Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསང་ཆེན་ཉམས་རྟོགས་ཀྱི་སྲོལ་འབྱེད་ཆེན་མོ་བྷི་ལ་བ་སི་ཀི།

Posted on 2008-05-242008-05-24 By དབང་ཕྱུག་

ཤེས་རབ་དར་རྒྱས།

ཉེ་བའི་ཆར་ཁོ་བོས་ལས་ཀའི་བར་སྟོང་འགར་ངལ་བསོའི་ཚུལ་དུ་གཏམ་རྒྱུད་གསེར་ཐང་ལས་དུམ་བུ་འགའ་བསྐྱར་དུ་བཀླགས། དགེ་ཆོས་ཀྱིས་ནམ་ཞིག་ན་བོད་ལ་ཆེས་གསར་བར་གྱུར་པའི་གནས་ཚུལ་ཞིག་ངོ་སྤྲོད་འདི་ལྟར་བྱས་འདུག། “འདི་དང་འདྲ་བའི་ཆོས་ལུགས་གསར་པ་གཞན་ཞིག་ཀྱང་བྱུང༌། དེའི་རྩ་བ་འཛུགས་མཁན་ནི་ཨུ་རུ་སུའི་བུད་མེད་བ་ལ་བ་སི་ཀི་བྱ་བ་ཡིན། འདི་ནི་རང་བྱུང་གི་རྣལ་འབྱོར་མ་ངོ་མཚར་ཅན་ཞིག་ཡིན་སྙམ་ཞིང༌། གང་ལྟར་ཡང་རྫུ་འཕྲུལ་ཐོབ་པ་ཞིག་ཡིན། བྱིས་པའི་དུས་ནས་བོད་ཀྱི་བླ་མ་མུ་ར་བྱ་བ་དང༌། སྐུ་ཐུ་མེད་བྱ་བ་གཉིས་ཀྱིས་རྨི་ལམ་དུ་རྗེས་སུ་བཟུང༌། དེ་ནས་ཇི་ཞིག་ན་ཞལ་གཟིགས་ཀྱི་རྣམ་པ་དང༌། མཐར་དངོས་སུ་མཇལ་ཏེ་མི་དང་མི་བཞིན་ལབ་ཅིང༌། དོན་ཕྲ་རགས་ཐམས་ཅད་ཀྱི་བསླབ་བྱ་བྱས། དེ་དག་གི་ལོ་རྒྱུས་རྒྱས་པ་རྣམས་ཞིབ་ཏུ་བཀླགས་ཚེ། རེ་ལས་ཀྱི་རྡོ་རྗེ་ལ་བྱུང་བའི་གསང་བདག་ཀྱང་དྲན་སྙམ་བྱེད། རེ་རྗེ་བཙུན་རྒ་ལོ་ལ་བྱུང་བའི་རྒྱལ་གདོན་དེ་དང་ཡང་འདྲ་སྙམ་པ་བྱེད། ཁ་ཚོན་གང་དུ་གཅོད་དགོས་པ་མ་ཤེས།

སློབ་དཔོན་དེ་གཉིས་དང་ཡིག་ཕྲིན་ཀྱང་བརྒྱུད་མར་བྱས། ཡིག་ལན་རྣམས་ནམ་མཁའ་སྟོང་པ་ནས་མདུན་དུ་འབབ་པ་མི་ཤིན་ཏུ་མང་པོས་མངོན་སུམ་དུ་མཐོང་ཞིང༌། རེ་གྲོ་གའི་སྟེང་དུ་བྲིས་པའི་ལན྄ཙ་དང་བོད་ཡིག་ཏུ་འདུག་ཟེར། འོན་ཀྱང་ངེད་ཀྱིས་ནི་མཐོང་བ་མ་བྱུང༌། གང་ལྟར་ཡང་མོའི་རྫུ་འཕྲུལ་གྱིས་ནི་ཕི་གླིང་པ་ཐམས་ཅད་ཡིད་ཆེས་པར་བྱས། འགའ་ཞིག་སྒྱུ་མའི་འཕྲུལ་དུ་དོགས་ཀྱང་དེ་ཀུན་ལ་སྦྱང་འདྲིས་མཐར་ཕྱིན་པ་ཕི་གླིང་འཕྲུལ་གྱི་རྒྱལ་ཁམས་པ་རྣམས་ལ་མགོ་སྐོར་ཐོང་བ་བྱ་དཀའ་བའི་གནས་སུ་སེམས། མི་འདྲ་བའི་ཁྱད་པར་ནི། ནུ་མའི་འོག་ན་ཅི་ལ་ཡིན་སུ་ལ་རྒྱུས་མེད་པའི་རྨ་ཤུལ་ཆེན་པོ་ཞིག་ཡོད་པ་རེ་ཁ་ཕྱེ་ཚེ་ཁྲག་འབབ། ཡོ་བྱད་མཁོ་སྐྱེལ་རྣམས་ལ་དམིགས་པ་ཙམ་གྱིས་བྱེད། མར་མེ་སྤོར་བ་དང་ཕུ་འདེབས་པ་ཡང་སེམས་ཁོ་ནས་ནུས། གཞན་གྱི་ལུས་ལ་དམིགས་པ་གཏད་པས་ལུས་སྦྲིད་ཆིལ་བ་འབྱུང༌། ནམ་མཁའ་སྟོང་པ་དྲིལ་བུ་དངུལ་གྱི་སྒྲ་ཙེར་རེ་བཞིན་རྒྱུན་དུ་སྒྲོག། ཡུལ་གཞན་དུ་བསྐུར་དགོས་པའི་ཡི་གེ་དང་གོས་སོགས་མདུན་དུ་མེ་ལ་བསྲེགས་ཏེ་ཐལ་བར་བྱས་པས་གནས་གནས་དེ་ཉིད་ལ་སླེབས་ནས་དངོས་སུ་ལེན་རྒྱུ་ཡོད། མཁོ་བའི་དངོས་པོ་ཕལ་ཆེར་གང་སོང་ས་དེར་ཤིང་དང་ཆུ་དང་མཁའ་ལ་ལེན་པར་བྱེད། དེ་ཀུན་ལས་ཀྱང་མོའི་བསམ་བློ་གཉིས་པ་དང་ཡི་གེ་གཏོང་བ་དང་ལན་ཐོས་པ་དེ་ཤིན་ཏུ་ཡ་མཚར་ཟེར། རྒྱ་གར་དུ་སླེབས་ཚེ་ཕི་གླིང་པ་དག་གིས་མ་དགའ་བར་དེ་ཀུན་སྒྱུ་མ་ཡིན་སྨྲས་ནས་དམག་མི་བཏང་སྟེ་རྩད་གཅོད་ཇི་ཙམ་བྱས་ཀྱང་བརྫུན་ཁུངས་ཅི་ཡང་མ་བརྟོལ། གང་ལྟར་ཡང་ད་ལྟ་ཕྱིའི་རྒྱལ་ཁབ་ཀུན་ཏུ་སངས་རྒྱས་མོས་པ་བྲམ་ཟེ་གནམ་གྱི་སྐར་མ་བཞིན་གཅིག་རྗེས་སུ་གཅིག་རུབ་སྟེ་ཁེངས་ནས་དགོངས་པ་འདི་གཙོ་བོ་བུད་མེད་འདིའི་ལུགས་གསར་པ་དེའི་རྐྱེན་ཡིན། སིངྒལ་པའི་དགེ་སློང་སེམས་རྒྱ་ཁབ་མིག་ལས་དོག་པ་དག་ཀྱང་མོ་ལ་ད་གཟོད་བསྔགས་བརྗོད་བྱེད་པ་མང༌། དྷརྨཔཱ་ལ་དྲང་སྲོང་ལྷུང་བའི་གནས་གསོ་མཁན་དེ་ཡང་ཐོག་མར་འདི་ལ་བརྟེན་ནས་སངས་རྒྱས་ལ་མོས་པ་ཐོབ་ཟེར། མོས་ཆོས་དེ་དེང་སང་གི་རིགས་གསར་གྱི་ལྟ་བ་དང་སྦྲེལ་ཏེ་བཤད་པས་ནུབ་ཕྱོགས་པ་ཐམས་ཅད་ཡིད་འཕྲོག། ལྷག་པར་སྔ་བར་ཕི་གླིང་པ་རྣམས་མི་ལས་འདས་པའི་སྒྱུ་འཕྲུལ་ལ་ཡིད་མི་ཆེས་པ་ལ་མོས་རྫུ་འཕྲུལ་བསྟན་པར་མ་ཟད། རྫུ་འཕྲུལ་གྱི་ནུས་པས་དངོས་པོ་བསྒྱུར་ཚུལ་སོགས་རིགས་གསར་གྱི་ལྟ་བའི་གནད་ལ་སྦྱར་བ་ཡིན། བཤད་ལུགས་དེ་ཀུན་ངེས་པར་ངོ་མཚར་བར་སྣང༌།”
མཚམས་འདིར། དགེ་ཆོས་འདི་བ་ནམ་དུ་ཡང་ལྷག་བསམ་དཀར་ཞིང༌། ཡིད་གཞུངས་ལ་དྲང་ཚུགས་བརྟན་པ། བརྟག་ཐུབ་པ་བཅས་ཡིན་པའི་ཁར། རིག་རྩེ་ན་ཅི་ཡང་འཕྱོ་ཞིང་ངག་སྒོ་ན་ཅི་ཡང་འཇོ་བ་ཞིག་དང༌། མཐོང་ཐོས་མྱོང་གསུམ་ལ་མཐའ་མེད་པའི་སྐྱེས་བུ་ཁྱད་པར་བ་ཞིག་རེད་ཨང་སྙམ་པའི་ཚོར་བ་ཞིག་གིས་ཁོ་བོའི་ཀློག་མཚམས་བཙན་གྱིས་བཅད། ང་ལ་དོན་དག་འདི་འདྲ་བྱུང་བ་ནི་ཉུང་ཉུང་མིན། དེ་ནི་ཁོ་བོ་དགེ་ཆོས་ལ་ཞེན་པའི་དབང་གིས་མིན་པར་ཁོང་གི་འབུར་ཐོན་གྱི་ཁྱད་ཡོན་དག་ལ་དུང་བའི་སྟབས་ཁོ་ནས་རེད། སྐབས་དེར་དགེ་ཆོས་ལ་ཡི་རངས་པ་ཙམ་གྱིས་གར་ཡང་མི་སླེབས་པས་དེ་ལས་ཁ་སྐོང་གསལ་བཤད་ཅིག་གིས་ཁོང་གི་འཕྲིན་ལས་ལ་རམ་འདེགས་ཕྲན་བུ་རེ་བྱ་ཐུབ་ན་དེའང་དོན་དག་ཅིག་རེད་སྙམ་སྟེ། ནམ་ཞིག་ན་གང་དུ་སྙན་གྲགས་རྒྱས་ཤིང་གཏམ་རྒྱུད་གསེར་ཐང་དུ་ངོ་མཚར་དཔལ་གྱིས་མཐོ་བའི་བུད་མེད་བྷི་ལ་བ་སི་ཀི་ཞེས་པ་དེ་འཚོལ་ཕྱིར་འཕྲུལ་ཆས་འཇིག་རྟེན་གྱི་ལྗོངས་སུ་ལན་གཅིག་ཞུགས་སོ།།
སྐབས་དེར་ཁོ་བོས་ཐོག་མར་མཐོང་བ་ནི། བྷི་ལ་བ་སི་ཀི་ཁོང་དགེ་སྐྱོན་གཉིས་ཀའི་གླེང་གཞིར་གྱུར་ཡོད་ནའང༌། བུད་མེད་རང་ག་བ་ཞིན་མིན་པ་ཐུན་མོང་དུ་གྲུབ་ཡོད་པ་དེ་རེད། གང་ལྟར་ཁོ་མོ་སྤྱི་ལོ་ ༡༨༣༡ ལོར་ཡུ་ཁིརཱན་ Ukraine དུ་འཁྲུངས་ཤིང༌། ཆུང་དུས་ནས་གྲུབ་རྟགས་ལྟ་བུའི་ནུས་པ་ཁྱད་པར་ཅན་ལྡན་པའི་བུད་མེད་ཅིག་ཏུ་མང་པོས་བཤད། ཁོ་མོ་རང་ལོ་བཅུ་གཅིག་ཏུ་སོན་པ་ན། ཨ་མ་ཚེ་ལས་འདས་པ་དང་ལྷན་དུ་བྱིས་དུས་ཀྱི་དཀའ་སྡུག་ཀྱང་འབུས་མགོ་བརྩམས། ཁོང་གི་ཨ་མ་ནི། གཞོན་དུས་ནས་སྒྲུང་རྩོམ་འབྲི་མགོ་བརྩམས་ཤིང་དེ་དང་ལྷན་དུ་སྙན་གྲགས་ཀྱང་ཤིན་ཏུ་རྒྱས་པ་ཞིག་རེད། སྟབས་མ་ལེགས་པར་རང་ལོ་ཉེར་བརྒྱད་སྟེང་ཚེ་ལས་འདས་ནའང༌། འཇིག་རྟེན་འདིར་སྒྲུང་དེབ་བཅུ་གཉིས་ཙམ་བཞག་སྟེ་རང་ཉིད་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཏུ་སྐྱེས་པའི་དོན་གོ་བཅད་འདུག། ཁོ་མོའི་ཨ་ཕ་ལ་དམག་དཔོན་ཞིག་གི་ལོ་རྒྱུས་གསལ་ཙམ་ཡོད་སྟབས་རྒྱུས་ལོན་བྱ་འདོད་མ་བྱུང༌།
སྤྱི་ལོ་ ༡༨༤༩ ལོ་སྟེ། བྷི་ལ་བ་སི་ཀི་རང་ལོ་བཅུ་དྲུག་སྐབས། ཕོ་ལོ་བཞི་བཅུར་སོན་པའི་དཔོན་རིགས་ཤིག་ལ་གཉེན་སྒྲིག་བྱ་དགོས་བྱུང་ཡང༌། ཟླ་ཤས་རྗེས་བཞོན་རྟ་ཞིག་རྐུ་འཁྲིད་ཀྱིས་སྤོ་བོའི་སར་བྲོས་བྱོལ་དུ་བསྐྱོད་འདུག། དུས་དེ་ཙམ་ཞིག་ལ་ཁོ་མོའི་བསམ་པར། རང་ཉིད་ཀྱི་རྣམ་དཔྱོད་དང་ནུས་པར་སྔར་ལས་ལྷག་པའི་རྣོ་ངར་མ་སྤྲད་ཚེ་འཚོལ་སྙེག་གི་ལམ་བུ་བཤང་མི་ཐུབ་སྙམ་སྟེ། གནའ་སྲོལ་གུ་དོག་དང་བརྩེ་མེད་ཀྱི་ཁོར་ཡུག་དག་རྒྱབ་ཏུ་བསྐྱུར་ཏེ་འགྲུལ་བཞུད་ཀྱི་མགོ་བཙུགས། སྐབས་དེའི་བུད་མེད་ཅིག་ལ་མཚོན་ན། ཁེར་རྐྱང་དུ་འགྲུལ་བཞུད་བྱེད་པ་ནི་ད་ལྟའི་ལྟ་སྐོར་དང་ག་ལ་མཚུངས། འོན་ཀྱང་ཁོ་མོས་མི་ལོ་བཞི་བཅུ་ཙམ་གྱི་རིང་སྔ་ཕྱིར་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་འགྲུལ་བཞུད་ཀྱིས་ཅི་ཞིག་བཙལ། འཚོལ་རྒྱུ་ངོ་མ་དེ་ང་ཚོས་ཤེས་དཀའ་ཡང་ཅི་ཞིག་རྙེད་པ་ནི་ཤེས་མི་ཐུབ་པ་ཞིག་མ་རེད།
ནམ་ཞིག་ན་ཁོ་མོས་འཛམ་གླིང་གི་མཇུག་མཐའི་སྦས་ཡུལ་དུ་བརྗོད་པའི་བོད་ཀྱི་སྣོད་བཅུད་ཤེས་རིག་དང་བཅས་པའི་གནས་ཚུལ་ཅུང་ཞིབ་ཙམ་གོ་བ་ན་བོད་དུ་བསྐྱོད་འདོད་ཀྱི་འདུན་པ་དྲག་ཏུ་གྱུར། སྤྱི་ལོ་ ༡༨༥༣ ལོར་བོད་དུ་འགྲོ་ཐབས་བྱས་ཀྱང་བསམ་དོན་ལམ་དུ་མ་ཕྱིན། སླར་ཡང་ ༡༨༦༨ ལོར་འབད་པ་བྱས་པས་དོན་འབྲས་ཇི་བཞིན་བྱུང་སྟེ། བོད་བརྒྱུད་བསམ་བློ་རིག་པའི་ཕྱོགས་ལ་རྒྱུས་ལོན་ཆེ་ཙམ་བྱེད་ཐུབ་པ་བྱུང༌། ལོ་རྒྱུས་གཞན་ཞིག་ཏུ་ ༡༨༤༨ ནས་ ༡༨༥༨ བར་ཞིག་ལ་བོད་དུ་བསྐྱོད་དེ་ལོ་ངོ་གཉིས་ཀྱི་རིང་སློབ་སྦྱོང་བྱས་པར་བརྗོད། གང་ལྟར་འགྲུལ་སྐྱོད་ཀྱི་སྐབས་སུ། ཁོ་མོས་རྙེད་པ་ནི་གནའ་བོའི་ཤེས་རིག་གི་འདུ་ཤེས་དང༌། དེ་དག་གི་ལག་ལེན་སོགས་རེད་ལ། སྐབས་ཐོག་གི་བྱ་བ་ནི་རང་གིས་གང་རྙེད་པ་རྣམས་སྒེར་ཉར་མི་བྱ་བར་ཐམས་ཅད་དར་སྤེལ་བྱ་རྒྱུ་དེ་རེད། ཁོང་གི་བྱས་རྗེས་ནི། དངོས་གཙོའི་འདུ་ཤེས་རགས་པ་དག་ཕྱོགས་སྔར་བསུས་ཏེ། གསང་བའམ་རང་ཆས་ལྐོག་གྱུར་དུ་ཡོད་པའི་སེམས་ནུས་ཁྱད་པར་བ་དག་མངོན་དུ་བྱ་ཐབས་ཀྱི་བསླབ་བྱར་གྲུབ་འབྲས་སྣ་ཚོགས་ཐོན་པ་དེ་རེད། དེར་བརྟེན་ནུབ་ཕྱོགས་སུ་ཁོ་མོར་གསང་ཆེན་ཉམས་རྟོགས་ཀྱི་སྲོལ་འབྱེད་ཆེན་མོ་ཞེས་པའི་མཚན་ཡང་གསོལ་མྱོང་འདུག།

ཁོ་མོས་འགྲུལ་བཞུད་ཀྱི་སྐབས་ཀུན་ཏུ་ནུབ་ཕྱོགས་སུ་ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་དོན་བཀྲལ་ཏེ་ཤར་ཕྱོགས་ཤེས་རིག་གི་འདུ་ཤེས་སྤེལ་ཞོར། ཤར་ཁུལ་དུ་ད་དུང་ཡང་གནའ་བོའི་ཤེས་རིག་གི་ཚེ་སྲོག་ཕལ་མོ་ཆེ་ཉམས་མེད་དུ་གནས་པ་དགའ་འོས་པའི་དོན་ཞིག་ཡིན་པར་བསྒྲགས་ཤིང༌། ཆོས་ལུགས་ཆེན་པོ་ཁག་རྩ་བ་གཅིག་ལས་གྱེས་པའི་ཡལ་ག་ལྟ་བུར་བཀྲལ། མི་ཐམས་ཅད་ཚུལ་མཐུན་དང་འཆམ་མཐུན་དགོས་པའི་ཐད་ཀྱང་གནས་ལུགས་སམ་རྒྱུ་མཚན་གྱིས་གསལ་བཤད་བྱས་པར་མ་ཟད། དགོས་ངེས་ཀྱི་དུས་ནམ་ཤར་བ་ན་གཞན་གྱི་བློ་ཚོད་དང་བསྟུན་ཏེ། ཚན་རིག་གིས་གསལ་སྟོན་མི་ཐུབ་པའི་གནས་སྟངས་ཇི་སྙེད་ཅིག་རྫུ་འཕྲུལ་ལྟ་བུའི་ལམ་ནས་ར་སྤྲོད་བྱས། དེ་དག་གིས་ཁོ་མོའི་དམིགས་དོན་འགྲུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
བྷི་ལ་བ་སི་ཀི་སྤྱི་ལོ་ ༡༨༧༣ ལོར་ཨ་རིའི་ནིའུ་ཡོཀ་ཁུལ་དུ་གཞིས་སྤོར་བྱས། ༡༨༧༥ ལོར་དེ་གར་གཉེན་སྒྲིག་ཐེངས་གཉིས་པ་བྱས་ནའང་ཟླ་ཤས་རྗེས་སླར་ཡང་གཉེན་འཐོར་བྱ་དགོས་བྱུང་འདུག། དེའི་ཕྱི་ལོར་ཨ་རིའི་མི་སེར་དུ་གྱུར་པ་ནས་དེར་རྒྱུན་སྡོད་བྱས་ཤིང༌། སྐབས་མང་པོར་ལྷ་ཁོག་ཞུགས་ལྟ་བུའི་རྣམ་པ་དང༌། བརྟེན་ས་མེད་པར་ལུས་པོ་གྱེན་དུ་འཕགས་པ་དང༌། ལུས་པོ་རང་སར་བཞག་སྟེ་རང་འདོད་ཀྱིས་འགྲུལ་བཞུད་བྱེད་པ། སེམས་དང་སེམས་ཁོ་ནས་གླེང་མོལ་བྱེད་པ། རྒྱུ་ཆ་མེད་པར་དངོས་པོ་བསྐྲུན་པ་སོགས་རྫུ་བ་དང་འཕྲུལ་བའི་རིགས་མང་དུ་བསྟན་པར་མ་ཟད། རང་ཉིད་ལ་གཞན་སེམས་ཤེས་པའི་མངོན་ཤེས་དང་རྣ་བའི་མངོན་ཤེས་སོགས་ཀྱང་ཡོད་པར་བརྗོད་འདུག། འོན་ཀྱང་དོན་དངོས་ཐོག་ཁོང་ཉིད་ལྟ་གྲུབ་དང་གཞུང་ལུགས་སོགས་གཙིགས་ཆེན་དུ་འཛིན་པ་ལས་རྫུ་འཕྲུལ་གྱི་རིགས་ལ་དེ་ཙམ་སྣང་ཆེན་མི་བྱེད་པ་ཞིག་ཡིན་འདུག།

༡༨༧༤ ལོའི་ཕྱི་ཟླ་དྲུག་པ་ཙམ་ལ། ཨོལ་ཁོཊི་ཟེར་བའི་བྷི་ལ་བ་སི་ཀིའི་གྲོགས་པོ་དེས། ནེའུ་ཡོཀ་ཁུལ་གྱི་འོད་སྣང་ཞེས་པའི་དུས་དེབ་ཏུ་ཨེཌེསི་ཧཕརམ་ཞེས་པའི་ཁྱིམ་གཞིས་སུ་ཤི་བོར་ཐུག་འཕྲད་དང་གླེང་མོལ་སོགས་བྱེད་ཐུབ་པའི་གནས་ཚུལ་ཡ་མཚན་ཅན་ཞིག་བཀླགས། དེར་བརྟེན། ཨོལ་ཁོཊི་ས་གནས་དེར་ཆེད་སྐྱོད་ཀྱིས་ཉིན་འགར་ཞག་སྡོད་བྱས་ཏེ་རྒྱུས་ལོན་བྱས། སྐབས་དེར་ཁོང་གིས་ཁྱིམ་ཚང་དེའི་ཆ་སྒམ་ཞིག་ལས་འདས་པོ་འགའ་ཕྱིར་ཐོན་ཏེ་གླེང་མོལ་བྱེད་པ་སོགས་དངོས་སུ་མཐོང་ཞིང༌། དེ་དག་འཇིག་རྟེན་གཞན་ཞིག་ནས་ཡོང་བར་ཡིད་ཆེས་བྱས། རྗེས་སུ་ཁོང་གིས་ཀྱང་གནས་ཚུལ་ཡ་མཚན་ཅན་དེ་བརྗོད་གཞིར་བྱས་པའི་རྩོམ་ཡིག་ཅིག་སྤེལ་བ་གང་སར་ཁྱབ། སྐབས་ཤིག་སླར་ཡང་ཁོང་གིས་འདྲ་གཟུགས་རྣམས་ཀྱི་ཡང་ལྕི་དང་མཐོ་དམའ་སོགས་ཚད་འཇལ་བྱས་ཤིང༌། ཁྱིམ་བདག་གི་ལུས་པོར་ཞིབ་བཤེར་བྱས། སྒོ་དང་སྒེའུ་ཁུང་དང་ཆ་སྒམ་སོགས་ཁང་པའི་ཕྱི་ནང་གང་སར་བརྟག་དཔྱད་ལེགས་པར་བྱས་ཏེ་བསྐྱར་དུ་བརྟགས་ནའང༌། སྔར་གྱི་གནས་ཚུལ་དེ་ཉིད་ལས་གསང་བ་གཞན་གང་ཡང་མ་རྙེད་པས། འདས་པོ་དེ་དག་ཕྱི་མའི་ཡུལ་ནས་ཕྱིར་ཡོང་བར་ཡིད་ཆེས་སྣོན་མ་བྱེད་དགོས་བྱུང༌། ཡ་མཚན་པ་ཞིག་ལ། བྷི་ལ་བ་སི་ཀི་སླེབས་པ་ན། འདས་པོའི་གཟུགས་བརྙན་དེ་དག་གློ་བུར་དུ་འགྱུར་ཏེ། ཚང་མ་བྷི་ལ་བ་སི་ཀིའི་ངོ་ཤེས་ཤ་སྟག་ལྟ་བུར་གྱུར་པ་སོགས་འགྲེལ་བརྗོད་མི་ཐུབ་པའི་ཚུལ་མང་པོ་བྱུང༌། བྷི་ལ་བ་སི་ཀིས། དེ་ནི་ལྟ་མཁན་གྱི་འཕྲུལ་སྣང་དང་གཞན་གྱིས་བྱས་པའི་སྒྱུ་མ་ལྟ་བུའི་སྣང་བ་སོགས་གང་ཡང་མིན་པར་དོན་དངོས་ཡིན་པར་བརྗོད།
༡༨༧༥ ལོའི་ཟླ་བ་དགུ་པའི་ནང་ཁོ་མོས་གཙོ་འགན་བཞེས་ཏེ། Theosophical Society ཞེས་པའི་ཚོགས་པ་དེ་གསར་འཛུགས་བྱས། ཁོ་མོས་ཆོས་ལུགས་རྣམས་ལ་ཕྱི་ངོས་ཀྱི་རྣམ་པའི་ཆ་ནས་མི་མཐུན་པ་ཡོད་ནའང༌། ནང་གི་དེ་ཉིད་དམ་གཞི་རྩའི་བདེན་པའི་ཆ་ནས་གཅིག་མཚུངས་ཡིན་པར་བརྗོད་པར་མ་ཟད། དུས་རབས་དང་བསྟུན་ཏེ་ཆོས་ལུགས་ཀྱི་བདེན་པ་བཀྲལ་བས་ཉམས་ཞིབ་པ་མང་པོས། ཁོ་མོ་དུས་སྐབས་གསར་བའི་བསམ་བློའི་སྲོལ་འབྱེད་ཆེན་མོ་ཞིག་ཡིན་པར་ཡིད་ཆེས་བྱས། བྷི་ལ་བ་སི་ཀིས་གོང་གསལ་ཚོགས་པ་དེ་ཉིད་གསར་འཛུགས་སྐབས་ཅི་ཡང་མ་གསུངས་ཀྱང༌། རྗེས་སུ་ཁོང་གི་གྲོགས་པོ་དང་རྗེས་འཇུག་པ་རྣམས་ལ་དེ་ནི་བོད་དང་རྒྱ་གར་གྱི་སྐྱེས་བུ་དམ་པ་ཚོའི་ཐད་ཀའི་ལམ་སྟོན་དང་འབྲེལ་ཏེ་བཙུགས་པ་ཞིག་ཡིན་པར་བརྗོད།
སྐབས་ཤིག། ཨོལ་ཁོཊིས་དཔེ་དེབ་ཅིག་ཀློག་པའི་སྐབས་སུ་མིག་ཟུར་ནས་མི་ཞིག་ཡར་ལངས་བསྡད་པའི་སྣང་བ་བྱུང་བ་ན་ངོ་མཚར་ཏེ་བལྟས་པས། དེ་ནི་སྣང་བ་ཙམ་མིན་པ་སྟེ། གྱོན་གོས་དཀར་པོ་གོན་ཞིང་མགོ་རས་སེར་པོ་དཀྲིས་པ། སྐྲ་ལོ་ནག་པོས་ཕྲག་པར་ཁེབས་ཤིང་ཨག་ཚོམ་ནག་ཅིང་རིང་བ་ཆ་གཉིས་སུ་བགོས་ཏེ་འགྲམ་ངོས་གཡས་གཡོན་ནས་རྣ་ལྟག་གཉིས་སུ་དཀྲིས་པ། མིག་རས་རྣོ་ལ་འཚེར་ཞིང་བྱམས་བརྩེའི་མདངས་ཐོན་པ། གཟི་བྱིན་གྱི་དཔལ་འབར་བ། ཚུལ་ལྡན་གྱི་ཉམས་རང་ཆས་སུ་འཛོམས་པ། ཀུན་ལས་ཁྱད་པར་དུ་འཕགས་པ་ཞིག་སྟེ་ཕར་བལྟས་ཚོད་ཀྱིས་ཤར་ཕྱོགས་པ་མིན་ནམ་སྙམ་པའི་སྐྱེས་བུ་ཞིག་མཐོང༌། དེ་མ་ཐག་ཨོལ་ཁོཊིས་པུས་མོ་ས་ལ་བཙུགས་ཏེ་གུས་ཕྱག་ཕུལ་བ་ན། སྐྱེས་བུ་དེ་དལ་གྱིས་མར་བཞུགས་ཏེ། “འགྲོ་བ་མིའི་དོན་དུ་ལས་དོན་ཆེན་པོ་ཞིག་འགྲུབ་ངེས་ལ། ཁྱེད་གཉིས་ཀྱི་འབྲེལ་བ་ནི་ཆེས་གཏིང་ཟབ་ལ་རང་དགར་དཔག་དཀའ་བ་ཞིག་ཡིན་པས། སྐབས་རེར་ལམ་དུ་མི་འགྲོ་བ་ལྟ་བུར་འབྱུང་སྲིད་ཀྱང་འབྲེལ་ཐག་གཏན་ནས་ཆད་མི་སྲིད།” ཅེས་གསུངས་ཏེ་ཡར་བཞེངས། སྐབས་དེར་ཨོལ་ཁོཊིའི་བསམ་པར། དེ་ནི་འཕྲུལ་སྣང་ངམ་ཡང་ན་བྷི་ལ་བ་སི་ཀིའི་རྫུ་འཕྲུལ་ལྟ་བུ་ཞིག་ཡིན་ནམ་སྙམ་ཞིང༌། གང་ལྟར་དངོས་བྱུང་ར་སྤྲོད་ཀྱི་དཔང་རྟགས་ཤིག་ངེས་པར་དུ་དགོས་སྙམ་པ་ན། སྐྱེས་བུ་དེས་མགོ་རས་སེར་པོ་དེ་ཅོག་ཙེའི་སྟེང་བཞག་སྟེ་ཡལ་བར་གྱུར་པ་སོགས་འཕྲུལ་སྣང་ལྟ་བུའི་གནས་ཚུལ་མང་དུ་བྱུང༌། ཨོལ་ཁོཊི་ལ་མཚོན་ན། བྱུང་བ་དེ་དག་དངོས་བརྒྱུད་ཅི་རིགས་ནས་ཚོགས་པ་དེ་ཉིད་ཀྱི་ལས་དོན་བསྒྲུབ་རྒྱུ་སོགས་བྷི་ལ་བ་སི་ཀི་དང་འབྲེལ་བའི་ལས་དོན་གང་ཅིའི་ཐོག་ཕན་ཐོགས་ཆེན་པོ་བྱུང་བར་བརྗོད།
བྷི་ལ་བ་སི་ཀིའི་བརྩམས་ཆོས་སོགས་ཀྱི་ཐད་ལ། ༡༨༧༧ ལོར་རང་བྱུང་ལྷ་མོའི་ཞལ་རས་མངོན་པ་ཞེས་པའི་བརྩམས་དེབ་ ཉིན་དང་པོར་འགྲེམ་ཚོང་བྱས་ཚར། དང༌། ༡༨༧༩ ལོར་རྒྱ་གར་དུ་ The Theosophist ཞེས་པའི་དུས་དེབ། ༡༨༨༧ ལོར་དབྱིན་ལན་དུ་ Lucifer ཞེས་པའི་དུས་དེབ། ༡༨༨༨ ལོར་ཆེས་འབུར་ཐོན་ཅན་གྱི་དཔེ་དེབ་གསང་ཆོས་ཞེས་པ། ༡༨༨༩ ལོར་ལྷིང་འཇགས་ཀྱི་འབོད་སྒྲ་ཞེས་པའི་དཔེ་དེབ། ༡༨༨༩ ལོར་ངོ་སྤྲོད་དཔེ་དེབ་ལྷ་ཆོས་ལྡེ་མིག་ཅེས་པ་སོགས་པ་ཡོད་འདུག།
མདོར་ན། བྷི་ལ་བ་སི་ཀི་སྤྱི་ལོ་ ༡༨༩༡ ཟླ་བ་ ༥ ཚེས་ ༨ ཉིན་དབྱིན་ལན་དུ། ཁོ་མོའི་ཆོས་བརྒྱུད་ཉམས་མེད་དུ་འཛིན་དགོས་པ་སོགས་ཀྱི་ཁ་ཆེམས་བཞག་སྟེ་འདས་འདུག་ལ། རྗེས་འཇུག་རྣམས་ཀྱིས་ཁོ་མོའི་རུས་ཐལ་རྣམས་སུམ་ཆར་བགོས་ཏེ། ཆ་གཅིག་ཡོ་རོབ་དང་གཅིག་ཨ་རི། གཞན་གཅིག་རྒྱ་གར་བཅས་སུ་གཏོར་ཏེ་ཁོ་མོའི་མི་ཚེའི་ལོ་རྒྱུས་ཀྱི་མཇུག་ཡོངས་སུ་གྲུབ་པར་བྱས་འདུག་གོ།

རྩོམ་རིག

Post navigation

Previous Post: ཁུ་སིམ་སིམ་དེ་སླར་ལོག་བྱུང་། སྐྱོ་སེང་བ་དེ་གཏན་དུ་གནས་བྱུང་།
Next Post: ༄༅། །ཕྱོགས་ལས་རྣམ་རྒྱལ་སེང་དར་མཁའ་ལ་སྐྱོད།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme