། སྲིད་སྐྱོང་བོད་སྐད་ཡིག་གི་དགྲ་བོ་ལགས། མི་ཤེས་ན་སྐྱག་ཁ་ཚུམས།

  3. བྱམས་པ། says:
    2014-03-10 at 9:55 am

    དེ་ལ་ཁྱད་པར་དེ་ཙམ་མི་འདུག་སྙམ། ཆབ་ཆས་ངོ་རྒོལ་དེ་གཞི་རྒྱ་ཆེ་བ་དང་། དེ་སྐབས་སློབ་ཕྲུག་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་དང་འཛིན་བཟུང་སོགས་བྱུང་ཡོད། གང་ལྟར་སྲིད་སྐྱོང་གིས་འདི་ཙམ་ལའང་དོ་སྣང་གནང་བ་དེ་ཡག་བྱུང་།  

  4. ཕུག་རོན། says:
    2014-03-10 at 9:56 am

    སྲིད་སྐྱོང་ལགས། ད་ཐེངས་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་གྱི་བཀའ་ལན་གསལ་པོ་འཁྱེར་ཤོག འབྲེལ་མོལ་ཡོང་གི་མེད་ན་མེད་པ་དེ་གསལ་པོ་བཟོ་དགོས། ད་ཡིན་ན་ཁྱེད་ཀྱིས་ཞིས་ཅིན་ཕིན་གྱིས་བོད་ཐོག་འཛིན་པའི་ལངས་ཕྱོགས་ཤེས་ཡོད་ཀི་རེད་བསམ་གྱི་འདུག མ་གཏོགས་རང་གི་ལོ་ལྔའི་དུས་ཡུན་དེ་ཇི་ལྟར་རྫོགས་པའང་ཤེས་ས་མ་རེད།

  5. རྒྱང་མིག says:
    2014-03-10 at 10:50 am

    སྔོན་མ་ཡིན་ན་བཀའ་ཤག་གི་གཏམ་བཤད་དང་། སྤྱི་འཐུས་ཀྱི་གཏམ་བཤད་ཟེར་བ་ཞིག་ཡོངས་གྲགས་སུ་ཡོད་བསྡད་པ་ཞིག་ཡིན། གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་འགྲོ་ཐེངས་རེ་རེར་ཡང་གཏམ་བཤད་དེ་ཚོའི་བརྗོད་དོན་ལ་མིག་བཤེར་རྒྱག་འདོད་ཀྱིས་ངེས་པར་དུ་ལྟ་དགོས་པ་ཞིག་ཡིན།

    བཀའ་ཤག་གསར་པའི་སྐབས་ནས་བཟུང་བཀའ་ཤག་གི་ཡོངས་ཁྱབ་གཏམ་བཤད་ཟེར་བ་དེ་མི་མངོན་པར་གྱུར་ནས་དེ་ལ་སྲིད་སྐྱོང་གི་གཏམ་བཤད་ཅེས་གང་ཟག་སྒེར་གྱི་གཏམ་བཤད་ལ་འཁྲུལ་འགྲོ་བ་ལྟ་བུ་ཞིག་ཡོང་སྡོད་ཀྱིན་འདུག གཅིག་བྱས་ན་དེ་ནི་འགྲོ་སྟངས་ཤིག་མིན་ནམ་སྙམ།

    བོད་དོན་ཆེད་དགའ་འོས་པའི་དོན་དག་གསར་པ་གང་ཡང་མི་འདུག་པར་སྔོན་ལྟར་རང་འཇགས་སོར་གནས་ཞེས་པ་དེ་རེད། ༧གོང་ས་མཆོག་དང་། བོད་དོན། དབུ་ལམ་ཐད་ལ་རྒྱབ་སྐྱོར་ནི་ཨོ་སྦ་མ་ལས་ཨ་རིའི་སྲིད་འཛིན་གོང་མ་སྦུ་ཤུས་བརྒྱ་འགྱུར་སྟོང་འགྱུར་གྱིས་བྱས་ཡོད།

    ང་ཚོའི་སྐབས་དོན་གྱི་དགོས་མཁོའི་གཙོ་བོའམ་ཕྱོགས་ཡོངས་ནས་མིག་གིས་ཅེར་རེ་བལྟས་བསྡད་ཡོད་པ་ནི་བོད་རྒྱ་འབྲེལ་མོལ་ཙམ་བསྐྱར་གསོ་ཐུབ་མིན་གྱི་ཐད་ནས་ཡིན། དེ་སྐོར་ནི་སྲིད་སྐྱོང་གི་གཏམ་བཤད་ནང་ཚིག་ཟུར་ཙམ་ཡང་མི་མངོན། ཡིད་ཆེས་དང་རེ་བ་གཅིག་པོས་ཅི་ཡང་མི་ཡོང་བ་འདས་དོན་གྱིས་གསལ་བཤད་བྱས་དང་བྱེད་བཞིནཡོད།

  6. ལུང་རྟོགས། says:
    2014-03-10 at 11:13 am

    དང་པོ་སུ་ཡིན་མིན་མ་རེད་སྐྱག་ཕྲུག་ཚོ། བོད་ནང་གི་བོད་མི་ཚོས་སེམས་ཤུགས་དང་ལྷག་བསམ་གྱིས་བོད་སྤྱི་དོན་ལ་རང་སྲོག་བློས་བཏང་བྱེད་པའི་དུས་འདིར། བཙན་བྱོལ་གྱི་དྲྭ་འབུ་ལས་ངན་ཚོས་སོ་སོའི་དབུ་ཁྲིད་ལ་སྐྱོན་བརྗོད་ཅིག་བྱེད་རྒྱུ་ཅི་འདུག་ལྟས་ནས་སྡད ཡོད་པ་འདི་ནི་ངོ་ཚ་དགོས་པ་དང་ཞེ་ཁྲེལ་དགོས་པ་ཞིག་རེད།

  7. ཏི་སི། says:
    2014-03-10 at 12:38 pm

    ཁེ་ཎ་ཌར་བོད་མི་ཞིག་བསད་འདུག
    འདོན་སྤེལ། ༢༠༡༤/༠༣/༡༠
    ཁེ་ཎ་ཌའི་ནང་བོད་པའི་ལོ་གསར་སྤྲོ་སྐྱིད་ཚོགས་པའི་སྟེང་འཁྲུག་འཛིང་ཤོར་ཏེ་བོད་མི་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་ཡོད་པ་དང་གཞན་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག

    དབྱིན་ཡིག་གསར་ལམ་ CBC News ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌར་ཡོད་པའི་བོད་མི་ཚོ་གྲོང་ཁྱེར་ཊོ་རོན་ཊོར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་ (Tibetan Canadian Cultural Centre ) ཞེས་པར་འཛོམས་ཏེ། གཟའ་སྤེན་པའི་མཚན་མོའི་ཆུ་ཚོད་ ༡༡ ནས་མཚན་གུང་གི་ཆུ་ཚོད་ ༢ བར་ལོ་གསར་སྤྲོ་སྐྱིད་བཏང་ཡོད་ཅིང་། མཚན་གུང་ཆུ་ཚོད་ ༣།༢༠ ཡས་མས་ལ་རིག་གཞུང་བསྟི་གནས་ཁང་དེ་གའི་ཕྱི་ལོགས་སུ་འཁྲུག་འཛིང་ཤོར་ཏེ། བོད་མི་ཞིག་ལ་གྲིས་བརྒྱབ་ནས་རྨས་སྐྱོན་ཕོག་རྗེས་སྨན་ཁང་དུ་སྐྱེལ་བའི་ལམ་བར་ནས་གྲོངས་ཡོད་པ་དང་། རྨས་སྐྱོན་ཕོག་པའི་བོད་མི་གཞན་ཞིག་རླངས་འཁོར་ནང་ཡོད་པ་ཉེན་རྟོག་པས་མཐོང་སྟེ་སྨན་ཁང་དུ་སྐྱེལ་ཡོད་ཅིང་། ཉེན་རྟོག་པས་ད་ཆར་རྨས་མ་དེར་འདྲི་རྩད་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག

    ཉེན་རྟོག་པ་མེལ་ཁུ་ལེན་ནེ་ (Greg McLane) ཟེར་བ་ཞིག་གིས་སེ་བྷེ་སེ་ ( CBC) གསར་འགོད་པར་བརྗོད་པར། ང་ཚོས་ས་གནས་འདིའི་བོད་མིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ལ་ཐུག་འཕྲད་བྱས་ཏེ་རྩད་གཅོད་བྱས་རྒྱུ་ཡིན། བོད་པ་ཚོས་འཁྲུག་འཛིང་བྱེད་པ་དེ་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པའི་བསམ་བློ་འཁོར་སྲིད་ཀྱང་། མིའི་ཚེ་སྲོག་ཤོར་བ་འདི་ལྟ་བུའི་གནས་ཚུལ་དེ་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་ཞིག་ཆགས་ཡོད། ཅེས་བརྗོད་འདུག

    ད་སྔ་བོད་མི་གཉིས་ཀྱི་མིང་དང་ལས་རིགས། གཞན་འཁྲུག་འཛིང་ཤོར་དགོས་པའི་རྒྱུ་རྐྱེན་སོགས་ཁ་གསལ་བཀོད་མི་འདུག

  8. ཤར་ཕྱོགས་ཁུག་རྟ། says:
    2014-03-10 at 2:18 pm

    ཨ་ཁ་ཁ། ད་བཤད་ནས་ཅི་ཕན། གྲོས་ཚོགས་ལྟ་བུའི་རྒྱུད་ལམ་ཞིག་ནས་ཐག་གཅོད་བྱུང་ན་མ་གཏོགས་བཀའ་ཤག་གཏམ་བཤད་སྲིད་སྐྱོང་གི་གསུང་འཕྲིན་དུ་སྒེར་གཅོད་བྱས་མི་ཆོག་པ་གསལ་བོ་ཡིན་ཞིང། སྲིད་དབང་རྩིས་སྤྲོད་ཞུ་ཡུལ་མང་གཙོའི་ཀ་བ་གསུམ་གྱི་མགོ་ཁྲིད་ཆ་ཚང་ཆགས་ཡོད་པ་བཅའ་ཁྲིམས་ནང་གསལ་བ་དེ་ལྟར་དང། ༸གོང་ས་མཆོག་ནང་བཞིན་ཞིག་སྲིད་སྐྱོང་གིས་གནང་རྒྱུ་ཟེར་ན་བཅའ་ཁྲིམས་དང་མཐུན་གྱི་ཡོད་མེད་ཁྲིམས་ལུགས་འབུམ་རམས་པས་མ་མཁྱེན་པ་ག་ལ་སྲིད། གོང་གི་གཏམ་བཤད་དངོས་གཞིར་བཀའ་ཤག་ལྷན་རྒྱས་ཀྱི་ངོས་འཛིན་ཁུར་མཉམ་རུབ་ཡོད་པ་གསལ་ནའང་མགོ་དང་མཇུག་ཏུ་སྲིད་སྐྱོང་ལགས་སྐུ་རྐྱང་ཡིན་པར་བཏགས་འདུག འདི་དག་བཀའ་ཤག་ནས་ཀྱང་རྒྱུད་རིམ་ཡོད་པའི་ཐོག་ནས་སྲིད་སྐྱོང་གི་གསུང་འཕྲིན་ངོ་བོར་ཕེབས་དགོས་ན་་་དེ་སྔའི་་་བཀའ་བློན་ཁྲི་པ་་་སྲིད་སྐྱོང་་་དུ་བརྗེ་རྒྱུའི་ཁྲིམས་འཆར་བཏོན་པ་ནང་བཞིན་གྱི་ལམ་ཁ་ཞིག་མ་རྒྱུད་ན། མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་ཟེར་པ་དེ་ཚོ་ཕ་རིའི་སྤང་རྒྱན་ཆགས་འགྲོ་གི་རེད། ད་བཤད་ནས་ཅི་ཕན། དྲ་འབུ་ཚོས་འདི་དག་མདུན་ལ་ཞིམ་མདོག་མདོག་བཞག་ནའང་ཁས་ཟ་རྒྱུ་ཕར་ཞོག་མིག་གིས་མཐོང་གི་མ་རེད།

  9. ཁྱུང་ཆེན། says:
    2014-03-10 at 3:27 pm

    ལུང་ཏོག་ཁྱེད་ཁ་ཚུམས། སྲིད་སྐྱོང་མ་གཞི་མི་ཐབས་སྐྱོ་བོ་ཡིན་སྟབས། ཤར་ཕྱོགས་ཁུག་རྟར་སྙིང་ནད་བཟུང་སྟེ་རེབ་གོང་གི་མི་མ་བྲིས་པ་ཚང་མས་ལོས་ཤེས། ཧཧཧཧ

  10. ལུང་རྟོགས། says:
    2014-03-11 at 12:26 am

    ཧཧཧ མི་ཐབས་སྐྱོ་པོ་ཞིག་ཡིན་ན་བོད་དམངས་གཙོའི་གཞུང་གི་སྲིད་སྐྱོང་དང་པོ་དང་གོང་ས་ཆེན་པོས་སྲིད་དབང་རྩིས་སྤྲོད་གནང་ས་བོད་མི་མང་གིས་ཡིད་ཆེས་དང་བློ་གཏད་གཅོལ་ཡུལ་ཞིག་ཆགས་རྒྱ་མ་རེད། དྲྭ་འབུ་ལས་ངན་ཁྱོད་རང་བཞིན་དུ་དྲྭ་རྒྱའི་ནང་ལ་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཞེས་དོན་མེད་རྩོད་པ་དང་གཞི་མེད་སྐྱོན་བརྗོད་བྱས་ནས་ལུས་སྡད་ཡོད་རྒྱུ་རེད། ཧཧཧ

  11. ཅོག་མྱི། says:
    2014-03-11 at 1:02 pm

    ཐབ་ཆུང་ཆུང་ནང་དུ་མེ་ཚ་བོ་གཏོང་མཁན་སྲིད་སྐྱོང་བློ་བཟང་སེང་གེ་བོད་གངས་ཅན་གྱི་གཟི་བརྗིད་དང་རེ་བ་རེད་ཤག

  12. བོད་ཞེན་པ་ནས། says:
    2014-03-11 at 7:48 pm

    སྲིད་སྐྱོང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ རྒྱ་བྱ་ཤར་ཁུག་ནི་སྲིད་སྐྱོང་གི་སྐྱོན་ཞིག་སྒུག་ནས་ཕོ་རོག་གིས་གཏོར་མ་སྒུག་པ་ནང་བཞིན་རེད། ལས་ངན་གྱི་རྒྱ་བྱ་ཤར་ཁུག་ལགས། སྐྱེས་པ་ཕོ་ཡི་ཁོག་དེ་ཆེ་ཙམ་བྱས་ན་ཅི་འདྲ་འདུག

  13. དཔལ་དོན། says:
    2014-03-12 at 1:03 am

    འདི་ན་ཡང་ཁྱུང་ཆེན་དང་ཤར་ཕྱོགས་ཁུག་རྟ། ལུང་རྟོགས་སོགས་ཀྱིས་སྐྱིད་པོ་གསུངས་ཀྱིན་འདུག

    ཁ་སྔོན་ཞིག་ལ་བོད་ཀྱི་བ་གསོའི་ལམ་ལུགས་དང་སློབ་མ་ཞེས་པའི་གནད་དོན་སྟེང་དོ་སྣང་བྱེད་རྒྱུ་བྱུང་བར་རེབ་གོང་ཆབ་ཆ་སུ་སྔ་མ་ཤེས་ཡང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མགོན་ཤུལ་ཡུལ་ཚོ་ནས་ཡིན་པས་སློབ་ཕྲུག་ཅིག་ལ་མཐོ་འབྲིང་ནས་སློབ་ཆེན་དུ་འགྲོ་བའི་གོ་སྐབས་ཤོར་ཡོད་པ་མ་ཟད། ད་དུང་བཙོན་དུ་ཚུད་ཡོད་འདུག ཁོང་ནི་འདིར་དྲངས་དོན་ནི་གསལ་ཁ་ཆེ་ཤོས་དེ་ཡིན་པས་ཡིན། ཁོང་ལས་ད་དུང་ཡོད་རེད་་་ཡོད་རེད་མང་པོས་བཤད་ཀྱི་འདུག་ཀྱང་་་ཁུངས་གསལ་པོ་རག་མ་སོང་།

  14. དཔལ་དོན། says:
    2014-03-12 at 1:05 am

    དགོངས་དག་ སློབ་གསོའི་ལམ་ལུགས་དང་སློབ་མ་ཞེས་བཅོས་རོགས

  15. དཔལ་དོན། says:
    2014-03-12 at 1:13 am

    ༼ང་ཚོས་ཚབས་ཆེའི་ལས་འགུལ་འདི་རིགས་མ་སྤེལ་རོགས་༽ འདིའི་ནང་གི་༼ཚབས་ཆེའི་༽ཟེར་བར་སྲིད་སྐྱོང་གིས་འགྲེལ་བཤད་ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད་རེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2014-03-12 at 3:59 am

    # 8 ཤར་ཕྱོགས་ཁུག་རྟ།་ལགས་ཀྱིས་མཆན་བཏབ་པ།:
    March 10th, 2014 at 2:18 PM
    ཨ་ཁ་ཁ། ད་བཤད་ནས་ཅི་ཕན། གྲོས་ཚོགས་ལྟ་བུའི་རྒྱུད་ལམ་ཞིག་ནས་ཐག་གཅོད་བྱུང་ན་མ་གཏོགས་བཀའ་ཤག་གཏམ་བཤད་སྲིད་སྐྱོང་གི་གསུང་འཕྲིན་དུ་སྒེར་གཅོད་བྱས་མི་ཆོག་པ་གསལ་བོ་ཡིན་ཞིང། ་་་་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2014-03-12 at 4:01 am

    སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ལ།། ཞེས་པ་འདི། བཀའ་ཤག་པ་ཚོར་མི་གནོད་ན། བྱ་ཁུག་རྟར་གནོད་དགོས་དོན་གང་ཡིན་ནམ། ལགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-03-12 at 4:04 am

    གསུང་བཤད་འདི། བཀའ་བློན་ལྷན་དུ་འཚོགས་ནས། གཏན་འབེབས་བྱས་ཡོད་ན། བཀའ་ཤག་གིས། དགོས་ཀྱང་སྲིད་སྐྱོང་རང་ཉིད་གཅིག་པུས། ཐག་བཅད་ནས་གསུངས་ཡོད་ན། ངེས་པར་དུ་སྲིད་སྐྱོང་གིས། དགོས་པ་ལས་བཀའ་ཤག་གིས། ཞེས་བྲིས་ན། དེ་བས་ཀྱང་ནོར་བ་མ་ཡིན་ནམ། ཤར་ཁུག་ལགས།

  19. རང་སྐྱེས། says:
    2014-03-12 at 10:17 pm

    སྲིད་སྐྱོང་གིས་བོད་ཡིག་ཀློག་དང་ན་ཁ་ནང་ལ་་ལྕག་སྲབ་དཀོན་ཡོད་པ་འདྲ་བོ་འདུག

  20. ཤར་པ་ says:
    2014-03-13 at 6:04 am

    ༄༄།སྲིད་སྐྱོང་ལ་གུས་ཞབས་དང་ཨ་རིའི་ཧ་ཝལ་ནས་ཐོན་པའི་མཁས་དབང་དང་། ང་ཚོའི་ལོ་རྒྱུས་ཐོག་ལ་གཟིགས་རྗེད་ཆེན་པོ་དང་རྒྱ་རོའི་མདུན་ལ་ང་ཚོའི་འཐབ་རྩོད་ནི་མི་རབ་གསར་པས་རྒྱུན་མཐུད་ནས་འགྲོ་གི་ཡིན་ད་ཡིན་ཞེས་ལེན་གསལ་པོ་སྤྲོད་པ་སོགས་ལ་རྟེན་ནས་ད་བར་གུས་ཞབས་དང་དགའ་མོས་ཡོད་ལ་གུས་པའི་འོས་ཤོག་ཀྱང་ཁོངལ་་འཕང་པ་ཡིན། ཡིན་ཡང་ད་ཆར་གོ་ཡག་ལ་བོད་ཀྱི་ཞི་བའི་དཔའ་བོ་གླིང་ཚའི་ཞི་་བའི་འཐབ་རྩོད་ཅེས་པའི་མ་རྩོམ་ཞིག་བོར་རླག་གཏང་བ་མིག་མི་འཛུམ་ཞེས་པས་བཤད་འདུག། གལ་སྲིད་བདེན་པ་ཡིན་་ན་སྲིད་སྐྱོང་ལ་མཐའ་གཅིག་ཏུ་ངོ་རྒོལ་མཐར་ཕྱིན་པ་བྱེད་ངེས་ཡིན། གལ་ཏེ་བདེན་པ་མིན་ན་མིག་མི་འཛུམ་དང་ཤར་ཁུག་གཉིས་མི་ཅིག་ལ་མིང་གཉིས་སུ་རྫུན་མིན་སོགས་ཞིབ་སྤྱོད་བྱེད་ངེས་ཡིན་ལ་བྱེད་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme