Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་ཏེ་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཏོང་དགོས་ཟེར་ན།

Posted on 2009-07-22 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 3 Comments on གལ་ཏེ་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཏོང་དགོས་ཟེར་ན།

མི་ཞུན།

བོད་མི་རིགས་ཀྱི་སྐད་དང་ཡི་གེའི་སྲོག་གི་རྩ་བ་ལ་གནད་པའི་སྐད་ཆ་བཤད་རྒྱུའི་འགན་དབང་ནི་བོད་མི་ཡིན་ནོ་ཅོག་ཐམས་ཅད་ལ་འཁྲི་བར་ངེས་པའི་བྱ་བ་ཞིག་ཡིན་ན། མི་ཆུང་ང་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་དང་ནམ་རྒྱུན་རང་གི་ཉིན་རེའི་འཚོ་བའི་ནང་དུ་བོད་ཡིག་སྤྱད་དེ་བོད་སྐད་འཆད་བཞིན་པའི་བོད་མི་སྐོར་ཞིག་གི་ཁྲོད་ན་འཚོ་ཞིང་གནས་བར་བསྡད་ཡོད་པའི་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་སྐད་ལ་དུངས་ཤིང་བོད་ཡིག་ལ་ཞེན་པ་ནི་རང་གི་ཕ་དང་མ་ལ་དགའ་བའི་བརྩེ་སེམས་དང་འདྲ་འདྲའི་ཚོར་བ་ཡོད་མཁན་ཞིག་ཡིན། འདི་ལྟ་བུའི་བརྩེ་ཞེན་གྱི་དགའ་བ་ལ་གནོད་པའི་དུས་ནི་ངའི་སྙིང་གི་སྡིངས་ལ་གྲིས་བཙུགས་པ་ལྟ་བུ་དང་ངའི་སེམས་ཀྱི་དབུས་ནས་མེ་སྦར་བ་དང་འདྲ་བ་ལགས་ན། ཁ་སང་དེ་རིང་གི་བོད་ཀྱི་སྐད་དང་ཡི་གེའི་གནས་བབ་འདིས་ཀྱང་དེ་ལྟ་དེ་ལྟར་གྱི་ན་ཟུག་ཅིག་ང་དང་བོད་ཡིག་གི་ཞེན་ཁ་ཆེན་པོ་ཡོད་མཁན་གྱི་སྤུན་གྲོགས་དག་ལ་སྟེར་གྱི་ཡོད་འདུག། བོད་ཡིག་སྤྱོད་མཁན་གྱི་ངོས་དང་བོད་ཡིག་སྤྱོད་སའི་ངོས། བོད་ཡིག་ཁྱབ་སའི་ངོས་སོགས་ནས་བལྟས་པ་ཡིན་ན་ཁ་སང་དེ་རིང་གི་བོད་ཡིག་དང་བོད་སྐད་ནི་ཆེས་ཉག་ཕྲ་བའི་འཆི་ལམ་གྱི་སྐུད་པ་རྐྱ་གཅིག་གི་སྒང་ན་མེད་བརླགས་ཏུ་འགྲོ་བར་འདུག་པས་རང་གི་ལུས་སེམས་གཉིས་ཀའི་ཚོར་ཤུགས་ཀྱི་སྐད་ཆའི་དབྱངས་འགྲོས་ཤིག་ཀྱང་གདངས་སུ་གྱེར་ནས་ཁྱེད་ཅག་གི་རྣ་ལམ་དུ་འདི་ལྟར་གླེང་བར་མོས་པ་སྟེ།
དང་པོ། སློབ་གྲ་ཁག་གི་བོད་ཡིག་དགེ་རྒན་ཚོའི་སྤུས་ཚད་ལ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག། བཙན་བྱོལ་བོད་ནང་གི་སློབ་གྲ་ཁག་གི་བོད་ཡིག་དགེ་རྒན་ཚོའི་ཤེས་ཚད་ཀྱི་སྤུས་ཀ་ཞན་པོ་འདུག་ཅེས་པ་ནི་སྔོན་ནས་ད་བར་དུ་ཡོངས་སུ་གྲགས་པའི་སྤྱི་ཚོགས་སྟེང་གི་སྐད་ཆ་རྙིང་པ་ཞིག་རེད་ལ་སྐད་ཆ་རྙིང་པ་འདི་ལ་གོང་རིམ་ནས་མ་གོ་མ་ཐོས་པའི་ཚུལ་གྱིས་ད་ལྟ་ཡང་བདག་མེད་དུ་བཞག་ཡོད་པ་ནི་ཁོ་རང་ཚོའི་ངོས་ནས་མ་འཇོན་པའི་རྟགས་ཤིག་ལ་མི་བརྩི་ཐབས་མེད་དུ་གྱུར་སོང་། སྐད་ཆ་དྲང་མོ་བཤད་ན་བཙན་བྱོལ་བོད་ཁྱིམ་སློབ་གྲ་ཚོའི་ནང་དུ་ཤེས་སྤྱོད་གཉིས་འཛོམས་ཀྱི་ཚད་ཐུབ་དགེ་རྒན་སྤུས་དག་ཅིག་མཛུབ་མོ་ཀེར་ནས་སྟོན་རྒྱུ་མེད་པ་ནི་བོད་སྐད་ཡིག་ལ་དུངས་ཞེན་གྱི་སེམས་པ་དཀར་བའི་རུས་རིགས་གཅིག་གི་སྤུན་གྲོགས་སུས་ཀྱང་བལྟས་ན་མཐོང་གི་ཡོད་ལ་བསམས་ན་ཤེས་ཀྱི་ཡོད་པའི་ཡིད་ཆེས་ཤིག་བདག་གི་སེམས་ཁོང་ན་ཡོད། རྒྱུ་མཚན་ནི་ བཙན་བྱོལ་ནང་གི་སློབ་གྲ་ཁག་གི་སློབ་ཕྲུག་སུ་ལའང་སློབ་སྦྱོང་གི་དཀའ་ངལ་སྐོར་གྱི་གླེང་གཞི་གཙོ་བོ་ཞིག་ཡོད་པ་ནི་བོད་ཡིག་གི་དགེ་རྒན་གྱི་སྐོར་ལ་རེད། འདི་ནི་ང་ཚོ་དང་ཁོང་ཚོ་ལ་ཐུན་མོང་གིས་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད་ལ་དཀའ་ངལ་འདི་ནི་རང་གི་བློ་་ཡིད་ཚིམས་པའི་བོད་ཡིག་གི་དགེ་རྒན་སྤུས་དག་ཅིག་རེག་ཐུབ་ཀྱི་མེད་པའི་རྐྱེན་ཀྱིས་བཟོས་པ་ཞིག་ཀྱང་རེད་ལགས། ཐ་ན་ཤེས་རབ་དགའ་ཚལ་སློབ་གླིང་དང་། ནོར་གླིང་མཐོ་སློབ། སཱ་ར་མཐོ་སློབ། ཝཱར་ཎ་མཐོ་སློབ། སོགས་ཀྱི་སློབ་ཕྲུག་དག་གིས་ཀྱང་རང་རང་གི་སློབ་གླིང་ན་བོད་ཡིག་གི་དགེ་རྒན་སྤུས་དག་ཅིག་ཡོད་རབས་གླིང་གི་མི་འདུག སློབ་གྲ་ལ་ཤས་ནང་གི་བོད་ཡིག་དགེ་རྒན་གྱི་ཤེས་ཚད་ནི་རང་གི་སློབ་ཕྲུག་གི་ཤེས་ཚད་ལས་ཀྱང་སྐྱོ་བའི་གནས་ཚུལ་ཐོན་རྒྱུ་ཡོད་པ་ཧ་ཅང་མང། སློབ་ཕྲུག་གི་ཤེས་ཚད་ལས་ཀྱང་སྐྱོ་བའི་དགེ་རྒན་དེ་དག་གིས་ནམ་རྒྱུན་སློབ་འཁྲིད་ཀྱི་སྐབས་སུ་དུས་ཚོད་འཁྱོལ་ཐབས་ཀྱིས་སློབ་ཕྲུག་ཚོ་དང་ལྷན་དུ་སྐད་ཆ་འདྲ་མིན་བཤད་ནས་ཉི་མ་གཏོང་གི་ཡོད། སྤྱིར་བཏང་བྱས་ན་ དགེ་རྒན་ནི་རླབས་ཆེན་གྱི་གནམ་འོག་འདི་ནས་ཤེས་ཡོན་གྱི་མིག་ཟུང་སྤྱད་དེ་འཇིག་རྟེན་གྱི་འགྲོ་བ་མཐའ་དག་ལ་བདེ་སྐྱིད་དང་རང་དབང་། དྲང་བདེན་དང་ཞི་བདེ་བསྩོལ་མཁན་གྱི་ྐླད་པོ་ཆེ་ཞིག་ཡིན་ངེས་པས་རང་གིས་སྐྱེད་བསྲིངས་བྱེད་བཞིན་པའི་སློབ་ཕྲུག་གི་སྣང་ངོ་ལ་ཀུན་སྤྱོད་ཀྱི་ཆ་དང་བསམ་བློའི་ཆ། ཤེས་ཡོན་གྱི་ངོས་སོགས་ནས་བག་ཆགས་མཐུག་ཙམ་འཇོག་ཐུབ་པ་དགོས་རྒྱུ་ནི་མ་མཐའ་དང་མ་གཞི་ནས་ཚང་དགོས་པའི་འོས་ཆོས་ཀྱི་ཆ་རྐྱེན་ཞིག་རེད། འོན་ཀྱང་། ང་ཚོའི་སློབ་གྲ་དག་གི་བོད་ཡིག་དགེ་རྒན་ཚོའི་ནང་ན་རང་གི་སློབ་ཕྲུག་ཚོ་ལ་ཀུན་སྤྱོད་ཀྱི་ཆ་དང་བསམ་བློའི་ཆ། ཤེས་ཡོན་གྱི་ཆ་དང་སློབ་གསོའི་ངོས་སོགས་ནས་སློབ་སྦྱོང་སྤུས་དག་ཅིག་བརྒྱུད་སྤྲོད་བྱེད་ཐུབ་མཁན་ག་ཚོད་ཙམ་ཡོད་པ་ཡིན་ནམ། འདི་ནི་ཧ་ཅང་གི་ལྐོག་གྱུར་གྱི་དོགས་གཞི་ཞིག་རེད། དགེ་རྒན་ནི་ཆེ་ས་ནས་བཤད་ན་སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་སོགས་ཀྱི་དོན་དང་ཆུང་ས་ནས་བཤད་ན་རང་ཉིད་དང་ཁྱིམ་གཞི། ཕ་མ་སྤུན་ཉེ་སོགས་ཀྱི་དོན་དུ་ཡིན་ལ་དེ་དག་གི་ཡར་རྒྱས་དང་རྨོངས་སེལ་གྱི་མ་རྐང་ལྟ་བུའང་ཡིན་ངེས་ན། སློབ་ཕྲུག་དག་ནི་ཁ་ཡོད་ལག་ཡོད་ཀྱི་གནད་ལ་འཁེལ་བའི་དགེ་རྒན་གྱི་མཛུབ་འོག་ན་འཚར་བཞིན་པའི་ཉམ་ཆུང་གི་མེ་ཏོག་ཆུང་ཆུང་ཞིག་དང་ཀུན་ནས་འདྲ་བས། མེ་ཏོག་དེ་ལ་གཟུགས་མཛེས་ལྟ་སྡུག་གི་ཁ་དོག་ཅིག་དང་གཞན་ཡིད་ཤེད་འཕྲོག་གི་དྲི་ཞིམ་ཞིག་ཐོབ་དང་མི་འཐོབ་ཀྱི་སྐད་ཆ་ནི་སྐབས་བབ་ཀྱི་དགེ་རྒན་དག་ལ་ཐད་ཀར་དུ་འབྲེལ་བ་ཆགས་ནས་བསྡད་ཡོད་པ་ཞིག་མ་རེད་དམ། དགེ་རྒན་གྱི་བོད་ཡིག་གི་ཤེས་ཚད་ཡག་པོ་མེད་ན་དགེ་རྒན་དེས་བསྐྱེད་པའི་སློབ་ཕྲུག་ཚོའི་བོད་ཡིག་གི་ཤེས་ཚད་ཀྱང་ཡག་པོ་ཆགས་ཐབས་ཡོད་པ་མ་རེད་ལ་སློབ་ཕྲུག་དེ་དག་གི་བོད་ཡིག་གི་ཤེས་ཚད་ཡག་པོ་མེད་ན་སྤྱི་ཚོགས་སྟེང་གི་མི་དམངས་དང་ལས་བྱེད། གཞུང་འཛིན་མི་སྣ་དང་ཐ་ན་བཀའ་བློན་ལ་སོགས་པའི་བོད་ཡིག་གི་ཤེས་ཚད་ཀྱང་དེ་ལྟ་དེ་ལྟར་དུ་འགྱུར་མི་སྲིད་པ་གཏན་ནས་མ་རེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། གསར་དུ་སྐྱེས་བཞིན་པའི་སློབ་ཕྲུག་ཚོ་ནི་གོང་གི་མི་སྣ་དེ་དག་ཏུ་འགྱུར་རུང་གི་སོན་འབྲས་ངོ་མ་དེ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བས་སློབ་གྲ་ཁག་གི་བོད་ཡིག་དགེ་རྒན་ཚོའི་ཤེས་ཡོན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་རྒྱུ་ནི་ཅིས་ཀྱང་བསྒྱུར་དུ་མེད་པའི་གནད་འགག་གི་བྱ་བ་ཞིག་ལ་བདག་གིས་འདོད་ཀྱི་ཡོད།
གཉིས་པ། ལག་འཁྱེར་མཐོ་དམན་ལ་བལྟས་ནས་སློབ་གྲ་ཁག་གི་བོད་ཡིག་དགེ་རྒན་འདམ་ཐོན་བྱེད་པ་ནི་ནོར་འཁྲུལ་རེད། སློབ་གྲ་ཁག་ལ་བོད་ཡིག་གི་ཤེས་གཞིའི་སྤུས་ཚད་ཞན་པའི་བོད་ཡིག་དགེ་རྒན་མང་པོ་ཞིག་འབྱོར་དགོས་པའི་འབྱུང་རྩ་གཙོ་བོ་གཅིག་ནི་མི་བུ་སུ་ཞིག་ལ་མཐོ་སློབ་གང་ཞིག་གི་ལག་འཁྱེར་ཡོད་མེད་ཀྱི་ཐོག་ནས་འབྱུང་གི་ཡོད་པ་དེ་རེད། འདི་ནི་རྒྱལ་ཁབ་མེད་པའི་མི་རིགས་ཤིག་ལ་མཚོན་ནས་བཤད་ན་ཧ་ཅང་གི་ཚབས་ཆེ་བའི་ནོར་འཁྲུལ་འབའ་ཞིག་ལ་བདག་གིས་རྟག་ཏུ་མཐོང་གི་འདུག རྒྱུ་མཚན་ནི་སློབ་དཔོན་ཆེན་མོ་དང་རིག་གནས་རབ་འབྱམས་པ་སོགས་ཀྱི་ལག་འཁྱེར་ཙམ་སྟོན་རྒྱུ་ཡོད་མེད་ཀྱི་རྣམ་པ་དེ་ཡིས་མི་བུ་སུ་གང་ལའང་ཤེས་ཡོན་ཀྱི་ཚད་གཞི་དེ་ལྟ་བུ་ཞིག་ཡོད་མེད་ལ་གཏན་ནས་ཚད་ཐུབ་ཀྱི་རྒྱ་མ་གཞལ་དཀའ་བ་ཡིན། མདོར་དྲིལ་ན་ལག་འཁྱེར་ནི་ཤེས་ཡོན་གྱི་ལྗིད་ཁོག་འཇལ་བྱེད་ཀྱི་རྒྱ་མ་ཞིག་གཏན་ནས་མ་རེད། དེ་ནི་མི་བུ་སུ་ཞིག་སློབ་གྲ་དེ་དང་དེའི་ནང་དུ་བསྡད་མྱོང་བའི་དུས་ཡུན་གྱི་གྲངས་ཀ་ལ་ལྟ་བྱེད་ཅིག་རེད། དེའི་རྐྱེན་གྱིས་ལག་འཁྱེར་མཐོ་དམན་ལ་བལྟས་ནས་བཙན་བྱོལ་བོད་ཀྱི་སློབ་གྲ་ཁག་གི་ནང་དུ་ཡོད་པའི་སྙིང་རྗེ་ལ་ཡིད་དུ་འོང་བའི་སློབ་ཕྲུག་དག་གི་སྐལ་ལ་སློབ་དཔོན་ཆེན་མོ་དང་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཐོགས་པའི་མིང་རྫིག་དོན་སྟོང་གི་དགེ་རྒན་དག་གཞུང་འཛིན་ལས་བྱེད་མི་སྣས་མིག་གིས་མ་བལྟས་བློ་ཡིས་མ་དཔྱད་པར་བཏང་འགྲོ་བ་མཐོང་དུས་ཇི་འདྲའི་ཡིད་ཆད་ཅིང་ཞེ་སྡང་དགོས་པའི་ལས་ཤིག་རེད་ཨང་སྙམ་གྱི་ཡོད། འདི་ནི་དྲང་བོ་མ་རེད་ལ་བདེན་པའང་མ་རེད། ང་ཚོའི་ད་སྐབས་ཀྱི་སློབ་ཕྲུག་དག་གིས་འདོད་བཞིན་པའི་དགེ་རྒན་ནི་ཤེས་ཡོན་ཅན་དང་བསམ་བློ་ཅན། རྒྱུ་འབྲས་ཅན་དང་ཀུན་སྤྱོད་ཅན་ཞིག་ཡིན་ན། ཡོན་ཏན་མེད་པ་དང་བསམ་བློ་མེད་པ། བསླབ་གཞི་འཁྲིད་མི་ཤེས་མཁན་དང་སློབ་གསོ་གཏོང་མི་ཤེས་མཁན་གྱི་དགེ་རྒན་ཞིག་ང་ཚོའི་སྐལ་ལ་ཅིའི་ཕྱིར་ནན་གྱིས་བརྫངས་ནས་ཡོང་གི་ཡོད་པ་རེད་དམ། འདི་ནི་གཞུང་གི་ལས་བྱེད་མི་སྣ་དག་གི་ངོས་ཐད་ནས་ཤོར་སོང་བའི་སྐྱོན་ཆ་ཞིག་ལ་ཅིས་ཀྱང་ངོས་འཛིན་མི་བྱེད་ཐབས་མེད་རེད། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཏོང་བའི་འགན་ནི་བོད་རང་ལ་ཡོད་ན་བོད་རང་གི་སྙིང་དང་འདྲ་བའི་སྲོག་གི་འཛིན་ཐག་ནི་བཙན་བྱོལ་བོད་གཞུང་ཡིན་པས་བོད་གཞུང་གི་ངོས་ནས་འདིའི་ཐད་ལ་བསམ་བློ་ཞིག་བཏང་སྟེ་བཅོས་བསྒྱུར་ཆེན་མོའི་ལམ་ཀ་ཞིག་བཟོ་མ་ཐུབ་དུས་གཞན་སུའང་ནུས་མེད་ཡིན་པ་ནི་སྨྲོས་མེད་རེད། ལར་ནས་བཤད་ན་སྤྱི་ཚོགས་སྟེང་གི་བོད་ཡིག་གི་ཤེས་གཞི་ཚད་ཅན་ཡིན་པའི་མི་སྡེ་དག་གི་བློ་སེམས་བོད་ཡིག་དགེ་རྒན་གྱི་ལས་གནས་སུ་འགུག་ཐབས་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་འབད་པ་ལྷོད་མེད་བྱེད་དགོས་རྒྱུ་ནི་གནད་དོན་ཞིག་གི་རྩ་བ་རེད།
གསུམ་པ། བོད་ཡིག་དགེ་རྒན་གྱི་ལས་ཕོགས་དང་གོ་གནས་སོགས་གཞུང་འཛིན་མི་སྣ་ལས་ཀྱང་མཐོ་བོ་ཡོད་དགོས།་ ཁ་སང་དེ་རིང་ནི་དཔལ་འབྱོར་གྱི་དབང་ཤེད་ཀྱིས་འཛམ་གླིང་འདི་ཁ་ལོ་བསྒྱུར་ནས་འགྲོ་བཞིན་ཡོད་པ་དང་མི་ཚང་མ་ཡང་དཔལ་འབྱོར་གྱི་རྗེས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་བང་ལ་འགྲན་ནས་རྒྱུགས་མཁན་ཤ་སྟག་ཏུ་མཐོང་གི་ཡོད་ན། དཔལ་འབྱོར་གྱི་དགོས་མཁོ་ནི་སུ་ལའང་གཞི་གྲུབ་པས་དཔལ་འབྱོར་གྱི་དབང་ཤེད་ཀྱིས་ཤེས་ཡོན་གྱི་རིན་ཐང་བླུ་དགོས་པ་ནི་དེ་བས་ཀྱང་མཁོ་ངེས་ཆེ་ལ་གལ་གནད་ལྕི་བའི་ལས་ཤིག་ལ་བདག་གིས་འདོད། སྔ་མོའི་དུས་རབས་ཀྱི་ནང་དུའང་བོད་ཀྱི་མེས་བོ་དམ་པ་ཐོན་མི་སམ་བྷོ་ཊ་ལ་སོགས་པས་ཀྱང་གསེར་དང་དངུལ་གྱི་འབུལ་ཡོན་འཁྱེར་ནས་རྒྱ་གར་གྱི་མཁས་པ་དག་གི་དྲུང་དུ་གསེར་ལས་དཀོན་པའི་རིན་བྲལ་གྱི་ཤེས་ཡོན་སྦྱངས་ཏེ་ཡོང་བ་མ་ཡིན་ནམ། དེས་ན་ང་ཚོས་ཀྱང་རང་གི་བོད་སྐད་ཡིག་ལ་ནང་ཕྱིན་ཆུབ་པའི་དགེ་རྒན་དག་གི་འཚོ་གནས་ཀྱི་ཐད་ལ་ཁོ་རང་ཚོའི་གཟི་རླབས་ཆེ་བའི་ཕྱག་ལས་འདི་བརྟན་བསྲུང་གི་ཕྱིར་དུ་བཙན་བྱོལ་བོད་གཞུང་གི་ལས་བྱེད་སུ་ལས་ཀྱང་མཐོ་བའི་ཟླ་ཕོགས་སྤྲོད་དགོས་པ་ནི་རྣག་ཐོག་ཁབ་གཙེགས་དང་ནད་ཐོག་སྨན་སྦྱིན་གྱི་ལས་ཤིག་རེད་སྙམ་གྱི་ཡོད། རྒྱུ་མཚན་ནི་དགེ་རྒན་གྱི་ཕྱག་ལས་རླབས་ཆེ་ལ་དགེ་རྒན་གྱི་མཛད་པ་དོན་དང་ལྡན། དགེ་རྒན་གྱི་དཀའ་བ་དང་ངལ་བས་འཇིག་རྟེན་གྱི་ཞི་བདེ་དང་རང་དབང་ལ་སྨིན་པའི་མི་བུ་གསར་སྐྱེས་མང་དག་ཅིག་བསྐྱེད་དང་སྐྱེད་བཞིན་པས་ཡིན། གཞན་ཡང་བོད་ཀྱི་སྐད་ཡིག་གི་དགེ་རྒན་རྣམས་ལ་སྤྱི་ཚོགས་ཀྱི་ངོས་ནས་དང་སློབ་ཕྲུག་གི་ངོས་ནས། ད་དུང་ཕ་མའི་ངོས་ནས་བརྩི་འཇོག་དང་མཐོང་ཆེན། གོང་བཀུར་སོགས་བྱེད་དགོས་ཀྱི་ཡོད། དེ་བས་དགེ་རྒན་རྣམས་ལ་གཞུང་གི་ལས་འཛིན་མི་སྣ་མཐོ་བོའི་གནས་རིམ་གྱི་ནང་དུ་དམིགས་བསལ་ཐོབ་དབང་སྤྲོད་དགོས་ཀྱི་འདུག་ལ་བོད་ཡིག་གི་དགེ་རྒན་ཚོ་ནི་ཚོགས་ཆེན་དང་ལས་རིགས་སོགས་གང་གི་ཐད་ནས་ཀྱང་དམིགས་བསལ་ཡོད་དགོས། འདི་ནི་བོད་སྐད་ཡིག་གི་དགེ་རྒན་གྱི་རྐུབ་སྟེགས་ཧ་ཅང་རྩ་ཆེ་ལ་རིན་ཐང་ལྡན་པ་ཞིག་ཏུ་བསྒྱུར་བའི་ལམ་ཀ་ཡིན་པས་བོད་མི་ཡོད་དོ་ཅོག་གི་སེམས་པ་ཡང་རྐུབ་སྟེགས་འདིས་དབང་མེད་དུ་འཕྲོག་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག་ལ་རྩ་ཆེ་བའི་རྐུབ་སྟེགས་འདི་ནི་བོད་སྐད་ཡིག་གཅིག་པོ་ལ་སྦྱངས་སློབ་བྱས་པའི་ལམ་ཀ་གཅིག་བུའི་སྟེང་ནས་མ་གཏོགས་སྤྱི་ཚོགས་སྟེང་གི་མི་བུ་སུས་ཀྱང་རྩོད་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པར་ཀུན་ལ་མཐོང་ཆོས་སུ་སྣང་པར་བྱེད་དགོས་ཀྱི་འདུག། དེ་ལྟ་བུ་ཞིག་བྱེད་ཐུབ་ན་རྐུབ་སྟེགས་འདིའི་སྟེང་དུ་སྡོད་མཁན་གྱི་དགེ་རྒན་དེ་ལའང་མཐོང་ཆེན་དང་བརྩི་འཇོག། གོང་བཀུར་དང་དགའ་འབོད། དད་པ་དང་བརྩེ་སེམས་ཤིག་ཕྱོགས་གང་ས་ནས་སླེབས་ངེས་པ་ཞིག་རེད་འདོད་ཀྱི་ཡོད།
མཇུག་གཏམ་ཐོར་བུ།
མཐའ་དོན་བོད་པ་རང་གི་ཚོགས་སྤྱི་ཞིག་གི་ཁྲོད་ནས་བོད་མི་སུས་ཀྱང་བོད་སྐད་བཤད་དེ་བོད་ཡིག་སྤྱོད་རྒྱུར་བརྩོན་ཤུགས་ཆེར་བསྐྱེད་དང་འབད་པ་ལྷོད་མེད་བྱེད་རྒྱུ་ནི་ཡ་ཆུང་ཁོག་གི་སྙིང་དང་རུས་རྐང་ཁོང་གི་སྣུམ་གྱིས་ཟིན་པའི་རེ་སྙིང་གསོན་པོ་ཞིག་ཡིན། གལ་ཏེ་དངོས་གནས་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཏོང་དགོས་ཀྱི་འདུག་ཟེར་ན། གོང་གི་དོན་ཚན་དེ་དག་ནི་ནམ་ཡང་གཡོལ་མི་ཉན་ལ་གཟུར་མི་ཉན་པའི་ཆུ་ཆེན་ཞིག་གི་ཟམ་ཆེན་ཞིག་ཡིན་ངེས་པས་མྱུར་བ་སྐྱེན་ཐུང་དང་སེམས་འཁུར་ཆེ་སྣང་གིས་ལག་ལེན་གྱི་གནད་ལ་འཁེལ་བར་བྱེད་དགོས་ཀྱི་འདུག ལར་ནས་སྐད་ཡིག་ཡར་རྒྱས་ལ་གཏོང་ཐབས་ཀྱི་སྒོ་མོ་ནི་འདྲ་མིན་སྣ་ཚོགས་ཤིག་ཡོད་སྲིད་ཀྱང་གོང་གི་དོན་ཚན་དེ་དག་ནི་སྐབས་བབ་ཀྱི་མིག་ཀོང་ལ་སྐྱོན་ཉེས་ཀྱི་མཛུབ་མོ་ཀེར་ནས་ཡོད་པ་ཤ་སྟག་ཏུ་འདོད་ཀྱི་ཡོད་དོ།

དཔྱད་རྩོམ།

Post navigation

Previous Post: བལ་ཡུལ་ནས་མཐོང་བའི་ཉི་འཛིན།
Next Post: ཨ་བྷིར་ཧེམ།

Comments (3) on “གལ་ཏེ་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཏོང་དགོས་ཟེར་ན།”

  1. མེ་ཆ་། says:
    2009-07-22 at 1:19 pm

    དཔྱད་རྩོམ་ཡག་པོ་བྲིས་འདུག་། ལྷག་བསམ་རྣམ་དག་རེད་། མི་རིགས་ཞིག་འཇིག་རྟེན་འདིའི་སྟེང་དུ་ཡིན་རིང་གནས་ཐུབ་མིན་། སྐད་དང་། ཡིག་གེ་གཉིས་ལ་རེག་ལས་ཡོད་པ་དང་། མི་རིགས་འདིའི་སྐད་དང་ཡིག་གེ་བེད་སྤྱོད་མི་བྱེད་པའི་ཉིན་མོ་དེ་ནས་། ལུང་པ་དང་ལོང་མི་དུས་མཉམ་དུ་འཇིག་པ་རེད་། །

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-22 at 7:43 pm

    སེམས་བསམ་པའི་གཏིང་གི་རྒྱབ་སྐྱོར་ཡོད། གང་ནས་བསྡད་ཀྱང་གང་དུ་སོང་ཀྱང་བོད་པའི་དོན་དག་བོད་པ་རང་གིས་བྱེད་དགོས་དུས། སྐད་ཆ་འདི་འདྲ་བཤད་མཁན་དང་ལས་ཀ་འདི་འདྲར་བརྩོན་མཁན་གང་ན་སུ་ཡོད་པ་དག་ལ་སེམས་བསམ་པའི་གཏིང་ནས་རང་ཉིད་བོད་པ་གཅིག་གི་ངོས་ནས་བཀའ་དྲིན་ཆེ་ཞུ་འདོད་ཡོད། ལོ་ངོ་ལྔ་བཅུའི་རིང་དུ་འཐུས་ཤོར་དེ་དག་ལ་ད་ནི་བསམ་ཤེས་ཤིག་བྱེད་ཐུབ་མཁན་གྱི་གཞུང་ཞབས་ཡག་པོ་ཞིག་གིས་གནད་དོན་འདི་དག་ལག་ལེན་ཏུ་འཁེལ་བར་རེ་སྐུལ་བྱེད་ཀྱི་ཡིན།

  3. རླུང་རྟ་ says:
    2009-07-26 at 3:44 am

    ༄༅་། རྒྱ་ཆ་རྒྱ་ཐམས་པ་བདེན་པའི་གླེང་ཞི་དོན་ལྡན་ཧ་ཅང་ཡག་པོ་ཞིག་བྲིས་འདུག་ འདི་གླེང་བར་ཐུགས་རྗེ་ཆེ་ སློབ་གྲ་ཁག་གི་འགོ་འཛིན་ཚོ་དང་ ཤེས་རིགས་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་འདིར་གཟིགས་ཀྱི་ཡོད་ན་ སྙིང་ལ་ཚ་ཤར་རྒྱགས་དགོས་པ་དང་ ངོ་ཚ་ནས་གདོང་དམར་པོ་ ཆགས་དགོས་པའི་དངོས་ཡོད་ཀྱི་གནས་ཚུལ་ཁ་ཞེ་གཉིས་མེད་ཀྱི་བཏོན་པ་ཞིག་རེད་འདུག་ ལོ་ནས་ལོར་གནས་སྟངས་འདི་མུར་ཉི་མ་གང་ཁྱོལ་བྱས་ནས་འཇོག་མི་ཉན་ བོད་པ་རང་ཉིད་ནས་ཐུ་ཤོར་འདི་ལྟར་ཆེན་པོ་བཏང་ན་རྒྱ་མིར་སྐྱོན་བརྗོད་ངོ་དགོལ་བྱ་རྒྱུ་སྡད་མིན་འདུག་ག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme