Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན།

Posted on 2015-05-282015-05-29 By ཁ་བརྡ 22 Comments on གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན།

རྩོམ་པ་པོ། ཟུར་མང་ཆོས་རྒྱམ། (བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་འོས་སྦྱོར་བྱས།)

 

གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ།

བོན་སྐུ་སྐྱེ་མེད་ཀྱི་གང་ཤར་དབང་པོ། །རྫོགས་སྐུ་དྲན་གསལ་གྱི་བྱང་ཆུབ་རྡོ་རྗེ། །སྤྲུལ་སྐུ་གང་འདུལ་གྱི་འགྱུར་མེད་ཚུལ་ཁྲིམས། །སྙིང་དབུས་ཟང་ཐལ་གྱི་ཀློང་ནས་བཞེངས་ལ། །བདག་ཅག་སྐལ་ལྡན་ལ་བྱིན་རླབས་སྩོལ་ཤོག །གདོད་ནས་བརྟན་གཡོ་ཡི་བཀོད་པ་འདི་དག །བོན་ཉིད་ཡོ་ལང་གི་རང་རྩལ་འབའ་ཞིག །དུས་གསུམ་གཤེན་རབ་ཀྱི་དགོངས་པའི་གཏད་སོ། །ངོ་བོ་ཟང་ཐལ་འདི་ཁོ་ན་ལགས་སོ། །བོན་ཆོས་ཐ་དད་ཀྱི་མིང་ཙམ་ཞིག་གིས། །ཀུན་གྱིས་ཕྱོགས་རིས་ཤིག་རྒྱང་ནས་བྱེད་ཀྱང་། །གནད་སྲང་རུ་སྦལ་གྱི་ནུར་འགྲོས་བྱས་ན། །དོན་གྱི་དབྱེ་བ་དེ་རིང་ནས་ཟད་སོང་། །བོན་སྐུ་འོད་གསལ་གྱི་རང་ངོ་འཁུམ་ན། །འཁོར་འདས་བདེ་སྡུག་གི་ཆེད་འཛིན་གྲོལ་བས། །ངང་བཞག་ཕྱོགས་ཡན་གྱི་རང་བབ་ཆེན་པོར། །ཨ་ཁྲིད་ཟང་ཐལ་གྱི་ཐིག་ལེ་ཉག་གཅིག །གྲུབ་མཐའ་ཀུན་མཐུན་དང་ཀུན་རྒྱལ་ཡིན་ནོ། །ང་ཚོ་ཞྭ་དཀར་གྱི་གཡུང་དྲུང་བརྒྱུད་པར། །མན་ངག་ཁ་ཁྱེར་ཞིག་གཏན་ནས་མེད་པས། །བོན་གྱི་གསུང་རབ་ནས་བཤད་པའི་ཉམས་ལེན། །ཇི་བཞིན་མཐར་ཕྱིན་གྱི་རྡོ་རུས་སྤྲོད་ན། །ཁོད་སྤུངས་ཆེན་པོ་ཡི་ཕ་རྗེས་བསྙེག་གོ། །ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ། །རྫོགས་པ་ཆེན་པོ་ཡི་མཐོ་སྐད་སྒྲོགས་ཀྱང་། །ཟབ་པའི་ཟབ་གནད་དེ་མཐིལ་མ་ཕྱིན་པའི། །གཅིག་རྗེས་གཉིས་ཟློས་ཀྱི་ཆོས་པ་སྡུག་ག །དགེ་སྡིག་ཕན་གནོད་ཀྱི་སྐྱར་གཞི་ཟད་པའི། །ལྷན་སྐྱེས་རིག་པ་ཡི་རང་ཞལ་འཁུམ་པས། །ག་ལེར་གུ་ཡངས་ཀྱི་བློ་བདེའི་ཉི་མ། །སྙིང་ནས་ཤར་བ་ཡི་བོན་པོ་སྐྱིད་དོ། །ཆོས་ཀུན་བདེན་མེད་ཀྱི་སྒྱུ་མར་མ་མཐོང་། །འདིར་སྣང་བདེན་ཞེན་གྱི་སྨིག་སྒྱུའི་ཡོ་ལང་། །ཆབ་རོམ་ནོར་བུ་རུ་འཁྲུལ་བའི་ལོག་ཤེས། །ཐོས་ཆུང་ཆོས་དྲེད་ཀྱི་ཆོས་པ་སྡུག་ག །བདེན་གཉིས་འགལ་མེད་ཀྱི་རང་གཤིས་རིག་པ། །སྣང་བ་བདག་མེད་ཀྱི་ཆུ་ཟླའི་རྫུན་རིས། །རྟེན་འབྲེལ་འཆར་སྒོ་རུ་མ་འགག་བཀྲ་བ། །བདེན་མེད་དོན་མཐོང་གི་བོན་པོ་སྐྱིད་དོ། །མི་རྟོག་སྙིང་པོ་ཡི་ཀུན་གཞིའི་ངོ་བོར། །འཛིན་པ་བདེན་བཟུང་གི་གཏད་སོ་བྱས་པས། །ལོ་བརྒྱར་འབད་ཀྱང་ནི་རང་ཉིད་ངལ་དུབ། །བླུན་སྒོམ་ཨུ་ཚུགས་ཅན་ཆོས་པ་སྡུག་ག །ལྟ་བ་ཀུན་ཤོང་གི་ནམ་མཁའ་ཡངས་པར། །སྒོམ་པ་རབ་གསལ་གྱི་མདུང་སྐོར་བྱས་པས། །སྤྱོད་པ་གཏད་མེད་ཀྱི་ཟང་མ་ཐལ་བྱུང་། །འབྲས་བུ་ལྷུན་གྲུབ་ཀྱི་བོན་པོ་སྐྱིད་དོ། །ཡིན་མིན་བློས་བཏགས་ཀྱི་ཚིག་ལ་འབྱམས་ནས། །ཡོད་མེད་ཁས་ལེན་གྱིས་རང་མགོ་འཁོར་བས། །ཡང་དག་སྙིང་པོ་དང་ཆ་ཙམ་མ་ཉེ། །ཐ་སྙད་རྟོག་གེ་ཡི་ཆོས་པ་སྡུག་ག །ཐོས་པའི་ཤེས་རབ་ཀྱི་རྒྱ་མཚོའི་ཀློང་དུ། །བསམ་པའི་ཉམས་མྱོང་གི་གཟའ་སྐར་བཀྲ་ཞིང་། །སྒོམ་བྱུང་པད་ཚལ་གྱིས་རབ་ཏུ་མཛེས་པ། །ཇི་བཞིན་མངོན་མཐོང་ཅན་བོན་པོ་སྐྱིད་དོ། །ཀུན་བཏགས་བློས་དཔྱད་ཀྱི་སེམས་བྱུང་རྟོག་པས། །དྲན་བསམ་འགྱུར་འཕྲོ་ཡི་ལྷ་སྐུ་བསྒོམས་ཀྱང་། །ཟབ་གསང་རྫོགས་རིམ་གྱི་རྒྱས་མ་ཐེབ་པའི། །ཚུར་མཐོང་བསྐྱེད་རིམ་ཅན་ཆོས་པ་སྡུག་ག །སྣང་བ་འཛིན་མེད་ཀྱི་ལྷ་སྐུར་ཤར་ནས། །གྲགས་པ་བདེ་ཆེན་གྱི་མི་ཤིག་སྒྲ་དབྱངས། །དྲན་རྟོག་བོན་སྐུ་ཡི་ངོ་བོར་ཤར་བའི། །མཐའ་བྲལ་བསྐྱེད་རིམ་ཅན་བོན་པོ་སྐྱིད་དོ། །སྣང་བ་ཡུལ་ཤོར་གྱི་སྦྱོར་བ་དེ་དང་། །དགྲར་འཛིན་གནོད་སེམས་ཀྱི་སྒྲོལ་བ་དང་བཅས། །གསང་སྔགས་འཆལ་སྤྱོད་ཀྱི་བསྟན་སེལ་བཏང་བའི། །སྡིག་ཅན་ཆོས་འགལ་གྱི་ཆོས་པ་སྡུག་ག །སྣང་སྟོང་མཉམ་སྦྱོར་གྱི་འཛག་མེད་བདེ་ཆེན། །གཉིས་འཛིན་དབྱིངས་སྒྲོལ་གྱི་མངོན་སྤྱོད་ཆེན་པོ། །གཡུང་དྲུང་ཐེག་པ་ཡི་གསང་སྔགས་སྤྱོད་པའི། །གོལ་ཤོར་རང་གྲོལ་གྱི་བོན་པོ་སྐྱིད་དོ། །ཆགས་སྡང་རྨོངས་གསུམ་གྱི་རང་རྒྱུད་སྦོས་ནས། །གྲུབ་མཐའི་ཕྱོགས་ཞེན་གྱི་དུག་གིས་སྨྱོས་བཞིན། །བསྟན་པའི་ནང་སེལ་ལ་རབ་ཏུ་དགའ་བའི། །རང་མགོ་རྡོ་བརྡུང་གི་ཆོས་པ་སྡུག་ག །ཀུན་ལ་དག་སྣང་གི་བློ་མིག་ཡངས་པས། །རིས་མེད་བསྟན་པ་ལ་ཤིན་ཏུ་འདུན་ཞིང་། །ཀུན་གྱི་སྙིང་པོ་རྣམས་གཅིག་ཏུ་བསྡུད་མཁས། །ཕྱོགས་མེད་མོས་གུས་ཅན་བོན་པོ་སྐྱིད་དོ། །དགའ་བོ་སྐྱིད་དོ་ལ་གཡུང་དྲུང་བརྒྱུད་པ། །སྐུ་གསུམ་སྣང་ཆ་ཀུན་གཞན་དུ་མི་འདུག །ད་ལྟའི་ཤེས་རྒྱུན་འདིར་ཡེ་ནས་རྫོགས་པས། །ཐག་རིང་ངལ་དུབ་ཀྱི་འཚོལ་དགོས་དོར་ཤོག །རབ་འབྱམས་ཞི་ཁྲོ་ཡི་ཚོམ་བུ་དུ་མ། །སྙིང་དབུས་ལྔ་ལྡན་གྱི་ཐིག་ལེར་རྫོགས་པས། །བོན་སྐུའི་བཙན་ས་རང་བཟུང་ན་ཆོག་གི། །ཞལ་གདངས་མཆེ་གཙིགས་ཀྱི་ལྷ་དེ་བོར་ཤོག །བོན་སྐྱོང་སྲུང་མ་ཡི་བཀའ་སྡོད་རབ་འབྱམས། །རིག་རྩལ་ཐལ་འབྱིན་གྱི་ལྟ་སྒོམ་ཀློང་ན། །དུག་ལྔ་འདུལ་བ་འདིར་གདོད་ནས་འདུག་པས། །དགྲ་འདུལ་གཉེན་སྐྱོང་གི་བཀའ་སྲུང་དོར་ཤོག །ཇི་ལྟར་བྱས་ཀྱང་ནི་བོན་ཉིད་ཆོ་འཕྲུལ། །གང་ལྟར་སྤྱོད་ཀྱང་ནི་གཞི་སྣང་རང་རྩལ། །བབས་ཀྱི་གནས་ལུགས་ལ་འཕོ་འགྱུར་མི་འདུག །གཤེན་རབ་སྟོན་པས་ཀྱང་འདི་བས་མ་བཤད། །གྱེར་སྤུངས་རིག་འཛིན་གྱིས་འདི་བས་མ་གཟིགས། །རྒྱལ་བ་བླ་ཆེན་གྱི་བརྒྱུད་པ་ཀུན་ཀྱང་། །བོན་འདི་ཁོ་ན་ལས་བརྟེན་ནས་སངས་རྒྱས། །གཤེན་རབ་ཐེག་པ་ཡིས་འདུལ་བར་དཀའ་ཚེ། །ཡེ་གཤེན་ཐེག་པ་འདི་ཁོ་ན་ཟབ་བོ། །བོན་སྒོ་བརྒྱད་ཁྲི་ནས་བཤད་པའི་མདོ་དོན། །གནད་གཅིག་ཨ་ཁྲིད་འདི་ཁོ་ནར་འདུས་སོ། །རྣམ་ཀུན་འདི་ཉིད་ལ་བརྩོན་པ་གཅེས་གཅེས། །བདག་དང་མཆེད་ལྕམ་གྱི་ཕོ་མོ་མ་ལུས། །ཕྱམ་གཅིག་གདོད་མ་ཡི་གྲོལ་གཞིར་ཕྱིན་ནས། །བོན་སྐུ་ཀུན་བཟང་གི་ཐུགས་ཀློང་ཡངས་པར། །བོན་ཉིད་རྒྱལ་སྲིད་ལ་མངའ་དབང་བསྒྱུར་ཏེ། །སླར་ཡང་འགྲོ་འདུལ་གྱི་རྫོགས་སྐུའི་བཀོད་པ། །དེ་ལས་ཡང་སྤྲུལ་གྱི་སྤྲུལ་སྐུའི་བཀོད་པས། །འཁོར་བ་ཀ་དག་གིས་དོང་སྤྲུགས་ཤོག་ཅིག །

ཅེས་གཡུང་དྲུང་བོན་གྱི་ལྟ་མགུར་འདི་ཡང་ཞྭ་དཀར་བོན་གྱི་བསྟན་པ་ལ་མཆོག་ཏུ་གུས་ཤིང་ཀུན་མཁྱེན་རྩོད་མེད་བརྒྱུད་པའི་གྲལ་མཐར་འཁོད་པ་མདོ་ཁམས་ཟུར་མང་པ་ཆོས་ཀྱི་རྒྱ་མཚོ་ཀུན་དགའ་བཟང་པོའམ་མིང་གཞན་དཔོན་གསས་མི་ཤིག་ཁྱུང་རྒོད་རྩལ་གྱིས་རྒྱལ་བོན་གྱིས་བྱིན་གྱིས་བརླབས་པའི་གནས་མཆོག་གྱོ་ཡི་ལུང་པ་གངས་དཀར་སྟག་སེང་ཁྱུང་རྩེའི་ཉེ་འདབས་ཁོད་སྤུངས་ཆེན་པོའི་གཤེགས་ཤུལ་བདེ་ཆེན་གཡུང་དྲུང་སྟེང་དུ་མིག་སྨན་ཐིག་ལེའི་སྤྱིལ་བོར་བགྱིས་པ་དགེ། །

(འོས་སྦྱོར་བའི་མཆན།) མདོ་ཁམས་ཟུར་མང་བ་ཆོས་ཀྱི་རྒྱ་མཚོའི་ལྟ་ཐོག་གི་ཉམས་མགུར་རྗོད་བྱེད་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་ཤིང་བརྗོད་བྱ་དོན་གྱི་མྱོང་བ་སེམས་ཐོག་ཏུ་རོོལ་བ་དེ་དཔེ་གཟུགས་རྙིང་དྲི་ཅན་ལག་བྲིས་བགྱིས་པ་ཞིག་བོད་བཞུགས་གྲོགས་པོ་ཞིག་བརྒྱུད་དེ་འབྱོར་བས་ཁོ་བོས་འཕྲུལ་ཡིག་ཏུ་ཕབས་པ་ཡིན། མགུར་དབྱངས་དེའི་ཚིག་དོན་རེ་ཟུང་གི་གོ་བ་ཇི་ལྟར་ལེན་མ་ཐུབ་པ་བྱུང་ན་ཡང་མཁས་པའི་ལེགས་བཤད་དུ་བསམ་སྟེ་གང་ཡང་མ་བཅོས་སོ་མར་བཞག་པའི་ཁུལ་ལོ། །

རྩོམ་རིག

Post navigation

Previous Post: ཞབས་བཏགས་རྒྱོབ།
Next Post: མགོ་ཁྲིད་ཀྱི་ཆ་རྐྱེན་གཙོ་བོ་སྙིང་རྗེ་ཡིན།

Comments (22) on “གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2015-05-28 at 2:20 pm

    རང་ལྟ་མཆོག་འཛིན་གྱི་རྣལ་འབྱོར་པ་ཟོག་པོ་ཞིག་ཡིན་པར་སྨོས་མེད་རེད། རང་གི་ལྟ་སྒོམ་གཞན་ལས་མཆོག་འཛིན་ནི། ཉམས་ལེན་མེད་པའི་རྟགས་རེད། །

  2. ཤར་པ་ says:
    2015-05-28 at 6:40 pm

    གདོད་མའི་བོན་དང་ད་ལྟའི་བོན།
    ཁྱད་པར་རི་རབ་སྡུལ་ཕྲན་བཞིན།
    བོན་གསར་་བོན་་རྙིང་དཀར་ནག་ཁྲ་
    ནང་པར་རུ་གྱུར་ཟིན་དགའ་བ་ལ།
    ཀ་དག་ང་མེད་ཀུན་བཟང་མགོན།
    གདོད་མའི་སངས་རྒྱས་གདོད་མའི་བོན།
    ཉོན་མོངས་ནང་ནས་སངས་་རྒྱས་ཀྱང།
    ཉོན་མོངས་དྲི་མ་མེད་པར་གནས།

  3. ཤར་པ་ says:
    2015-05-28 at 6:46 pm

    བོད་གངས་ཅན་པ་ལ་དྲིན་ཅན་སློབ་དཔོན་པདྨ་རིན་པོ་ཆེས་། གདོད་གཟུགས་བོན་གྱི་བསྟན་པ་རྣུབ། ་གསུངས་པ་ད་ལྟའི་བོན་ལ་ཡིན་མི་སྲིད་པས་གདོད་མའི་བོན་དང་་ལྟའི་བོན་ལ་ཁྱད་པར་ཆེའོ། བོན་གསར། བོན་རྙིང་། བསྒྱུར་བོན། བོན་དཀར་ནག་ཁྲ་གསུམ་གྱི་ཁྱར་པར་འབྱེད་གལ་ཆེ། ཡང་གཡུང་དྲུང་བོན་དང་བོན་ལ་ཁྱད་པ་མེད་དམ་

  4. ལྡོང་གསེར་མིག says:
    2015-05-28 at 8:14 pm

    བོན་ཞེས་ཚིག་གཅིག་མཐོང་བ་ན། །
    མིག་ལ་ཚེར་མ་བཙུགས་བཞིན་དུ། །
    རུ་ཏྲའི་ཚིག་མཚོན་འདེབས་པ་དེ། །
    སྙིང་ལ་གདོན་འདྲེ་ཞུགས་མིན་ནམ། །

    དགའ་ནས་བསྟོད་གླུ་ལེན་ན་འདྲ། །
    སྡུག་ནས་མིག་ཁྲག་བཞུར་ན་འདྲ། །
    བོན་ཞེས་ཐོག་པའི་གྲུབ་མཐའ་ནི། །
    མེ་དཔུང་བཞིན་དུ་འབར་ལ་ལྟོས། །

    བོན་དཀར་བོན་ནག་རྡོལ་བའི་བོན། །
    གཞན་གྱི་ཕྲག་པས་མ་བཟོད་པར། །
    ལོ་རྒྱུས་རྟོག་བཟོས་བསླད་པ་ལས།
    བོན་པོའི་གཞུང་དུ་མེད་དོ་སྐད། །

    བོད་ཕྲུག་གླེན་པའི་དད་པའི་རྟེན། །
    རྟོག་སྒྲུང་ལྟ་བུའི་ལྷ་ཚུགས་ཅན། །
    བྱ་སྒྲོས་དབུ་ལ་བརྒྱན་པའི་བུ། །
    བྱུང་མིན་ལ་ཡང་སོམ་ཉིར་ཚུད། །

    ས་གསེར་ངོས་འཛིན་མ་ཐུབ་ཅིང་། །
    ཁྲི་སྲོང་ལྡེའུ་བཙན་དཔུང་ཤུཊ་ཀྱིས། །
    བོད་སྤྱིར་གྱོང་དང་རྒུད་པའི་མཐར། །
    བན་བོན་རྩོད་པའི་གཏམ་འདི་ལྷག །

    ལོ་རྒྱུས་ཁོང་ནས་གསལ་འདོད་ན། །
    ལོ་རྒྱུས་སྐེད་སྐབས་མི་འཇུ་བར། །
    ལོ་རབས་སྟོང་ཕྲག་མང་བོའི་ཕྲེང་། །
    ལོ་ཟླས་བགྲང་དང་ཤེས་འོང་སྙམ། །

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-28 at 10:27 pm

    “།བདེན་གཉིས་འགལ་མེད་ཀྱི་རང་གཤིས་རིག་པ།” ཚིག་རྐང་འདི་ཉིད་ལ་འགྲེལ་བཤད་ཅིག་མཛད་ན། བདག་ལྟ་བུས་བོན་གྱི་གྲུབ་མཐའ་རྟོགས་པ་ལ་ཕན་ནོ། གྲུབ་མཐའ་ཞེས་པ་ཡང་རྒྱ་གར་མིང་ཚིག་སིདྡྷཱནྟ་བོད་སྐད་དུ་བསྒྱུར་པའི་རྗེས་སྒྲུབ་ཀྱི་མིང་ཚིག་ཡིན་པས། བོད་ཀྱི་བོན་གཞུང་ལུགས་པས་འདི་ཉིད་བཀོལ་སྤྱོད་ཡོད་མེད་ཁུགས་ཐུབ་པ་ཞིག་བདག་གིས་མི་ཤེས་ལགས།

  6. ཇུས་ཏོག་ says:
    2015-05-28 at 10:58 pm

    གུ་རུ་རིན་པོ་ཆེའི་གདོན་གཟུགས་བོན་གྱི་བསྟན་པ་སྣུབ་ཟེར་བའི་བོན་དེ་སྔ་མོའི་ཁྱར་བོན་ཟེར་བ་་དེ་མིན་འགྲོ་། སེམས་ཅན་སྟོང་ཕྲག་མང་པོ་བསད་ནས་དམར་མཆོད་འབུལ་བའི་ལམ་ལུགས་་དེ་གུ་རུ་རིན་པོ་ཆེ་ནས་བཀག་་པ་མིན་འགྲོ་། ད་ལྟའི་བོན་ནི་གཡོན་དྲུང་བོན་ཟེར་བ་དེ་ཡིན་པ་འདོད་། བོན་པོ་ཆོས་ཀྱི་རྙིང་མ་རེད་། འུར་རྡོ་མཚོན་གྱི་ཐོག་མ་རེད་། ཤེས་ཨེ་ཐི་ཧ་ཧ་

  7. ཏི་སི། says:
    2015-05-28 at 11:37 pm

    བོན་གྱི་གསུངས་མགུར་དོན་ཟབ་པོ་འདུག་ད་ནི་མིང་ཅི་བཏགས་ཀྱང་ཁྱད་མི་འདུག་དོན་ལ་ནི་ནང་བསྟན་དང་གསུངས་ལ་ཁྱད་པར་མི་འདུག་རང་རེ་ཆོས་པ་ཚོས་ཧར་རྒྱུགས་བྱས་ཏེ་བགྲོ་བཀུར་འདེབ་མི་ཉན་ཨ

  8. རང་བྱུང་རིག་པའི་རྡོ་རྗེ says:
    2015-05-29 at 2:46 am

    གདོན་གཟིགས་བོན་གྱི་བསྟན་པ་སྣུབ་ཅེས་པའི་ཚིག་འགར་ལ་ཡིད་གཏད་ག་ལ་རུང་། གཏེར་སྟོན་ཡོད་ཚད་ལ་ཡིད་རྟོན་མི་རུང་ངོ་། རྗེ་ཙོང་ཁ་བ་ཆེན་པོ་ཡང་འགོང་བོ་ཞྭ་སྐྱ་ཅན་གྱི་སྤྲུལ་བ་ཡིན་པའི་ལུང་བསྟན་ཐར་ཐོར་རེ་ཡོད་ས་རེད། རྗེ་ཙོང་ཁ་བ་ཡང་དག་ཡིན་མིན་ཁོང་གི་མཛད་རྗེས་ལ་དཔག་ནས་ལྟ་དགོས་པ་ལས་ལུང་བསྟན་ཐར་རེ་ཐོར་རེ་ཞིག་ལ་ཆ་འཇོག་ནམ་མི་བྱེད་དོ། བོན་པོ་ཚོའང་དེ་དང་དེ་བཞིན་ཡིན། བོན་པོ་ཡང་དག་ཡིན་མིན་བོན་རང་གི་ལྟ་སྒོམ་སྤྱོད་གསུམ་ལ་དཔག་ནས་བཤད་དགོས་པ་ལས་ལུང་བསྟན་ཞིག་ནས་འདི་ལྟར་གསུངས་འདུག་ཟེར་ན་མཁས་པ་བཞད་གད་དུ་གྱུར་བའི་གནས་ལས་མ་མཆིས་སོ། །

  9. རང་བྱུང་རིག་པའི་རྡོ་རྗེ says:
    2015-05-29 at 2:53 am

    ངེད་ཀྱིས་བོན་གྱི་མཁས་དབང་ཞིག་ལ་བགྲོ་གླེང་བྱས་པ་ལས། བོན་རང་ལུགས་ལ། བོན་དཀར་དང་བོན་ནག། འཁྱར་བོན་དང་། རྡོར་བོན་སོགས་ཀྱི་མིང་ཙམ་ཡང་མི་གྲགས་ཟེར། དེ་དག་ནི་ཆགས་སྡང་ཅན་གྱི་ཆོས་པ་ཚོས་རྟོག་བཟོ་རེད་ཟེར་གྱི་འདུག་གོ །

  10. རང་ཤར་རིག་གྲོལ་རྩལ says:
    2015-05-29 at 4:12 am

    རྣམ་དཔྱོད་མཆོག་ཏུ་ཡངས་་པའི་རྒན་ལ་དྭགས་ལགས་ལ། ༼བདེན་གཉིས་འགལ་མེད་ཀྱི་རང་གཤིས་རིག་པ། །སྣང་བ་བདག་མེད་ཀྱི་ཆུ་ཟླའི་རྫུན་རིས།༽ དོན་དམ་དུ་སྟོང་ཞིང་ངོས་འཛིན་ཕྱོགས་ལྷུང་བྲལ་བའི་རིག་པ་འདི། ཀུན་རྫོབ་ཏུ་སྣང་ཞིང་རྟོག་ཚོགས་གང་ཡང་ཆུ་ཟླའི་གཟུགས་བརྙན་བཞིན་འཆར་བ་ལ་གོ་བར་སྙམ། ༼སྣང་བ་བདག་མེད་ཀྱི་ཆུ་ཟླའི་རྫུན་རིས༽ ཕལ་ཆེར་ནོར་བ་འདྲ། སྣང་ན་འགག་མེད་ཟེར་ན་གོ་བདེ་བར་འདུག །

  11. མྱི་དཀར says:
    2015-05-29 at 5:37 am

    བྱ་འཕུར་ལགས། ཟུར་མང་ཆོས་རྒྱམ་ཟེར་ན་བོན་པོ་རེད་དམ་ཆོས་པ་རེད། གསལ་བཤད་གནང་རོགས།

  12. པདྨ says:
    2015-05-29 at 6:10 am

    བོན་གྱི་ལྟ་མགུར་ངོ་མ་ཞིག་ཡིན་ན་ཞང་གཞོང་གི་བརྡ་རྙིང་གཅིག་ཀྱང་མེད་པར་གང་ཡིན་ནམ། ཟུར་མང་པ་ཆོས་རྒྱམ་ནི་བླ་རྒན་སངས་རྒྱས་བསྟན་འཛིན་གྱི་དངོས་སློབ་རེད། ད་བོན་པོ་འགྱུར་བ་ཁག་ཡོད་མ་རེད། བན་དེ་ཚོས་གསོན་བསྲེག་མང་དྲག་པས་མིན་ནམ། གྲུབ་ཆེན་ཀར་རྣམ་གྱི་ཐུགས་སྲས། ནང་ཆེན་ཀུན་དགའ་བཟང་པོ་དེ་ཕྱིས་སུ་དགེ་བཅུ་ཁྲིམས་འགལ་བྱུང་ནས་བོན་ལ་ཞུགས་པ་ཞིག་མིན་ནམ། ཧ ཧ ལྟ་བ་ག་ཚོད་ཡོད་ཤེས་གསལ་རེད་ཧ ཧ ད་མི་བཤད།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-05-29 at 8:15 am

    ་་་་་་་་་་་་་་་ །ཀུན་ལ་དག་སྣང་གི་བློ་མིག་ཡངས་པས། །རིས་མེད་བསྟན་པ་ལ་ཤིན་ཏུ་འདུན་ཞིང་། །ཀུན་གྱི་སྙིང་པོ་རྣམས་གཅིག་ཏུ་བསྡུད་མཁས། །ཕྱོགས་མེད་མོས་གུས་ཅན་བོན་པོ་སྐྱིད་དོ། །་་་་་་་་་་་་་་་་་་་་

  14. རང་ཤར་རིག་གྲོལ་རྩལ says:
    2015-05-29 at 11:28 am

    མཆན་བཅུ་བ་ནོར་བཅོས། སྣང་བ་འགག་མེད་ཟེར་ན་གོ་བདེ་བར་འདུག །

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-29 at 12:36 pm

    རང་ཤར་རིག་གྲོལ་རྩལ་མཆོག་གི་སྣང་བ་འགག་མེད་ཅེས་པ་རབ་ཏུ་བདེན་ཏེ། འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དོ། ཞེས་གསུངས་པ་དང་དོན་འདྲའོ།

  16. དགེ་འདུན་རྒྱ་མཚོ། says:
    2015-05-29 at 2:11 pm

    བརྡོལ་བོན་
    འཁྱར་བོན
    བསྒྱུར་བོན
    ཟེར་བ་སོགས་ནི་ལོ་རྒྱུས་སྨྲ་བའི་ཐ་སྙད་ཅིག་རེད་མ་གཏོགས།
    དེ་བོན་པོའི་གཞུང་ནས་བཤད་པའི་བོན་ཚིག་ཅིག་མ་རེད་ལབ་ན་རིགས་པ་རྣལ་ཞིག་མ་རེད།

  17. རང་ཤར་རིག་གྲོལ་རྩལ says:
    2015-05-29 at 4:05 pm

    སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རུ་བདུད་ཁྱབ་པ་ལག་རིང་གིས་སྤེལ་བའི་ལོག་བོན་ཞིག་གསུངས་ཀྱི་འདུག བདུད་ཁྱབ་པ་ལག་རིང་བོད་ཡུལ་དུ་བསླེབས་ཡོད་པར་མ་ཟད་ཀོང་བོ་ཉིང་ཁྲི་ས་ཁུལ་དབང་བསྒྱུར་ནས་བསྡད་པར་གྲགས། ད་དུང་ཀོང་བོ་ན་བདུད་ཀྱི་ལོག་བོན་ཅུང་ཟད་ཅིག་ལྷག་ཡོད་པར་སྙམ། དཔེར་ན་མི་བསོད་ནམས་ཅན་དུག་གིས་གྲོངས་ན་དེའི་བསོད་ནམས་ཐོབ་པར་འདོད་པའི་ཕྱོགས་གཅིག་ཡོད་པར་སྣང་། དེ་མིན་བོན་གཞུང་དག་ན་བརྡོལ་བོན། འཁྱར་བོན། བསྒྱུར་བོན། བོན་དཀར་བོན་ནག་སོགས་ཀྱི་ལོ་རྒྱུས་མེད། དེ་ནི་རྟོག་བཟོ་ཁོ་ནའོ། །

  18. BONPO says:
    2015-05-29 at 7:56 pm

    བརྡོལ་བན
    འཁྱར་བན
    བསྒྱུར་བན
    ཟེར་བ་སོགས་ནི་ལོ་རྒྱུས་སྨྲ་བའི་ཐ་སྙད་ཅིག་རེད་མ་གཏོགས།
    དེ་བན་གཞུང་ནས་བཤད་པའི་བན་ཚིག་ཅིག་མ་རེད་ལབ་ན་རིགས་པ་རྣལ་མ་ཞིག་མ་རེད།

  19. BONPO says:
    2015-05-29 at 7:59 pm

    མི་འདི་ཚོས་ཁོང་རང་ཚོའི་ཆོས་ལུགས་སྣ་ཁ་གཅིག་པོ་དེ་ལ། དབྱེ་བ་དང་ཁ་མདོག་མང་པོ་ཞིག་ཕྱེས་ནས་མགོ་བདེ་པོ་འཁྲབ་བསྡད་པ་ནང་བཞིན། བོད་གངས་ཅན་པའི་ལོ་རྒྱུས་རང་སྐྱ་ཐུབ་པའི་གཟི་བརྫིད་ཅན་གྱི་ཆོས་ལུགས་དེ་ཉིད་ལའང་། ཧམ་པ་ཆེ་ཐག་ཆོད་ལག་པ་རིང་ཐག་ཆོད་ནས་དབྱེ་རྫུན་རང་འགར་ཕྱེས་པ་ནི་བོད་མི་རིགས་ཀྱི་རྐང་འདྲེན་མི་ན་ཅི་ཡིན། །

  20. ལྡོང་གསེར་མིག says:
    2015-05-30 at 7:54 pm

    ཟུར་མང་ཆོས་རྒྱམ་ཞུ་བ་”ནང་ཆོས་ནུབ་ཕྱོགས་སུ་སྤེལ་མ་ཐུབ་ན་ང་གསོན་དང་མ་གསོན་མི་འདུག་ཅེས་རང་སྲོག་གཅོད་རྩིས་ཀྱང་ཐེངས་འགར་གནང་འདུག་པས། རྒྱ་གར་གྱི་ཧིན་དྷུའི་དབང་འོག་ནས་རྡོ་རྗེ་གདན་དང་ཝ་ར་ཎི་ས་སོགས་སྐྱོབ་མཁན་སིང་ག་ལའི་གནས་བརྟན་ཆེན་པོ་དྷརྨ་པཱ་ལ་གཉིས་པ་ལྟ་བུ་ཞིག་རེད།”ཞེས་སྙན་གྲགས་ཀྱིས་གནམ་ས་རལ་གྲབ་བྱས་མྱོང་བའི་ཆོས་རྒྱམ་དྲུང་པ་ཞུ་བ་དེ་རེད་དམ། ཁ་ཅིག་གིས་གོང་གི་ཟུར་མང་ཆོས་རྒྱམ་ཞུ་བ་ཟུར་མང་དགོན་པའི་ཆོས་རྒྱམ་དྲུང་པའི་བླ་རབས་སྔ་མ་ཞིག་རེད་ཅེས་བཤད་མཁན་ཡང་ཐོས། དེའི་སྐོར་གསལ་བོ་མཁྱེན་མཁན་ཡོད་དམ།

  21. རང་ཤར་རིག་གྲོལ་རྩལ says:
    2015-05-31 at 3:26 am

    མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་རྩེ་ཁོག་ཏུ་དབང་ཞིག་སྐུར་བའི་སྐབས་སུ་དབང་བཤད་དུ། འཛམ་གླིང་འདིར་གང་ཟག་གི་བློ་དང་འཚམས་པའི་ཆོས་ལུགས་མི་འདྲ་བ་མང་བོ་ཞིག་ཡོད་པར་སྣང་མོད། དེའི་ནང་ནས་ནང་པ་སངས་རྒྱས་པ་ནི་རང་བསྟོད་ཙམ་མ་ཡིན་པར་ཆོས་ལུགས་གཞན་ལས་མཆོག་ཏུ་གྱུར་བ་ཞིག་རེད། ནང་པ་ལའང་རིགས་མི་འདྲ་བ་མང་བོ་ཞིག་ཡོད་པའི་ནང་ནས་གཡུང་དྲུང་གི་བོན་ནི་གཞན་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན། ང་རང་ཉིད་བོན་པོ་ཞིག་ཡིན་པའི་སྟབས་ཀྱིས་དོན་ལ་མི་གནས་པའི་བསྟོད་སྔགས་ནམ་ཡང་བྱེད་ཀྱི་མེད་ལ། བོན་ནི་ཆོས་ལུགས་གཞན་ལས་ཟབ་པ་དང་རྣམ་དག་ཅིག་ཡིན་ཞེས་དེ་བས་ཀྱང་བཤད་ཀྱིན་མེད། འོན་ཀྱང་བོན་ནི་ཆོས་ལུགས་གཞན་ལས་བྱིན་བརླབས་ཀྱི་ཚན་ཁ་ཆེ་བ་ཡིན་ཟེར་གྱི་ཡོད། རྒྱུ་མཚན་ནི་བོན་གྱི་བླ་རབས་ཡོངས་རྫོགས་ཉམས་ལེན་མཐིལ་ཏུ་ཕྱིན་པ་ཤ་སྟག་ཡིན། དེའི་སྟོབས་ཀྱིས་རྗེས་འཇུག་སློབ་མ་རྣམས་ཀྱིས་ཉམས་ལེན་བྱེད་ན་བྱིན་བརླབ་མྱུར་དུ་འཇུག་པའི་ཁྱད་ཆོས་ཡོད་པ་ངས་སྤོབས་པ་དང་བཅས་བཤད་ཐུབ་གསུངས་པ་ཞིག་ཐོས། བོན་གྱི་ཉམས་ལེན་པ་ཕལ་མོ་ཆེས་འཆི་ཁར་རྟགས་མཚན་ལེགས་པོ་རེ་མི་འཇོག་པ་ཅང་མེད་ཟེར་ན་ཆོག འདི་ནི་ཁོ་བོས་དངོས་མཐོང་མིག་ཟིན་ཡིན་པས་སྒྲོ་བཏགས་མེད་དོ། །

  22. ལྷ་སྡེ་གནམ་ལོ་ཡག says:
    2015-05-31 at 5:11 am

    ད་རྩོད་པ་མ་རྒྱག་པར་དོན་ལ་དཔྱད་པ་གང་ཐུབ་གནང་རོགས། བོད་ཀྱི་ཤེས་རིག་ལོ་རྒྱུས་ཡིན་ནའང་ཆོག ཆོས་ལུགས་ལོ་རྒྱུས་ཡིན་ནའང་འདྲ། རིམ་པ་མ་འདྲ་བའམ་འཕེལ་རིམ་མ་འདྲ་བ་ཁག་བརྒྱུད་ནས་ཡོང་བ་ཞིག་རེད། ཧ་ལམ་སྲིད་པ་བོན་གྱི་དུས་སྐབས། གཡང་དྲུང་བོན་གྱི་དུས་སྐབས། བན་བོན་གཉམ་གནས་ཀྱི་དུས་སྐབས། བན་ཆོས་ཀྱི་དུས་སྐབས། བན་ཆོས་གྲུབ་མཐའ་སྣ་མང་དུ་གྱེས་པའི་དུས་སྐབས། མར་ཁེ་སི་རིང་ལུགས་ཀྱི་དུས་སྐབས། བམ་བོན་ཡང་དར་གྱི་དུས་རབས་བཅས་སོ། དེ་བས། དུས་རིམ་རེ་རེར་དགེ་སྐྱོན་གཉིས་ཀ་ཡོད་སྲིད་པས། དེ་དག་ལ་ཞིབ་འཇུག་གནང་བ་ལས་བན་ཆོས་ལས་གཞན་གླེང་མི་ཆོག་པའི་དུས་རབས་དེ་ཡིག་གཞན་དག་ནང་དུ་བརྒལ་འདུག བོད་ཡིག་་ནང་ད་དུང་དེ་དག་རྩོད་ཀྱིན་པ་ནི་མ་འོས་པ་ཞིག་ཏུ་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme