Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟུར་གནས་དགྱེས་པའི་མཆོད་སྤྲིན།        

Posted on 2016-04-132016-04-13 By ཁ་བརྡ 14 Comments on གཟུར་གནས་དགྱེས་པའི་མཆོད་སྤྲིན།        

སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར།

 

མི་རྗེ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གི་མཛད་བཟང་གི་ཆ་ཤས་བརྗོད་པ་གཟུར་གནས་དགྱེས་པའི་མཆོད་སྤྲིན།

༄༅། །ན་མོ་གུ་རུ་མཉྫུ་ཤྲི་ཡེ། །
རབ༵་འབྱམས་རྒྱལ་བའི་བརྩེ་ཆེན་ཡེ་ཤེས་སྐུ། །
རབ༵་འབྱམས་གདུལ་བྱའི་མགོན་པོ་སྤྱན་རས་གཟིགས། །
རབ༵་འབྱམས་སྤྲུལ་བའི་སྒྱུ་འཕྲུལ་གངས་ཅན་མགོན། །
རབ༵་འབྱམས་བསྐལ་བརྒྱའི་བར་དུ་སྤྱི་བོས་མཆོད། །

མགོན་དེའི་ཐུགས་བསྐྱེད་ལས་འཁྲུངས་མི་རྗེ་མཆོག །
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་པའི། །
ཤེས་འཇོན་ལྷག་བསམ་ཡོན་ཏན་རྒྱ་མཚོ་ཆེའི། །
ཆ་ཤས་ཙམ་ཞིག་བརྗོད་ལ་སྤྲོ་བ་འཕེལ། །

༡༽ ཁོང་གི་བཅོས་མིན་གྱི་གཤིས་ཀ

དཔལ་ལྡན་མི་རྗེ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནི་གུས་པའི་སེམས་གཏིང་ནས་ཆེས་ཤིན་ཏུ་རྩ་ཆེན་དུ་བརྩི་ཡུལ་གྱི་དཔལ་ལྡན་རང་གཞུང་གི་མི་སྣ་གལ་ཆེ་ཤོས་དེ་ཡིན། དེ་བཞིན་ངས་ནམ་རྒྱུན་སྐུ་ངོ་མཆོག་གང་ཏུ་མཇལ་ཡང་དེ་མ་ཐག་རང་ཉིད་ཀྱིས་རང་གི་ཀུན་སྤྱོད་ལ་ལྟ་རྟོག་རེ་བྱེད་དགོས་འབྱུང་བཞིན་འདུག
དངོས་གནས་བྱས་ན་ཁོང་ནི་མི་སྐྱ་ཞིག་ཡིན་པ་དང་། ང་ནི་གྲྭ་བ་ཞིག་ཡིན་པས། ཁོང་ལས་ལྷག་པའི་ང་ལ་ཀུན་སྤྱོད་ཡག་པོ་ཞིག་ཡོད་འོས་མོད། དེ་ལས་ལྡོག་ཏེ། ཁོང་ནི་མི་གཞི་བཟང་ཞིང་། ལྷན་སྐྱེས་ཀྱི་སྤྱོད་ལམ་བཟང་བའི་རྐྱེན་གྱིས་ངས་ཁོང་གང་དུ་མཇལ་ཡང་དེ་མ་ཐག་ཏུ་གུས་རང་ཉིད་ཀྱིས་རང་གི་སྤྱོད་ལམ་ལ་བརྟག་དཔྱད་རེ་མ་བྱས་ཐབས་མེད་བྱུང་། དེ་ནི་ཁོང་རང་ཉིད་ཀྱི་བཅོས་མིན་ཡོན་ཏན་གྱི་སྟོབས་ཀྱིས་ངས་སེམས་གཏིང་ནས་ཁོང་གལ་ཆེན་དུ་རྩི་དགོས་པ་འདི་བྱུང་བ་རེད།

 
ཁོང་ནི་བོད་ཧིན་ཨིན་གསུམ་ལ་བྱང་ཆུབ་ཅིང་། ལྷག་བསམ་རྣམ་དག་གིས་མི་ལོ་བཞི་བཅུའི་རིང་༸སྐུ་བྱའི་སྲུང་སྐྱོབ་སོགས་ཀྱིས་གཙོས་རང་རེའི་སྤྱི་ཚོགས་ལ་གཟེངས་སུ་ཐོན་པའི་ཞབས་འདེགས་བླ་ན་མེད་པ་བསྒྲུབས་པའི་སྤྱི་ཚོགས་ཀྱི་ཉམས་མྱོང་གི་རྒྱ་མཚོར་གྱུར་ཅིང་། ཆོས་སྲིད་གཉིས་ལ་མཁྱེན་རྒྱ་ཡངས་པའི་འཇོན་ཐང་ཅན་གྱི་དབུ་ཁྲིད་བཟང་པོ་ཁོང་གིས་རང་ཅག་གི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་གཅིག་པུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དྲིན་མཁྱེན་པའི་སྒོ་ནས་རླབས་ཆེན་བཀའ་དགོངས་འོག་ཤར་བསྐྱོད་ཀྱིས་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་ལ་ཟུར་ཙམ་ཡང་འགལ་མི་བཅུག་པར་མ་ཟད། ཆེ་འདོད་དྲེགས་འདོད་ཅི་ཡང་མེད་པར་རང་ཉིད་ནི་སྤྱི་ཚོགས་དང་། མི་མང་གི་ཞབས་ཕྱི་བ་ཞིག་ཡིན་པའི་འདུ་ཤེས་ཀྱིས་མཐོ་དམན་བར་གསུམ་མི་མང་ཚང་མ་ལ་འདྲ་མཉམ་གྱི་གཟིགས་སྟངས་གཅིག་མཚུངས་སུ་གནང་རྒྱུ་མ་གཏོགས། ཆོལ་ཁ་དང་ཆོས་ལུགས། གསར་འབྱོར་དང་། རྙིང་འབྱོར་སོགས་ཀྱི་ཕྱོགས་རིས་དབྱེ་འབྱེད་ཅི་ཡང་མེད་པར་ཀུན་ལ་ཕན་གང་ཐོགས་གནང་བཞིན་པ་སོགས་ནི་ཁོང་གི་བཅོས་མིན་གྱི་གཤིས་ཀ་རེད།

༢༽ ཉིན་མཚན་ཁྱད་མེད་དུ་སྤྱི་དོན་ལ་ཧུར་བརྩོན།

སྤྱིར་བཏང་ནས་དེང་སྐབས་འཛམ་གླིང་འདིར་ལས་བྱེད་ཆེ་ཕྲ་སྤྱི་དང་། ལྷག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་ལས་བྱེད་རྣམས་ཞོགས་པའི་ཆུ་ཚོད་༩་༣༠་ཙམ་ལ་ལས་ཁུངས་སུ་འབྱོར་རྒྱུ་དང་། དགོང་མོའི་ཆུ་ཚོད་༥་པ་ཙམ་ལ་ལས་ཁུངས་གྲོལ་རྒྱུ་ནི་རྒྱུན་ལྡན་ཡིན་ཡང་། བདེ་སྲུང་བཀའ་བློན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཚོན་ན་ཞོགས་པར་ཆུ་ཚོད་༧་པ་ཡས་མས་ནས་དང་། དེ་བཞིན་ལས་ཁུངས་གྲོལ་རྗེས་མཚམས་རེར་མཚན་མོའི་ཆུ་ཚོད་༡༠་པ་ཙམ་བར་གཙོ་ཆེ་བ་བཙན་འོག་ནས་ཡོང་ཞིང་སླར་ཡང་བཙན་འོག་ཏུ་འགྲུལ་བསྐྱོད་དགོས་པའི་རང་རིགས་གནད་ཡོད་གང་མང་གི་རེ་བསྐུལ་ཞིབ་གསན་གནང་རྒྱུ་དང་། ལུགས་གཉིས་ཀྱི་སློབ་སྟོན་སོགས་རེ་བ་དོན་ལྡན་སྐོང་ཆེད་དང་། དེ་ཡང་ཁོང་ཚོའི་བདེ་འཇགས་སོགས་ལའང་དགོངས་པ་རྒྱ་ཆེ་བཞེས་ཀྱིས་གངས་སྐྱིད་བདེ་སྲུང་ལས་ཁུངས་གཅིག་པུ་མིན་པར་སྟབས་གང་བདེར་གཟིགས་ཞིབ་ཀྱིས་ཟུར་མཇལ་གནང་བཞིན་ཡོད་པ་སོགས་འདི་རིགས་ནི་ཕྱི་རབས་པ་ཚོས་མིག་དཔེར་ལེན་དགོས་ངེས་ཡིན།

 
དེ་ལས་ཀྱང་ཆེས་ཤིན་ཏུ་ཡིད་དབང་ཕྲོགས་ནུས་ཀྱི་ཁོང་གི་མཛད་བཟང་ཞིག་ནི་ཐག་ཉེ་རིང་དང་ངོ་ཤེས་མིན་སོགས་ལ་ལྟོས་པ་མེད་པར་མི་སུ་ཞིག་གིས་ཐད་ཀར་བདེ་སྲུང་བཀའ་བློན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཞལ་པར་ཕུལ་གྱང་ཁོང་གིས་ཀྱང་ཉིན་མཚན་དང་། གུང་གསེང་ཡིན་མིན་ལ་ལྟོས་མེད་ཀྱིས་འཕྲལ་དུ་ཞལ་པར་བླངས་ཏེ། གང་ལ་ཅི་འོས་ཀྱི་ལན་གསལ་དང་། སློབ་སྟོན་སོགས་གནང་བཞིན་པ་དེ་རེད།

 
སྤྱིར་ཁ་དཔར་ནི་མི་དང་མིའི་བར་ལ་སྐད་ཆ་སྐྱེལ་བྱེད་ཅིག་ཡིན་མོད། དེང་སྐབས་རང་རེའི་སྤྱི་ཚོགས་ནང་གི་དཔོན་རིགས་འགའ་རེར་མཚོན་ན་ལས་ཀ་མགོ་མ་བཙུགས་གོང་དང་། ལས་ཁུངས་གྲོལ་རྗེས་ནས་གང་ཟག་གཞན་ཞིག་འཆི་བའི་སྲོག་ལ་ཐུག་ནས་ཁ་དཔར་བཏང་ཡང་མི་ལེན་པ་དང་། དེ་བཞིན་གུང་སེང་ནམ་ཡིན་ལ་གུང་གསེང་ལ་བསྙད་ནས་རྒྱུན་ལྡན་གྱི་ཁ་དཔར་སྒོ་རྒྱག་བཞིན་པ་སོགས་ཆེས་མ་རབས་ཐ་ཤལ་གྱི་བྱ་ངན་ཡིན་པས། མ་རབས་ཀྱི་བྱ་ངན་དེ་རིགས་སྤྱི་ཚོགས་ནང་ཁྱབ་བརྡལ་འགྲོ་ཉེན་ཆེ་བས། ལས་བྱེད་འདི་རིགས་ཀྱི་མིང་བཅས་ཐེར་འདོན་བྱ་དགོས་ཀྱང་དེ་རིང་སྐབས་སུ་མ་བབ།

 
མཚམས་འདིར་ཀློག་མཁན་ཚོས་ཞིབ་ཏུ་གོང་གསལ་བདེ་སྲུང་བཀའ་བློན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་ཕྱག་ལས་གནང་སྟངས་ལ་བསམ་བློ་ཞིག་ཐོངས་དང་། མི་ལོ་བཞི་བཅུའི་རིང་ཉིན་གཅིག་ལྟར་རྒྱུན་ལྡན་འདི་ལྟར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་གྱི་དབུ་ཁྲིད་ཅིག་བཙན་བྱོལ་བོད་གཞུང་ཙམ་དུ་མ་ཟད་འཛམ་གླིང་འདིར་དཀོན་ཚོད་དུ་འདུག་པས་ཁོང་ལྟ་བུའི་དབུ་ཁྲིད་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་བྱུང་བར་ངེས་སོ། །

༣༽ ཁོང་བདེ་སྲུང་བཀའ་བློན་དུ་མཚན་འདོན་གནང་སྐབས་གུས་པའི་སེམས་ཚོར།

ཕྱི་ལོ་༢༠༠༧་ཕྱི་ཟླ་༣་པའི་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྐབས་དེའི་བཀའ་བློན་ཁྲི་བ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེས་ཁོང་གི་ཕྱག་རོགས་སུ་སྐབས་དེའི་བདེ་སྲུང་དྲུང་ཆེ་འབྲོང་ཆུང་དངོས་གྲུབ་མཆོག་ལ་བདེ་སྲུང་བཀའ་བློན་གྱི་འོས་ཆོས་ཚང་ངེས་ཡིན། ཅེས་གྲོས་ཚོགས་ནས་རྒྱབ་སྐྱོར་འབྱུང་ཆེད་ཁྱབ་བསྒྲགས་གནང་བྱུང་། སྐབས་དེར་ཕྲན་སྐབས་བཅུ་བཞི་བའི་གྲོས་ཚོགས་འཐུས་མི་ཡིན་པ་དང་། གུས་པ་ཧ་ཅང་བློ་ཕམ་ཆེན་པོ་དང་བཅས་ཏེ། ཁོང་བདེ་སྲུང་བཀའ་བློན་ལ་ཕེབས་རྒྱུར་བཀག་དགོས་དྲན་སོང་། དེའི་རྒྱུ་མཚན་ནི་བདེ་སྲུང་བཀའ་བློན་ལ་ཁོང་ལས་ལྷག་པའི་ཤེས་འཇོན་ཉམས་མྱོང་ལྷག་བསམ་སོགས་ཕུན་སུམ་ཚོགས་པ་ཞིག་ཕེབས་རྒྱུ་མེད་པ་ཕྲན་གྱིས་ཤེས་བཞིན་པ་ཡིན་མོད། སྐབས་དེར་བཀའ་ཁྲི་རིན་པོ་ཆེས་ཁོང་བདེ་སྲུང་བཀའ་བློན་དུ་མཚན་འདོན་གནང་བ་དེ་སྔ་དྲགས་པ་ཞིག་དང་། དེ་ལ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡང་སྔ་དྲག་པར་ཕྲན་གྱིས་ངོས་འཛིན་བྱས་པ་ཡིན། དེའི་རྒྱུ་མཚན་ནི་སྐབས་དེར་་ཁོང་བཀའ་བློན་དུ་ཕེབས་ན་དེ་ནས་བཟུང་བསྟུད་མར་བཀའ་བློན་ཐེངས་གཉིས་ལ་ཕེབས་ངེས་ཡིན་པའང་ཕྲན་གྱིས་ཐག་གཅད་ནུས། བཀའ་བློན་བསྟུད་མར་ཐེངས་གཉིས་ཀྱི་ཡུན་ཚད་དེ་ལོ་བཅུ་ཡིན་པས། ལོ་བཅུ་ཚང་ནས་སླར་ཡང་མུ་མཐུད་བཀའ་བློན་གནང་རྒྱུ་མེད་པ་ང་ཚོའི་བཅའ་ཁྲིམས་ནང་འཁོད་ཡོད་ཕྱིར། ལོ་བཅུའི་རྗེས་ནས་ང་ཚོའི་ཆེས་ཤིན་དུ་གལ་ཆེ་བའི་༸གོང་ས་མཆོག་གི་སྐུ་བྱའི་སྲུང་སྐྱོབས་དང་། བོད་ཕྱི་ནང་བར་ལ་འབྲེལ་ལམ་སོགས་ཕྱོགས་ཡོངས་དང་འབྲེལ་བའི་བདེ་སྲུང་ལས་ཁུངས་ནས་ཁོང་འཁྱོལ་འགྲོ་ངེས་ཡིན་པས། དེ་ནི་ང་ཚོའི་གྱོང་གུད་ཆེ་ཤོས་ཤིག་རེད། དེ་ལས་ད་དུང་ཁོང་གི་དགོང་ནའི་བབ་སོགས་གང་ཐད་ནས་མུ་མཐུད་བདེ་སྲུང་དྲུང་ཆེའི་འགན་ཁུར་བཞེས་ཏེ། ནམ་ཞིག་རྒས་ཡོལ་ལ་ཕེབས་པའི་མཚམས་ཏག་ཏག་དེར་ཁོང་བདེ་སྲུང་བཀའ་བློན་དུ་བཞེངས་ན་ཁོང་གིས་ཤེས་འཇོན་ལྷག་བསམ་ཉམས་མྱོང་བཅས་ལ་ང་ཚོས་དུས་ཡུན་རིང་པོ་ཞིག་ཏུ་ལོངས་སྤྱོད་ཐུབ་ངེས་ཡིན་པ་ཕྲན་གྱིས་དྲན་བྱུང་།

 
འོན་ཀྱང་སྐབས་དེར་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྐབས་ཁོང་གིས་ལོ་མང་རིང་སྤྱི་དོན་ལ་ཞབས་ཞུ་ཧུར་བརྩོན་གནང་ནས་དེ་རིང་གྲོས་ཚོགས་ནང་བཀའ་བློན་ལ་མཚན་འདོན་གནང་སྐབས་དེ་ལ་བཀག་འགོག་བྱས་ན། ཧ་ཅང་མ་འོས་པ་ཞིག་རེད་སྙམ་བྱུང་། དཔེར་ན་དེ་སྔོན་ལྷག་བསམ་ཤེས་འཇོན་ཅན་གྱི་མི་སྣ་ཚད་ལྡན་གྲོས་ཚོགས་ནང་བཀའ་བློན་ལ་མཚན་འདོན་གནང་སྐབས་བསམ་མེད་སྤྱི་འཐུས་རེ་ཟུང་གིས་གོ་དབང་ཕྱིན་ཅི་ལོག་ཏུ་བེད་སྤྱོད་བཏང་སྟེ། བཀག་པ་ལྟར། ཁོང་ཚོས་ལོ་མང་རིང་སྤྱི་དོན་བསྒྲུབས་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ལ་དྲིན་ལན་ལོག་འཇལ་དུ་མི་འགྲོ་བའི་ངེས་པའང་མི་འདུག་སྙམ་ནས་མཐར་ཁོང་བདེ་སྲུང་བཀའ་བློན་ལ་ཕེབས་པ་ཕྲན་གྱིས་བཀག་ནུས་མ་སོང་ལ། ཁོང་ལ་དགག་པ་བྱེད་མཁན་གཞན་ཡང་སུ་གཅིག་མེད་པར་གྲོས་ཚོགས་སྤྱི་མོས་ཀྱིས་ཁོང་བདེ་སྲུང་བཀའ་བློན་ལ་ཕེབས་པ་རེད། འོན་ཀྱང་གུས་པས་བདེ་སྲུང་ལས་ཁུངས་ཀྱི་མ་འོངས་པའི་སྐོར་ལ་བསམ་བློ་རེ་བཏང་སྐབས་དེ་ནས་བཟུང་བློ་བདེ་མ་བྱུང་།

 

༤༽ བདེ་སྲུང་བཀའ་བློན་དགོངས་ཞུའི་གནས་ཚུལ་ཐོས་པ།

ཕྱི་ལོ་༢༠༡༦་ལོའི་ཟླ་༤་ཚེས་༦་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་གྲོགས་པོ་ཞིག་གིས་ཧ་ཅང་ཐུགས་ཕམ་ཆེན་པོའི་རྣམ་པས་དེ་རིང་ཞོགས་པར་སྐུ་ངོ་བདེ་སྲུང་བཀའ་བློན་གྱིས་དགོངས་པ་ཞུས་འདུག ཅེས་གསུང་བྱུང་བ་དང་། དེ་ནས་ཆུ་ཚོད་ཁ་ཤས་རྗེས་ནས་སྐུ་ངོ་མཆོག་ལ་གསར་འགོད་པས་དངོས་སུ་བཅར་འདྲི་ཞུས་པར་བཀའ་ལན་གནང་བ་སོགས་དྲ་ལམ་ནས་དངོས་སུ་མཇལ་སྐབས་ཁོང་གིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ཉེ་ལམ་སྨན་རྩིས་ཁང་གི་མཛོད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་ལྕི་མོ་ཞེ་དྲགས་ཕེབས་པ་དེ་དང་། དེ་བཞིན་ཉེ་ཆར་གྲོས་ཚོགས་གྲོལ་སྐབས་གཏང་རག་སྤྱན་འདྲེན་ཞུ་སྐབས་ཆོས་སྐྱོང་ཚོས་ཀྱང་བཀའ་ལུང་ལྕི་མོ་ཞེ་དྲགས་ཕེབས་པ་དེ་འདྲར་བརྟེན་ཏེ། འགན་འཁུར་མ་ཐུབ་པས་བཟང་སྤྱོད་ཀྱི་ཐོག་ནས་རང་ཐག་རང་གཅོད་ཀྱིས་དགོངས་པ་ཞུས་སྐོར་སོགས་གསུངས་བྱུང་སྐབས། གུས་པས་སེམས་ལ་ཡ་རབས་ཚུལ་མཐུན་གྱི་གཤིས་ཀ་རང་ཆས་སུ་མངའ་བའི་རླབས་ཆེན་གྱི་མི་བུ་ཁོང་གིས་ཡུལ་གོང་མ་བཀུར་ཤེས་དང་། འོག་མ་སྐྱོང་ཤེས་ཀྱི་སྒོ་ནས་སླར་ཡང་གཟི་བརྗིད་ལྡན་པའི་ལས་དོན་རླབས་པོ་ཆེ་ཞིག་བསྒྲུབས་གནང་འདུག་སྙམ་ཚེ་ཡིད་སྨོན་ཤུགས་དྲག་པོ་ཞིག་སྐྱེས་བྱུང་བ་དང་ཆབས་ཅིག་འབྱུང་འགྱུར་བདེ་སྲུང་ལས་ཁུངས་ལ་འཁྲི་བའི་ལས་དོན་གལ་ཆེན་དེ་རིགས་དེ་སྔོན་ལྟར་འཐུས་ཚང་བསྒྲུབ་ཐུབ་མིན་ལ་བསམ་སྐབས་སྔ་མའི་སེམས་ཁྲལ་དེ་སླར་ཡང་སླེབས་སོང་།

 
༥༽ གང་ལྟར་ཆེས་ཤིན་ཏུ་བཀུར་བར་འོས་པའི་བདེ་སྲུང་བཀའ་བློན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་བདེ་སྲུང་བཀའ་བློན་དུ་ཕེབས་ཉིན་ནས་ང་ལ་ནི་བློ་ཕམ་ཚད་མེད་པ་བྱུང་ཟིན་མོད། འོན་ཀྱང་ད་ནས་འདས་དོན་ལ་རྟག་ཏུ་བློ་ཕམ་བྱས་བསྡད་པ་ཙམ་གྱིས་ཅི་ཡང་ཐོབ་རྒྱུ་མེད་ཕྱིར། ད་ནས་ང་ཚོ་ཚང་མས་མནོ་བསམ་ཞིབ་ཏུ་གཏང་དགོས་ས་དེ་ནི་ད་བར་སྐུ་ངོ་བཀའ་བློན་མཆོག་གིས་བསྒྲུབས་གནང་བའི་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་རླབས་ཆེན་ཕྱག་ལས་ཆེ་འབྲིང་ཆུང་གསུམ་དེ་དག་མུ་མཐུད་འཐུས་ཤོག་མེད་པར་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུས་སྐུ་ངལ་བརྒྱ་ཕྲག་གི་ལམ་ནས་དུས་ཡུན་རིང་པོར་ཆོལ་གསུམ་ཆོས་བརྒྱུད་བཅས་འཆམས་མཐུན་སོགས་མེད་པ་ནས་ཡོད་པ་དང་། ཡོད་་པ་ནས་སྤྱི་ཚོགས་ཡར་རྒྱས་སོགས་འདི་འདྲ་ཞིག་བསྐྲུན་གནང་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ད་ནས་ཐལ་བའི་རྡུལ་དུ་གཏོར་བརླག་མི་གཏོང་མཁན། དཔེར་ན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལྟ་བུའི་ཤེས་འཇོན་ལྷག་བསམ་ཉམས་མྱོང་སོགས་ཀྱིས་ཕྱུག་པའི་ཀུན་སྙོམས་ཉི་མ་ལྟ་བུའི་དབུ་ཁྲིད་བཟང་པོ་གང་མང་མ་འོངས་པར་མུ་མཐུད་ནས་འབྱུང་ཕྱིར་དུ་རང་རེས་ལས་གང་ཞིག་བརྩམས་དགོས་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གི་ཤེས་འཇོན་ལྷག་བསམ་ཉམས་མྱོང་བཅས་རང་རེའི་སྤྱི་ཚོགས་ལ་སླར་ཡང་ཕན་རླབས་ཆེ་བ་གང་ཞིག་ལ་བེད་སྤྱོད་གཏང་དགོས་པ་སོགས་ནི་ད་ནས་ཕྲན་གྱིས་ཀྱང་མནོ་བསམ་གཏང་ས་གཙོ་བོ་དེ་ཡིན་ནོ།། །།

 

༦༽ མཇུག་བསྡུའི་གཏམ།

སྨྲས་པ།

ས༵་ལའི་ལྗོངས་ཀྱི་རང་དབང་བདེན་དོན་ཕྱིར། །
ས༵་གསུམ་རེ་སྐོང་པད་དཀར་འཆང་བའི་སྡེས། །
ས༵་མཐའ་འདིར་བསྐྲུན་མང་གཙོའི་སྒྲིག་འཛུགས་ལ། །
ས༵་ཆེན་དབང་བསྒྱུར་སྟོབས་འབྱོར་འཕེལ་གྱུར་ཅིག །

ཕྱག་ན་པདྨོའི་རླབས་ཆེན་ལམ་སྟོན་མཆོ༵ག །
མཆོ༵ག་ཏུ་རྟོགས་ནུས་ཤེས་འཇོན་ལྷག་བསམ་གཏེ༵ར། །
གཏེ༵ར་ཆེན་གཡང་འཁོར་བཀའ་སྤྱིའི་ལས་སྣེའི་དཔུ༵ང་། །
དཔུ༵ང་ཆེན་བཙན་པོས་དགྲ་སྡེ་འདུལ་ནུས་ཤོག །

བདེ༵་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལྟར། །
བདེ༵་འཇགས་སྲུང་སྐྱོབ་སྐུ་བྱའི་ལས་དོན་སོགས། །
བདེ༵་སྐྱིད་འབྱུང་གནས་འཐུས་ཚང་སྒྲུབ་པ་པོས། །
བདེ༵་སྲུང་ལས་ཁུངས་རྟག་ཏུ་སྐྱོང་བར་ཤོག །
ཅེས་བཀུར་འོས་སྐུ་ངོ་མཆོག་གིས་ད་བར་མི་ལོ་ཧྲིལ་བོ་༤༠་རིང་ལ་རང་རེའི་སྤྱི་ཚོགས་ལ་རླབས་ཆེན་དོན་ལྡན་གྱི་ཞབས་འདེགས་གང་མང་བསྒྲུབས་གནང་བར་བརྟེན་བཀའ་དྲིན་མཚོན་བྱེད་ཙམ་དུ་སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་རམ། ཚངས་སྲས་རིག་པའི་འདོད་འཇོས་ཕྱི་ལོ་༢༠༡༦་ཟླ་༤་ཚེས་༡༠་ཉིན་གདན་ས་ཆེན་པོ་དགའ་ལྡན་གྱི་རང་ཤག་ལྔ་རིག་དྲི་བསུང་སྤོས་ངད་ལྡང་ཁང་དུ་སྦྱར་བའོ།།སརྦ་མངྒ་ལཾ། །

བསམ་ཚུལ།

Post navigation

Previous Post: གློག་སྒྲོན་འོག་གི་ཨོ་གླིང་གི་དཔེ་མཛོད་ཁང་ཞིག
Next Post: རྒྱལ་ཡུམ་རྐང་རྩེད་སྤོ་ལོའི་རྩེད་མོ་ལས་འཕྲོས་པའི་སེམས་ཚོར།

Comments (14) on “གཟུར་གནས་དགྱེས་པའི་མཆོད་སྤྲིན།        ”

  1. དར་རྒྱས། says:
    2016-04-13 at 4:29 am

    བཀུར་འོས་སྐུ་ངོ་སྤྱི་ཟུར་མཆོག་གིས་ཚིག་དོན་གཉིས་ནས་ཕུན་སུམ་ཚོགས་པའི་རྩོམ་ཡིག་མགོ་མཇུག་ཡོད་པ་ཞིག་སྤེལ་འདུག་པར་བསྔགས་བརྗོད་ཞུ། ཧ་ཅང་དགའ་ཡོད།

  2. ལྷ་སྒང་ཆོས་གྲགས། says:
    2016-04-13 at 5:57 am

    ཧྲག་གི་ཡ་་་་་

  3. ཇུང་ཏོག་ says:
    2016-04-13 at 6:49 am

    བསྟོད་པས་དགའ་བ་མ་རྒྱུར་ཞིང་།
    སྨད་པས་མི་དགའ་མི་རྒྱུར་ཞིང་།
    རང་གི་ཡོན་ཏན་ལེགས་སྤེལ་ན་།
    སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།

    བསྟོད་ན་བསྟོད་ཤེས་དགོས་ལ་སྨད་ན་སྨད་ཤེས་དགོས་། ཚེ་སྒང་སྒྲུབ་པ་རྒྱབ་ནས་ཞོག་གཅིག་རླུང་ལ་དཀྱུར་ཟེར་བྈལྟར་མི་ལོ་བཞི་བཅུ་དཀའ་ལས་རྒྱབ་ནས་ཟླ་བ་གཉིས་སྒུག་མ་ཐུབ་པའི་བཀའ་བློན་དང་གཟའ་ཉི་མ་ལ་རྩ་དགོང་ཞུ་མཁན་གྱི་བཀའ་བློན་སོགས་ལ་བལྟས་ནྈལྷག་བསམ་དང་གཞུང་སེམས་འགན་འཁུར་ཡོད་མཁན་ཞིག་ལ་ངོས་འཛིན་ག་འདྲ་བྱེད་དགོས་ཀྱི་ཡོད་དམ་ཧཧཧཧ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-13 at 8:08 am

    རབ་བྱུང་ཐོར་ལྕོག་ཅན་གྱིས་བྲིས་འདུག་པས་བདེན་པའི་ཆ་ལོས་ཡོད། ཡིན་ནའང་ལེགས་པའི་ཆ་ལས་ཉེས་ཆ་གཏན་ནས་མེད་པ་དེ་འདྲ་དང་ཨེ་ཡིན་ནམ།

  5. ཨ། says:
    2016-04-13 at 8:45 am

    སྤྱི་ཟུར་གང་ཡང་བཟུར་ནས་མ་བསྡད་པར།།
    གཟུ་བོར་གནས་པའི་རྒྱུས་ཡོད་གཏམ་ཚོམ་ཞིག།
    སྐབས་སུ་བཏང་བར་ཁོ་བོས་ཡི་རང་ངང་།།
    དགའ་བསུའི་ཐལ་མོ་དགའ་བཞིན་རྡེབ་ཀྱིན་ཡོད།།

  6. བྱང་ཆུབ་ལོ་མ། says:
    2016-04-13 at 1:39 pm

    བློ་བསང་སེང་གེས་ལོ་ལྔ་ལ་ཉེ་བར་བཀའ་ཤག་གི་འགན་ཁུར་བའི་བརྒྱུད་རིམ་ནང་ལ། གཞུང་ཞབས་བརྒྱད་ཅུ་ལྷག་གིས་རྩ་དགོངས་ཞུས་ཡོད། བཀའ་བློན་གཉིས་ཀྱིས་རྩ་དགོངས་ཞུས་ཡོད། ལོ་ལྔ་ཚང་ལ་ཉེ་བའི་དུས་འདིར། ལྷ་མི་ཚང་མ་བློ་བཟང་སེང་གེས་འཐུས་ཤོར་བཏང་བའི་ལོ་ལྔའི་རྗེས་འབྲས་ལ་སེམས་འཚབ་ལངས་དནས་སྡོད་དགོས་པ་ཞིག་ཆགས་ཡོད། བདེ་སྲུང་བཀའ་བློན་དང་ཕྱི་དྲིལ་བཀའ་བློན་གཉིས་ཀྱིས་དགོངས་པ་ཞུས་པ་ལ་ལོག་འགྲེལ་ག་ཚད་བརྒྱབ་ཀྱང་། བཀའ་བློན་རྣམ་པ་གཉིས་ནས་བཟང་སྤྱོད་ལ་འགན་ཁུར་བ་དང་། མི་དམངས་ལ་འགན་ཁུར་བའི་གནང་སྟངས་ཤིག་ཆགས་ཡོད་པ་རེད། རི་བོང་རྡོ་རྩུས་བྱས་ནས་མ་བསྡད་པར། བཟང་སྤྱོད་དང་འགན་ཁུར་གྱི་ཕྱོགས་སུ་ཕེབས་བསྐྱོད་གནངས་པ་ལ་རྗེས་སུ་ཡི་རང་ཞུ་དགོས་་ཞིག་ལས། དམའ་འབེབས་བྱ་ཡུལ་ཞིག་ཆགས་ཡོད་པ་མ་རེད། དྲ་གྲོགས་ཚོས་གནས་ལུགས་ལ་བརྩིས་ནས་མཆན་སྤེལ་ན་ཡག་པོ་རེད།

  7. བྱང་ཆུབ་ལོ་མ། says:
    2016-04-13 at 1:39 pm

    བློ་བསང་སེང་གེ བློ་བཟང་སེང་གེ། སློབ་བཟང་སངས་རྒྱས། བློ་བཟང་སངས་རྒྱས། དག་ཆ་གང་ཡིན་གཏན་འཁེལ་མེད་པ་འདྲ།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-13 at 3:05 pm

    བྱང་ཆུབ་ལོ་མའི་རེ་འདོད་ལ་བློ་སེང་ནག་པོར་བསྒྱུར་རེ་འདུག་ཀྱང་མང་མོས་འོས་འདེམས་ཀྱིས་བློ་སེང་སླར་ཡང་སྲིད་སྐྱོང་ཞབས་སྟེགས་ཐོག་ཕེབས་ཡོད། དགའ་བའི་མི་ཚོས་ཐལ་མོལ་བརྡོབ་ཅིག་ལ་མ་དགའ་མཁན་རྣམས་མཛུབ་མོལ་ཁ་ནང་བཅུག་ནས་ངུར་ཅིག་ཨ་་་་་་་་

  9. དར་རྒྱས། says:
    2016-04-13 at 4:14 pm

    སྒེར་ལས་སྤྱི་དོན་གཙོ་བོར་འཛིན་པའི་དཔོན། །
    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས། །
    ཕྱི་དྲིལ་བཀའ་བློན་ས་ནས་དགོངས་ཞུས་ཀྱིས། །
    ལྷག་བསམ་ཆེན་པོས་མང་ལ་བརྡ་ཞིག་བསྟན། །

    བཙན་བྱོལ་སྒྲིག་འཛུགས་འཐུས་ཤོར་མི་འགྲོའི་ཆེེད། །
    མ་འོངས་སྲིད་སྐྱོང་འདི་འདྲ་དགོས་སོ་ཞེས། །
    སྲིད་སྐྱོང་ཆ་རྐྱེན་ཡོན་ཏན་ཁ་གསལ་བརྗོད། །
    ཚད་ལྡན་སྲིད་སྐྱོང་སུ་ཡིན་གསལ་བཤད་གནང་། །

    འོན་ཀྱང་རྨོངས་དང་ཕྱོགས་ཞེན་མི་ཚོགས་ཤིག །
    གཞན་གྱི་ཁྱབ་བསྒྲགས་རྫུན་མའི་རྗེས་འབྲང་སྟེ། །
    བདེན་པའི་ཕྱོགས་ལ་གོམ་ཁ་མ་བསྒྱུར་བར། །
    བདེན་དོན་རི་འདྲ་གད་སྙིགས་ནང་ལ་འཕངས། །

    སླར་ཡང་མང་བཀུར་བྱས་རྗེས་ཅན་གྱི་དཔོན། །
    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས། །
    བླ་མ་ལྷ་སྲུང་ཐུགས་དགོངས་འཁྲུགས་ལུགས་དང་། །
    སྤྱི་དོན་གང་མང་འཐུས་ཤོར་འགྲོ་བ་བཅས། །

    འགན་མི་ཁྱོག་ན་དགོངས་པ་གནོངས་ཤིག་ཅེས། །
    དགོངས་པ་ཞུས་པར་ཤོག་བུའི་བཀའ་ཤག་དེས། །
    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལ། །
    དགོངས་ཞུ་ཕྱིར་འཐེན་གནང་དང་རང་ཅག་རྣམས། །
    གངས་སྐྱིད་ནང་ལ་སྐྱིད་ཉལ་བྱེད་དགོས་ཞེས། །
    ངོ་ཚ་མེད་པའི་ཁྱི་གཏམ་འདི་ཀོ་ཅི། །

    བློ་བཟང་སེང་གེ་སློབ་བཟང་སངས་་རྒྱས་རེད། །
    སློབ་བཟང་སངས་རྒྱས་ཤོག་བུའི་སེང་གེ་རེད། །
    སེང་གེའི་བཀའ་ཤག་ཤོག་བུའི་བཀའ་ཤག་རེད། །
    ལས་ཀ་བྱས་ཚད་ཤོག་བུའི་རང་བཞིན་རེད། །

    རྒྱ་རི་རྨོ་རྨོ་ཤེས་རིག་བཀའ་བློན་གཉིས། །
    མ་འོངས་རྡི་ལིའི་དོན་གཅོད་སོགས་ཀྱི་ཆེད།
    ལས་འབྲས་ཁྱད་བསད་ངོ་ཚར་མི་འཛེམས་པར། །
    སློབ་སངས་མུ་མཐུད་སྲིད་སྐྱོང་བྱེད་དགོས་ཟེར། །

    དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཀྱིས། །
    བདེ་སྲུང་སྐུ་ངོའི་རྐུབ་ལྕོག་ངས་འཛིན་ཟེར། །
    དཔལ་ལས་འཛིན་སྐྱོང་འཐུས་ཚང་མི་འཇོན་པར། །
    དཔལ་བདེ་གཉིས་ཀ་འཐུས་ཤོར་གཏང་དགོས་སམ། །

    འཕྲོད་བསྟེན་བཀའ་བློན་རྐུབ་དང་རྐུབ་ལྕོག་གཉིས། །
    ལྕགས་ཀྱི་ཐག་པས་ས་ལ་བཏགས་པ་འདྲ། །
    གཏམ་ངན་མི་ཁས་ས་སྟེང་ཁྱབ་ན་ཡང་། །
    རྐུབ་ལྕོག་རྐུབ་གཉིས་མི་དབྱེ་ཐག་ཆོད་རེད། །

    འབངས་ཀྱི་མང་ཚོགས་བློ་ཕམ་ཇེ་ཆེ་རེད། །
    བླ་མ་ལྷ་སྲུང་དགོངས་པ་ཇེ་འཁྲུགས་རེད། །
    སྤྱི་བའི་ལས་དོན་འཐུས་ཤོར་ཇེ་མང་རེད། །
    འདོད་རྔམས་ཅན་ཚོ་ཧམ་པ་ཇེ་ཆེ་རེད། །

  10. སེམས་དཀར། says:
    2016-04-14 at 1:34 am

    བཀུར་འོས་སྐུ་ངོ་སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་མཆོག་གིས་ལྷག་བསམ་རྣམ་དག་གིས་རྩོམ་ཡིག་རིན་ཐང་གཞལ་བ་སྤེལ་གནང་བར་དགའ་སྤྲོ་རབ་ཏུ་འཕེལ་ལ། མ་འོངས་པར་ཁྱེད་ཀྱི་ཐུགས་འདོད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

  11. ཇུང་ཏོག་ says:
    2016-04-14 at 8:52 am

    ཧཧཧཕྱོགས་གཏོགས་འགན་འཁུར་མིན་ན་དགའ་བ་།
    དྲང་གཏམ་གཡོ་མེད་ཡིན་ན་དགའ་བ་ལ་།
    ཁྲིམས་འགལ་སྒྲིག་འགལ་ལས་ཁུང་འགྲོ་སྟང་སྦྱོང་།

  12. ཏི་སི། says:
    2016-04-15 at 6:36 am

    སེར་མོ་བ་ཞིག་གི་ཆབ་སྲིད་པ་སྐྱ་བོ་ལ་དད་གོས་མཆོད་པ། གདན་ས་ལ་བསྡད་པ་ངོ་རྟགས་འདུག། ཆོས་རི་ནང་གི་དྷི་སྒྲ་ངོ་མ་ཡིན་ས་རེད། ཧཧཧ

  13. ཚ་བའི་མེ་ལྕེ། says:
    2016-04-15 at 2:28 pm

    གསེར་ཚུལ་གྲྭ་གཟུགས་ཅན་པོ་འདིས་སྔོན་མ་ཞིག་ལ་གངས་སྐྱིད་ནས་གསེར་རྟའི་ཐད་དཀྲུག་ཤིང་དང་ཉོག་བཤད་ཧ་ཅང་བྱས་ཡོད།

  14. བསྟན་པ། says:
    2016-04-15 at 2:57 pm

    མ་ངུ་མ་ངུ་ཚ་བའི་མེ་སྕེ། །
    ཚ་བའི་མེ་ལྕེ་ཅི་ཙམ་ངུས་ཀྱང་། །
    ཤེས་རིག་རྣམ་དཔྱོད་གང་གི་ཆ་ནས། །
    གསེར་ཚུལ་འོད་ཟེར་ཐུབ་ས་མ་རེད། །

    གསེར་རྟའི་ལོ་རྒྱུས་ལུང་རིགས་གཟི་འབར། །
    བརྩམས་ཏེ་རྒྱལ་ཁ་ལེན་མཁན་ཁོང་རེད། །
    ལུང་རིགས་གཟི་འབར་ཉིན་བྱེད་སྣང་བས། །
    ཁམས་རྫུན་བང་ཚུལ་གཅེར་བུར་བཏོན་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme