Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསང་བ་འདུས་པའི་སྨིན་གྲོལ་རྒྱུན།

Posted on 2014-06-072014-06-07 By ཁ་བརྡ་ 15 Comments on གསང་བ་འདུས་པའི་སྨིན་གྲོལ་རྒྱུན།

སྐྱོ་བྲག་དགའ་དབང་།

རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་སྨིན་གྲོལ་གྱི་རྒྱུན། དིང་གི་དུས་སུ་བཀའ་བརྒྱུད་པ་ལ་མེད་རབས་ཅོལ་ཆུང་འགའ་རེས་བཤད་པ་ནི། རང་ཉིད་ཀྱི་སྐལ་བ་དམན་པའི་མཐོང་སྣང་ཙམ་སྟེ། གང་ཟག་གཞན་པའི་ཞུ་གནང་གི་ལོ་རྒྱུས་བསྙད་པ་ཙམ་མིན་པར། ཕྲན་གྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་བླ་བརྒྱུད་ཙམ་ཞུས་ནའང་། བཀའ་བརྒྱུད་རིན་པོ་ཆེའི་བསྟན་འཛིན་སྐྱེས་ཆེན་རྣམས་ཙམ་མ་ཟད། རྗེས་འཇུག་ཐ་མ་བ་དག་ལའང་གསང་འདུས་ཀྱི་སྨིན་གྲོལ་གྱི་རྒྱུན་ཡོད་མེད་ཤེས་པར་འགྱུར་བས་ན། རྒྱལ་བ་རྡོ་རྗེ་འཆང་ནས་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་དང་། དེ་ནས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་བར་དུ་བླ་མ་བརྒྱུད་པའི་རིམ་པ་ལས་ཇི་ལྟར་བྱུང་བ་བཀའ་བརྒྱུད་སྔགས་མཛོད་ཀྱི་བརྒྱུད་ཡིག་ཏུ་ཕྲེང་བ་སྐོར་ཕུད་ཀྱིས་བྲིས་ཡོད།

འཇམ་མགོན་བློ་གྲོས་མཐའ་ཡས་ནས་རིམ་པར། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། ཀརྨ་པ་རིག་པའི་རྡོ་རྗེ་དང་། ཁོང་གིས་འབྲས་ལྗོངས་རུམ་བཏེག་དང་བལ་ཡུལ་རྒྱལ་ས་དག་ཏུ་ཐེངས་རེ་གནང་བ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་གསན། ཁོང་གིས་རྡོ་རྗེ་གླིང་མི་རིག་འབོ་དཀར་དགོན་པ་དང་། འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་དག་ཏུ་གནང་བའི་སྨིན་གྲོལ་གྱི་ཡིག་སྣ། བསྐྱེད་རིམ་དང་འབྲེལ་བ་དྲུག །རྫོགས་རིམ་དང་འབྲེལ་བ་བཞི་སྟེ་ཆོས་ཚན་བཅུ་འདུག་པ་ཆ་ཚང་བ་ཁོ་བོས་ཀྱང་ཐོབ་པ་ཡིན་ནོ། །

སྨིན་གྲོལ་གྱི་རྒྱུན་ཡོད་པ་ཙམ་དུ་མ་ཟད། གསང་བ་འདུས་པའི་སྒྲུབ་མཆོད་ཚོགས་པའི་ཕྱག་ལེན་གྱི་རྒྱུན་ཡང་ཡོད་ལ། ནཱ་རོ་ཆོས་དྲུག་གི་ཉམས་ལེན་དང་མངོན་རྟོགས་ཅན་ཡོད་པས་ན་གསང་བ་འདུས་པའི་ཉམས་རྟོགས་ཅན་ཡང་དོན་གྱིས་ཡོད་པར་འགྱུར་བ་སྟེ། ཤེས་བྱ་ཀུན་ཁྱབ་ལས། ཐབས་ལམ་ནཱ་རོ་ཆོས་དྲུག་ཏུ་གྲགས་པ་ཉིད་འཆད་པའི་སྐབས་སུ་བབས་པ་སྟེ། འདི་ཉིད་རྒྱུད་སྡེ་གང་ལ་བརྟེན་པའི་རྫོགས་རིམ་ཡིན་ཞེ་ན། བླ་མ་གོང་མ་རྣམས་ཀྱིས། གདམས་པ་འདི་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ལ་བརྟེན་ནོ། །ཞེས་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པ་ལ་བརྟེན་པར་གསུངས་པ་ནི་རགས་པ་ཙམ་སྟེ།
དོན་དུ་ན་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་དང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་པ་ཡིན་ཏེ། གསང་བ་འདུས་པ་སོགས་ཕ་རྒྱུད་སྐོར་ནས་རླུང་གི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། སྒྱུ་ལུས་འོད་གསལ་དང་བཅས་པའི་གདམས་པ་གསལ་བར་གསུངས་པ་དང༌། མ་རྒྱུད་བདེ་དགྱེས་སྐོར་ནས་རྩ་དང་ཐིག་ལེའི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། གཏུམ་མོ་ལས་རྒྱ་དང་བཅས་པའི་རྣལ་འབྱོར་གསལ་བར་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་སོགས་ནས་རྨི་ལམ་དང་བར་དོ། སཾ་ཊ་དང་གདན་བཞི་སོགས་ནས་འཕོ་བའི་གདམས་ངག་རྣམས་གསལ་བར་གསུངས་ཤིང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་རྩ་བ་དང་བསྡུས་པའི་རྒྱུད་སེམས་འགྲེལ་སྐོར་དང་བཅས་པར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་དང་གཏུམ་མོ་ལས་རྒྱ་སོགས་ཀྱི་རྣལ་འབྱོར་ཤིན་ཏུ་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །ཞེས་རྗེ་མི་བསྐྱོད་ཡབ་སྲས་རྣམས་བཞེད་དོ། །ཞེས་གསུངས་པ་ལས་ཤེས་པའི་ཕྱིར་རོ། །

རྩོམ་རིག

Post navigation

Previous Post: ཕྱིར་དྲན་ཁྲོད་ཀྱི་ན་ཟུག
Next Post: ཞི་བདེའི་ལྷ་བྱ་དཀར་པོ།

Comments (15) on “གསང་བ་འདུས་པའི་སྨིན་གྲོལ་རྒྱུན།”

  1. སྤོབས་པ་མཐའ་ཡས། says:
    2014-06-07 at 1:08 am

    རྒྱལ་བ་རྡོ་རྗེ་འཆངས་ཟེར་བ་དེ་སུ་ཞིག་རེད། ཡར་དེད་ན་རྩ་བ་འདི་ལ་ཐུག་ཡོད་འདུག རྡོ་རྗེ་འཆངས་ཟེར་བ་དེ་ཅི་ཞིག་རེད། མི་ཞིག་རེད་དམ། གང་དུ་སྐྱེས་པ་རེད། ནང་སྐྱེས་དང་ན་ཤི་གསལ་པོ་ཡོད་དམ།

  2. ཨ་ཕྱི་ཆོས་སྒྲོན says:
    2014-06-07 at 4:11 am

    ཨོ་དེ་རིང་སྤོབས་པ་ལ་ལན་ཞིག་ཞུ་དགོས་ཐུག་སོང་། མགོན་པོ་རྡོ་རྗེ་འཆང་ནི་སྐྱབས་རྗེ་བདུད་མོ་ཆོས་རྗེ་དང་ཨ་ཀོང་འདས་པོ་ཚང་དང་ཀརྨ་པ་ཕྲིན་ལས་རྡོ་རྗེ་དང་འབྲུག་འབྲི་གུང་དང་ས་སྐྱ་གོང་མ་སོགས་ཀྱིས་ངོས་བཟུང་ཡོད་པ་དེ་ནི་མཚམས་རེ་ཨ་རི་དང་ཐེ་ཝན་དང་། ད་ལྟ་པེ་ཅིང་ན་བཞུགས་ཡོད་རེད། སྐུ་ཕྲེང་གསུམ་རེད་གསུང་གི་འདུག

  3. རྒྱ་མཚོ་ཆེན་པོ་ says:
    2014-06-07 at 4:50 am

    དགའ་དབང་ལགས་ཐུགས་རྗེ་ཆེ་ད་དུང་ཡང་མུ་མཐུད་ནས་ཆེད་རྩོམ་གནང་བར་རེ་

  4. ཚེ་རིང་ནས། says:
    2014-06-07 at 6:58 am

    ཡག་པོ་བྲིས་འདུག

  5. ཨ་ཕྱི་ཆོས་སྒྲོན says:
    2014-06-07 at 1:58 pm

    བཀའ་བརྒྱུད་་བསྟན་པ་ལ་མི་ཕྱེད་པའི་དད་པ་ཡོད་མཁན་ཞིག་གི་འདི་ལྟར་བྲིས་འདུག
    སྤྱིར་བཏང་ཕྱོགས་མེད་ཀྱི་གྲྭ་ས་འགྲིམས་ནས་རིས་མེད་ཀྱི་བླ་མ་རྣམས་ལས་དབང་དང་གདམས་ངག་ཞུ་རྒྱུ་དང་དད་པ་དང་དག་སྣང་སྦྱང་རྒྱུ་དེ་ནི་གལ་ཆེན་ཞིག་ཡིན་ཀྱང་ཆོས་ལུགས་གྲུབ་མཐའ་ཞིག་འཇིག་ལ་ཉེ་བའི་ཚད་ལ་སླེབས་ཀྱང་སྤྱན་རས་ཟུར་ཙམ་གཡོ་བར་མི་བྱེད་པར་གཞན་གྱི་ཆོས་གྲྭ་ནང་དུ་གནས་ནས་ལྟ་སྤྱོད་ཚང་མ་གཞན་ལ་འགྱུར་ནས་ད་དུང་དྭགས་བརྒྱུད་པ་ལ་ཤ་ཚ་ཁུལ་གྱིས་གཞན་གྱི་ཚིག་འཆལ་འགའ་བེད་སྤྱོད་གཏོང་ནས་ཁ་སྤོབས་མཐོན་པོའི་སྒོ་ནས་ང་ཚོའི་ཆོས་ལུགས་ལ་མཐོང་ཆུང་བྱེད་མཁན་དྭགས་བརྒྱུད་པའི་མིང་འཛིན་ཉུང་ཉུང་ག་ལ་ཡིན། དོན་ངོ་མར་བཤད་ན་ང་ཚོ་བཀའ་བརྒྱུད་པ་ལ་མཁས་པ་མེད་པ་མ་ཡིན། ཁྲིད་དང་གདམས་ངག་གནང་མཁན་གྱི་བླ་མ་མེད་པ་མིན་ཀྱང་ང་ཚོའི་རིགས་ཅན་རྣམས་ཅོལ་ཆུང་བའི་དབང་གིས་གཞན་གྱི་ཆོས་གྲྭ་བཟང་རབ་དང་། གཞན་གྱི་ཆོས་དང་བླ་མ་བཟང་རབ་འབའ་ཞིག་བཤད་བསྡད་པའི་དབང་གིས་དེའི་སློབ་གསོ་འཕྲོད་ནས་ད་སྐབས་མི་རྒྱུ་ཚང་མ་གཞན་གྱི་ཆོས་གྲྭར་སྐྱེལ་གང་ཐུབ་བྱས་པའི་དབང་གིས་ང་ཚོའི་ཆོས་གྲྭ་རྣམས་ལ་ཉམས་རྒུད་ཚད་མེད་ཞིག་འགྲོ་བཞིན་ཡོད། དཔེར་ན་མགོ་ལོག་ཁང་སར་བསྟན་པོའི་ལོ་སྔ་མ་རྣམས་སུ་ཡེ་ཤེས་བླ་མ་གནང་སྐབས་ཞུ་མི་ཕལ་ཆེར་བཀའ་བརྒྱུད་པའི་མཁན་སྤྲུལ་དང་གྲྭ་བཙུན་རྣམ་ཡིན་པ་ལྟ་བུ་དང་། གཞན་ཡང་ད་སྐབས་སེར་ཤུལ་དང་ལབ་སོགས་གྲྭ་ས་ཆེན་པོ་བཟོ་མཁན་ང་ཚོའི་གྲྭ་བཙུན་རྣམས་མ་ཡིན་ནམ། གསེར་རྟ་ཡ་ཆེན་གཉིས་ན་གནས་པའི་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཕྱོགས་གཅིག་དུ་བསྡོམ་ན་ཆོས་གྲྭ་ཆེན་པོ་ཞིག་གི་ཚད་ལ་སླེབས་ཐུབ་པ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན།
    ང་ཚོའི་ནཱ་རོ་ཆོས་དྲུག་གི་ཆོས་ཁྲིད་གནང་དུས་སྤྲུལ་སྐུ་གཅིག་མ་གཏོག་མེད་པ་དང་གྲྭ་པ་སུམ་བརྒྱ་ལས་འཛོམས་མ་ཐུབ་པའི་རྒྱུ་མཚན་གང་ཡིན། གཞན་གྱི་ཆོས་གྲྭ་ཆེ་ཁག་འགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་དྭགས་བརྒྱུད་པའི་དགོན་སྡེ་ཕལ་ཆེར་འཛོམས་ཐུབ་པ་ཡིན་ཀྱང་ད་ལོ་མར་ལུགས་རྒྱུད་སྡེ་ཉམས་གསོའི་ཚོགས་འདུ་ཐོག་ལ་དགོན་པ་སུམ་ཅུ་སོ་གཉིས་ལས་འཛོམས་མ་ཐུབ་རྒྱུ་མཚན་གང་ཡིན། དྲང་མོར་བཤད་ནས་ང་ཚོའི་མགོ་ཕྱི་ལ་བཏག་ནས་ནང་དུ་ཕན་ཚུན་དྭོགས་པ་འདྲ་བཟོས་ནས་བསྡད་ཡོད་པ་ཚོར་ཐུབ་ཀྱིན་འདུག་གམ། ང་ཚོའི་མ་འོང་པ་ལ་འདི་འདྲ་བཟོས་ནས་བསྡད་པ་ཡིན་ན་ང་ཚོའི་བླ་མའི་བླ་གོ་ཆོད་རྒྱུ་མ་རེད་ལ་ཆོས་ཀྱི་ཆོས་གོ་མི་ཆོད་སེམས་ཐག་རེད། དེ་འདྲ་བྱས་ནས་བསྡད་པ་ཡིན་ན་ ང་ཚོའི་ཆོས་ལུགས་གྲུབ་མཐའ་འདི་ཡར་རྒྱས་གཏན་ནས་འགྲོ་མི་སྲིད་པས་དེ་ཐད་ང་ཚོ་དྭགས་བརྒྱུད་ཡོངས་ཀྱིས་བསམ་གཞིག་རེ་མཛད་དགོས་རྒྱུ་དེ་ནི་གལ་ཆེན་ནང་ནས་གལ་ཆེན་ཞིག་དུ་མཐོང་ངོ་།ངས་བཤད་པའི་གོང་གི་སྐད་ཆ་དེ་ཚོ་དྭགས་བརྒྱུད་པའི་བསྟན་པ་ལ་ཤ་ཚ་བ་དང་སྙིང་ཉེ་བའི་དབང་གིས་བཤད་པ་ལས་གཞན་གྱི་ཆོས་བརྒྱུད་གྲུབ་མཐའ་ལ་ཕོག་ཐུགས་གཏོང་འདོད་རྩ་བ་ནས་མེད། གང་ཟག་དང་དགོན་པ་སྒེར་གྱི་མིང་སྨོས་མེད་པས་མཐུན་སྒྲིལ་ལ་མི་གནོད་པ་དང་གཞན་གྱི་ཐུགས་ལ་མི་ཕོག་པར་སྨོན། གལ་སྲིད་རང་ལ་གོང་གི་སྐྱོན་དེ་རྣམས་ལྡན་ན་ཐུགས་ལ་ཕོག་དོན་མེད་པས་གཟུ་བོར་གནས་ཏེ་ཡོ་བསྲང་གནང་བའི་རེ་བ་སེམས་གཏིང་ནས་ཡོད།
    མྱུར་མགྱོགས་སུ་བྲིས་པས་ཚིགས་དོན་གྱི་ཆ་ལ་ནོར་འཁྲུལ་ཡོད་ངེས་པས་མཐོལ་བཤགས་དང་བཟོད་གསོལ་ཡོད།

  6. ཀློང་ཆུང་ says:
    2014-06-07 at 3:53 pm

    དཔལ་བཀའ་བརྒྱུད་རྒྱལ་གྱུར་ཅིག

  7. ཀློང་ཆུང་ says:
    2014-06-07 at 4:44 pm

    བདག་ཚོ་བཀའ་བརྒྱུད་པ་ཚོ་བློ་བདེ་མོ་གྱིས་ཤིག རྒྱལ་བ་རིན་པོ་ཆེ་ཕར་ཕུད་བོད་པའི་བླ་མ་མིང་གྲགས་ཆེ་ཤོས་རྒྱལ་དབང་ཀརྨ་པ་ཆགས་ཡོད།

    ཁོང་རྗེས་མ་རྒྱལ་བ་ཐམས་ཅད་མཁྱེན་པ་ལྟར་ས་སྟེང་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཏོ།
    ཕྱི་རྒྱལ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ལ་དོ་སྣང་བསླེབས་ཟིན། དཔེར་ན་ཀརྨ་པ་ཨ་རིར་ཕེབས་སྐབས་ཨ་རིའི་གཞུང་གི་སྐུ་སྲུང་གཏོང་བ་དང་། རྒྱ་གར་ལ་དེ་མཚུངས་རེད།

  8. ཨ་ཕྱི་ཆོས་སྒྲོན says:
    2014-06-07 at 7:48 pm

    ཀློང་ཆུང་པ་ཐུགས་དག རྒྱལ་བ་འབྲི་གུང་པ་དང་ཀརྨ་པ་ཕྲིན་ལས་རྒྱས་བཞིན་པ་རེད།

  9. བསམ་ཤེས། says:
    2014-06-07 at 11:02 pm

    སྐྱོ་བྲག་ངག་དབང་ལགས་ཀྱི་གསང་འདུས་སྐོར་དེས་གུས་པར་སེམས་ལ་དགའ་བ་འབུམ་གྱུར་ཐོབ། ཐུགས་རྗེ་ཆེ། དེ་ནས་སྐུ་ཉིད་ཀྱིས་བཀའ་བརྒྱུད་ནང་གི་འཇིགས་འབྱེད་ཀྱི་རྒྱུད་སྐྱོ་ལུགས་དེའི་སྐོར་གྱི་རྒྱུན་གསུངས་རོགས།

    ཐུགས་རྗེ་ཆེ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-06-08 at 12:44 am

    ་་་་་མ་རྒྱུད་བདེ་དགྱེས་སྐོར་ནས་རྩ་དང་ཐིག་ལེའི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། གཏུམ་མོ་ལས་རྒྱ་དང་བཅས་པའི་རྣལ་འབྱོར་གསལ་བར་གསུངས་་་་་་་
    ་་་་་་ ཁྱད་པར་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་རྩ་བ་དང་བསྡུས་པའི་རྒྱུད་སེམས་འགྲེལ་སྐོར་དང་བཅས་པར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་དང་གཏུམ་མོ་ལས་རྒྱ་སོགས་ཀྱི་རྣལ་འབྱོར་ཤིན་ཏུ་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། ་་་་་་་
    སྐྱོ་བྲག་གིས།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-06-08 at 12:55 am

    མར་ལུགས་གསང་བ་འདུས་པ། །
    དགེ་ལྡན་བླ་མས་ཉར་འདུག །
    དིང་གི་བཀའ་བརྒྱུད་བླ་མར། །
    དབང་རྒྱུན་ཡོད་ན་ཤོད་ཅིག །

  12. དབང་འདུས། says:
    2014-06-10 at 10:17 pm

    ཨ་ཕྱི་ཆོས་སྒྲོན་གྱི་མཚན་ཅན་དེས་མཆན་ཡག་པོ་བཏབ་འདུག ཆོས་རྒྱུད་གང་ཡིན་ཀྱང་རིང་ལུགས་གཙང་མ་ཉར་རྒྱུ་ཧ་ཅང་གལ་ཆེན་རེད། རིེས་བྱེད་དུ་བྱས་ན་ཡོད་ཚད་བསྲེ་བསྲེ་བྱས་ན། གང་མཚམས་ཤིག་ནང་ཆུང་ངུ་རྣམས་ཆེན་པོ་གཅིག་ཏུ་ཁ་འོག་ཏུ་མི་སྣང་བར་འགྱུར་ངེས་ཡིན།
    ང་ཚོའི་བླ་མ་སྐད་གྲངས་སུ་ཆེ་ལ་བལྟ་ན་ནོར་བ་རེད། སྐད་གྲགས་ལའང་ཆོས་ཀྱི་སྐད་གྲགས་དང་། སྲིད་ཀྱི་སྐད་གྲགས། ལོ་རྒྱུས་ཀྱི་སྐད་གྲགས། ཉམས་ལེན་གྱི་སྐད་གྲགས་དང་། ནང་ཆོས་ཤེས་ཡོན་གྱི་སྐད་གྲགས་སོགས་སྣ་ཚོགས་པ་ཞིག་ཡོད་པ་ན། ཐར་པ་དོན་དུ་གཉེར་བ་དག་གང་གི་རྗེས་སུ་འབྲང་རྒྱུའང་མ་ནོར་བ་གལ་ཆེ།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-06-11 at 12:22 am

    གུ་རུ་རིན་པོ་ཆེའི་དབང་དང་། ཀརྨ་པ་ག་གེ་མོའི་དབང་ཟེར་ན་གང་རེད། ཡང་། འགའ་ཞིག་གིས། མགོན་པོ་ཕྱག་དྲུག་གི་དབང་ཞེས་པའི་ཐ་སྙད་འདི་ཡང་ནོར་བ་རེད། དབང་དང་རྗེས་སྣང་སོ་སོར་གོ་དོན་ཡང་སོས་ོར་གནས་དགོས།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-06-11 at 12:23 am

    ཡང་གཏོར་མའི་དབང་འདི་ལ་ཡང་དོགས་པའི་གནས་སུ་མཐོང་བས། གསལ་བཤད་མཛོད་ཅིག

  15. ཀློང་ཆུང་ says:
    2014-06-11 at 11:00 am

    ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme