Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡམ་རྒྱུགས་མ་བྱེད།

Posted on 2015-03-212015-03-21 By ཁ་བརྡ 7 Comments on གཡམ་རྒྱུགས་མ་བྱེད།

འཇམ་གཅེས།

 
དེང་སྐབས་སྤྱི་ཚོགས་ཀྱི་དྲྭ་འབུ་དང་། དེ་མིན་ཆོལ་ཁ་ཆོས་ལུགས་ཀྱི་དམག་འཐབ། ཕྱོགས་རིས་ཆགས་སྡང་ལ་ངན་གོམས་སྔོན་སོང་ཅན་གྱི་སྐབས་འཚོལ་རིང་ལུགས་པ་ཚོས། རྡ་སའི་གྲོས་ཚོགས་ནང་གི་གནས་ཚུལ་ལ་ཁ་གཡར་ནས། ཕྱོགས་ཕན་ཚུན་དབར་རྩོད་གླེང་གི་རྣམ་པ་ཤུགས་ཆེ་ཙམ་དང་། བརྒྱུད་རིམ་དེ་བརྒྱུད་ནས། ཕན་ཚུན་སོ་སོ་གཅིག་གིས་གཅིག་ལ་བོད་མིའི་ནང་ཁུལ་དུ་དཀྲུག་ཤིང་རྒྱག་མཁན་ཡིན་ཚུལ། རྒྱ་མའི་དངུལ་དངོས་ཟ་མཁན་ཡིན་རབས་སོགས། སེམས་ནས་གང་དྲན་དང་། ངག་ནས་གང་ཐོན། ལག་པས་ཅི་ནུས་སུ་བེད་སྤྱོད་བྱེད་བཞིན་པ་ནི། དུས་རྒྱུན་ལྡན་དུ་མི་ངན་འདི་དག་གི་གཤིས་ངན་ཡིན་ལ་ཧམ་སེམས་ཀྱང་ཡིན།

གྲོས་ཚོགས་ནང་གི་རྙོག་གླེང་ལ་མཚོན་ན་ཡང་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་ཚེ། ཐབས་ལམ་གང་ཞིག་གི་ཐོག་ནས་གཙང་སེལ་དགོས་མིན་ཡང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོའི་འགན་འཁྲི་དང་། ཁྲིམས་ལུགས་དབང་ཚད་ཀྱིས་ཐག་གཅོད་དགོས་པ་ལས་མང་གཙོ་ཁ་འཁྱེར་བ་དག་གིས་ཅི་ཡང་མི་འཇོན་ལ། གང་ཡང་མི་ནུས། ཡིན་ཡང་གུས་རང་ངོས་ནས་བསམ་ན་དེ་ཙམ་ཐབས་སྡུག་ཡིན་པར་ནམ་ཡང་ངོས་འཛིན་མི་ཞུ།

མདོར་ན་ཁྱེད་ཅག་ལ་སྤྱི་བའི་རྩ་དོན་ཐོག་སེམས་ཁུར་དང་། ལྷག་བསམ། དེ་བཞིན་མི་རིགས་ཀྱི་ལ་རྒྱ་དང་། མཁས་མཛངས་ཀྱི་རྣམ་དཔྱོད་དག་མ་རེ་ཡོད་ན། རང་ཉིད་ཀྱིས་བསྒྲུབ་ནུས་པའི་བྱ་བ་ངོ་མ་ནི་སྤྱི་ཚོགས་དང་། ཡང་ན་ཆོལ་ཁ་ཆོས་ལུགས་སོགས་ཕྱོགས་ཡོངས་ནས་དྲང་བདེན་གྱི་རྒྱ་ལས་མ་བརྒལ་བར་བལྟ་དགོས་པ་དང་། དུས་ནམ་ཡང་བབ་ལྷིང་བརྟན་གསུམ་གྱི་ངང་ནས་རང་ཚུགས་མ་ཤོར་པ་བྱོས་དང་ཨ་མའི་བུ་རྒོད་ངོ་མ་དེ་ཡིན་ལ། སྤྱི་བའི་རྩ་དོན་ལ་ཕན་པའི་གོང་བུའི་རྡོག་རྩ་ཆིག་སྒྲིལ་ཟེར་ན་ཡང་དེ་འདྲ་བ་ལ་ཟེར་ལོས་དགོས།

སྤྱིར་བཏང་དེང་སྐབས་མགོ་མཇུག་བར་གསུམ་ཡོངས་རྫོགས་ཀྱིས། རང་རྒྱལ་གཞན་ཕམ་གྱི་གཡུལ་འཁྲུག་ལས་རྒྱལ་བའི་ཕྱིར་དུ་ལྷག་བསམ་རྣམ་དག་དང་། ངོ་ལྐོག་རྒྱབ་མདུན། དད་དམ་ལྷད་མེད་ཡིན་མིན་ལ་མ་བལྟོས་པར་༸གོང་ས་མཆོག་གི་མཚན་གནས་དེ་བཞིན་རལ་གྲི་གནམ་གཡུག་ལྟ་བུའི་སྒོ་ནས་བེད་སྤྱོད་གཏོང་རྐྱང་བྱེད་པ་ནི་འོས་འཚམས་མིན་སྟེ། ཁྱེད་དང་ང་ཚོའི་རྩ་དོན་ནི་མི་རིགས་ཤིག་གི་རྩ་དོན་ཡིན་པ་ལས། རྒྱ་དམར་གཞུང་གིས་དུས་རྟག་ཏུ་ཁག་དཀྲི་བཞིན་པའི་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་དོན་ག་ལ་ཡིན། ཁྱེད་ཅག་གིས་༸གོང་ས་མཆོག་ལ་ངོ་སྲུང་ལྟ་བུའི་ཆབ་སྲིད་སྐྱོང་སྟངས་དེ་འདྲ་ཞིག་ཡིན་ཚེ། དེ་ནི་རྒྱ་ནག་དམར་གཞུང་གིས་ཤོད་བཞིན་པའི་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཟེར་བ་དེ་ལ་རྒྱབ་སྐྱོར་རང་ཤུགས་ཀྱིས་བྱས་པ་མ་ཡིན་ནམ། ད་དུང་༸མགོན་པོ་གང་ཉིད་མེད་པའི་ཉི་མ་ནག་པོ་ཞིག་ཡོང་རྒྱུ་ནི་ཐེ་ཚོམ་གང་ཡང་མེད་པ་ཡིན་པས། སྐབས་དེའི་དུས་སུ་འཆར་གཞི་ཅི་ཞིགཡོད།

དེ་རིང་གི་དོན་རྐྱེན་འདི་དང་། འདི་ལྟ་བུ་ལས་འཕྲོས་ཏེ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་ཚུལ་འུར་མཁན་ཚོ་ལ་མཚོན་ན། རང་མགོ་རུལ་ཡང་དྲི་ངན་རང་སྣས་མ་ཚོར་བའི་ནོངས་པ་ཡིན་སྟེ། སྐབས་འདིའི་རྙོག་གླེང་དང་རྩོད་གཞི་དེ་ཚོ་ཆོས་ལུགས་ནང་དུ་བསྲེས་དགོས་དོན་ཅི་ཞིག་ཡིན་ནམ། ཡང་ན་སྤྱི་འཐུས་བསྟན་པ་ཡར་འཕེལ་ཆོས་ལུགས་ཀྱི་སྤྱི་འཐུས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ཁོང་གིས་གྲོས་ཚོགས་ནང་དུ་བེད་སྤྱོད་བྱས་པའི་ལྐོག་ཟ་རུལ་སུངས་དང་། སྤྱི་རྒྱུ་སྒེར་བདག མི་བསོད་ཁྲག་སྦྱོར་ཞེས་པའི་གནད་དོན་གསུམ་པོ་དེ་ཆོས་ལུགས་ཀྱི་རྙོག་གླེང་ཡིན།

དང་པོ་ལྟར་ན་ཆོལ་ཁ་གསུམ་ཀའི་སྤྱི་འཐུས་རྩ་མེད་བཟོ་དགོས་ངེས་སུ་འགྱུར་ཏེ། གྲོས་ཚོགས་ཀྱི་ནང་དུ་རྙོག་གླེང་མང་ཤོས་ནི་ཆོལ་ཁའི་ནད་ངན་དང་གདོན་ངན་གྱིས་སྦོས་ཟིན་པའི་ཆོལ་ཁ་སོ་སོའི་སྤྱི་འཐུས་ཚོའི་ནང་དུ་ཡོང་གི་ཡོད་པ་ནི་དྲན་ཤེས་བོར་བའི་བེམ་རོ་ཞིག་མིན་ན་ས་རིས་ཐང་གསལ་གྱི་དཔེ་ལྟར་གནས་ཡོད།

གཉིས་པ་ལྟར་ན། འཇིག་རྟེན་གྱི་ཁམས་འདིའི་རྙོག་གླེང་ཡོད་ཚད་ཆོས་ལུགས་དང་འབྲེལ་བར་དོན་གྱིས་ཁས་ལེན་དགོས་ངེས་སུ་སོང་གཤིས། དེ་ལྟ་བུའི་བླུན་རྟགས་ནི་ཁྱེད་ཅག་གི་མངོན་འདོད་ཙམ་ལས། ཡང་དག་པའི་གནས་ལུགས་དང་རྒྱུ་མཚན་རྡུལ་ཕྲན་ཙམ་ཡང་ག་ལ་ཡོད།

ཅི་སྟེ་སྐྱོན་ཆ་ཞིག་གི་ཕྱོགས་ནས་བལྟས་ཏེ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པར་འདོད་ན། བོད་མི་རིགས་ཀྱི་སྲོག་རྩར་གྱུར་པའི་སྐད་དང་ཡི་གེའི་ལམ་ནས་རིན་ཐང་གཞལ་དུ་མེད་པའི་ཆོས་དང་རིག་གནས་ཀྱི་སྙིང་བཅུད་ཡོངས་རྫོགས་སེར་མོ་བའི་དཔུང་སྡེས་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་པ་ཡིན་ལ། ལྷག་པར་དུ་ཡང་མི་རིགས་དང་། བསྟན་སྲིད་སྤྱིའི་བདེ་སྡུག་སླད་དུ་དགྲ་བོའི་མདུན་དུ་རྒོལ་མཆོང་དང་། གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏང་གནང་མཁན་ཚོའི་སྣེ་ཁྲིད་ཀྱང་ཨང་དང་པོའི་ནང་ནས་དང་པོར། རབ་བྱུང་བའི་སྡེའི་ནང་ནས་ཡོང་བཞིན་པ་ཡིན་པས། ལེགས་ཆ་འདི་དག་མཐོང་བྱེད་ཀྱི་ཆུ་བུར་གྲི་རྩེས་རྩ་བཀོག་བཏང་ཟིན་པ་མིན་ན་ཡང་ཡང་མིག་བགྲད་ནས་ལྟོས་ཤིག

གལ་སྲིད་སེར་མོ་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཆབ་སྲིད་ལ་ལག་པ་འཆང་མི་རིགས་ཚུལ་སྨྲ་བའི་ཁུལ་ཡིན་ན་ནི། དང་པོར་ཆོས་ལུགས་ཀྱིས་ཁྱབ་ཚད་དང་། ཆབ་སྲིད་ཀྱི་ལྟ་གྲུབ་གཉིས་ཀ་ལ་སྦྱོང་བ་སྔོན་སོང་གི་སྒོ་ནས་མྱི་སྐད་རེ་སྨྲ་ཨེ་ནུས་ལྟོས།
གཉིས་པར། མི་རིགས་ཀྱི་གྲངས་འབོར་ལ་མཚོན་ནས་བཤད་ནའང་ཆོས་ལུགས་མི་སྣས་གསོན་པོར་འཚོ་གནས་བྱས་ཡོད་པའི་མི་རིགས་ཤིག་ཡིན་པས་གཡམ་རྒྱུགས་མ་མང་ཞེས་སྨྲ་བར་འདོད་དོ།། །།

བསམ་ཚུལ།

Post navigation

Previous Post: འཆམ་པོ་མཐུན་པོ་གནང་རོགས།
Next Post: བདེ་བའི་གླུ

Comments (7) on “གཡམ་རྒྱུགས་མ་བྱེད།”

  1. དགའ་སྐུ་ says:
    2015-03-21 at 11:30 pm

    གཡམ་རྒྱུགས་མ་བྱེད་ཞེས་རྒྱུ་མཚན་དང་མཚོན་དོན་ཡག་པོ་གསུངས་འདུག་སྟེ་དེང་གི་དུས་སུ་བདེན་པ་དང་རང་གིས་རྣམ་དཔྱོད་ལེགས་པར་མི་སྤྱད་པར་གཡམ་རྒྱུགས་དང་ཟེར་སྒྲོགས་ཀྱི་དབང་སོང་ནས་ཉན་མཁན་དཀོན་པ།

  2. བཀྲིས། says:
    2015-03-21 at 11:31 pm

    བཀའ་བརྒྱུད་སྤྱི་ཐུས་བསྟན་པ་ཡར་འཕེལ་གྱིས་སྔོན་མ་སྐད་ཆ་རྫུན་ཤ་སྟག་བཤད་པའི་དཔང་ཡིག།

    ཡོངས་ཁུངས་བོད་ཀྱི་བང་ཆེན།

    http://www.khawakarpo.org/bo/2010-02-06-06-49-13/2010-02-04-05-42-15/5218-2011-02-26-11-28-29

    བཀའ་བརྒྱུད་སྤྱི་འཐུས་འོས་མི་བསྟན་པ་ཡར་འཕེལ་ལ་བཅར་འདྲི།

    tenpa yarphelམདོར་ན་འགན་ཁུར་ལྡན་པའི་བོད་གངས་ཅན་པའི་སྤྱི་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་འདོར་བར་བྱ་རྒྱུ་ནི་རྩ་བའི་དམ་བཅའ་ཞིག་ཏུ་བརྩི་བཞིན་པ་དེ་ཡིན།
    དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

    ལན། ༡ གུས་པ་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་ནི། བོད་མི་རིགས་འདི་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་ལྔ་བཅུ་ལྷག་འགྲོ་གི་ཡོད་པར་བརྟེན། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཐད་རྩ་བའི་ཆ་ནས་ཡག་པོ་ཡོད་ཀྱང་གཞིས་བཞུགས་རྣམས་ཀྱི་རེ་བའི་མིག་འབུར་ཉག་གཅིག་དེ་བྱེས་འབྱོར་ཚོར་གཏད་ཡོད་ཀྱང་། བཙན་བྱོལ་དུ་འཚར་ལོང་བྱུང་བའི་བོད་མི་ཚོར་གཞིས་ལུས་མི་མང་གི་གནས་སྟངས་ངོ་མར་རྒྱུས་མངའ་དེ་ཙམ་མེད་པའི་རྒྱུ་མཚན་གྱིས་མ་འོངས་པར་གཞིས་བྱེས་གཉིས་ཀྱི་བར་སྟོང་ཇེ་ཆེར་འགྲོ་མི་སྲིད་པ་མིན་གཤིས། གུས་པར་བོད་ཕྱི་ནང་གཉིས་ཀར་རྒྱུས་མངའ་ཏོག་ཙམ་ཡོད་པ་འདིས་བོད་ཀྱི་རྩ་དོན་ལ་ཕན་པའི་ཞབས་འདེགས་དམིགས་བསལ་ཞིག་འགྲུབ་ན་བསམ་པ་དེ་ཡིན།
    ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
    ལན། ༢ གུས་པར་འོས་ཐོབ་པ་ཡིན་ན། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་རིགས་ནང་ཁུལ་མཐུན་ལམ་དང། གཙོ་བོ་བོད་རིགས་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་དང་ཁ་ཕྱོགས་གཅིག་ཏུ་སྤུངས་ཐབས་ཡོང་བར་འབད་བརྩོན་བྱ་རྒྱུ་སོགས། མདོར་ན་འགན་ཁུར་ལྡན་པའི་བོད་གངས་ཅན་པའི་སྤྱི་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་འདོར་བར་བྱ་རྒྱུ་ནི་རྩ་བའི་དམ་བཅའ་ཞིག་ཏུ་བརྩི་བཞིན་པ་དེ་ཡིན།
    ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

    ལན། ༣ འདས་མ་ཐག་པའི་གྲོས་ཚོགས་ལྟ་བུར་མཚོན་ན། མ་འགྲིག་པ་དང་མ་འཇོན་པ་མང་པོ་ཞིག་དེང་སྐབས་སྤྱི་ཚོགས་ནང་འུར་སྒྲོག་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་གུས་པས་བསམ་པར་དེ་ནི་ནོར་འཁྲུལ་ཞིག་དང་འཐུས་ཤོར་ཞིག་ཏུ་མཐོང་གི་མེད། ང་ཚོའི་གྲོས་ཚོགས་ནི་མང་གཙོ་ཡང་དག་པའི་ལམ་བུར་བསྐྱོད་བཞིན་པའི་བོད་མི་ས་ཡ་དྲུག་གི་བསམ་ཚུལ་སྤུངས་སའི་གྲོས་ཚོགས་ཤིག་ཡིན་དུས་བསམ་ཚུལ་ཕྲན་བུ་མ་མཐུན་པ་ཡང་ཡོང་ཆོག་པ་ཞིག་དང་། ཡོང་དགོས་པ་ཞིག་རེད་བསམ་གྱི་ཡོད། འོན་ཀྱང་ང་ཚོ་བོད་རིགས་ཡོངས་དང། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱུན་དུ་ཐུགས་ལ་འཛིན་དགོས་པ་ཞིག་ནི། ༸གོང་ས་མཆོག་གི་དགུང་ནའི་བབ་དང། གཞིས་ལུས་བོད་མི་ཚོས་མི་རིགས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཀྱང་ཕངས་མེད་དུ་གཏོང་བཞིན་པ། ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་འདི་གསུམ་པོ་རྒྱུན་དུ་བློ་ངོར་ཤར་ཐུབ་པ་ཞིག་བྱུང་ན་ང་ཚོའི་གྲོས་ཚོགས་ཀྱི་ལས་དོན་ཚང་མ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་རེད་བསམ་བཞིན་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 11:44 pm

    ་་་་་་ གཉིས་པར། མི་རིགས་ཀྱི་གྲངས་འབོར་ལ་མཚོན་ནས་བཤད་ནའང་ཆོས་ལུགས་མི་སྣས་གསོན་པོར་འཚོ་གནས་བྱས་ཡོད་པའི་མི་རིགས་ཤིག་ཡིན་པས་གཡམ་རྒྱུགས་མ་མང་ཞེས་སྨྲ་བར་འདོད་དོ།། །།་་་་་་

  4. སྐལ་ཚེ། says:
    2015-03-22 at 12:16 am

    གླང་རྒན་དམར་ལྡང་ཟེར་བའི་རྩོམ་ཡིག་ཞིག་ལ་བྲིས། དེ་ནི་ཅུང་ཟད་མ་འགྲིག་པ་རེད། ད་ལྟ་བོད་མིར་ངོམ་རན་ཡོད་པ་གཅིག་པོ་ནི་བླ་གྲ྄་རྐྱང་རེད། དཔེ་མཚོན་ཁ་ཤས་ཞུ་ན། གོང་ས་སྐྱབས་མགོན་ཆེན་པོར་མཚན་སྙན་ཤིན་ཏུ་ཆེ་བའི་རྒྱལ་ཁབ་མང་པོའི་གཟིངས་བསྟོད་དང་མི་ས་ཡ་མང་པོའི་མཇལ་ཁ་མི་ཐོབ་ནས་སྡད་ཡོད། མཁན་པོ་བསོད་དར་རྒྱས་དང་། ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་བཀའ་སློབ་ཞུ་མཁན་རྒྱ་རིགས་ས་ཡ་མང་པོ་ཡོད། ད་དུང་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་དང་བཙོན་པ་ཁག་ལའང་བཀའ་སློབ་གནང་མཁན་གདན་ཞུ་མ་རག་པར་སྡད་ཡོད། ཉེ་འཆར་རྒྱལ་བ་ཀརྨ་པ་ཨ་རི་ལ་ཕེབས་སྐབས་སུ་བཟོ་གྲྭ་ཆེ་ཁག Google & Facebook སོགས་ཀྱིས་གདན་ཞུ་དང་རྒྱལ་ཁབ་ཀྱི་དབུ་འཛིན་ལྟར་ཆེ་མཐོང་གནང་འདུག་པ་མ་ཟད། ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གིས་ཕྱག་ཁྱེར་ཀྱང་ཕུལ་འདུག ད་དུང་དེ་ཙམ་མ་ཟད་འཛམ་གླིང་གི་སྟེང་དུ་གྲགས་ཅན་མི་སྣ་དང་དཔུང་པ་མཉམ་གཤིག་གནང་ཐོབ་མཁན་། གླང་རྒན་དམར་ལྡང་མའི་ནང་དུ་མང་པོ་ཡོད།

  5. ཀརྨ་བློ་གསལ་ says:
    2015-03-22 at 5:03 am

    སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱི་ཕྱོགས་གཏོགས་ཚོས་ཅི་མི་སྙམ་པར་དགེ་འདུན་པ་རྣམས་ལ་གླང་རྒན་དམར་ལྡང་ཞེས་པའི་ཚིག་ནག་ཡོད་ལ་མེད་ལ་ཞིག་བཀོལ་བཞིན་པ་ནི་ཧང་སངས་དགོས་པ་ཞིག་རེད།

  6. འཇམ་གཅེས། says:
    2015-03-22 at 6:45 am

    ཆོས་རྒྱུད་སྤྱི་མཐུས་དགོས་ཀྱི་མི་འདུག་ཟེར་མཁན་དག་གིས་དམིགས་ཡུལ་ནི་ཆོལ་ཁའི་ཞེན་ཁོག་ཙམ་ཡིན་པ་ལས་ཆོས་ལུགས་དང་། ཆོས་ལུགས་མི་སྣས་ཆབ་སྲིད་ལ་མཐུར་ཤོར་བཏང་བའི་རྒྱུ་མཚན་ཡང་དག་པ་ཞིག་སུ་ལའང་ཤོད་རྒྱུ་མེད་པ་ནི་ཡོངས་སུ་གྲགས་ཡོད། སྤྱིར་ཏང་ཆོས་ལུགས་སྤྱི་མཐུས་ཀྱིས་བསྟན་པའི་རྒྱལ་མཚན་འཛིན་ཡོང་བའི་རེ་དོགས་གཉིས་ཀ་མེད་ལ། དགོས་པ་ཡང་མེད། ལོ་རྒྱུས་ཀྱི་རྒྱབ་ལྗོང་དང་འཕེལ་རིམ་མམ་བྱུང་རིམ་ལ་བསམ་ན། བསྟན་པ་སྲིད་ཀྱིས་སྐྱོང་ཟེར་བ་ལྟར་ཆོས་སྲིད་གཉིས་ལྡན་གྱི་མི་རིགས་ཞིག་དང་། གཞུང་ཞིག་ལ་མཚོན་ན་ཧ་ཅང་གལ་གནད་ཆེ་བ་ཞིག་ཆགས་ཡོད། ནམ་ཞིག་ཆོས་ལུགས་ཀྱི་སྤྱི་མཐུས་མེད་པའི་ཉིན་མོ་དེ་ནས་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་མཚོན་པའི་རྙོག་གླེང་དང་གོད་ཆག་མང་པོ་ཞིག་ཡོང་མི་སྲིད་པ་གཏན་ནས་མིན་ནོ།།

  7. རྒྱ་ཞིང་མྱི་དཀར། says:
    2015-03-22 at 4:05 pm

    ངོ་མ་བསྟན་པ་ཡར་འཕེལ་ཟེར་བ་འདི་ལ་བློ་ཁོག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme