Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

Posted on 2014-07-312014-07-31 By ཁ་བརྡ་ 29 Comments on གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

རྟེན་འབྱུང་།

unnamed-3

གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

བོད་མི་རིགས་འདི་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་ལྟར། ཐོག་དང་པོ་མི་རིགས་སུ་ཡིན་ཀྱང་དུད་འགྲོའི་སྤྱི་ཚོགས་ནང་བཞིན་འཚོ་བ་བསྐྱེལ་བཞིན་ཡོད། དེ་ནས་རིམ་གྱིས་མིའི་རྣམ་དཔྱོད་མཐོ་བོར་འགྲོ་བ་དང་མཉམ་དུ་འགྲོ་འདུག་སྤྱོད་ལམ་དང་། བཟའ་བཏུང་གཡོ་སྐོལ་སོགས་ཀྱང་ཇེ་ལེགས་སུ་བཏང་ཡོད། དེ་ནི་རྣམ་དཔྱོད་དང་ཤེས་རིག་རྒྱས་པ་དང་མཉམ་དུ་སྔ་མ་སྔ་མ་དོར་ནས་ཕྱི་མ་ཕྱི་མ་སྤང་བླང་གནང་ནས་ཡོང་ཡོད་པ་ཤེས་ཐུབ།
དེ་ལྟར་མ་ཡིན་པར་ལོ་ངོ་སྟོང་ཕྲག་རིང་བརྒྱུད་ནས་ཡོང་བའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཡིན་ཟེར་ནས་ཨུ་ཚུགས་རྐྱང་བརྒྱབ་ཡོད་ན་ཧ་ཅང་འཇིགས་སུ་རུང་བའི་ཀླ་ཀློའི་བྱ་སྤྱོད་དག་གིས་བོད་ཁམས་ཡོངས་རྫོགས་ཁེངས་ཡོད་ངེས། དེར་བརྟེན་མིའི་ཤེས་རིག་ཡར་རྒྱས་འགྲོ་བ་དང་མཉམ་དུ་སྤང་བླང་གནང་དགོས་པ་ནི་ཆོས་སྲིད་གང་ཐད་ནས་ཀྱང་གལ་ཆེན་དང་དོན་ཆེན་ཞིག་ཏུ་འཁུམས།

unnamed-1

ང་ཚོའི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་ཟུང་ན་ད་དུང་ཡང་གཡུ་བྱུ་རུ་དང་། སྟག་པགས། གཟིག་པགས་སོགས་ཀྱི་ཕྱིའི་རྒྱན་ཆ་ལ་དང་དོད་བྱེད་བཞིན་པ་ནི་དོན་ངོས་སུ་རང་ལ་ཤེས་རིག་གང་ཡང་མེད་པར་བླུན་རྨོངས་དང་། ལྐུག་རྟགས་བསྟན་པ་ཙམ་ལས་གཞན་གང་ཡང་མིན། ད་དུང་རེ་ཟུང་གིས་དེ་ནི་བོད་ཀྱི་རིག་གནས་དང་རིག་གཞུང་ཡིན་ཟེར་ནས་རྒྱུ་མཚན་ལྟར་སྣང་དག་བཀོད་བཞིན་པ་ནི་རིག་གཞུང་དང་། རིག་གནས་ཀྱི་གོ་དོན་ཁྱོན་ནས་རྟོགས་མེད་པ་གསལ་བས་སྙིང་རྗེའི་ཡུལ་ལས་གཞན་མིན།

unnamed-2

གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས། གསང་སྤྱོད་ནང་སྐྱག་པ་བཏང་བ་ཡང་རིག་གཞུང་ཡིན་དགོས། ཆོས་གང་ཞིག་གི་ཁྱད་ཆོས་དག་ཆོས་དེའི་རིག་གཞུང་ཡིན་ན་རིག་གཞུང་མེད་པའི་ཅ་དངོས་ཞིག་སྲིད་ན་མེད་པར་ཐལ་བའི་སྐྱོན་ཡོད།
དེའི་རྐྱེན་གྱིས་གནའ་རབས་ནས་བརྒྱུད་པའི་གོམས་སྲོལ་ནང་ལ་ཡང་ལེན་དགོས་ཡ་དང་དོར་དགོས་པ་གཉིས་གཉིས་ཡོད་པ་ཤེས་པར་གནང་ནས་སྤངས་བླངས་གནང་དགོས་པ་གལ་ཆེའོ།།

unnamedལྷག་ཏུ་གྲྭ་བའི་སྤྱི་ཚོགས་ནང་ལ་ཡང་མཆོག་གསུམ་ལ་མཆོད་པའི་ཕྱིར་ཁ་གཡར་ནས་རྒྱན་ཆ་ལ་དང་དོད་བྱེད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་རྩ་འགལ་ཆགས་ཡོད། དཔེར་ན་གྲྭ་པ་རྣམས་མཆོད་རྫས་ཐོགས་ནས་སེར་འཕྲེང་བསྒྲིགས་པའི་སྐབས་གསེར་དངུལ་གྱིས་བཟོས་པའི་རྒྱན་ཆ་འཁོར་ལོ་ཆེན་པོ་ཞིག་མདུན་དུ་འཕྱང་བ། གསེར་དངུལ་གྱིས་བཟོས་པའི་གོས་ཆེན་འདྲ་མིན་གྱོན་པ་སོགས་ཧ་ཅང་མང་པོ་མང་པོ་ཞིག་གཏན་ཏུ་སྤངས་ནས་མེད་པར་བཟོ་དགོས་པ་ཤ་སྟག་གོ །

རྟེན་འབྱུང་ནས་༢༠༡༤།༧།༣༡ ལ།

བགྲོ་གླེང་།

Post navigation

Previous Post: གསར་འབྱོར་བའི་སྐྱོ་གདུང༌།
Next Post: ཆོས་འཁོར་དུས་ཆེན།

Comments (29) on “གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།”

  1. ཨ་མ་ says:
    2014-07-31 at 8:12 pm

    རྟེན་འབྱུང་ལགས་ཐུགས་རྗེ་ཆེ་ དཔར་ནང་ལ་ཡོད་པའི་མི་དེ་ཚོའི་ཚོ་བ་སྐྱལ་གཏང་ནི་ཀླ་ཀློ་རང་རེད་ ཁོང་ཚོའི་ནང་ལ་ཡི་གེ་ཤེས་པ་ཧ་ལམ་ཡོ་མ་རེད་ སྐྱག་ཅིང་ལམ་ལ་གཏང་བ་དང་ མི་ཚེའི་ནང་ཁ་དང་གསོ་འཁྲུ་མྱོང་མེད་ གཙན་གཡེམ་ནི་གྱུན་ལྡན་གྱི་ཚོ་བ་རེད་ ཕྱི་ནང་ཚང་མར་ནང་ཁྲུག་རྒྱབ་མཁན་ཁོ་ཚོ་རེད་ འདྲེ་དང་སངས་རྒྱས་ངོ་མ་ཤེས་ ཀླད་པ་སྟོང་པ་རྣ་ཅོག་སྐུབ་ལ་ཡོད་པ་ཀྱང་ཀྱང་རེད

  2. རྒྱ་མཚོ་ཆེན་པོ་ says:
    2014-07-31 at 8:40 pm

    ཚིག་དོན་གཉིས་ལ་གནད་འགག་འདུག་བཀྲིན་ཆེ་ཞུ་ཡས་ཡིན།

  3. དབང་འདུས། says:
    2014-07-31 at 11:03 pm

    ད་དུང་དགོན་པའི་སྟེང་གི་གསེར་ཏོག་དང་། ལྷ་ཁང་ནང་གི་གསེར་སྐུ་སོགས་གཏོར་དགོས་རྒྱུ་མང་པོ་ཡོད་པ་འདྲ། སླར་རིག་གནས་གསར་བརྗེ་ཟེར་བ་ཚར་གཅིག་སླེབ་ན་ལེགས་པར་ངེས།

  4. དབང་འདུས། says:
    2014-07-31 at 11:08 pm

    སྤྱིར་བོད་རིགས་ཀྱི་གོམས་གཤིས་སུ་གོང་ཆེ་བའི་རྒྱན་ཆས་སྤྲས་གོམས་གཤིས་ཤིག་སྔོན་ནས་ཡོད་པ་རེད། ཡིན་ནའང་རྒྱན་ཆས་ཀྱི་འདྲན་རྩོད་དེ་ལྟར་བྱེད་པ་དེ་ནི་བོད་མི་རིགས་ཀྱི་རིག་གནས་གཏད་ནས་མིན། བྱེད་སྟངས་འདི་དག་འགོ་བཙུགས་ནས་མི་ལོ་སུམ་ཅུ་ཡས་མས་ཤིག་ལས་སོང་མེད དེས་ན་དེས་གང་ཞིག་མཚོན་གྱིན་ཡོད་པ་དང་། གནས་ཚུལ་འདི་དག་གི་རྒྱབ་ལྗོང་ཅི་འདྲ་ཞིག་ཡོད་པའང་རང་ཤུགས་ཀྱིས་རྟོགས་ནུས།

  5. དབང་འདུས། says:
    2014-07-31 at 11:09 pm

    སྤྱིར་བོད་རིགས་ཀྱི་གོམས་གཤིས་སུ་སྤྲོ་སྐྱིད་དང་། འདུ་འཛོམས་ཀྱི་སྐབས་སོགས་སུ་གོང་ཆེ་བའི་རྒྱན་ཆས་སྤྲས་རྒྱུའི་ལུགས་སྲོལ་འདི་སྔོན་ནས་ཡོད་པ་རེད། ཡིན་ནའང་རྒྱན་ཆས་ཀྱི་འདྲན་རྩོད་དེ་ལྟར་བྱེད་པ་དེ་ནི་བོད་མི་རིགས་ཀྱི་རིག་གནས་གཏད་ནས་མིན། བྱེད་སྟངས་འདི་དག་འགོ་བཙུགས་ནས་མི་ལོ་སུམ་ཅུ་ཡས་མས་ཤིག་ལས་སོང་མེད དེས་ན་དེས་གང་ཞིག་མཚོན་གྱིན་ཡོད་པ་དང་། གནས་ཚུལ་འདི་དག་གི་རྒྱབ་ལྗོང་ཅི་འདྲ་ཞིག་ཡོད་པའང་རང་ཤུགས་ཀྱིས་རྟོགས་ནུས།

  6. བསམ་ཤེས། says:
    2014-07-31 at 11:12 pm

    གསེར་དངུལ་ཟངས་དང་། གཡུ་བྱུ་རུ་མུ་ཏིག ལྷག་དོན་གཟི་དང་ཕ་ལམ་དེ་ཚོ་བཙོངས་ནས། རང་གི་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ན། རྒྱ་ནག་གི་སློབ་གྲྭ་ལེགས་ཤོས་དེ་ཚོར་བོད་པའི་ཕྲུ་གུས་འཁེངས་ནས་བསྡད་ནས། ངོ་མ་མི་རིགས་འདི་རེ་བ་སྦྱིན་ཐུབ།

    ལོ་ཤས་གོང་ལ་ངའི་ངོ་ཤེས་གཅིག་གིས། ཧོང་ཀོང་ལ་གཟི་གཉིས་བཙོངས་ནས། དེའི་རིན་པས། རང་གི་ཕྲུ་གུ་ཨོ་སི་ཊོ་ལི་ཡའི་ཝིག་ཀྲོ་ལི་ཡ་ཟེར་བའི་སློབ་ཆེན་དེར་བཏང་སོང་། ཨ་རིའི་སློབ་ཆེན་ཡག་ཤོས་གཅིག་ལ་དཔལ་འབྱོར་གྱི་ཐོག་ནས་གཏོང་ཐུབ་རུང་། ཐོངས་མཆན་མ་ཐོབ་པས་བྱ་ཐབས་བྲལ།

    ང་ཚོས་ལས་འགུལ་སྤེལ་ནས། ཕྲུ་གུ་སློབ་གྲྭར་འགྲོ་བཞིན་པའི་ཕ་མ་རྣམས་ལ་རྒྱན་གོས་འགའ་ཤས་བཙོང་ནས་ཕྲུ་གུ་སློབ་གྲྭར་གཏོང་བའི་སློབ་སྟོན་བྱེད་དགོས།

    དེ་ལྟར་བྱུང་ན། འཛམ་གླིང་གི་སློབ་གྲྭ་ལེགས་ཤོས་དེ་ཚོར་བོད་པ་ཐར་གྱི་རེད། སྔོན་མ་ང་ཚོའི་བཙན་པོ་རྣམས་ཀྱིས་གསེར་བསྐུར་ནས་ལོ་ཙ་བ་མང་པོ་རྒྱ་གར་ལ་བཏང་བའི་དྲིན་གྱིས། ང་ཚོར་ནང་ཆོས་ཀྱི་སློབ་གསོ་ཆ་ཚང་བ་ཞིག་བསྐྲུན་ཐུབ་པ་རེད། ད་ཆ་འདི་རྒྱལ་ཁབ་ཚང་མའི་གཅེས་ནོར་ལ་གྱུར་ཡོད།

  7. ཨ་མ་ says:
    2014-08-01 at 6:57 am

    ཁམས་པ་དེ་ཚོས་རྟག་པའི་རྒྱན་ཆ་དེ་ཚོ་བོད་པ་རང་གི་ཉོ་ཚོང་བྱས་པ་ལས་མི་རེགས་གཞན་གྱི་ཉོ་མཁན་ཡོ་མ་རེད་ གལ་སྲིད་དེ་ཚོ་ཚང་མ་གཙོང་ཐུབ་པ་ཡིན་ནའང་ དེའོ་རིན་འབབས་ཀྱི་ སུད་སིའི་རྒྱན་ཆའི་ཚོང་ཁང་ཡག་པ་ཞིག་ནས་རྣ་རྒྱན་ཆུང་ཆུང་ཆ་གཅིག་ཉོ་ཐུབ་ཨ་ཡོང།

  8. ཀརྨ་བློ་གསལ་ says:
    2014-08-01 at 10:26 am

    འདི་ནི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས་འོག་གི་འཕེལ་རྒྱས་དང་ལེགས་བྱང་ཡིན། དེ་ལ་མ་དགའ་པ་གནང་མཁན་ཚང་མ་ལོ་དབུ་མའི་ལམ་ལ་རྒྱབ་གཏོད་རྒྱག་མཁན་མ་རེད་དམ།

  9. གཞོན་ནུ་ཟླ་མེད says:
    2014-08-01 at 8:28 pm

    ཁྱོད་མི་དགའ་སའི་བུ་མོ་དེ་བོད་པ་ནང་ཡོད་ཆོག་པ་རེད། ཁྱོད་མི་དགའ་ན་བོད་པ་ནང་མེད་པ་བཟོ་དགོས་པའི་རྒྱུ་མཚན་མེད་པ་རེད། ཅི་སྲིད་རང་ཉིད་མི་དགའ་ས་དེ་བོད་པ་རྩ་མེད་བཟོ་དགོས་པར་འདོད་པའི་འགལ་འཛིན་གྱི་བསམ་བློ་ཡོད་པ་དེ་སྲིད་དུ། བོད་པའི་ནང་གི་ནང་འགལ་རྫོགས་རྒྱུ་མེད། ཅི་སྲིད་བོད་པའི་ནང་འགལ་མ་རྫོགས་པ་དེ་སྲིད་དུ་བོད་པ་གཅིག་སྒྲིལ་ཡོངས་ཐབས་མེད། ཅི་སྲིད་བོད་པ་གཅིག་སྒྲིལ་མ་ཡོང་བ་དེ་སྲིད་དུ་བོད་བར་རང་དབང་རྩ་ནས་མེད།
    གོང་གསལ་གྱི་གྱི་བ་འདི་ལོ་རྒྱུས་དང་སྦྱར་ནས་བཤད་ན། རྒྱལ་བོ་ཚོའི་སྐབས་སུ་བན་བོན་གཉིས་མཉམ་གནས་ལ་བསམ་བློ་མ་བཏང་བར་གཅིག་ཡོད་ན་གཅིག་མེད་དགོས་པའི་རྩ་གཏོར་གྱི་བསམ་བློ་དང་ལག་ལེན་དེའི་དབང་གིས། བོད་འདི་དུམ་བུ་ནས་དུམ་བུར་གྱུར། ས་སྐྱ་བའི་གཅིག་གྱུར་བྱས་རྗེས་ཡང་བཀའ་བརྒྱུད་པས་་་་་་་་། དེའི་རྗེས་ནས་ཡང་བཀའ་བརྒྱུད་པས་ལྷ་སའི་སྨོན་ལམ་སྟེང་དུ་བཀའ་བརྒྱུད་པ་ཡོད་དགོས་ལ་དགེ་ལུགས་པ་རྩ་ནས་ཡོད་མི་ཆོག་པའི་བསམ་བློ་དེའི་དབང་གིས་ལག་ལེན་དེའི་དབང་གིས་དགེ་ལུགས་པ་ལྷ་སའི་སྨོན་ལམ་ནས་གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་མེ་འབར་བས་སྲེག་ཅིང་རྣམ་པར་འཇོན་པར་གདོན་མི་ཟའོ། ཟེར་ནས་ཡུངས་ཀར་བརྡབ་པས་ནུས་པ་ལྡོག་ཕྱོགས་ནས་ཐོན་དེ། བཀའ་བརྒྱུད་ཚང་གི་སྲིད་དབང་མགོ་གཏིང་ལོག འདི་ལྟར་གཅིག་ཡོད་ན་གཞན་ཡོད་མི་ཆོག་པའི་ལྟ་ཚུལ་འདིའི་དབང་གིས་ས་ཡ་དྲུག་ནུས་མེད་ཉམས་ཞེན་དུ་གྱུར་ནས། མཐའ་མར་བོད་འདི་རྒྱ་ཡི་འོག་ཏུ་འགྲོ་གསུངས་པ་ལྟར་གྱུར་རོ།
    གོང་གི་དེ་ནི་ལོ་རྒྱུས་ལ་སྦྱར་ནས་བསྡུས་ཙམ་གསལ་བར་བྱས་པའོ། འཚོ་བའི་སྟེང་དུ་བཤད་ན་ཡང་དགེ་སློང་ལ་མི་དགོས་པའི་སྙ་མ་དེ་ཁྱིམ་པ་ལ་དགོས་པ་རེད། ཁྱོད་ལ་མི་དགོས་པའི་ཞར་མ་དེ་གཞན་ལ་དགོས་པ་རེད། ཁྱོད་མི་དགོས་ན་བོད་ལ་རྩ་མེད་བཟོ་དགོས་ཟེར་བ་འདི་ཅི་རེད། གནོད་ཅི་ཞིག་བསྐྱལ། བོད་ལ་གནོད་ཅི་ཞིག་བསྐྱལ། གད་མོ་ལངས་དགོས་པའི་གནས་རེད། ཁྱོད་མི་དགའ་ས་རྩ་མེད་བཟོ་དགོས་པ་འདི་ནི་ཁ་ཆེ་ལྟ་བ་མཁྲེགས་འཛིན་མཁན་ཚོའི་ལུགས་རེད།

  10. ཀླུ་སྨྱོན། says:
    2014-08-01 at 8:32 pm

    མི་རིགས་གང་ཞིག་ཡིན་ཡང་སྲོལ་རྒྱུན་རིག་གནས་ཆེས་ཐོག་མར་འདོར་མཁན་དེ་སྐྱེས་པ་ཚོ་ཡིན། ཆེས་མཐའ་མ་བར་དུ་སྲོལ་རྒྱུན་རིག་གནས་ཉར་མཁན་དེ་བུད་མེད་དག་ཡིན། མི་བདེན་བསམས་ན་བོད་དང་རྒྱ་གར་སྤྱི་ཚོགས་སུ་དཔྱོད་དང་ཤེས་ཡོང་།

  11. གཞོན་ནུ་ཟླ་མེད says:
    2014-08-01 at 8:41 pm

    ཡང་ཁ་ཤས་ཀྱིས་དགོས་ནི་དགོས་པ་རེད། འོན་ཀྱང་མང་དྲག་འདུག་ཟེར། འོ་ན་བོད་ལ་ཆོས་དགོས་ནི་དགོས་པ་རེད། འོན་ཀྱང་མང་དྲག་འདུག ཁྱོད་ཀྱི་ཆོས་དེ་རྩ་མེད་བཟོ་དགོས་ཟེར་ན་ཅི་འདྲ་འདུག ཁྱོད་དགའ་སའི་རྒྱན་ཆ་དང་དགའ་མ་ཡོད་དགོས་ལ། ང་དགའ་སའི་དགའ་མ་དང་རྒྱན་ཆ་ཡོད་མི་ཆོག་པ་ཅི་རེད། བོད་ས་འདི་ཁྱོད་སྐྱེས་ས་ཡང་རེད་ལ་ང་སྐྱེས་ས་ཡང་རེད། ཁྱོད་ལ་ཁྱོད་ཀྱི་འཁོར་ཡུག་དང་དགའ་ས་ཡོད་ཆོག་ན་ང་ལ་ང་དགའ་སའི་འཁོར་ཡུག་དང་དགའ་ས་ཡོད་ཅི་ལ་མི་ཆོག དེ་བཞིན་དུ་ཁོ་ལ་ཡང་ཁོ་དགའ་སའི་འཁོར་ཡུག་དང་དགའ་ས་ཡོད་ཅིའི་ཕྱིར་མི་ཆོག
    རིག་གནས་གསར་བརྗེ་སྐབས་སུ་བརྗོད་ཚིག་འདི་འདྲ་རྟག་ཏུ་གོ་རྒྱུ་ཡོད། གྲལ་རིམ་དགྲ་བོ་ཕམ་པར་རྒྱོབས། འབྱོར་མེད་གྲལ་རིམ་གྱི་གཉའ་ན་ཡོད་པའི་རི་བོ་ཆེན་པོ་གསུམ་རྩ་རྫོགས་བྱེད་དགོས། བརྗོད་ཚིག་འདི་དག་དང་མཉམ་དུ་ཁུ་ཚུར་ས་ཡ་ནས་ས་ཡ། དར་ཆ་ས་ཡ་ནས་ས་ཡ་མེ་འབར་བ་ལྟར་ཡིན། ཡིན་ན་ཡང་ཚ་ཚ་འུར་འུར་དུ་འབར་བའི་རིག་གནས་གསར་བརྗེ་དེ་རྩ་ནས་ཡལ། འོན་ཀྱང་རང་གཅུན་ལུགས་སྲོལ་གྱི་རིག་གནས་གསར་བརྗེ་དེ་འགོ་འབུས། ང་མི་དགའ་སའི་རིག་གནས་དེ་བོད་ས་ནས་རྩ་རྫོགས་བྱེད་དགོས། ང་མི་དགའ་སའི་རིག་གནས་དེ་ཕམ་པར་རྒྱག་དགོས། འབོད་ཚིག་འདི་དག་གིས་རིམ་བཞིན་ས་འོག་ནས་ས་འོག་བརྒྱུད། བོད་ས་ལ་ཁྱབ་བཞིན་ཡོད། ཅི་འདྲའི་སེམས་འཕང་བ་ཞིག་རེད་ཨང་།། །།

  12. གནམ says:
    2014-08-01 at 8:57 pm

    ཀླུ་སྨྱོན་གྱིས་བཤད་པ་འདི་ཤིན་ཏུ་ནས་མི་བདེན། བུད་མེད་ཀྱིས་བུའི་ཁ་ངོ་དང་དབང་ཤེད་ཀྱིས་མ་འདང་བས་ན་དེ་ལྟར་ཡོང་བ་ལས། བུ་བུ་མོ་ལ་བསམ་བློ་དང་དབང་ཤུགས་འདྲ་མཉམ་ཡོད་པ་ཞིག་གི་ཆ་ནས་དེ་ལྟར་བྱུང་བ་ཞིག་རྩ་བ་ནས་མིན། བླ་རྒན་འདིས་དཔྱོད་མ་ཤེས་བའི་འུར་རྫུན་འདི་འདྲ་བཤད་དགོས་བ་ཅིའི་དོན་ཡིན། བུད་མེད་ཞིག་གི་སྟུ་དྲི་སྣོམ་འདོད་ནས་བཤད་པ་ཨེ་ཡིན།

  13. གཞོན་ནུ་ཟླ་མེད says:
    2014-08-01 at 8:58 pm

    བོད་འདི་ཡོད་བར་བཟོ་ཕྱོགས་ལ་རྐང་པ་གཅིག་སྤོ་མི་ཐུབ་པར། མེད་པར་བཟོ་ཕྱོགས་ཀྱི་ལམ་ཁའི་སྟེང་དུ་གཅིག་ལས་གཅིག་མགྱོགས་ཡིན་པ་འདི་སུ་ཡིས་ནོངས། ཏིང་ཞོ་ཕིན་གྱིས་མོའི་ཙེ་ཏུང་ལ་འདི་ལྟར་བཤད་མྱོང་། སྤྱི་ཚོགས་དང་ཚོགས་སྡེ་རྩ་མེད་དང་སྲིད་དབང་མགོ་གཏིང་བསློག་ཕྱོགས་ཐད་ནས་ཁྱོད་མཁས་པ་ཡིན་ན་ཡང་། འཛུགས་སྐྲུན་དང་རྒྱལ་ཁབ་སྐྱོང་སྟངས་ཐད་ནས་ཁྱོད་ལ་འཇོན་ཐང་དུད་འབྲུ་ཙམ་ཡང་མེད་པས། མི་དམངས་ས་ཡ་ནས་ས་ཡ་མང་པོ་མུ་གེའི་ཤི་བཞིན་པ་རེད། དེ་བས་སྲིད་དབང་ངའི་ལག་ཏུ་སྤྲོད་དང་ལོ་བཅུའི་ནང་དུ་རྒྱལ་ཁབ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་ཅེས་བཤད་མྱོང་། ང་ཚོས་ངེས་པར་དུ་རྩ་མེད་བཟོ་ཕྱོགས་ལ་སྦྱང་བ་ལས་ངེས་པར་དུ་འཛུགས་སྐྲུན་དང་སྤྱི་ཚོགས་འཛིན་སྐྱོང་། འཚོ་གནས་ཐད་སྦྱང་དགོས་པ་ཞིག་རེད།།་

  14. གཞོན་ནུ་ཟླ་མེད says:
    2014-08-01 at 9:10 pm

    བོད་ཀྱི་རྒྱན་ཆའི་རིགས་གནས་སྐོར་ལ། མི་དགོས་པ་དང་དགོས་པ་མང་པོ་ཞིག་ཏན་ཏན་ཡོད་ཀྱི་རེད་བསམ་གི ཡུག་རྒྱག་རྩ་མེད་བཟོ་བ་ཆད་མཐའ་ལ་ལྷུང་བ་དང་། ཡང་ཡོད་ཚད་ལུས་ལ་བཏགས་ནས་འགྲོ་རྒྱུ་ནི་རྟག་མཐའ་ལ་ལྷུང་དྲག་པ་རེད་བསམ་གི ང་ཚོས་འདི་ནས་བོད་རང་གི་རྒྱན་ཆའི་རིག་གནས་རྐྱང་བའི་སྟེང་ནས་གླེང་ན་དེང་སང་མང་པོ་ཞིག་གིས་བོད་མི་རིགས་ནི་ཆེས་རྗེས་ལུས་སུ་བརྩི་ལ། མགོ་སེར་དང་བསྡུར་ནས་བཤད་ན་རྣ་བ་ཀྲོག་ཀྲོག་བྱས་ནས་ཉན་པར་མ་ཟད། མགོ་བོ་ལྕོག་ལྕོག་བྱས་ནས་ངོས་ལེན་བྱེད་ཀྱི་རེད།
    དེ་བས་ན་ངས་འདི་ནས་དུས་ཚོད་ཁོམས་སྐབས་དང་བསྟུན་ནས་མགོ་སེར་དག་གི་རིག་གནས་དང་བསྟུན་ནས་བོད་ཀྱི་རྒྱན་ཆའི་སྐོར་ལ་བཤད། མགོ་སེར་བུ་མོ་ཚོར་རྒྱན་ཆ་འདི་ལྟར་འདོགས་སྲོལ་འདུག ༡༽ མིག་རྒྱན་སྟེ། མིག་གི་ཡ་ཐོད་ཀྱི་རྫི་མ་ཡོད་ས་དེར་གསེར་དངུལ་ཟངས་ལྕགས་སོགས་རྒྱུ་ཆ་ཅི་རིགས་ལ་གྲུབ་པའི་རྒྱན་ཆ་འདོགས་སྲོལ་ཡོད་ཀ འདི་ནི་བོད་པའི་བུ་མོ་ཚོར་མེད་པས་ཤིན་ཏུ་མང་བའི་མཐའ་ལ་མི་གནས། ༢༽ཡང་མགོ་སེར་བུ་མོ་ཚོར་རྣ་རྒྱན་ཟེར་ནས་རྣ་མཆོག་ལ་བུ་ག་གཅིག་མང་པོ་ཕུག་ནས་རྣ་རྒྱན་མང་པོ་འདོགས་སྲོལ་འདུག བོད་པའི་བུ་མོ་ཚོར་རྣ་ལ་བུ་ག་གཅིག་ཕུག་ནས་རྣ་རྒྱན་ཡང་གཅིག་མ་གཏོགས་འདོགས་སྲོལ་མེད༏ འདི་ཡང་བོད་པའི་བུ་མོ་ཚོ་མང་མཐའ་ལ་མི་གནས། ༣༽ མགོ་སེར་བུ་མོ་ཚོར་ལྕེ་རྒྱན་སྟེ་ལྕེ་ལ་བུ་ག་ཕུག་ནས་དེའི་ནང་ལྕགས་ཀྱི་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པ་ལ་མེད་ཀ ༤༽ མགོ་སེར་བུ་མོ་ཚོར་མན་རྒྱན་སྟེ། ཁ་ཡི་མན་ཤ་ཕུག་ནས་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པ་ལ་མེད་ཀ ༦༽ མགོ་སེར་བུ་མོ་ཚོར་ལག་གདུབ་འདོགས་སྲོལ་འདུག དེ་ནི་ཕལ་ཆེར་བོད་པ་ཡང་འདྲ་མཚུངས་ཡིན་ཚོད། ༧༽ མགོ་སེར་བུ་མོ་ཚོར་འཛུབ་རྒྱན་སྟེ་ཚིགས་ཀོག་གོང་མཐོན་པོ་ཨ་སྒོར་ཁྲི་ཕྲག་རི་བ་འདོགས་རྒྱུ་ཡོད། བོད་པའི་བུ་མོ་ཚོར་དེ་འདྲ་གོང་ཆེན་པོ་འདོགས་སྲོལ་མེད་ཀ ༨༽ ཡང་མགོ་སེར་བུ་མོ་ཚོར་ལྟེ་རྒྱན་སྟེ། ལྟེ་བའི་འོག་དེར་བུ་ག་ཕུག་ནས་རྒྱན་ཆ་འདོགས་སྲོལ་འདུག དེ་ཡང་བོད་པའི་བུ་མོ་ཚོར་མེད་ཀ ༩༽ ཡང་མགོ་སེར་བུ་མོ་ཚོར་སྟུ་རྒྱན་སྟེ་བྱ་ལེའི་ཐོད་དེར་བུ་ག་ཕུག་ནས་རྒྱན་ཆ་འདོགས་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་མེད་ཀི ༡༠༽ཡང་མགོ་སེར་བུ་མོ་ཚོར་རྐང་གདུབ་འདོགས་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་ཡང་འདོགས་སྲོལ་མེད་ཀི ༡༡༽ ཡང་མགོ་སེར་བུ་མོ་ཚོར་ཐེབ་རྒྱན་སྟེ་རྐང་བའི་ཐེབ་མོ་རེ་རེ་སྟེང་རྒྱན་ཆ་འདོགས་པའི་སྲོལ་ཡོད་ཀི བོད་པའི་བུ་མོ་ཚོར་དེ་ཡང་མེད་ཀི
    མདོར་བསྡུས་ནས་བཤད་ན་བོད་པའི་བུ་མོ་ཚོར་འདོགས་ཆ་མང་བའི་སྐྱོན་ཡོད་པར་སྨྲ་བ་ནི་དོན་དངོས་ལ་ཞིབ་བསྡུར་མ་བྱས་པར་བཤད་པ་ཤ་སྟག་རེད། བོད་པའི་བུ་མོ་ཚོར་རང་མི་རིགས་གི་ཁྱད་ཆོས་སྟོན་པའི་རྒྱན་ཆ་ཁ་ཤས་ཞིག་མ་གཏོགས་མེད་པ་དེ་ཡང་རིག་གནས་གསར་བརྗེ་སྔ་མ་དང་ཕྱི་མའི་སྐབས་སུ་རྩ་མེད་དུ་གཏོང་རྩིས་ཡོད་མོད། རིག་གནས་གསར་བརྗེ་སྔ་མས་རྩ་མེད་བཟོ་མ་ཐུབ་པ་རེད། ད་ཡང་རིག་གནས་གསར་བརྗེ་ཕྱི་མ་རོ་ལངས་བརྒྱབ་ཡོང་གི་ཡོད་པ་རེད། བོད་པའི་མི་དམངས་བྱིངས་རྣམས་དགེ་སློང་དང་དགེ་སློང་མ་མ་རེད། ཁྱིམ་པ་རེད། ཁྱིམ་པ་ལ་ཁྱིམ་པའི་འགྲོ་སྲོལ་ལྟར་རྒྱན་ཆ་དང་འདོགས་ཆ། གྱོན་པ་སོགས་མི་རིགས་ཀྱི་ཁྱད་ཆོས་མ་ཡལ་བའི་ཐོག་ནས་ཡོད་དགོས་པ་ཞིག་རེད། དེ་ནི་མི་རབས་ཚ་བརྒྱུད་བོད་མི་རིགས་ཞིག་འཛམ་གླིང་འདིར་རྒྱུན་གནས་ཐུབ་པའི་ཁྱད་ཆོས་ཞིག་ཀྱང་ཡིན་པར་འདོད། མི་རིགས་ཞིག་འཇོག་པ་ལ་ཁྱད་ཆོས་འབུར་ཐོན་ཁ་ཤས་སྟེང་ནས་འཇོག་དགོས་པ་སྨྲོས་མེད་ལ༏ ཁྱད་ཆོས་རེ་རེ་ཉམས་སོང་ན་མི་རིགས་དེ་རྩ་བརླགས་དུ་བུད་སོང་བ་རེད།
    དེ་བས་ནས་བོད་པའི་བུ་མོ་ཚོའི་རྒྱན་ཆ་འདོགས་པ་ལ་བཙན་གནོན་དང་བཙུར་རྡུང་བྱེད་པ་དང་། ཟུར་ཟ་བྱེད་པ་གང་ཡིན་ན་ཡང་བོད་ཀྱི་ཐུན་མིན་རིག་གནས་ཞིག་ལ་ཁྱད་གསོད་དང་མཐོང་ཆུང་། དམའ་འབེབས་བྱས་པ་ཞིག་རེད།། །།

  15. གནམ says:
    2014-08-01 at 9:16 pm

    བུ་སྤུན་ཚང་མའི་བར་ལ་ནག་མོ་གཅིག་ལས་མི་ལེན་པར། རྒྱུ་དང་དབལ་འབྱོར་བཙལ་ནས། གསེར་གྱི་ཁང་པ་ཞིག་ཕུབ་ཐུབ་ན་ཡང་། ཉིན་ཞིག་དགྱ་མིའི་ཡུལ་ལ་དྲུད་འགྲོ་བའི་གནས་ཚུལ་ཤེས་བཞིན་པ་འདི་ཡོད་བཞིན་དུ། ནང་གི་ཡོན་ཏན་ལ་རྩོན་ན་མི་དགའ་འམ།
    ཡང་གཅིག་བཤད་ན།
    གོང་གི་རྒྱན་ཆ་འདི་འདྲ་འབྱོར་བའི་བོད་ཁྱིམ་གཅིག་ཡང་སྟོན་རྒྱུ་མེད། ཡོད་ན་ངས་ཁྱེད་ཚོ་ལ་ཚེ་གཡོག་རྒྱུག་དགོས། མེད་པ་དང་མི་འབྱོར་བ་ཞིག་ཡུལ་སྲོལ་ལ་འདྲེན་ན། ཁྱེད་ཚོ་ལ་དཔྱོད་ལུགས་མེད་པའི་བདག་འཛིན་ཆེ་དྲག་པའི་སྐྱོན་བྱུང་བ་རེད།

    མིའི་མགོ་སྐོར་ལ་བློ་མ་འཁྲུལ། མི་འབྱོར་བའི་ཡུལ་སྲོལ་དགའ་དད་མ་བྱེད། དགའ་དགའ་ཚོ།

  16. ཀླུ་སྨྱོན། says:
    2014-08-01 at 10:07 pm

    གནམ་ལགས། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་ས་ཁུང་ནང་དུ་བརྟག་དཔྱད་མེད་པར་གཏམ་བཤད་མེད་ཅེས་ཁྱོད་འུ་གཉིས་ལ་ཚར་ག་ཚོད་བཤད་སོང་། རྒྱལ་ས་ལྡི་ལི་སོགས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་སོང་ནས་ལྟོས་དང་། རྒྱ་གར་གྱི་སྐྱེས་པ་སྔོན་མར་གན་དི་སོགས་ཀྱི་སྐབས་སུ་རས་དཀར་པོ་ལྷེབ་ཙམ་ཞིག་གིས་གུ་ཐུང་གི་ཚབ་བྱེད་པ་དེ་འདྲ་གྱོན་མཁན་འདུག་གམ། སྐྱེས་པ་ཁྲི་ཡི་ནང་ན་གཅིག་རེ་ཡོད་མེད་ཐེ་ཚོམ་རེད། ཡིན་ཡང་བུད་མེད་ས་རས་གྱོན་པ་ཁྲི་སྟོང་མང་པོ་མཐོང་རྒྱུ་ཡོད། རྒྱ་གར་དང་བལ་བོའི་བོད་པ་གཞིས་ཆགས་ཡོད་སར་སྐྱོད་དང་། སྐྱེས་པ་ཕྱུ་བ་གྱོན་མཁན་ག་ཚོད་འདུག གཉིས་གསུམ་ཡང་རྙེད་ཁག་པོ་རེད། ཡིན་ཡང་བུད་མེད་ཕྱུ་བ་དང་པང་གདན་ཅན་ག་ཚོད་དགོས་ཀྱང་རྙེད་ཀི་རེད། རྒྱ་གར་དང་བལ་བོའི་གཞིས་ཆགས་ཁག་ལ་མཚོན་ན་སྐྱེས་པའི་ཕྱུ་བ་ནི་དམིགས་བསལ་ཚོགས་འདུ་དང་ལོ་གསར་ལྟ་བུའི་སྐབས་སུ་ལས་གོས་ཀྱི་ཆེད་དུ་བེད་སྤྱོད་པ་ཙམ་རེད། བུད་མེད་ཚོའི་ཕྱུ་བ་ནི་རྒྱུན་གོས་སུ་གྱུར་ཡོད་པ་རེད། མི་བདེན་བསམས་ན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་སུ་སོང་ནས་ལྟོས་ཤིག བལ་བོའི་ཤར་པ་དང་གཉི་ཤང་བ་སོགས་ཀྱང་དེ་རང་རེད། ལྷ་ས་ལ་སོང་དང་། བོད་པའི་སྐྱེས་པ་ཕྱུ་བ་གྱོན་མཁན་གྲོང་གསེབ་ནས་ཡོང་བ་རེ་ཟུང་མཐོང་རྒྱུ་ཡོད་ན་མ་གཏོགས་སྐྱེས་པ་བརྒྱ་ཆའི་གོ་ལྔས་རྒྱ་ཆས་སམ་དེང་རབས་པའི་ལྭ་བ་གྱོན་ཡོད་པ་རེད། ཡིན་ཡང་ལྷ་སའི་བུད་མེད་ཕྱུ་བ་དང་པང་གདན་ཅན་ག་ཚོད་དགོས་དགོས་མཐོང་རྒྱུ་ཡོད་པ་རེད། འདིས་ག་རེ་མཚོན་གྱི་ཡོད་པ་རེད། འདིས་སྐྱེས་པ་ཚོར་རང་ཚུགས་མེད་པ་དེ་མཚོན་གྱི་ཡོད་པ་རེད།

  17. རྟེན་འབྱུང་། says:
    2014-08-02 at 2:40 am

    དྲ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། རེ་ཟུང་གིས་རང་རང་སོ་སོའི་འདོད་ཕྱོགས་དེ་གཞན་ཞིག་གིས་རིགས་པས་དགག་སྒྲུབ་བྱེད་ན་དེ་ནི་མའོ་ཙེ་ཏུང་སྐབས་ཀྱི་གྲལ་རིམ་འཐབ་རྩོད་ལྟ་བུར་ངེས་འཛིན་པ་ནི་བརྒྱ་ཆ་བརྒྱ་བསམ་ཚུལ་དེ་ནོར་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས། གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏཾ་དེ་ལ་ཕྱག་འཚལ་ལོ། །ཞེས་བཅོམ་འདས་ལ་བསྟོད་ཕྱག་གནང་བའི་གོ་དོན་དེ་ལ་བསམ་བློ་གཏོང་ན་ཤེས་ཐུབ།
    ཁ་སང་མགོ་སེར་ཞིག་མཉམ་དུ་བོད་ཀྱི་ལུང་བ་ཁུག་ཅོག་དེ་དག་ནང་གི་རྒྱན་ཆ་འདོགས་སྲོལ་སྐོར་ལ་ལབ་གླེང་བྱས་སྐབས། ཁོས་དེ་ནི་བོད་ཀྱི་ལུགས་སྲོལ་cultureརེད་ཟེར། ངས་མ་རེད་ཞུས་ནས་ཁོང་ལ་དྲི་བ་ཞིག་བཀོད་དགོས་བྱུང་བ་འདི་ལྟར། འོ་ན་ཁྱེད་རང་ཚོ་ཕྱི་རྒྱལ་བ་ཚོས་མོ་ཏ་རྫིག་པོ་ཉོ་ལ་འགྲན་བསྡུར་ཧ་ཅང་ཆེན་པོ་འདུག་ག དེ་ཁྱེད་རང་ཚོའི་རིག་གཞུང་རེད་དམ་ཞེས་ཟེར་སྐབས། ཁོང་གིས་ཐེ་ཚོམ་མེད་པར་མ་རེད་ཟེར། དེ་རྗེས་ནས་རྒྱན་ཆ་འདོགས་སྲོལ་དེ་ནི་རྒྱུ་ངོམ། ངོམ་སོ་བྱེད་པ། རློབ་ཤེད་བྱེད་པ་རེད། དེ་ཚོ་རིག་གཞུང་ཞིག་རྩ་བ་ནས་མ་རེད་ཅེས་ཁས་ལེན་གནང་གི་འདུག ང་ཚོས་ཀྱང་སྐད་ཆ་བཤད་པ་དང་རྩོམ་ཡིག་སོགས་སྤེལ་སྐབས་བསམ་བློ་གཏོང་ནས་གནང་བ་ལས་ཆང་འཐུང་ར་བཟི་ལྟར་མི་གནང་རྒྱུ་རེ་བ་ཞུ།

  18. གནམ says:
    2014-08-02 at 3:22 am

    ཨ་ཁུ་ཀླུ་ལགས།
    ༼བུད་མེད་ཀྱིས་བུའི་ཁ་ངོ་དང་དབང་ཤེད་ཀྱིས་མ་འདང་བས་ན༽ ཟེར་ནས་ལབ་ཡོད། རྒྱུ་མཚན་འདི་འདྲ་རེད། དེ་འདྲ་རིག་རྒྱུ་ལོས་ཡོད། ད་དུང་ཁྱེད་ཀྱིས་དཔེ་ལེན་སའི་ཡུལ་གྲུ་ཚོ་ན། སྐྱེས་བ་ལ་དབང་ཐང་མཐོ་བ་རེད། རྒྱུ་མཚན་དེའི་སྟབས་ཀྱིས། བུད་མེད་ཚོས་ད་དུང་རིགས་གཞུང་ཉེར་ན་ཉེར་རྒྱུ་རེད་ལ། གཉའ་གནོན་མྱངས་ན་མྱངས་རྒྱུ་ལས་མི་འདུག།
    མོའོ་རྒན་ལ་བློ་མཐུན་ཡིན་ན་ཅིག་ཟེར། བློ་མཐུན་པའི་མི་ཞིག་ཡིན་ན། བློ་མ་མཐུན་པར་མྱི་གསོད་རྟ་གསོད་ཅི་ལྟར་བྱས་བ་རེད། ས་མཐའ་ཡུལ་མཐའ་ལ་ཅི་ལྟར་ལྡོམ་དཧོས་ཐུག་པ་རེད། ཧ་ཧ་ཧ།
    དགྱ་ལྟོ་བྱུང་ན་དགྲ་ལྟོ་ཡང་བློ་མཐུན་གྱི་འབུལ་བ་ལ་སྒོམ་ཨེ་ཡོད། ཧ་ཧ་ཧ། ཁྱེད་ཚོ་ལ་ཚུགས་ཀ་ཟིག་མེད་ཀི་ཡ།

  19. རྟེན་འབྱུང་། says:
    2014-08-02 at 3:42 am

    ཨ་ཁུ་ཀླུ་སྨྱོན་འདི་ལ་གྲིམ་ལྷོད་ཅིག་འདུག་སྐབས་རེ་གྲིམ་སྐབས་ཆོས་སྲིད་གཉི་གར་ཡག་པོ་རེ་བཤད་ཡོང་གི་འདུག ལྷོད་སྐབས་མའོ་ཙེ་ཏུང་ལ་ཡང་བློ་མཐུན་ཟེར། ཕལ་ཆེར་བདུད་རྩི་བཞེས་ཡ་མང་དྲགས་ཡོད་ལས་ཆེ།

  20. ཀརྡོ་གཉེར་ཕྱག་པ་ says:
    2014-08-02 at 4:05 am

    ཟས་དང་འཕྲོད་བསྟེན་རེམས་པར་གྱིས། །
    རྒྱན་དང་དར་གོས་རན་པོ་གྱོན། །

  21. ཀརྡོ་གཉེར་ཕྱག་པ་ says:
    2014-08-02 at 4:07 am

    དེང་སང་གསེར་དངུལ་རྡོ་བྱུར་ལས། །
    གློག་ཀླད་ཨ་ཡེ་ཕོན་ངོམས་དུས་རེད། །

  22. གཞོན་ནུ་ཟླ་མེད says:
    2014-08-02 at 6:36 am

    ཀརྡོ་ལགས། ཁྱོད་ཀྱིས་སྡོམ་ཚིག་བརྒྱབ་པ་ཡག་བྱུང་། འོན་ཀྱང་ཁྱོད་ནི་ནམ་རྒྱུན་ཡིག་ནོར་དང་ཡིག་ནོར་ཟེར་ནས་ཁ་བརྡའི་ནང་གི་ཕྱག་ལ་དག་ཡིག་གི་ཕྱག་མ་ཐོག་པ། གཙང་ཕྱག་བྱེད་མཁན་ཞིག་ཡིན་ན། དེ་རིང་གི་ཡིག་ནོར་ཚིག་རྐང་གཉིས་ལ་ཡིག་ནོར་རྐང་གཅིག་འདུག སྐར་མ་སྤྲད་པ་ཡིན་ན། བརྒྱ་ཆ་ལྔ་བཅུ་ལས་ལོན་མེད་པ་རེད། སྐར་མ་ནི་སྐར་མ་རེད། སྐུ་ཉིད་ཀྱིས་དོ་སྣང་བྱེད་མདོག་ཁ་པོ་མ་རེད། འོན་ཀྱང་ཕྱི་རབས་པ་རྣམས་ལོག་ལམ་དུ་ཁྲིད་པའི་ཡི་གེ་རེད། ཡི་གེ་ནོར་བའི་དབང་གིས་དོན་ནོར་བ། དོན་ནོར་བའི་དབང་གིས་གོ་བ་ནོར་བ་དེ་འདྲ་རེད། རྒྱན་ཆའི་མང་འདོགས་བྱེད་པ་ལ་ཁྱོད་ཀྱིས་ཡིག་ནོར་གྱི་རྒྱན་ཆ་བཟོ་ཡི་ཡོད་དམ།།
    ཟས་དང་འཕྲོད་བསྟེན་རེམས་པར་གྱིས། །
    རྒྱན་དང་དར་གོས་རན་པོ་གྱོན། །
    ཚིག་རྐང་སྒང་མའི་རེམས་དང་དེ་མགྱོགས་པོ་བྱེད་དགོས་པའི་དོན་ཡིན་ན། ཟ་མ་མགྱོགས་སུ་ཟོས་ན་འཕྲོད་རྟེན་ལ་གནོད་པ་གཞི་རིམ་གྱི་ཤེས་བྱ་རེད། ཚད་གཞི་མང་མེད་ལ་ཉུང་ཡང་མེད་པའི་འཚམ་པོ་ཞིག་ལ་གོ་དགོས་ན་རེམས་པ་འདི་རྩ་ནས་ནོར་བ་རེད། ནོར་བ་མ་རེད་ཟེར་ན་འབྲི་སྲོལ་འདི་འདྲ་གང་ན་འདུག་སྟོན་ཅིག།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-08-02 at 8:02 am

    ཟས་རེམས་པར་ཟོ། ཟེར་ན་ནད་པས་ཟས་ཧུར་བརྩོན་བྱས་ནས་ཟ་དགོས་ཞེས་པའི་དོན་དང་། འཕྲོད་བསྟེན་རེམས་པར་གྱིས་ཟེར་ན། འཕྲོད་བསྟེན་གཟབ་གཟབ་བྱ་དགོས་ཞེས་པའི་དོན་ལ་གོ་དགོས། ཁྱེད་ཀྱི་འཕྲོད་བསྟེན་ལ། འཕྲོད་རྟེན་ཞེས་འབྲི་སྟངས་འདི་ལ་ཁུངས་མེད་ལ།
    ཡང་།
    ཁྱོད་ཀྱིས་ཡིག་ནོར་གྱི་རྒྱན་ཆ་བཟོ་ཡི་ཡོད་དམ།། ་་་་ ཟེར་བ་འདི་ཡང་། འདི་ནི་མཐའ་མེད་རྗེས་ལ་ཡི་ཐོབ་པར་མིན་པས། ཁྱོད་ཀྱིས་ཡིག་ནོར་གྱི་རྒྱན་ཆ་བཟོ་དགྱིད་ཡོད་དམ། ཞེས་བྲིས་ན། ཕན་ཐོགས་ཆེ་བར་ངེས་པས། དྲ་གྲོགས་རྙིང་པ་གཞོན་ནུ་ཟླ་མེད་ལགས།

  24. གནམ says:
    2014-08-02 at 9:04 am

    ༼ཁྱོད་ཀྱིས་ཡིག་ནོར་གྱི་རྒྱན་ཆ་བཟོ་ཡི་ཡོད་དམ།། ་་་་ ཟེར་བ་འདི་ཡང་། འདི་ནི་མཐའ་མེད་རྗེས་ལ་ཡི་ཐོབ་པར་མིན་པས། ༼ཁྱོད་ཀྱིས་ཡིག་ནོར་གྱི་རྒྱན་ཆ་བཟོ་(དགྱིད)་ཡོད་དམ།༽
    ཀརྡོའི་ཨུ་ཚུགས་འདི་རིག་ན། སྐྱག་ནི་འདྲ་ཞིག་རེད། ཧ་ཧ་ཧ།
    འདི་ན་ཡང་ཨུ་ཚུགས་དོན་ཆེན་ཞིག་དང་། གནའ་སྐད་དག་མ་ཞིག་ཡོད། ཁྱོས་ཡིག་ནོར་གི་རྒྱན་ཆ་བཟོ་འི་ཡོད་ནེ། ཨ། ལས་ངན་པོ།

  25. chojid says:
    2014-08-02 at 9:54 am

    ལོ་འགའི་སྔོན་གྱི་བོད་དང་དེ་རིང་སངས་ཉིན་གྱི་བོད་ཅུ་གྱུར་འགུག

  26. གཞོན་ནུ་ཟླ་མེད says:
    2014-08-02 at 5:42 pm

    ཧའ་ཧའ་ཧའ། འ་དང་མཐའ་མེད་འི་དང་ཡི།། རྐང་བ་སྐོང་ཚེ་ཡི་ཐོབ་པོ།། གསུངས་པའི་དག་ཡིག་མང་གི ཡིན་ན་ཡང་རྒྱུ་ཟེར་བའི་ཚབ་ཏུ་བགྱི་འབྲི་བར་ཀརྡོ་ནས་ཡང་ཡང་སྐུལ་མ་གནང་བར་རྗེས་སུ་ཡིད་རངས་རང་དང་འཐད་པ་ཡོད།

  27. ཁ་བའི་ཡུལ་གྱར་བ། says:
    2014-08-02 at 10:27 pm

    ཨ་མ་་་་ཟེར་བ་འདིས་ཕྱི་རྒྱལ་བའི་ལུས་རྒྱན་ཡག་པ་ཡོད་ཚུལ་དག་དག་བཤད་བཞིན་འདུག། དེ་ཡིན་དུས་ཨ་མ་ཟེར་བ་འདི་ལ་སྟུ་རྒྱན་ཞིག་དགོས་ཀྱི་ཡོད་ས་རེད། བྱ་ལེའི་རྩེ་དེར་ཧཧཧ། གཟབ་གཟབ་མ་བྱས་ན་མཇེ་ཆེ་པོ་ཞིག་ཐུག་ན། སྟུ་རྒྱན་བཀོག་པས་མ་ཚད་བྱ་ལེ་ཡང་སྦག་ཤག་གཏོང་ཡོང་ཧཧཧཧཧཧ།

  28. ལུང་རྟོགས། says:
    2014-08-03 at 5:45 am

    བོད་པའི་བུད་མེད་ཚོས་ཕྱུ་པ་གྱོན་པ་དེ་རིག་གཞུང་རྒྱུན་འཛིན་གྱི་ཆ་ཤས་ཤིག་ཡིན་སྲིད་ཀྱང་དེ་ཙམ་གྱིས་ཁོང་ཚོར་བསྟོད་རིན་གང་ཡང་མེད། རིག་གཞུང་གི་སྲོག་རྩ་ངོ་མ་ནི་སྐད་ཡིག་ལ་ཐུག་ཡོད་ཀྱང་དེ་ལ་ཁོ་ཚོས་སྣང་མེད་གཏོང་རྐྱང་ཡིན། མི་བདེན་བསམ་ན་གདོང་དེབ་སོགས་དྲྭ་ཚིག་ཉུལ་དང་ཤེས།

  29. ཀརྡོ་གཉེར་ཕྱག་པ་ says:
    2014-08-03 at 6:43 am

    ང་།
    ང་ ཕྱིན་པ་ ཡིན།
    ང་ འགྲོ་བགྱིད་ ཡོད།
    ང་ འགྲོ་ བགྱི་ ཡིན།
    ཁྱོད།
    ཁྱོད་ ཕྱིན་པ་ རེད།
    ཁྱོད་ འགྲོ་བགྱིད་ འདུག
    ཁྱོད་ འགྲོ་བགྱི་ རེད།
    ཁོའམ་མོ།
    ཁོ་ ཕྱིན་པ་ རེད།
    ཁོ་ འགྲོ་བགྱིད་ འདུག
    ཁོ་ འགྲོ་བགྱི་ རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme