Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟི་མདངས་ཅན་དུ་འཁྲུངས་ཤིང་སྙིང་རྗེ་ལྡན་པར་འཁྲུངས།

Posted on 2013-02-122013-02-12 By ཁ་བརྡ་ 40 Comments on གཟི་མདངས་ཅན་དུ་འཁྲུངས་ཤིང་སྙིང་རྗེ་ལྡན་པར་འཁྲུངས།

འཇམ་དབྱངས་གྲགས་པས་བསྒྱུར།

རྩོམ་པ་པོ་ཆེ་ཏཱན་བྷ་ག་ཏས་རྒྱ་གར་དུས་བབ་ལ་ཏཱ་ལའི་བླ་མ་མཆོག་དང་མཇལ་བའི་སྐོར་བྲིས་པ།

མུའུ་བྷེའི་ནི་ཁྲ་ཁྲ་ཟིང་ཟིང་གི་ལས་ཀའི་ཐོག་སྐད་གྲགས་ཡོད་པའི་གྲོང་ཁྱེར་ཞིག་རེད། བཀྲག་མདངས་ལྡན་པའི་གློག་བརྙན་ཁྱབ་སྒྲོག་དང་། མཛེས་སྡུག་ལྡན་པའི་ལེགས་སྐྱེས་འབུལ་བའི་དུས་སྟོན། ཚོན་མདངས་རྣམ་པར་བཀྲ་བའི་གྱོན་གོས་དཔེ་གསར་སྟོན་མོ་བཅས་ལོ་ལྟར་ཚོགས་བཞིན་ཡོད་པས། བྷོམ་བྷེ་དུས་བབ་ཀྱི་ཁྱབ་སྒྲོག་སྟེགས་བུ་ནི་ “གཟི་མདངས་ཅན་དུ་སྐྱེས་པ་”རེད། མང་པོ་ཞིག་གིས་རྒྱས་སྤྲོས་ཆེ་བའི་གྲོང་ཁྱེར་འདིའི་ནང་དུ་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་བྱ་བས་ཤུགས་རྐྱེན་ཐེབས་ཐུབ་བམ་དྲན་སྲིད་མོད། ཏཱ་ལའི་བླ་མ་མཆོག་གི་ལས་འགུལ་ནི་ལོ་འདིའི་ལས་འགུལ་ལེགས་ཤོས་ཤིག་ཏུ་གྱུར་སོང་། གང་ལགས་ཤེ་ན་ལས་འགུལ་མང་པོ་ཞིག་གིས་ཡིད་སེམས་འགུག་ཐབས་བྱེད་མོད་ཡིད་དུ་འཐད་པ་ནི་རེ་གཉིས་ཙམ་མོ།།

ངས་པ་རི་ཊི་ཤ་ནཱན་དི་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཚོགས་རྒྱུའི་འདུ་ཚོགས་དེར་བཅར་རྒྱུའི་མགྲོན་བསུ་ཁས་ལེན་ཞུས་རྗེས་གཉིད་མི་ཁུག་པའི་མཚན་མོ་འགའ་བསྐྱལ་དགོས་བྱུང་། ཡིན་ཡང་༸གོང་ས་མཆོག་མཇལ་ཐེངས་ཤིག་ཁོ་བོའི་སེམས་འཚབ་རྣམས་གཙང་ཡལ་དུ་བུད་སོང་། ང་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཅིག་དང་འཕྲོད་བཞིན་པའི་ཚོར་བ་མི་སྦྱིན་པར་རང་གི་གྲོགས་པོ་ཞིག་དང་ཐུག་བཞིན་པའི་སྣང་བ་སྦྱིན་བྱུང་། ཡ་མཚན་པ་ཞིག་ལ་མི་གཞན་རྣམས་ལའང་ཚོར་སྣང་དེ་རང་བྱུང་འདུག

གཅིག་བྱས་ན་དེའི་རྐྱེན་ཏཱ་ལའི་བླ་མ་མཆོག་གི་བྱིས་པ་ལྟ་བུའི་སྤྱོད་ཚུལ་ཡ་རབས་དེ་ཡིན་སྲིད་ལ། ཡང་མིན་ན་ཁོང་གིས་འཕང་སྟེགས་མཐོ་བོ་ཞིག་གི་སྟེང་ནས་མི་རྣམས་ལ་གསུང་བཤད་མི་གནང་བར་ཁོ་ཚོ་དང་མཉམ་གཅིག་ཏུ་བསྡད་པ་དེས་ཡིན་སྲིད། ཁོང་གིས་མཚར་གཏམ་གསུངས་སོང་ལ་དགོད་མོ་དགོད་གནང་སོང་བར་མ་ཟད། ཁོང་རང་ཉིད་ “དཀྱུས་མ་མ་ཡིན་པ་གང་ཡང་མིན་”ཚུལ་གསུངས་སོང་། ད་དུང་ཁོང་གིས་ཌེས་མཱོན་ད་ཊུ་ཊུས་ཁོང་ལ་རྙེད་བརྐོས་ཏེ་ཁོང་བསྟན་བཤིག་ཚ་བས་ཏཱ་ལའི་བླ་མ་འདྲ་བོ་མི་འདུག་ཅེས་གསུངས་མྱོང་བའི་སྐོར་ཡང་གསུངས་སོང་།

ཁོང་གིས་རང་ཉིད་ཀྱིས་གང་ལེགས་པོ་མཐོང་བ་རྣམས་དང་མི་མང་གི་བློ་དང་བསྟུན་ནས་གསུངས་གནང་སོང་། ཆོས་ལུགས་མགོ་ཁྲིད་ཅིག་གིས་ཚན་རིག་གི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་པའམ་ “བྱམས་པ་བྱེད་པར་ཆོས་པ་ཡིན་མི་དགོས”ཟེར་མཁན་བྱུང་མྱོང་ཡོང་ངམ། ཏཱ་ལའི་བླ་མ་མཆོག་གི་གསུང་འཕྲིན་སྟབས་བདེ་ཤོས་ནི་འདི་ལྟར། བྱམས་པ་བྱེད་པ་ནི་གཞན་ལ་སེམས་ཁུར་བྱས་པ་ལ་ཟེར། གཞན་ལ་བྱམས་པ་སྒོམ་ན་ང་ཚོ་རང་ཉིད་སེམས་སྐྱིད་པོ་དང་ཞི་བར་འགྱུར་གྱིན་རེད། བྱམས་པའི་སེམས་དེ་འགྲོ་བ་མི་ཙམ་ལ་མ་ཡིན་པར་དུད་འགྲོ་རྣམས་ལའང་ཁྱབ་ཐུབ་དགོས།

ཆོས་ལུགས་མགོ་ཁྲིད་མང་པོས་སློབ་གསོ་གཏོང་གིན་ཡོད་མོད། ༸གོང་ས་མཆོག་གི་བཀའ་སློབ་དེ་མུ་དང་བང་རིམ་ལྡན་ཤོས་ཤིག་ཏུ་འདུག ཁོང་གིས་ཆོས་བཤད་གནང་གི་མི་འདུག ཁོང་གིས་རང་ཉིད་ཀྱིས་གང་དགོངས་པ་རྣམས་གསུང་ཀྱིན་འདུག ཁོང་གིས་བདེ་སྐྱིད་ཀྱི་སྐོར་གསུང་དུས་ཁོང་གི་སྤྱན་ལས་བདེ་སྐྱིད་མཐོང་གི་འདུག དེ་བས་ཚོགས་ཞུགས་པ་ཚང་མ་ཡིད་སེམས་ཁུགས་ཏེ་གྲག་མེད་འགུལ་མེད་དུ་གྱུར་སོང་། ཁོང་དཀྱིལ་དཀྲུང་དུ་བཞུགས་ཀྱིན་མི་འདུག་ལ་མི་ཚོ་ལ་བཀའ་གཏོང་བ་སོགས་ཀྱང་གནང་གི་མི་འདུག དུད་འགྲོ་ལ་སྙིང་རྗེ་སྒོམ་སྟངས་གསུང་དུས་ཀྱང་དུད་འགྲོ་ལས་བྱུང་བའི་ཅ་དངོས་ཡོངས་རྫོགས་དགག་དགོས་པ་དང་དཀར་ཟས་སྐྱོང་མཁན་གཙང་མར་འགྱུར་དགོས་པ་བཅས་གསུང་གིན་མི་འདུག ཁོང་གིས་“ཉ་བ་རྣམས་ལ་མཚོན་ན་འཚོ་བ་ཉ་ལ་བསྟེན་གྱིན་ཡོད་པ་རེད”གསུངས་སོང་།

དོན་ངོ་མར་ཏཱ་ལའི་བླ་མ་ཁོང་ཉིད་ཀྱང་དཀར་ཟས་རྐྱང་པ་སྐྱོང་མཁན་ཞིག་མིན་ཞེས་དང་པོ་ནས་ཞལ་བཞེས་གནང་སོང་། ཁོང་གིས་དུད་འགྲོ་ལས་བྱུང་བའི་ཅ་དངོས་རྣམས་གང་ཐུབ་ཐུབ་ཉུང་དུ་གཏོང་བ་དང་མི་དགོས་པའི་རྩུབ་སྤྱོད་རྣམས་སྤང་དགོས་པའི་དགོངས་ཚུལ་འདོན་གྱིན་འདུག ཁ་ཡོད་ལག་ཡོད་ཀྱི་བྱ་བ་འདི་ལྟ་བུ་རྣམས་རླབས་ཆེན་དུ་འབོད་པའི་སྟོང་བཤད་དག་ལས་མི་མང་ལ་ཕན་ཐོགས་ཆེ་བ་འདུག་ལ་འདི་ལྟ་བུས་འགྱུར་བ་མང་ཙམ་གཏོང་ཐུབ་ཀྱིན་འདུག རྨི་ལམ་བསྐྲུན་ཞིང་རྨི་ལམ་བཙོང་བ་དང་རྫུན་པ་དང་བཏང་སྙོམས་ཉིན་རེའི་འཚོ་བའི་ཆ་ཤས་སུ་འགྱུར་བཞིན་པའི་གྲོང་ཁྱེར་དེ་ལ་ཏཱ་ལའི་བླ་མ་མཆོག་ཕེབས་པ་ནི་རྨ་ཁ་གསོ་བའི་འབྱུག་སྣུམ་ལྟ་བུར་གྱུར་སོང་། ངལ་བ་ཁྱད་དུ་བསད་དེ་བྱམས་པ་དང་བརྩེ་བ་གླེང་བཞིན་པའི་སྐྱེས་བུ་ཞིག་གི་གསུང་སྐད་དེང་གི་དུས་སུའང་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཐུབ་པ་ནི་དགའ་འོས་པ་ཞིག་རེད།

ང་ཚོའི་གཡས་གཡོན་དུ་དྲང་བདེན་མ་ཡིན་པ་དང་སྡུག་རྩུབ་ཀྱིས་ཁེངས་ནའང་༸གོང་ས་མཆོག་ལྟ་བུའི་སྐྱེས་བུ་ཞིག་བཞུགས་ཡོད་པ་དང་། མི་མང་ས་ཡ་མང་པོས་ཁོང་གི་གསུང་བརྩི་གིན་ཡོད་པ་དེ་ནི་དགའ་འོས་པ་ཞིག་ཅི་ལ་མིན། ཁོང་གི་ཤུགས་རྐྱེན་དེས་ཅི་ཞིག་སྟོན་གྱིན་ཡོད་ཟེར་ན་འཛམ་གླིང་འདི་སྡུག་རྩུབ་དང་། རྫུན་པ། བྱིངས་རྨུགས་ཅན་ཏུ་ཇི་ལྟར་འགྱུར་ཡང་མིའི་རིགས་ལ་ནམ་ཡང་རེ་བ་ཡོད་པ་སྟོན་པ་རེད། ༸གོང་ས་མཆོག་མུའུ་བྷེའི་རུ་ཕེབས་པ་ཙམ་དུ་མ་ཟད་མུའུ་བྷེའི་བྱིན་གྱིས་བརླབས་སོང་། མི་མང་པོ་ཞིག་གིས་ང་ཚོའི་གྲོང་ཁྱེར་དུ་ཞེ་སྡང་འདེབས་པར་བྱེད་མོད། ༸གོང་ས་མཆོག་ནི་བྱམས་པ་དང་བརྩེ་བའི་ས་བོན་སྐྲུན་མཁན་གྱི་སྐྱེས་བུ་ཉུང་ཤས་ཁྲོད་ཀྱི་གཅིག་རེད། ང་ཚོས་ཞེ་སྡང་གི་རྩྭ་ལྡུམ་གཙང་ཕྱགས་བྱས་ཏེ་ཁོང་གིས་བཏབ་པའི་ས་བོན་དེ་ལ་འབྲས་བུ་སྨིན་པར་བརྩོན། ང་ཚོ་སྐྱེས་པ་ཉིད་ནས་ཁྲ་ཁྲ་ཟིང་ཟིང་ཅན་ཙམ་མིན་པར་སྐྱེས་པ་ཉིད་ནས་བྱམས་སྙིང་རྗེ་ཅན་ཞིག་བྱེད།

འགྱུར་རྩོམ།

Post navigation

Previous Post: ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད།
Next Post: སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས།

Comments (40) on “གཟི་མདངས་ཅན་དུ་འཁྲུངས་ཤིང་སྙིང་རྗེ་ལྡན་པར་འཁྲུངས།”

  1. ཀླུ་སྨྱོན། says:
    2013-02-13 at 12:07 am

    རྩོམ་ཡག་པོ་ཞིག་བྲིས་འདུག གོང་ས་མཆོག་སྐུ་ཚེ་བརྟན་པར་སྨོན།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-02-13 at 1:29 am

    ཁ་རི་ཁ་ཐུག
    རང་གཞན་གཉིན་ཕན།
    བདག་གི་བླ་མ།
    ༸བསྟན་འཛིན་རྒྱ་མཚོ།
    ༸སྐུ་ཚེ་ཡུན་བརྟན།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-13 at 1:35 am

    རང་རེའི་རྗེ་བཙུན་བླ་མའི་ཁྱད་ཆོས་རྣམས་བཀོད་པ་ན། རང་གིས་སྐུ་འདུན་དུ་མཇལ་བའི་ཉམས་མྱོང་དྲན་པར་ཡོད་པ་རྣམས་གསལ་བར་ཆགས། སྐུ་མདུན་དུ་མཇལ་བ་སླ་བ་ཞིག་མ་ཡིན། ཁྲིམས་ལྟར་འགྲོ་དགོས་པ་ཡིན། ལན་གཅིག་བདག་ལ་དྭགས་ནས་ལོག་སྐབས་སུ། སྐུ་མདུན་དུ་མཇལ་བར་ཞུས་ཀྱང་། གཞན་མཇལ་མཁན་མང་པོ་ཡོད་པས། ལས་ཁུངས་ཀྱི་མཛད་རིམ་ལྟར་ཉིན་འགའ་ཤས་སྒུག་དགོས་པས། མངས་ཀྱི་མཇལ་ཀ་ཡོད་པར་མཇལ་བ་ན། ཞལ་གྱིས་གཟིགས་ཏེ། དིང་སང་གང་བྱེད་ཀྱི་ཡོད་ཅེས་བཀའ་སློབ་དང་། བྱིན་རྟེན་སྲུང་མདུད་སྩལ་ཏེ། བྱིན་གྱིས་བརླབས་པར་མཛད། ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་མི་མངས་འདུས་པའི་དཀྱིལ་ནའང་སྐབས་རེར་བདག་ལ་དྭགས་འཇམ་དཔལ་གསུངས་ཏེ། བྱིན་གྱིས་རླབས་པར་མཛད། བོད་ཀྱི་ཆོས་སྐད་སྲུང་བའི་ནུས་པ་བྱུང་བ་ཡང་བླ་མ་རྣམས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་བསམ།
    དེས་ན། ས་ཡང་འཇུག་གི་སྒྲ་གདནས་ཉམས་པས་མང་པོས་སྒྲོག་དང་སྒྲོགས་ཀྱི་ཁྱད་པར་མི་འབྱེད་ཀྱང་། ཁོ་བོས་ནི། དག་ཡིག་ཟ་མ་ཏོག་སོགས་དང་། འཇམ་དབྱངས་གང་བློ་མ་ན།
    ་རང་རེའི་རྗེ་བཙུན་བླ་མའི་ཁྱད་ཆོས་རྣམས་བཀོད་པ་ན། རང་གིས་སྐུ་འདུན་དུ་མཇལ་བའི་ཉམས་མྱོང་དྲན་པར་ཡོད་པ་རྣམས་གསལ་བར་ཆགས། སྐུ་མདུན་དུ་མཇལ་བ་སླ་བ་ཞིག་མ་ཡིན། ཁྲིམས་ལྟར་འགྲོ་དགོས་པ་ཡིན། ལན་གཅིག་བདག་ལ་དྭགས་ནས་ལོག་སྐབས་སུ། སྐུ་མདུན་དུ་མཇལ་བར་ཞུས་ཀྱང་། གཞན་མཇལ་མཁན་མང་པོ་ཡོད་པས། ལས་ཁུངས་ཀྱི་མཛད་རིམ་ལྟར་ཉིན་འགའ་ཤས་སྒུག་དགོས་པས། མངས་ཀྱི་མཇལ་ཀ་ཡོད་པར་མཇལ་བ་ན། ཞལ་གྱིས་གཟིགས་ཏེ། དིང་སང་གང་བྱེད་ཀྱི་ཡོད་ཅེས་བཀའ་སློབ་དང་། བྱིན་རྟེན་སྲུང་མདུད་སྩལ་ཏེ། བྱིན་གྱིས་བརླབས་པར་མཛད། ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་མི་མངས་འདུས་པའི་དཀྱིལ་ནའང་སྐབས་རེར་བདག་ལ་དྭགས་འཇམ་དཔལ་གསུངས་ཏེ། བྱིན་གྱིས་རླབས་པར་མཛད། བོད་ཀྱི་ཆོས་སྐད་སྲུང་བའི་ནུས་པ་བྱུང་བ་ཡང་བླ་མ་རྣམས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་བསམ།
    དེས་ན། ས་ཡང་འཇུག་གི་སྒྲ་གདནས་ཉམས་པས་མང་པོས་སྒྲོག་དང་སྒྲོགས་ཀྱི་ཁྱད་པར་མི་འབྱེད་ཀྱང་། ཁོ་བོས་ནི། དག་ཡིག་ཟ་མ་ཏོག་སོགས་དང་། འཇམ་དབྱངས་གང་བློ་མ་ན།
    ་
    འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།
    ་
    ཞེས་པ་ལྟར་སྒྲོགས་དང་སྒྲོག་ལ་ཁྱད་པར་ཡོད་པ་ཤེས་ཐུབ་པ་དེ། རང་གིས་བླ་མ་རྣམས་ཀྱི་བྱིན་རླབས་ཡིན་པར་སེམས་སོ།།རང་རེའི་རྗེ་བཙུན་བླ་མའི་ཁྱད་ཆོས་རྣམས་བཀོད་པ་ན། རང་གིས་སྐུ་འདུན་དུ་མཇལ་བའི་ཉམས་མྱོང་དྲན་པར་ཡོད་པ་རྣམས་གསལ་བར་ཆགས། སྐུ་མདུན་དུ་མཇལ་བ་སླ་བ་ཞིག་མ་ཡིན། ཁྲིམས་ལྟར་འགྲོ་དགོས་པ་ཡིན། ལན་གཅིག་བདག་ལ་དྭགས་ནས་ལོག་སྐབས་སུ། སྐུ་མདུན་དུ་མཇལ་བར་ཞུས་ཀྱང་། གཞན་མཇལ་མཁན་མང་པོ་ཡོད་པས། ལས་ཁུངས་ཀྱི་མཛད་རིམ་ལྟར་ཉིན་འགའ་ཤས་སྒུག་དགོས་པས། མངས་ཀྱི་མཇལ་ཀ་ཡོད་པར་མཇལ་བ་ན། ཞལ་གྱིས་གཟིགས་ཏེ། དིང་སང་གང་བྱེད་ཀྱི་ཡོད་ཅེས་བཀའ་སློབ་དང་། བྱིན་རྟེན་སྲུང་མདུད་སྩལ་ཏེ། བྱིན་གྱིས་བརླབས་པར་མཛད། ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་མི་མངས་འདུས་པའི་དཀྱིལ་ནའང་སྐབས་རེར་བདག་ལ་དྭགས་འཇམ་དཔལ་གསུངས་ཏེ། བྱིན་གྱིས་རླབས་པར་མཛད། བོད་ཀྱི་ཆོས་སྐད་སྲུང་བའི་ནུས་པ་བྱུང་བ་ཡང་བླ་མ་རྣམས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་བསམ།
    དེས་ན། ས་ཡང་འཇུག་གི་སྒྲ་གདནས་ཉམས་པས་མང་པོས་སྒྲོག་དང་སྒྲོགས་ཀྱི་ཁྱད་པར་མི་འབྱེད་ཀྱང་། ཁོ་བོས་ནི། དག་ཡིག་ཟ་མ་ཏོག་སོགས་དང་། འཇམ་དབྱངས་གང་བློ་མ་ན།
    ་
    འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།
    ་
    ཞེས་པ་ལྟར་སྒྲོགས་དང་སྒྲོག་ལ་ཁྱད་པར་ཡོད་པ་ཤེས་ཐུབ་པ་དེ། རང་གིས་བླ་མ་རྣམས་ཀྱི་བྱིན་རླབས་ཡིན་པར་སེམས་སོ།།
    འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།
    ་
    ཞེས་པ་ལྟར་སྒྲོགས་དང་སྒྲོག་ལ་ཁྱད་པར་ཡོད་པ་ཤེས་ཐུབ་པ་དེ། རང་གིས་བླ་མ་རྣམས་ཀྱི་བྱིན་རླབས་ཡིན་པར་སེམས་སོ།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-13 at 1:42 am

    དགོངས་དག་ མཆན་བུར་གཉིས་བརྩེགས་བྱུང་འདུག

  5. ཀརྡོ་གཉེར་ཕྱག་པ་ says:
    2013-02-13 at 2:12 am

    འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །
    མ་རིག་མུན་སེལ་སྡུག་བསྡལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །

  6. ངག་དབང་ says:
    2013-02-14 at 9:02 am

    ༄།མཐོང་བ་ཙམ་གྱིས་གྲོལ་བ། དམན་ལ་གཅིག་ཏུ་རྩེ་བ་། ཁ་བ་ཅན་གྱི་མཚོན་བྱེད། ཚན་ཆོས་ཟུང་འབྲེལ། གུས་པས་ཅིག་ཏུ་དད་པས་སྐུ་ཚེ་དྲང་སོང་ཚེ་མཐའ་ཡས་པའིི་ངོ་བོ་ལ་བཞུགས་པར་ཞུ།

  7. ངག་དབང་ says:
    2013-02-14 at 9:18 am

    ༄།སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུགས་པའི་ལམ་།
    ཆེར་ཆེར་གསལ་མཛད་གང་ཅན་སྟན་འགྲོའི་མགོན།
    ཕྱག་ན་པདྨོ་ལྷ་མོ་དོན་འགྲུབ་ལ་།
    གསོལ་བ་འདེབས་སོ་སྐུ་ཚེ་ཁྲི་བརྟེན་ཤོག།

  8. ངག་དབང་ says:
    2013-02-14 at 10:02 am

    ༄། ལ་དྭགས་བློ་བཟང་ལག་ བཀྲིས་བདེཊ་ ཁྱེད་ནས་གོང་ས་མཆོག་ལ་སྟོད་ཞུལ་ལ་
    ཁྱེད་རང་རྒྱལ་བ་རེན་པོ་ཆེའི་སྤྱན་གསལ་ལྟ་བུའི་རང་སྟོད་བྱེད་འདུག་པས་བོད་པའི་གོམ་གཤིས་ལ་སྦྱངས་རོག་ཞུ

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-14 at 11:13 am

    ངག་དབང་ལེགས།
    ་
    བོད་ཡོངས་དང་ཛམ་གླིང་སྐྱེ་དགུའི་བླ་མས་སྤྱན་གསལ་མཛད་པའི་རྒྱུ་མཚན་ངས་ལན་གཅིག་མ་ཡིན་པར་ཁ་བརྡ་ཐོག་ལན་དུ་མར་བྲིས། ང་ལ་ཆོས་དང་འཇིག་རྟེན་གང་ཡང་མེད། འོན་ཀྱང་དེ་ལྟར་མཛད་པ་ལ་རྒྱུ་མཚན་ཞིག་ཡོད། ངས་བྱེད་པ་བཞིན་དུ་བོད་ཀྱི་སྐད་ཡིག་སྦྱངས་ཏེ། བོད་སྤྱིའི་སྐད་ཀྱི་སྲུང་སྐྱོབ་ལ་བརྩོན་ན། གོང་ས་མཆོག་གིས་བསྟོད་བསྔགས་མཛད་ངེས། གལ་ཏེ་ཁྱེད་ལ་དེ་ལྟར་བྱུང་ན། བོད་སྤྱིའི་སྐད་ལ་སྦྱངས་པས་དེ་ལྟར་བྱུང་ངོ་ཞེས་མགོ་བོ་བཏེགས་ཏེ། སྐད་གསང་པོས་སྨྲ་ཆོག
    ་
    ཡིན་དང་ཡིན། སུ་འདྲ་ཞིག་ཡིན་རུང་གོམས་གཤིས་བཟང་པོར་སྦྱངས་དགོས། ཁྱེད་ཀྱིས་ཀྱང་བོད་ཀྱི་སྐད་ཀྱི་དག་ཆ་རྣམས་ལ་ལེགས་པར་སྦྱངས་ཏེ། རབ་ལ་ཞག་བསྐྱེད། འབྲིང་ལ་ཟླ་བསྐྱེད། ཐ་མར་ཡང་ལོ་བསྐྱེད་འབྱུང་བར་ཡིད་སྨོན་བཅས་སོ།།

  10. འཇམ་གཅེས says:
    2013-02-14 at 11:37 am

    ཧ་ཧ་ཧ་ཧཧ་ཧ་་་་ལ་དྭག་པ་ཁ་རྒྱག་འདུག་་་་་་་་་

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-14 at 10:57 pm

    འཇམ་གཅེས། རྣ་བ་གཏད་དེ་ཉོན།
    ཁོ་བོ་གང་བཤད་པ་དེ་བྱེད་ཐུབ་པར་འབད་མཁན་གྱི་སྐྱེས་བུ་ཞིག་ཡིན།

    དོན་མེད་ཀྱི་ཡི་གེ་མང་དུ་བཀོད་པ་ལས། རང་གིས་འབྲི་དགོས་པའི་ཡི་གེའི་ཐོབ་སྟངས་རྣམས་ལ་སྦྱོང་བརྡར་བྱེད་པ་མི་ལེགས། ཁུངས་མེད་ཀྱིས་གཞན་ལ་ཅོ་འདྲི་བ་མ་རབས་ཐ་ཤལ་ཡིན་པ་ཁོ་བོས་ལན་གྲངས་དུ་མར་ཁ་བརྡར་བྲིས་སོ།།

  12. བསམ་ཤེས། says:
    2013-02-14 at 11:13 pm

    རྒན་ལ་དྭགས་པ་ལགས།

    ཐུགས་རྗེ་ཆེ། རྒན་ཁྱེད་གུང་ན་འདི་ཙམ་མཐོན་པོར་ཕེབས་ཀྱང་། ཨུ་ཚུགས་ཀྱིས་ང་ཚོའི་མཉམ་དུ་ཞུགས་ནས་བོད་ཡིག་དར་སྤེལ་མཛད་པ་ནི་ཤིན་དུ་ནས་ཡིད་ལ་དད་གུས་སྐྱེས་པའི་མཛད་པར་མཐོང་། ཐུགས་རྗེ་ཆེ་རྒན་ལགས།

    ཁྱེད་ཐུགས་བརྩེ་བའི་ཆུ་འཛིན་འཁྲིགས་ནས་སྙིང་རྗེའི་སྦྲང་ཆར་ཟིམ་ཟིམ།
    སྐམ་ལ་རྙིད་པའི་བོད་སྐད་ལྗོན་པར་ཐིག་པ་རེ་རེ་སྐྱོན་དུས།
    ང་ཡི་མིག་གི་མཐོང་བའི་མོས་ལ་དད་པའི་མིག་ཆུ་རེ་རེ།
    བསམ་བཞིན་དྲན་ཞིང་ཞར་ལ་ཤོར་བ་སེམས་པ་སྐྱོ་དགོས་ཅི་ལགས།

  13. མེ་ཏོག་དཀར་པོ་ says:
    2013-02-14 at 11:54 pm

    འཇམ་གཅེས་ཟེར་མཁན་ཁོང་། ཨ་མདོ་དགེ་ལུགས་མ་གཏོགས་མི་བརྩི་མཁན་ཞིག་ཡིན་ས་ཡོད། ཨ་ལགས་ཀུ་རེ

  14. ཤ་ཀླན་བུ says:
    2013-02-15 at 10:10 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་བརྡ་དག་ལ་དོ་སྣང་ཆེན་པོ་གནང་བར་ཡག་པོ་རེད་དྲན་བྱུང་། ཡིན་ཡང་སྐད་གསར་གཅོད་ལ་བརྩི་འཇོག་མེད་པར་ལེགས་དང་ཛམ་བུ་གླིང་སོགས་བརྡ་རྙིང་བེད་སྤྱོད་གཏོང་བར་ལེགས་གསོལ་ཞུ་མི་ཐུབ།

  15. ངག་དབང་ནས་ says:
    2013-02-16 at 2:30 am

    ༄།བོད་ཡིག་དོན་གནང་བྱེད་པོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-16 at 9:36 am

    ཤ་ཀླན་བུ་ལེགས
    ལེགས་དང་ཛམ་བུ་གླིང་སོགས་བརྡ་རྙིང་ཡིན་པས་བཀོལ་མ་ཐུབ་ན། དེབ་ཐེར་སྔོན་པོ་དང་། སྣར་ཐང་བཀའ་འགྱུར་སོགས་ན་ཡང་ཛམ་གླིང་ཞེས་བྲིས། དེབ་ཐོར་སྔོན་པོ། ཟི་ཁྲོན་སྤར་མ་སྟོད་ཆ་དེབ་ཤོག་༣༧་སོགས་ཁག་མང་པོ་ན། ཛམྦུའི་གླིང་ཞེས་གསུངས། ལེགས་ཞེས་པ་མེད་པར་གྱུར་ནས། ལ་དྭགས་སོགས་སུ་ལེ་དང་། དབུས་གཙང་སོགས་སུ། ལ་ཞེས་ཟེར། ལེ་ཞེས་པའི་སྒྲ་དང་། ལ་ཞེས་པའི་སྒྲ་གཉིས་ཆོས་སྐད་དུ་འབྲི་ན། ལེགས་དགོས་པས། བདག་གིས་དེ་ལྟར་བྱེད། ཁྱེད་རྣམས་ཀྱིས་དེ་ལྟར་མི་འདོད་ཀྱང་། དངོས་པོའི་གནས་ཚུལ་བསྟན་པ་ཡིན། དེ་ལྟར་འདོད་མི་འདོད་ཁྱེད་ཀྱི་འདོད་པའམ་གྲུབ་མཐའ་ཁྱེད་ལ་རག་ལས། བདག་གིས་འདི་ལྟར་འདོད་པའི་བོད་ཡིག་གི་དག་ཆའི་སྐོར་ལ་བཤད་པའི་ཞེད་འདོད་འདི་མ་འོངས་པ་ནའང་བོད་སྐད་སྒྲ་གདངས་ལོ་རྒྱུས་ཀྱི་སྐོར་ལ་ཀློག་མཁན་རེ་འབྱུང་བར་འགྱུར་རོ།།

  17. དྲི་མེད་ལྷག་བསམ། says:
    2013-02-16 at 11:02 am

    དྲ་མཆན་པ་རྣམས་ལ་ཞུ་རྒྱུ། རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ཞབས་ཀྱིས་བོད་ཀྱི་ཆོས་སྐད་སྲོག་ལྟར་གཅེས་པར་བཟུང་སྟེ་དཔྱད་བརྗོད་སྣ་ཚོགས་གནང་པ་ནི། བློ་གཟུ་བོར་གནས་པ་ཞིག་ཡིན་ཚེ་སྒོ་ཀུན་ནས་ཐལ་མོ་སྦྱར་ཏེ་བསྔགས་པའི་ཡུལ་དུ་འགྱུར་ངེས་ཡིན། རྒན་ཁོང་ལ་གཞན་གྱི་ཚིག་ངན་བཟོད་པའི་བྱམས་པ་དང་། སྐྱོ་ངལ་མེད་པའི་བརྩོན་འགྲུས། གཞོམ་གཞིག་བྲལ་བའི་ཐུགས་སྟོབས་མངའ་ཞིང་། ལོ་དང་ན་ཚོད་ཀྱིས་བརྫུ་བར་མི་ནུས་པའི་སྤོབས་ལ་གཟེངས་སུ་མཐོ་བ་ལ་རྗེས་སུ་ཡི་རང་ཞུ་བར་འོས། ཁོང་གིས་ཐུགས་ངལ་ཆེན་པོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་པའི་ཚུལ་ལོ་རྒྱུས་སྟེང་གི་རྡོ་རིང་ཞིག་ཏུ་འགྱུར་བར་སྙོན་དུ་མེད། སྔོན་ཆད་རྨོངས་པ་བདག་གིས་ཀྱང་དག་ཡིག་གསར་སྒྲིགས་དང་། བོད་རྒྱ་ཚིག་མཛོད་ཀྱི་དག་ཆ་ལ་ཡིད་གཏད་པས་རྒན་ལགས་ལ་རྩོད་པ་མང་པོ་ཤོར་མྱོང་ཞིང་། དགོངས་དང་དགོང་གི་ཁྱད་པར་རྒན་གྱིས་རྒྱ་བོད་ཡི་གེ་གཉིས་ཀྱིས་འགྲེལ་བཤད་གནང་ཚེ་དེ་ལ་ཡིད་མ་ཆེས་པར་མདོ་སྡེ་དང་། ཡིག་རྙིང་དུ་མ་ཞལ་ཕྱེས། ཞིབ་པར་དཔྱད་པས་གཞི་ནས་ངེས་ཤེས་ཅུང་ཟད་སྐྱེས་པ་ཡིན། མདོར་ན། ཕྲན་གྱི་རྨོངས་བློར་ནི་བརྡ་གསར་རྙིང་ལ་འགལ་བ་ཆེར་མེད་ན་གང་ཁྱབ་ཆེ་བ་གཙོ་བོ་བྱེད་པ་དང་། འགལ་བ་ཆེ་བའི་རིགས་ལ་བརྡ་རྙིང་གཙོ་བོར་བཟུང་ན་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་ཆུད་མི་ཟ་བའི་དགོས་གལ་ཆེན་ཡོད་སྙམ། ཕྲན་གྱིས་མ་རྟོགས་པ་དང་ལོག་པར་རྟོག་པ་ཡང་ཡོད་སྲིད་པས་དགོངས་འགལ་མེད་མེད་ཞུ། །

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 1:58 am

    བསམ་ཤེས་ལེགས་དང་། རྣམ་པར་དཔྱོད་པའི་གཏེར་ཆེན་དྲི་མེད་ལྷག་བསམ་མཆོག་ལ་སོགས་པ་བོད་ལ་ཤ་གཞེན་ཡོད་པ་རྣམས་ལ་ཞུ་བ། བོད་སྤྱིའི་སྐད་དེ་མི་ཉམས་བརྟན་པོ་ཞིག་བྱུང་ན། རང་རེའི་རྗེ་བཙུན་བླ་མའི་བཞེད་པ་འཁྲུལ་པ་མེད་པ་ཡིན། བོད་སྤྱིའི་སྐད་དེ་ལུང་པ་སོ་སོ། ཚན་པ་ཚན་པ། བསིལ་བུ་བསིལ་བུར། ལ་དྭགས་སོགས་ཀྱི་ཁ་སྐད་མ་འདྲེས་པ། དཔེར་ན། ཆོས་སྐད་ལྟ་བུ་ཞིག་བྱུང་ན། བོད་ཀྱི་སྐད་ནུས་པ་ཆེ། སྐད་ནུས་པ་ཆེ་ན། རིག་གཞུང་གོ་རྟོགས་ཡོད་པ་ནུས་པ་ཆེ་བས། བོད་སྤྱིར་ཕན་པ་ལ་ལྷག་བསམ་དང་། རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་རེ་ལ་སྦྱངས་ཏེ། བོད་སྤྱིའི་སྐད་ལ་རང་གཅན་ཆུད་པ་ཞིག་མཛད་པ་གལ་ཆེ། ༡༨༡༣ ནས་ ༡༨༩༤བར་བྱོན་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་དང་། ༡༨༤༦ ནས་ ༡༩༡༢ བར་བྱོན་པ། ཁམས་ཀྱི་བླ་མ་དག་གི་གསུང་རྩོམ་མཆོག་ཏུ་གྱུར་པ་ཡང་བཀའ་བསྟན་གསུང་འབུམ་རྣམས་ཀློག་ཅིང་གསན་བསམ་མཛད་པ་ལས། ཉིན་བཅུ་སྔོན་དུ་བདག་གི་ཚ་མོ་་ཞིག རང་གི་མ་༨༧པ་དང་ལྷན་དུ་ཉིན་ཁ་ཤས་རིང་འདིར་འོངས་པས་བཀའ་འགྱུར་གྱི། ཆོས་ཡང་དག་པར་སྡུད་པ་ན། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཞེས་པ་བསམ་ཤེས་ལེགས་དང་། རྣམ་པར་དཔྱོད་པའི་གཏེར་ཆེན་དྲི་མེད་ལྷག་བསམ་མཆོག་ལ་སོགས་པ་བོད་ལ་ཤ་གཞེན་ཡོད་པ་རྣམས་ལ་ཞུ་བ། བོད་སྤྱིའི་སྐད་དེ་མི་ཉམས་བརྟན་པོ་ཞིག་བྱུང་ན། རང་རེའི་རྗེ་བཙུན་བླ་མའི་བཞེད་པ་འཁྲུལ་པ་མེད་པ་ཡིན། བོད་སྤྱིའི་སྐད་དེ་ལུང་པ་སོ་སོ། ཚན་པ་ཚན་པ། བསིལ་བུ་བསིལ་བུར། ལ་དྭགས་སོགས་ཀྱི་ཁ་སྐད་མ་འདྲེས་པ། དཔེར་ན། ཆོས་སྐད་ལྟ་བུ་ཞིག་བྱུང་ན། བོད་ཀྱི་སྐད་ནུས་པ་ཆེ། སྐད་ནུས་པ་ཆེ་ན། རིག་གཞུང་གོ་རྟོགས་ཡོད་པ་ནུས་པ་ཆེ་བས། བོད་སྤྱིར་ཕན་པ་ལ་ལྷག་བསམ་དང་། རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་རེ་ལ་སྦྱངས་ཏེ། བོད་སྤྱིའི་སྐད་ལ་རང་གཅན་ཆུད་པ་ཞིག་མཛད་པ་གལ་ཆེ། ༡༨༡༣ ནས་ ༡༨༩༤བར་བྱོན་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་དང་། ༡༨༤༦ ནས་ ༡༩༡༢ བར་བྱོན་པ། ཁམས་ཀྱི་བླ་མ་དག་གི་གསུང་རྩོམ་མཆོག་ཏུ་གྱུར་པ་ཡང་བཀའ་བསྟན་གསུང་འབུམ་རྣམས་ཀློག་ཅིང་གསན་བསམ་མཛད་པ་ལས་བྱུང་།
    ་
    ཉིན་བཅུ་སྔོན་དུ་བདག་གི་ཚ་མོ་་ཞིག རང་གི་མ་དང་ལྷན་དུ་ཉིན་ཁ་ཤས་རིང་འདིར་འོངས་པས་བཀའ་འགྱུར་གྱི། ཆོས་ཡང་དག་པར་སྡུད་པ་ན། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཞེས་པ་བདག་གིས་ཀློག་པ་མཐོང་ནས། སླ་བ་འདུག་ཅེས་འཇིགས་པ་མེད་པར་བཀའ་འགྱུར་ན་དཔེ་ཆ་བཀླགས་ཏེ། ཆོས་སྐད་སྦྱོང་བར་ཁས་བླངས། ལ་དྭགས་པ་ལོ་ལྔ་བཅུ་དྲུག་ཅུ་ལས་གཞོན་པ་རྣམས་ཀྱིས་ཨིན་སྐད་དམ། ཧིནྡ་སྐད་དྱ་མ་གཏོགས་གཏོང་ཡིག་ཀྱང་བོད་ཡིག་ཏུ་འབྲི་མི་ཤེས། དེ་བཞིན་དུ་བོད་ནས་སྐྱབས་བཅོལ་དུ་འོངས་པའི་བུ་ཕྲུག་རྣམས་ཀྱིས་བོད་སྐད་ཀྱང་རྒྱབ་མི་ཐུབ་པ་ཡང་བདག་གིས་ཨ་རིར་མང་དུ་མཐོང་། གནས་ལུགས་འདི་ལྟ་བུ་མཐོང་ནས། རང་རེས་བོད་སྤྱིའི་སྐད་དེ་བཀའ་བསྟན་གསུང་འབུམ་ན་ཡོད་པ་དེ་རྣམས་རང་རེའི་བློ་གསལ་གཞོན་ནུ་ཀུན་ལ་རྩིས་སྤྲོད་དགོས་པར་མཐོང་ངོ་།།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 2:00 am

    དགོངས་དག་འདིར་ཡང་གཉིས་བརྩེགས་ཐེབས་འདུག

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 2:10 am

    རང་གཅན་ཆུད་པ་ཞེས་པར་རང་བྱན་ཆུད་པ། ཞེས་དགོས་སོ། བྱན། ཞེས་པ་བཟའ་བཏུང་སྐོལ་བའམ་གཡོ་བ་ལ་འཇུག་སྟེ། ང་ལོ་གཞོན་སྐབས། ལ་དྭགས་སུ་བྱན་བྱེད་པ། ཞེས་ཐོས་སོ།།

  21. དྲི་མེད་ལྷག་བསམ། says:
    2013-02-17 at 7:29 am

    རྒན་ལ་དྭགས་པར་ཞུ་གསོལ། རཀྵ་སྲིན་པོ་ལ་ཚིག་འགྲེལ་ཞིག་གནང་གྲོགས་ཞུ། སྲིན་པོ་སྐབས་རེར་གནས་རིས་བྱེ་བྲག་པ་ཞིག་གི་སེམས་ཅན་ལ་་གོ་བ་དང་། སྐབས་རེར་སྐྱེ་འགྲོར་འཚེ་བའི་སྡང་ཞིང་གདུག་སེམས་རྩུབ་སྤྱོད་ཅན་དུ་འགྲེལ་བའང་་ཡོང་གི་འདུག ཕལ་སྐད་དུ་བཀྲལ་ན་ཅི་ལྟར་འགྲེལ་ཚུལ་དང་།བྷཱུ་ཏ་འབྱུང་པོ་ལའང་ཚིག་འགྲེལ་ཞིག་བཀའ་དྲིན་མི་ཆུང་བར་མཁྱེན། །

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 10:59 am

    དྲི་མེད་ལྷག་བསམ་ལེགས། སྐུ་ཁམས་བཟང་། འཆི་མེད་མཛོད་ན། སྲིན་པོའི་མིང་གི་རྣམ་གྲངས་ལ་ཚིགས་བཅད་འདི་འདྲ་སྟེ།
    ་
    སྲིན་པོ་རོ་ལང་ཤ་རྗེན་ཟ།
    ཤ་ཟ་ཁྲག་འཐུང་ཀུན་ཏུ་རྒྱུ
    མཚན་མོ་རྒྱུ་དང་ནམ་ལ་སྤྱོད།
    སྣ་ཚོགས་མདོག་ཅན་གསོད་བདག་སྐྱེས།
    ་
    སྲིན་པོ་ལ་སོགས་པ་མི་ཤ་ཟ་མཁན་རེ་དངོས་སུ་བྱུང་དང་འབྱུང་འགྱུར་ལ་བརྟེན་ནས། ཕལ་ཆེ་བ་རྣམ་རྟོག་གིས་བཟོས། དེ་བཞིན་འབྱུང་པོ་ཡང་། སུ་གང་ཡིན་པ་ཤི་ནས། ལུས་ཀྱི་འབྱུང་བ་བཞི་པོ་སོ་སོ་འབྱུང་བ་སོ་སོར་འཐིམས་ཏེ། མེད་པར་འགྲོ་དགོས་ཀྱང་། ལུས་ཀྱི་འབྱུང་བཞི་མེད་པར་མ་སོང་བར་འདྲེ་རུ་སྐྱེས་ནས་གནས་པ་ལ་འབྱུང་པོ་ཟེར། ལེགས་སྦྱར་སྐད་དུ། འབྱུང་བ་བཞིའི་འབྱུང་བ་དང་། འབྱུང་པོ་ལ། བྷཱུ་ཏ། ཞེས་ཡི་གེ་གཅིག་པར་འབྲི། དེ་ཡང་སྐབས་སྟོབས་ཀྱིས། བྷཱུ་ཏ། ཞེས་པ་དོན་མང་པོ་འཇུག་གོ བདེ་ལེགས་ཀྱིས་འཚམས་འདྲི་བཅས།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-02-17 at 1:37 pm

    ཚིག་གཅིག་གིས། རང་གི་རིགས་རང་གིས་ཟ་མཁན་ལ་སྲིན་པོ་ཟེར།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 11:22 pm

    སྔོན་ལངྐཱ་ཞེས་པའི་ཡུལ་དེར་རྒྱ་གར་གྱི་མི་དག་སླེབས་པ་ན། བསད་ནས་ཟོས་པས། ཡུལ་དེ་ལ་སྲིན་ཡུལ་ཟེར། དེད་དཔོན་སིངྒྷ་ལས་བཙུགས་པའི་མིའི་ཡུལ་དུ་གྱུར་པས། ལོ་མང་པོར་ཡུལ་མི་དེ་རྣམས་ཀྱིས་ཀྱང་སིངྒྷ་ལ་ཞེས་བརྗོད། རང་རེའི་གཞུང་དཔེ་ན་ཡང་སིངྒྷ་ལ་ཞེས་བྲིས་ཀྱང་། ལོ་བཅུ་ཕྲག་མང་པོའི་སྔོན་སིངྒྷ་ལ་ལ་རང་བཙན་ཐོབ་པ་ན། ཤྲཱི་ ལངྐཱ། ཞེས་མིང་སླར་སྐྱར་གསོ་བྱས། འབོད་སྒྲོགས་སྲིན་པོའི་རྒྱལ་པོས་བཅོམ་ལྡན་འདས་གདན་དྲངས་པ། ལངྐཱར་གཤེགས་པའི་མདོ་ན་གསལ་བ་དྲན།
    ལང་ཤོར་གྱིས་བྱིས་པ་མང་པོའི་ཤ་ཟ་བ། མཛངས་བླུན་སོར་འཕྲེང་ཅན་གྱི་ལེའུ་ནས་བྱུང་བ། དམག་ཆེན་གཉིས་པའི་རྗེས་སུ། ཐེའི་ལནྡ་ཞེས་པའི་ཡུལ་དུ་བྱུང་། དམག་མི་ཞིག་ལ་གཡུལ་འཐབ་པ་ན། ཟས་མ་རྙེད་པས། དམག་ཏུ་ཤི་བའི་རོ་མང་པོ་ཡོད་པས། རོའི་ཤ་ཟོས། དེ་ནས་ལང་ཤོར་ཆགས་ཏེ། བྱིས་པ་ཕྲུ་གུ་བསད་དེ་ཟོས། ཡུལ་མི་རྣམས་ཀྱིས་རྒྱ་བར་པ་སི་ཁ་ཞེས་ཆོས་ལུགས་པ་དེ་དག་ཁ་སྤུ་རིང་བ་མཐོང་ན། རིང་བཞིན་བཟང་ཡང་། མཐོང་མི་བདེ་བས་དེ་དག་ལ་དོགས་པ་བྱས་ཀྱང་། སྟབས་ལེགས་ཀྱི་རྗེས་སུ་རྩད་བཅད་ཀྱི་མི་ཤ་ཟ་མཁན་དངོས་མ་དེ་ཐོབ་སྟེ། ལོ་རྒྱུས་བཤད་པ་འདི་ཕལ་ཆེར་ལོ་ངོ་དྲུག་ཅུ་ཙམ་སྔོན་དུ་རྒྱ་གར་གྱི་དགེ་སློང་བསྟན་པའི་འོད་ཟེར་ནས་ཝཱ་རཱ་ཎ་སཱིར་ཐོས་སོ།།

  25. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 11:25 pm

    མཛངས་བླུན་སོར་འཕྲེང་ཅན་གྱི་ལེའུ་ནས་བྱུང་བ་ལྟར། ཞེས་སོ།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-02-18 at 1:18 am

    ནང་ཆོས་ནང་གི་འདས་པའི་ལོ་རྒྱུས་ནང་ལ། རྒྱལ་པོ་རྐང་ཁྲ་ཞེས་པའི་ཕ་མིའི་རྒྱལ་པོ་ཡིན་པ་ལ་ནགས་སུ་སེང་མོ་མོས་འདོད་པ་སྤྱད་དུ་བཅུག་ནས་མཐར་ཁོང་གཉིས་བར་གྱི་ཕྲུ་གུ་སྐྱེས་ནས་སེང་གེ་མོས་ཕོ་བྲང་དུ་བསྐྱལ་བ་ཕྱིས་སུ་རྐྱེན་ཅིག་གི་དབང་གིས་མི་ཤ་ཟ་མཁན་ཆགས་ནས།
    མཐར་རྒྱལ་ཕྲན་མང་པོའི་རྒྱལ་བུ་འཛིན་བཟུང་བྱས་པར། སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མཁས་དབང་བྱམས་པ་ཡིན་ནམ་ཞེས་པ་ཞིག་གིས་བརྟུལ་བའི་ལོ་རྒྱུས་ཡོད།
    རྒྱལ་པོ་རྐང་ཕྲ་འདི་ཡང་སྲིན་བུའི་གྲལ་དུ་འཇོག ལོ་རྒྱུས་མཛངས་བླུན་ནང་དུ་ཡོད་སྙམ་ཡང་། མིག་ཤར་ཅིག་བྱས་པས་མི་འདུག་ཕལ་ཆར་སྐྱེས་རབས་སོ་བཞི་སོགས་ན་ཡོད་པ་འདྲ་ང་ལ་དཔེ་དེབ་མེད་ཀྱང་མི་མིང་སོགས་གསལ་པོ་མི་དྲན་ཡང་ལོ་རྒྱུས་སྙན་དྲགས་ནས་རྣམས་གསལ་པོར་དྲན།
    ཡང་ང་རང་ཚོའི་གསོ་སྦྱོང་གི་སྡོམ་པ་གནང་དུས་རྟ་སྤྱང་ཤེས་ལ་གཞོན་ནས་སྲིན་ཡུལ་ནས་མཐར་བའི་དཔེ་གཅིག་ཡོད་རེད། དེ་ཡང་ངས་འོལ་ཚོད་བྱས་ན། འདི་ནི་དམྱལ་བ་ཉི་ཚེ་དང་ཉེ་འཁོར་བའི་ལོ་རྒྱུས་འབྲེལ་བའི་སྔོན་འབྱུང་གི་ལོ་རྒྱུས་ལོ་གཅིག་ཡིན་པ་འདྲ། འདི་དེང་སང་ཚན་རིག་ཚུལ་རོལ་མཛེས་པོ་མཁས་པའི་མདུན་ན་ཤོད་ས་མེད།

  27. གཡུ་འབྲུག་དཀར་པོ། says:
    2013-02-18 at 1:57 am

    རང་རེའི་གཞུང་ལུགས་རྣམས་སུ་སིངྒ་ལ་ཞེས་བྱུང་བ་དེ་དེང་སང་ཤྲཱི་ལངྐ་འབོད་པ་དེ་ཡིན་པ་ཇི་ལྟར་ཤེས་སམ། རང་གཞུང་དུ་ལངྐ་ཞེས་བྱུང་བ་དང་སིངྒ་ལ་ཞེས་བྱུང་བ་གཉིས་ཡུལ་གཅིག་ཏུ་བརྩི་བ་ཡིན་ནམ།

  28. མེ་ཏོག་དཀར་པོ says:
    2013-02-18 at 2:44 am

    ལངྐར་གཤེགས་པའི་མདོའི་ལངྐ་ཤྲི་ལངྐ་རེད་དམ།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-02-18 at 3:06 am

    རྒན་ལ་དྭགས་པས།
    ལངྐ་།
    རྒན་ལ་དྭགས་པས། འབོད་སྒྲོགས་སྲིན་པོའི་རྒྱལ་པོས་བཅོམ་ལྡན་འདས་གདན་དྲངས་པ། ལངྐཱར་གཤེགས་པའི་མདོ་ན་གསལ་བ་དྲན།གསུངས་པ་ལྟར། སྒྲ་སྒྲོགས་སམ་འབོད་སྒྲོགས་སྲིན་པོ་རྒྱལ་པོ་ར་ཝྰཎ་གྱི་མིང་གཞན་ལངྐའི་རྒྱལ་པོ་ཞེས་ཕྱི་རོལ་པའི་གཏམ་རྒྱུད་རམྰཡཎ་ནམ། དགའ་འབྱེད་སྒྲ་སྒྲོགས་གཏམ་རྒྱུད་ལས་གྲགས་པ་ལྟར། ལངྐ་ནི་སྔར་གྱི་རྒྱལ་ཕྲན་རྙིང་པ་གཅིག་ལ་གོ་དགོས།
    བཅོམ་ལྡན་འདས་གདན་འདྲེན་མཁན་སྲིན་པོ་རྒྱལ་པོ་དེ་སྒྲ་སྒྲོགས་རྒྱལ་པོའི་བུ་བརྒྱུད་ཅིག་མིན་ནམ་སྙམ། ཡང་ན། སློབ་དཔོན་རིན་པོ་ཆེ་རྣམ་ཐར་ནང་ལ། ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །གསུངས་པ་ལྟར་ལེགས་པ་ཤམ་བྷ་ལ་ལྟར་ཉེས་པ་སྲིན་ཡུལ་ཅིག་དུས་ད་ལྟ་ཡང་ཡོད་སྲིད། འདི་ནི་ཞོར་འཕྲོས་སུ་ཐལ།
    སིང་གྷ་ལ་ནི།
    སེངྒེའི་མིང་ལས་མཆེད་པ་སྟེ། སྔར་དུས་རྒྱ་གར་ནས་ལངྐའི་ཕྱོགས་སུ་རྒྱ་གར་ནས་རྒྱལ་པོ་ཞིག་གནས་སྤོས་ནས་རྒྱལ་པོ་དེའི་སྲས་མོ་དེ་སྔར་གྱི་ལུང་བསྟན་ལྟར་དུད་འགྲོ་གཅིག་འདུས་པ་ལས་དེ་གཉིས་ཀྱི་་ཕྲུ་གུ་མི་རྒོད་འདྲ་བ་གཅིག་གིས་དབང་བསྒྲུར་ནས་མིང་ཐོབ་ཡིན་པ་མཁས་དབང་དགེ་ཆོས་ལགས་ཀྱིས་སིང་གྷ་ལའི་ལོ་རྒྱུས་ནང་ལ་གསལ་བ་ཅིག་དྲན།
    ཤྲི་ལངྐ་ནི།
    ཕྱིས་སུ་དེང་དུས་ཨིན་སྐད་དུ་ནེ་ཤོན་ཞེས་ཆགས་དུས་སྲིད་དོན་པས་ཤྲི་ལངྐ་ཞེ་བཏགས་པར་མངོན། དེས་ན་མིང་དེ་གསུམ་གྱི་འོག་དུས་ཚོད་སྔ་ཕྱི་དང་། ཡུལ་ལུང་ཁྱབ་ཆེ་ཆུང་། མི་རིགས་སྣ་འཛོམས་ཡོད་མེད་སོ་སོར་ཡོད་དགོས་པས་། ངས་ནི་དེ་ལ་ངལ་བ་བསྟེན་ཐུབ་མ་སོང་བས་གཟིགས་རྒྱ་ཆེ་བར་མཛོད།

  30. ཀརྡོ་གཉེར་ཕྱག་པ་ says:
    2013-02-18 at 3:08 am

    རྒན་ལ་དྭགས་པས། ཞེས་གཅིག་ཐོལ་འདུག དགོངས་དག ད་དུང་ཡིག་ནོར་ལ་དག་བཅོས་འོང་བར་མཁྱེན།

  31. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-18 at 5:09 am

    བརྩོན་འགྲུས་ཆུ་བོའི་རྒྱུན་ལྟར་ཡོད་པ་ཀརྡོ་གཉེར་ཕྱག་པ་མཆོག་ལ།
    ་
    མཛངས་བླུན་ན། མི་གདུང་བ་སོར་འཕྲེང་ཅན་གྱི་ལེའུ་ན། མི་དགུ་བརྒྱ་གོ་དགུ་བསད་པའི་རྗེས་ལ་བཅོམ་ལྡན་འདས་ཀྱིས་དེ་ཉིད་བཏུལ་པ་ན། རྒྱལ་པོ་གསལ་གྱིས་ངོ་མཚར་ཆེར་འཛིན། སྔོན་གྱི་ཚེ་ཡང་རྒྱལ་པོ་སུ་ཏ་སོ་མས་སྲིན་པོའི་རྒྱལ་པོ་རྐང་ཁྲ་བཏུལ་པའི་ལོ་རྒྱུས་གསལ་པོ་སྐུ་ཉིད་ཀྱིས་གསུངས་པ་ལྟར་སྙན། ང་ལོ་བཅུ་གསུམ་བཅུ་བཞི་ཡིན་པའི་སྐབས་སུ་དགེ་རྒན་གྱི་ཞལ་ནས་ལོ་རྒྱུས་འདི་ཐོས། ཡང་སྐྱར་གཟིགས་ལ་སྒྲུང་དེའི་སྙིང་པོ་ལྟ་བུ་ཁ་བརྡར་བཀོད་ན། གཞན་གྱིས་ཀྱང་དེ་ཡི་བྲོ་བ་མྱོང་ངེས་ཞུའོ།།

  32. དྲི་མེད་ལྷག་བསམ། says:
    2013-02-18 at 11:02 am

    རྒན་ལ་དྭགས་པ་སོགས་ལ་ཐུགས་རྗེ་ཆེ་ཞུ། འབྱུང་པོའི་དོན་ཅུང་ཟད་ཤེས་བྱུང་། མི་བསྲུན་པ་དང་། སྲིན་པོ། གཉིས་ཀྱི་ཚིག་དོན་ད་དུང་གསལ་བོར་ངོ་འཕྲོད་མ་སོང་། ངན་པ་ཡིད་དུ་མོ་འོང་པ་ཐམ་ཅད་ལ་སྲིན་པོ་ཟེར་རམ། བཅོས་དཀའ་བའི་ནད་ལ་སྲིན་ནད། མཆིལ་སྣམ་འབྱུང་བའི་གནས་ལ་སྲིན་ཁུང་། མི་གཙང་པ་འབྱུང་བའི་སྐུབ་ལ་སྲིན་སྒོ། ཉོན་མོངས་པའི་རླུང་རྒྱུ་བས་སེམས་མ་རུང་བ་བྱེད་པའི་སོར་མོ་ལ་སྲིན་ལག བུད་མེད་གཏུམ་མོ་འམ་སྤྲ་རིགས་དམུ་རྒོད་ལ་སྲིན་མོ། ཤྲཱི་ལངྒ་ཟེར་བ་དེ་ལ་དཔྱད་པ་ཕྲན་བུ་ཡོད་ཀྱང་དུས་ཚོད་མི་འདུག

  33. ཀརྡོ་གཉེར་ཕྱག་པ་ says:
    2013-02-18 at 12:21 pm

    རྒན་ལ་དྭགས་འཇམ་དཔལ་ལགས་ཀྱིས་བཀའ་དྲིན་ལས། སོར་ཕྲེང་རྣམ་ཐར་འོག་ཏུ་ངའི་མཁས་དབང་བྱམས་པ་ཞེས་པ་འདི་རྒྱལ་པོ་མཁས་པ་སུ་ཏོ་སོ་མ་ལ་བཅོས་རོགས་གནོངས། སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མ་རྒྱལ་པོ་སུ་ཏ་མའི་རྣམ་ཐར་དེ་ད་ལྟ་རང་ཚར་ཅིག་བཀླགས་པ་ཡིན།
    རྒྱལ་པོ་རྐང་བཀྲའི་ཡབ་རྒྱལ་པོ་དེ་སེངྒེ་མོ་དང་འདུས་པ་ལས། རྐང་ཁྲ་འཁྲུངས། རྐང་ཕྲ་རྒྱལ་པོར་འཁོད་ནས་བཙུན་མི་གཉིས་ཡོད་པ་ཉིན་གཅིག་རྟ་རྒྱུགས་འགྲན་དུ་བཅུག་ནས་ལམ་ཁར་བྲམ་རིགས་བཙུན་མོས་རྟ་ལ་ལས་བབས་ནས་ལྟ་རྟེན་ལ་ཕྱག་བྱས་པས། རྒྱལ་རིགས་བཙུན་མོ་སྔོན་ཤོར་བས་ཐོབ། བཙུན་མོས་ལྟ་རྟེན་བཤིག་ནས་ལྷ་ལ་དམོད་པ་འབོར་བས།
    ལྷ་དེས་ཀྱང་བཙུན་མོར་ཕན་ཕྱིར། རྒྱལ་བུ་རྐང་བཀྲའི་མཆོད་གནས་དྲང་སྲོང་ཉིན་ལྟར་འཕུར་ནས་ཡོང་མཁན་ལ་ཟས་དཀར་སྐྱོང་ཕུལ་བགྱིན་ཡོད་པ་ལ། ཉིན་ཅིག་དྲང་སྲོང་ན་ནས་མ་ཡོང་བའི་དུས་ཅིག་ན། བཙུན་མོའི་ལྷ་དེས་དྲང་སྲོང་ལ་རྫུས་ནས་དྲང་སྲོང་རྙིང་པའི་གདན་སྟེང་དུ་བསྡད་ནས་སྔར་ལྟར་དཀར་སྐྱོང་ཕུལ་བ་ལ། ལྷ་དེས་ད་ནས་ང་ལ་ཤ་དང་ཉ་ཤ་དགོས་ཞེས་པས། ཕྱིས་ཉིན་དྲང་སྲོང་དངོས་གནས་ཕེབས་སྐབས་ཀྱང་དམར་ཟས་ཕུལ་བས། དྲང་སྲོང་ཁྲོས་ནས་རྒྱལ་བུ་ཁྱོད་ང་ལ་བརྙེས་པས་ཞེས་མི་ལོ་བཅུ་གཉིས་བར་དུ་མི་ཤ་ཟ་བར་ཤོག་ཅེས་དམོད་པ་འབོར་བས།
    ཉིན་གཅིག་རྒྱལ་པོའི་མ་བྱན་ལ་ཤ་མ་རྙེད་ནས་མི་ཡི་ཕྲུ་གུའི་རོ་ཞིག་རྙེད་པ་གསང་ནས་ཕུལ་བ་རྒྱལ་པོ་དེའི་རོ་ཆགས་ནས། གསང་བ་ཞུས་པས་རྒྱལ་པོས་ཀྱང་སླར་ཡང་གསང་བའི་སྒོ་ནས་མི་ཤ་གཡོས་དགོས་པར་བཀའ་བཏང་བས། ཡུལ་ཕྲུ་གུ་མང་པོ་བརླག་གཏོར་ཕྱིན་པ་དང་། དེ་ཡང་རྒྱལ་པོའི་མ་བྱན་ཡིན་པར་ཤེས་ནས། མཐར་བློན་པོ་རྣམས་གྲོས་ནས་རྒྱལ་པོ་རྐང་ཁྲ་གསོད་ཕྱིར་དམག་གིས་མཐའ་བསྐོར་བས། རྐང་བཀྲས་བདེན་པ་དར་ནས་མི་ཟ་མཁན་༼སྲིན་པོ༽ར་འགྱུར་ཅིག སྨྲས་མ་ཐག་ནམ་མཁར་འཕུར་ནས། རི་རྩེར་བྲག་ཕུག་གནས་བཅས ཡུལ་སོ་སོའི་མི་ཤ་ཟ་མཁན་སྲིན་པོའི་སྤྱི་དཔོན་གྱུར། སྲིན་པོ་དམངས་ཀྱིས་སྲིན་པོའི་རྒྱལ་པོ་རྐང་ཁྲར་སྟོན་མོའི་ཆེད་དུ་རྒྱལ་པོ་དགུ་བརྒྱ་དགུ་བཅུ་དགུ་བསགས་ནས བཙོན་ལ་ཚུད་པའི་རྒྱལ་པོ་དེ་ཐམས་ཅད་གྲོས་ནས་རང་རང་གི་སྲོག་སྐྱོབས་ཕྱིར། རྒྱལ་པོ་མཁས་པ་སུ་ཏོ་སོ་མ་འདིར་བོས་དགོས་རེ་བ་འདོན་པ་ལྟར་་་་་་་་
    ད་ལྟ་ལས་ཀར་བྲེལ་བས་མུ་འགོད་བྱ་རྒྱུ།

  34. ཀརྡོ་གཉེར་ཕྱག་པ་ says:
    2013-02-19 at 3:18 am

    མིག་ཤར་ཙམ་ལས། ད་ལྟ་ཡང་འབྲི་ཁོམ་མ་བྱུང་།

  35. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-19 at 9:47 am

    དྲི་མེད་ལྷག་བསམ་ལེགས་དང་། ཀརྡོ་གཉེར་ཕྱག་པ་མཆོག་གིས་བརྩོན་འགྲུས་མཛད་པར་བོད་ཚིག་འབྱུང་སྟངས་འབྱུང་། བོད་རིག་གཞུང་གི་ལོ་རྒྱུས་ཀྱི་་རྣམ་དཔྱོད་རིག་པ་རྒྱས་པ་ལ་ཕན་པས། བློ་ལྡན་རྣམས་ལ་ཕན། སྲིན་ཞེས་པ་དྲི་མེད་ལྷག་བསམ་མཆོག་གིས་བཀོད་པ་ལྟར་ངན་པའི་རིགས་ལ་གོ་བ་གསར་པ་ཞིག་བདག་རང་ལ་བྱུང་། འུག་པ་ལ་སྲིན་བྱ་ཟེར་བ་ལ་དྭགས་སུ་ཕྲུག་གུའི་སྐབས་སུ་ཐོས། སྲིན་བྱ།་ ཞེས་ས་སྐྱ་ལེགས་བཤད་ན་མང་དུ་འབྱུང་།
    མཁའ་ལ་ཉི་མ་ཤར་བ་ན།
    འབྱུང་པོའི་བྱ་རྣམས་མི་འབྲོས་སམ།
    འདི་ཡང་ལེགས་བཤད་ན་ཡོད་བཟོ་འདུག ཀརྡོ་གཉེར་ཕྱག་པ་ལེགས་ཀྱིས་གསུངས་པ་བཞིན། རྒྱལ་པོ་རྐང་བཀྲ་ལ་བྲན་བཟང་ཞེས་འབོད་པའི་རིག་གཞུང་ཡོད་དགོས་ཏེ། ས་སྐྱ་ལེགས་བཤད། ལེ་ ༡ ཚིགས་ ༢༠
    རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས།
    བྲན་བཟང་འདི་དང་ཕྱི་མར་བསྐྱབས།
    ཞེས་འབྱུང་ངོ་།།
    ལངྐཱ། ཞེས་པ་ལ་ཕྱིས་སུ། ཤྲཱི་ དཔལ། ཞེས་བསྣན་ཀ་བརྒྱབས་པར་མངོན།
    འབོད་སྒྲོགས་ལངྐཱར་བསད་ཅེས་གྲག ས་ ལེ་༨ ཚི་ ༡༨
    ཞེས་བོད་ཀྱི་རིག་གཞུང་དག་ན། ལངྐཱ། ཞེས་མང་ངོ་།།

  36. ཀརྡོ་གཉེར་ཕྱག་པ་ says:
    2013-02-19 at 11:36 am

    སྲིན་གྱི་ཚིག་དོན་ཙམ་འགྲེལ་ན།
    མིས་མི་བཟས་པས་སྲིན་པོ། ཆུང་ནང་གི་རང་གི་རིགས་དང་རང་འདྲ་བ་བཟས་པས་ཆུ་སྲིན། རང་གི་རིགས་ཅན་བཟས་པས་འབུ་སྲིན། སྲིན་བྱ་ནི། གདོན་འདྲེས་མཚན་མོ་རྒྱུ་བ་ལྟར། འུག་པ་ཡང་མཚན་མོ་མཐོང་ལ་རྒྱུ་བས་དེ་མིང་ཐོགས་པ་འདྲ།

  37. ཀརྡོ་གཉེར་ཕྱག་པ་ says:
    2013-02-19 at 1:09 pm

    ༣༣༽ ཀརྡོ་གཉེར་ཕྱག་པ་ནས།
    རྒྱལ་པོ་རྐང་བཀྲའི་ཡབ་རྒྱལ་པོ་དེ་ནགས་སུ་སེངྒེ་མོ་དང་འདུས་པ་ལས། རྐང་ཁྲ་འཁྲུངས། ་་་་་་་༼པ་སྲིན་པོར་བཤད་ཟིནད།༽་་་་་་་་་་རྒྱལ་པོ་མཁས་པ་སུ་ཏོ་སོ་མ་འདིར་བོས་དགོས་རེ་བ་འདོན་པ་ལྟར་་་་།
    རྐང་བཀྲའམ་སྲིན་པོའི་རྒྱལ་པོས་མར་འཕུར་ནས་རྒྱལ་པོ་སུ་ཏོ་སོ་མ་ཁྲུས་བྱེད་པའི་དུས་སུ་སྲིན་པོས་འོངས་ནས་བྲག་ཕུག་ཏུ་འཁྱེར་རོ། བྲག་ཕུག་ཏུ་སུ་ཏ་སོ་མ་ངུས་པས། སྲིན་པོས་ཁྱོད་ནི་གཞན་ལས་ལྷག་པའི་སྐྱེས་བུ་ཡོན་ཏན་དང་ལྡན་པའི་མཆོག་ཅིག་ཡིན་པ་ལ་འཆི་བ་ལ་འཇིགས་ནས་བྱིས་པ་ལྟར་ངུ་དོན་ཅི་ཡིན་དྲིས་པས།
    ལན་དུ་སུ་ཏོ་སོ་མས། བདག་ཁྲུས་བྱེད་དུ་འགྲོ་བའི་ལམ་དུ་དྲང་སྲོང་སློང་བ་ཞིག་འཕྲད་པ་དེ་ལ་ཁྲུས་ནས་ཚུར་འཁོར་དུས་སྦྱིན་པ་བྱ་བར་ཁས་བླངས་པ་ལ། ཁྱོད་ཀྱིས་ང་འདིར་འཁྱེར་འོངས་པས། བདག་གིས་རྫུན་སྨྲས་སོ་སྙམ་ནས་མི་དགའ་བ་ལས། བདག་ལུས་དང་སྲོག་ལ་ཆགས་ནས་མི་དགའ་བ་མིན། དེས་ན་བདག་ཉིན་བདུན་གྱི་རིང་ལ་བཤོལ་ན་བདག་གིས་བྲམ་ཟེ་ལ་སྦྱིན་པ་སྦྱིན་ནས་བདག་ཚུར་འཆི་རུ་འོངས་སོ། ཞེས་བརྗོད་པ་ལ་སྲིན་རྒྱལ་ཅུང་ཡིད་མི་ཆེས་ཀྱང་། གལ་ཏེ་མ་འོངས་ན་ཡང་ཁྱོད་ལེན་པའི་མཐུ་བྱེད་དོ་ཟེར་ནས་བཏང་།
    རྒྱལ་པོ་སུ་ཏོ་སོ་མ་ཕྱིར་ཡུལ་དུ་བྲམ་ཟེ་ཡང་ཕྲད་པས་ཁོང་ལ་སྦྱིན་པ་བྱིན་ནོ། བྲམ་ཟེ་དེས་ཀྱང་སུ་ཏོ་སོ་མ་རིང་པོར་མི་ཐོགས་པ་སྲོག་དང་བྲལ་བར་འགྲོ་བས། བསྐལ་པའི་མཐའ་ལ་ཐུག་པ་ན། །ཞེས་སོགས་ཀྱིས་མི་རྟག་སྡུག་བསྔལ་སྟོང་བདག་མེད་སོགས་མར་འཁོར་བའི་ཉེས་དམིགས་དང་ཡར་ཐར་པའི་ཕན་ཡོན་དང་མཐར། ་་་ལུས་ལ་སེམས་ཀྱང་བྲལ་འགྱུར་ན། །ཡུལ་སྲིད་ལྟ་བཞིན་ཡོད་རེ་སྐན། །ཞེས་གསུངས་པ་དང་། སུ་ཏོ་སོ་མས་ཚིགས་སུ་བཅད་པ་ཐོས་ནས་དོན་ཡིད་ལ་བསམས་པས་ཤིན་ཏུ་དགའ་སྟེ་རྒྱལ་ཚབ་རྒྱལ་པོར་བཅུག བློན་པོ་སོགས་ལྕགས་ཀྱི་ཁང་པའི་ནང་རྒྱལ་པོ་སྲུང་ནུས་པ་སོགས་ཞུས་ནས་བཤོལ་བཏབ་ཀྱང་། རྫུན་སྨྲས་ནས་གསོན་པ་ལས་འཆི་བ་དགའ་ཞེས་རྒྱལ་པོ་འགྲོ་བར་བློ་ཆག་བཅད། བློན་པོ་རྣམས་ཀྱང་མྱ་ངན་ཚད་མེད་བྱས་པ་དང་། རྒྱལ་བསྐྱལ་དུས་ཆོ་ངེ་བཏབ་པ་དང་བརྒྱལ་བ་ཡང་འགའ་བྱུང་།
    སུ་ཏོ་སོ་མ་ལམ་དུ་ཞུགས་ཚེ་སྲིན་པོ་རྐང་བཀྲ་ཡང་རི་རྩེ་མོ་ནས་བལྟས་པས། སུ་ཏོ་སོ་མ་སྲོག་དོར་དུ་འོངས་པ་དང་། དེ་ཡང་སྔར་ལས་ལྷག་པ་དགའ་བའི་གཟི་མདངས་ཡོད་པ་མཐོང་ནས། ཁོང་ལ་ཁྱོད་ཀྱི་སྲོག་མ་ཕངས་སམ།སྲོག་དོར་བ་དགའ་བ་འདི། ཡུལ་དུ་ཕྱིན་ནས་དོན་ཅི་ཞིག་བྱས་སམ་སོགས་དྲིས་པར། ལན་དུ་ངས་སྔར་དམ་བཅས་པས་སྦྱིན་པ་ཆེན་པོ་ཡང་བྱས། ཟམ་ཟེ་མདུན་ནས་དམ་པའི་ཆོས་ཀྱང་ཐོབ་པ་སོགས་གསུངས་པ་ལ། སྲིན་པོ་རྐང་བཀྲས་ཁྱོད་ཀྱི་ཆོས་ཅི་ཞིག་ཐོབ་པ་ཁོ་བོ་ལ་ཡང་སྨྲོས་ཤིག་བསྒོ་བས།
    སུ་ཏོ་སོ་མས་ཚིགས་སུ་བཅད་པ་ཇི་སྐད་ཐོས་པ་དེ་ཡང་སྨྲས། དེ་མ་ཡིན་པའི་སྲོག་གཅོད་པའི་ཉེས་དམིགས་དང་། སྲོག་གཅོད་སྤངས་པའི་དགེ་བའི་ཕན་ཡོན་སོགས་ཐབས་མཁས་ཀྱིས་ཆོས་གསུངས་པས། རྒྱལ་པོ་རྐང་བཀྲ་རབ་ཏུ་དགའ་ཏེ་སྲོག་གཅོད་སྤངས་ནས་སྤྱི་བོས་ཕྱག་འཚལ། རྒྱལ་པོ་བཙོན་དུ་བཅུག་པ་གཞན་རྣམས་ཀྱང་སོ་སོའི་ཡུལ་དུ་བསྐྱལ། དེས་ན་སུ་ཏོ་སོ་མས་དཔུང་གི་ཚོགས་བཤམས་ནས་རྒྱལ་པོ་རྐང་བཀྲ་ཡང་བསུས་ཏེ་ཕྱིར་ཡང་རྒྱལ་པོར་བཅུག་གོ །དེ་ཕྱིན་ཆད་མི་ཤ་ཡང་མི་ཟ་སྟེ་སྔོན་བཞིན་དུ་རྒྱལ་པོར་བྱས་སོ། །རྒྱལ་པོ་༼གསལ་རྒྱལ༽ཆེན་པོ། དེའི་ཚེ་དེའི་དུས་ན་སུ་ཏ་སོ་མ་ནི་དེ་ད་ལྟ་ང་༼ཤྰཀྱ་ཐུབ་པ་༽ཡིན་ནོ། །
    རྒན་ལ་དྭགས་པས་བསྐུལ་བ་ལྟར། ཁ་བརྡར་ཀློག་མཁན་གཞོན་སྐྱེ་འགའ་མདོ་མཚངས་བླུན་ཀློག་མི་འགྱིད་པ་བདག་རང་འདྲ་བ་འགའ་ལ་ཕན་པ་རེ་ནས། རེས་དགའ་ཚིག་རྐང་ཇི་མ་བཞིན་བཞག་མང་ཆེ་བ་ཚིག་སྣ་གང་བསྡུ་བསྡུ་ཐུབ་ཐུབ་དང་། གང་གོ་བདེ་བདེར་ཤ་མར་བྲིས་པ་མ་དག དག་བཅོས་བྱས་ནས་ཀློགས་པར་འཚལ། འདིས་ཀྱང་དགེ་བར་འགྱུར་ཅིགུ །

  38. བན་དེ་བ། says:
    2013-02-19 at 1:21 pm

    འདྲེ་སྲིན་བྱུར་གསུམ། དམུ་བདུད་བཙན་གསུམ། ཀླུ་གཉན་རྒྱལ་གསུམ། སྨན་གཟེད་སྲིད་གསུམ། ཟླ་ཉི་སྐར་གསུམ། སྤྲིན་གཞའ་དལ་གསུམ། ཟེར་ལོ་རྫི་གསུམ་ལས་སོགས་གཡེན་ཁམས་སོ་གསུམ་གྱི་བཤད་པ་དེ་ཚོའི་སྐོར་བཤད་ན་ཡང་་་་་་བོན་པོ་་་་་་ཟེར་ནས་མི་ཉན་ད་འགྲེལ་བཤད་དགོད་དྲོད་མོ་བཤད་ཨ།

  39. ཀརྡོ་གཉེར་ཕྱག་པ་ says:
    2013-02-20 at 3:56 am

    བན་དེ་ལགས་ཀྱིས།
    གཡེམ་ཁམས་སོ་གསུམ་ལས། འདིར་ཉེར་གསུམ་གསུངས་པ་བློ་སྐྱེད་ཆེ། ད་དུང་ལྷག་མ་རྣམས་དང་། དེ་དག་གི་མཚན་གཞི་རེར་དང་། ད་དུང་ལྷག་མ་རྣམས་འདིར་འཇོག་གནངས་པ་ཡིན་ན་ཕན་ཐོགས་ཆེ།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-02-21 at 8:51 am

    ཟླ་ཉི་སྐར་གསུམ་ཟེར་དུས་གསུམ་པོའི་ངོ་བོ་ཐ་དད་དུ་ཡོད་པ་དང་། ཀླུ་གཉན་རྒྱལ་གསུམ། ཟེར་དུས་ཁྱད་གཞི་ཁྱད་ཆོས་ཀྱི་ཚུལ་དུ་ཡོད་པ་འདྲ་བོ། ཟེར་ལོ་རྫི་གསུམ་ཟེར་དུས་དོན་གཅིག་པ་ཡང་ཡོད་པ་ལྟ་བུར་མི་འདུག་གམ། དེས་ན་གསལ་བཤད་ཅིག་བྱུང་ན། རང་གཞན་ཀུན་ལ་ཕན་ནོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme