Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞོན་ནུ་ཚོགས་པ་གཏོར་བཤིག་མ་གཏོང་།

Posted on 2015-05-172015-05-17 By ཁ་བརྡ 27 Comments on གཞོན་ནུ་ཚོགས་པ་གཏོར་བཤིག་མ་གཏོང་།

རྔ་བ་གངས་རི།
———ས་གནས་བརྒྱད་ཀྱི་མིང་འཛིན་པ་ཚོས་ཤེས་པར་གྱིས།

 
སྒེར་ཚུགས་གྱི་སྙིང་སྟོབས་དང་མི་གཞིའི་འབྲས་བུ་མ་སྨིན་པའི་མི་བུ་ཞིག་ཡིན་ན་ནམ་ཡང་གཞན་གྱིས་བྲན་གཡོག་ཏུ་གྱུར་ཡོད་པས་དེ་ལྟ་བུའི་གླེན་པོ་དག་གི་མཐའ་འཁོབ་ན། རྙོག་གྲ་དང་དཀྲོག་གཏམ། གནོད་སེམས་དང་འབུར་འཇོམས་སོགས་ཀྱི་དུས་འདའ་བ་བྱེད་གིན་ཡོད། རྒྱུ་མཚན། རང་གི་བསམ་བློ་ཁྱོད་ཀྱི་ལག་ཏུ་མེད་པར་གཞན་གྱི་བསམ་བློའི་རྡེའུ་རུ་གྱུར་ཡོད་པས་རེད། དེས་ན་ཁྱོད་ཚོས་ངེས་པར་དུ་ཤེས་དགོས་པ་གང་ཡིན་ཟེར་ན། བོད་ཀྱི་རང་དབང་རང་བཙན་ཤོར་བ་དེ་བོད་སྤྱིའི་བསོད་ནམས་དང་འབྲེལ་བ་ཡོད་པས་བོད་མི་ཀུན་གྱི་སྡུག་བསྔལ་ཞིག་ཡིན་ཡང་། ཁྱོད་ཚོར་མཚོན་ན་རང་གི་བསམ་བློའི་རང་དབང་ཡང་གཞན་གྱི་དབང་འོག་ཏུ་ཤོར་བསྡད་ཡོད། དེ་ཁྱོད་ཀྱི་མི་གཞི་དང་འབྲེལ་བའི་དཀའ་ངལ་ལྷག་མ་ཞིག་མ་རེད་དམ། རེད་་་་་སྒེར་ཚུགས་མེད་པས་རེད།

རྒྱུ་མཚན་ཡོད་ན་བྱིས་པའི་ངག་ཀྱང་བདེན་དུ་ཟུངས་གསུངས་པ་བཞིན་སྔོན་ཆད་སྐུ་ངོ་ཞིག་གིས་བཤད་པའི་སྐད་ཆ་དེ་ད་ལྟ་ངའི་ཡིད་ལ་གསལ་བོ་དྲན་གིན་འདུག བཤད་སྟངས་དེ་ཁ་གསལ་བོ་བྱས་ནས་བཤད་ན། ཁྱེད་ཚོ་སྒེར་ཚུགས་ཤོར་བའི་མི་བུ་བྱབ་ཆུང་རྣམས་ཀྱིས་ཉན་ཤེས་ན་ཧ་ཅང་ལེགས། བཀྲ་ཤིས་ཟེར་བ་དེ་དགའ་ས་དང་འཐད་ཡུལ་ལྷ་མོ་ཡིན་ཡང་གཞན་གྱིས་བཀོད་ཁྱབ་དང་བསམ་བློའི་དབང་བསྒྱུར་གྱི་འོག་ནས་ཆང་ས་མཚོ་སྐྱིད་ལ་བརྒྱབ་པ་རེད། ཉིན་དེ་ནས་བཟུང་མཚོ་སྐྱིད་ཀྱི་ནང་མི་མདའ་དཀྲུག་ཕུང་དཀྲུག་བྱས་ནས་ཆེས་སྒྲིག་འཛུགས་དང་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ཕྱོགས་ཁག་ཅན་གྱི་འཇིགས་རུང་ཞིག་ཏུ་གྱུར་བ་རེད། དེའི་ཕྱིར། མཚོ་སྐྱིད་ནང་མིར་དགའ་བའི་གཉེན་ཉེ་རྣམས་ལ་མིག་ཆུ་དང་སྐྱོ་གདུང་གིས་མནར་ཡང་མ་མཆུ་སོ་ཡིས་བསྡམས་པ་ལས་ཐབས་གཞན་བྲལ། ཡིན་ནའང་། སྡེ་བ་དང་ཁྱིམ་མི་རེ་ཟུང་ཞིག་གིས་ཡོད་ཚད་འགྲུབ་སོང་ལྟ་བུའི་རྣམ་འགྱུར་གྱིས་རྒྱང་རིང་རྒྱང་རིང་ཞིག་ནས་སྤྲོ་སྐྱིད་ལ་རོལ་གིན་ཡོད། དེ་སུ་རེད་ཤེས་འདོད་དམ་་་་་་་་་་་་་་་་་

དེང་སང་མོན་གྷོ་དང་བྷེབ་ཀོབ་སོགས་ཀྱི་སྒེར་ཚུགས་དང་མི་གཞི་མེད་པའི་མི་བྱབ་ཆུང་སྐོར་ཞིག་གིས་རང་གི་དགའ་དད་དང་བློ་ཡུལ་སྨོན་ས་དེ་ལམ་དབུ་མ་ཡིན་ཡང་། འགྲོ་སྡོད་བྱེད་ས་གཞོན་ནུའི་སྒྲིག་ཁོངས་སུ་ཞུགས་ནས་གསེར་སྦྱང་བཙོ་མ་ལྟ་བུའི་གཞོན་ནུའི་སྒྲིག་འཛུགས་ལ་གཏོར་བཤིག་གཏོང་བཞིན་པ་འདི་ཆེས་བློ་ཕམ་ཞིང་ཡིད་སྐྱོ་དགོས་པའི་གནས་ཤིག་རེད། རྒྱུ་མཚན་གང་ཞེ་ན། ང་ཚོའི་རྒན་རབས་པ་སྐོར་ཞིག་གིས་རྔུལ་ཆུ་དང་ཟུངས་ཁྲག་གིས་བསྐྲུན་པའི་སྒྲིག་འཛུགས་འདི་ཁྱེད་ཚོ་ལྟ་བུའི་རང་ཚུགས་མེད་པའི་མི་ཁ་ཤས་ཤིག་གིས་རང་གི་ཁེ་ཕན་གྱི་ཆེད་དུ་གང་འདོད་བྱེད་ས་ཞིག་གཏན་ནས་མ་ཡིན་ཏེ། བོད་ཕྱི་ནང་གི་རེ་བ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པའི་ཕྱིར། གོ་རིམ་དང་རེ་བ་ཡོད་པའི་ཚོགས་པ་ཞིག་འཛུགས་སྐྲུན་བྱེད་དགོས་ན་སྐྱེས་བུ་མང་པོ་ཞིག་གིས་ལོ་དང་མི་རབས་བརྒྱུད་ནས་འབད་བརྩོན་གནང་དགོས་ཀྱང་། གཏོར་བཤིག་གཏོང་རྒྱུ་དེ་ང་དང་ཁྱོད་ལྟ་བུའི་མི་ཐ་ཤལ་ཞིག་གིས་ཉིན་གཅིག་སྐར་གཅིག་ལ་མེད་པ་བཟོ་ཐུབ་པས། ཤེས་ཡོན་དང་བསམ་བློ་བྲལ་བའི་སྤྱི་ཚོགས་འདི་ཆེས་འཇིགས་སུ་རུང་བ་ཞིག་རེད་ཨང་།

ཁྱེད་ཅག་གིས་ལམ་དབུ་མར་དགའ་དད་དང་ཡིད་ཆེས་བྱས་པ་འདི་རང་རང་གི་ཐོབ་ཐང་དང་རང་དབང་ཡིན་པས་སུ་ཞིག་གིས་དེ་ལྟར་བྱས་ན་མི་འགྲིག་ཅེས་ལབ་ཤེས་རྒྱུ་མ་རེད་ལ་ལབ་ནའང་མ་འགྲིག་པ་རེད། རྒྱུ་མཚན་དེའི་ཕྱིར། ངས་ཀྱང་ཁྱེད་ཚོས་ལམ་དབུ་མར་ཡིད་ཆེས་དང་དགའ་དད་བྱེད་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུས་ན་ཆོག་ཀྱང་། ཁྱེད་ཚོའི་རང་གི་ལྟ་གྲུབ་དང་དམིགས་ཡུལ་གཅིག་པའི་དབུ་མའི་ལམ་ལས་འགུལ་ཁང་སོགས་ཀྱི་ཚོགས་པ་ཁག་ཏུ་འཛུལ་ཞུགས་བྱས་ཏེ་ལས་དོན་སྒྲུབ་རྒྱུ་ཕར་བཞག་ནས། རང་ནུས་གང་ཡོད་ཀྱིས་གཞོན་ནུའི་སྒྲིག་འཛུགས་འདི་གཏོར་ཐབས་དང་བཤིག་རྩིས་བྱེད་བཞིན་པ་འདིར་བསམ་ན་ཁྱེད་ཚོ་ལོ་རྒྱུས་ཀྱི་ནག་ཅན་ཞིག་ཡིན་པ་མ་ཟད། སྒྲིག་འཛུགས་ལྡན་པའི་དམིགས་ཡུལ་ཞིག་ཀྱང་རྒྱབ་ལོག་ན་མེད་དམ་སྙམ་པའི་ཐེ་ཚོམ་ཞིག་ཀྱང་ངང་གིས་སྐྱེ་འོང་གིན་འདུག ད་ཡན་ཆད་གཞོན་ནུའི་སྒྲིག་འཛུགས་འདི་གཏོར་ཐབས་བྱེད་མཁན་རྒྱ་ནག་གུང་ཁྲན་ཏང་ལས་མེད་ཀྱང་། དེང་སང་ས་གནས་ཁག་རེ་ཟུང་ནས་གཞོན་ནུའི་སྒྲིག་འཛུགས་གཏོར་རྩིས་བྱེད་ཡོང་གི་ཡོད་པས། ཧ་ཅང་གི་སེམས་སྐྱོ་བའི་གནས་ཚུལ་འདི་ཚང་མས་མཁྱེན་པར་གྱིས།
༢༠༡༥ ཟླ་ ༠༥ ཚེས་ ༡༡ ཉིན་དབུས་གཞོན་ལྷན་དང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་བར་གྲོས་མོལ་ཟེར་བའི་ཚོགས་འདུ་དེ་མཐོང་རྗེས།

རྔ་བ་གངས་རི་ནས། ༢༠༡༥ ཟླ་བ་ ༠༥ ཚེས་ ༡༦ ལ།

བསམ་ཚུལ།

Post navigation

Previous Post: གཡང་འགུགས་འཇའ་འོད་སྣ་ལྔའི་ཁ་བཏགས།
Next Post: བོད་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་འབོད་སྐུལ།

Comments (27) on “གཞོན་ནུ་ཚོགས་པ་གཏོར་བཤིག་མ་གཏོང་།”

  1. ཁྱུང་སེ། says:
    2015-05-17 at 9:27 am

    རྔ་བ་གངས་རི་ནས་གངས་དཀར་པོ་ལྟ་བུའི་མི་རིགས་ལ་ལྷག་བསམ་གྱི་དྲང་བདེན་གྱི་རྩོམ་འདིར་བརྒྱ་ཆ་%ཡོད། ལམ་དབུ་མར་དད་ཞེན་དང་མོས་མཐུན་ཡོད་ན་ཅིས་ཕྱིར་གཞོན་ནུའི་སྒྲིགས་འཛུགས་ཀྱི་མིང་བྱང་འོག་ཏུ་ཨུ་ཚུགས་བྱེད་དེ་སྡོད་དགོས་སམ། བོད་མིའི་སྒྲིགས་འཛུགས་ཀྱི་ནང་ནས་མ་འོངས་བོད་མི་རིགས་ཀྱི་གནད་དོན་ལ་འཆར་གཞི་དང་དམིགས་ཡུལ་ཡོད་བརྟན་པོ་ཡོད་མཁན་གཞོན་ནུའི་ཚོགས་པ་འདི་གཅིག་པོ་ལས་གཞན་ཡིད་ཆེས་བྱེད་འོས་ཀྱི་ཚོགས་པ་གང་ཡང་མ་མཐོང། ད་ནི་སྒྲིགས་འཛུགས་འདི་ཡང་ཆལ་ལ་ཆོལ་ལེ་ཟོ་བ་དཔྱང་ལ་བཏགས་པ་ལྟར་བཟོ་བཞིན་འདུག མི་ངན་འདིའི་རིགས་གཞོན་ནུའི་སྒྲིགས་འཛུགས་ནས་ཕྱིར་འདོན་གྱིས་གཞོན་ནུའི་མིང་བྱང་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་རན་མི་འདུག་གམ། ངེས་པར་དུ་མི་འདིའི་རིགས་མར་ནས་སྤུ་བཏོན་པ་ལྟར་འདོན་དགོས། གཙིག་པའི་ནང་གི་རྡོ་རིལ་དེ་ཚོ་ངེས་པར་དུ་ཕྱིར་འདོན་བྱེད་དགོས། རྒྱ་ཆེའི་བོད་མི་གཞོན་ནུ་བ་རྣམས་ལ་ལག་དང་ཁ་ཡོད་ན་ལས་དོན་དངོས་སུ་བྱེད་རན་མི་འདུག་གམ།

  2. བསོད་ནམས། says:
    2015-05-17 at 10:36 am

    སྦེལ་ཀོབ་ཀྱི་བྱ་ཉལ་ཚེ་རིང་ཟེར་བའི་སྨྱོན་པ་དེ་ཚོས་ཅང་མི་ཡོང་།

  3. ཇུས་ཏོག་ says:
    2015-05-17 at 11:19 am

    བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ལ་དགྲ་་གུང་ཁྲན་འཇིགས་ནས་ཡོད་ཀྱང་། ད་ང་ཚོའི་དགྲ་བོའི་མདུན་དུ་བོད་མི་མང་ངོ་ཚ་དགོས་བཟོས་སོང་ངོ་། དབུ་མའི་ལམ་ཁ་ལ་ཁྱེར་ནས་གཞོན་ནུའི་ནང་བསྡད་པ་དེ་མ་འགྔིག་པ་རེད་། དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བའི་མི་མགོ་གཉིས་ཡོད་སའི་ནང་འཛུལ་དགོས་པ་རེད་། དབ་མའི་ལམ་གྱི་གཞོན་ནུ་ཟེར་བ་་གོ་མ་མྱོང་།། མ་གཞི་ནས་དབུ་མའི་་ལམ་དེ་་གཞུང་འབྲེལ་གྱི་གཏན་འབེབས་གནང་བའི་སྲིད་ཇུས་ཤིག་ཡིན་ན་སྐབས་འཚོལ་རིང་ལུགས་པ་ཚོའི་ལག་ཏུ་འཇོག་ཡ་དེ་དབུས་བོད་མིའི་སྒྲིག་གི་ནོར་བ་རེད་་། ད་དུང་ལྟོས་དང་ཆུ་སྒང་ཁག་གཉིས་དང་གཞོན་ནུ་ཁག་གཉིས་། སྤྱི་འཐུས་ནང་དཀྲུགས་སོགས་ལ་བལྟས་ན་བོད་དོན་བདེན་མཐའ་གསལ་ས་རེད་པས་།ཧ་ཧ་ཧ་
    ཕ་ཨ་གུ་ཙན་དན་སྡོང་པ་རེད་།
    བརྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་།
    ཕ་ཨ་གུ་གསེར་གྱི་ཐིག་པོ་རེད་།
    བརྒྒུད་བུ་ཕྲུག་རག་གི་སྙིག་རོ་རེད་།
    ཕ་ཨ་གུ་དངུལ་དཀར་མེ་ལོང་རེད་།
    བརྒྱུད་བུ་ཕྲུག་ཧ་ཡང་སྙིག་རོ་རེད་།

  4. ལྡོང་གསེར་མིག says:
    2015-05-17 at 12:20 pm

    རྔ་བ་གངས་རི་ཟེར་བས་སྐད་ཆ་ཡག་པོ་ཞིག་བཤད་འདུག ངའི་བསམ་བློར་དབུ་མ་དང་གཞོན་ནུའི་ལངས་ཕྱོགས་གང་དུ་ཕྱིན་ཡང་ཁྱད་པར་མི་འདུག གང་ལྟར་བོད་ཀྱི་རྩ་དོན་ཆེད་ལས་ཀ་བྱེད་མཁན་ཞིག་ཡིན་པ་གཅིག་པ་རེད། དེ་ལྟར་མ་ཡིན་པར་བོད་མི་མང་པོ་ཞིག་གིས་དབུ་གཞོན་བར་དུ་རྙོག་གྲ་རྐྱང་རྐྱང་གིས་དུས་གཟེད་པ་འདི་ཅི་འདྲའི་སེམས་ལ་བརྣག་ཅིང་རང་སར་འབོར་མི་ཐུབ་པ་ཞིག གཞན་ཞིག་བཤད་ན། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་སྒྲིག་འཛུགས་ཚོགས་ཁོངས་སུ་ཡོད་པའི་ལས་བྱེད་འགས་གཞོན་ནུའི་ལངས་ཕྱོགས་ལ་མོས་མཐུན་ཡོད་ཁུལ་གྱིས་ནམ་ཞིག་འོས་ཐོབ་ཀྱི་རྒྱལ་ཁར་བྲེལ་ཏེ་སྐབས་འཚོལ་རིང་ལུགས་བྱེད་པ་ནོར་བ་རེད་ལ་གཞོན་ནུ་ཚོགས་པའི་ཁོངས་སུ་འཛུལ་ཏེ་དབུ་མའི་ལམ་དུ་རྟ་བརྒྱ་འགྲོས་གཅིག་བྱེད་དགོས་པའི་བསྐུལ་མ་བྱེད་པའང་ནོར་བ་རེད། དེ་དག་གིས་བོད་དོན་འཐབ་རྩོད་ཀྱི་ངོ་བོ་རྗེན་མེད་གཅེར་བུ་ཞིག་འཛམ་གླིང་ཐོག་གསལ་བོ་བཟོ་མི་ཐུབ་པ་དང་། གུང་བྲན་ཏང་གི་བསམ་བློར་ཡང་དབུ་མའི་གླེང་མོལ་ཟེར་བ་ཁ་སྟོང་ནང་གི་ཚིག་སྟོང་ཞིག་སྟེ་ཁ་བྲལ་གྲོས་ཚོགས་ཁང་དུ་གཉིས་སྨན་དབུ་མའི་ལམ་གྱི་ཤེར་སྙིང་སྒྲོག་སྦྱོང་ཅི་ཙམ་བྱས་ཀྱང་ཚོགས་མི་མང་པོ་ཞིག་གིས་གཞོན་ནུའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཡོད་པའི་འབོད་སྒྲ་ཕྱིར་སྒྲོག་ཤུགས་ཆེན་བྱེད་པ་འདིས་བོད་དོན་གླེང་མོལ་ལ་གུང་བྲན་ཏང་གིས་མིག་གིས་བལྟ་ཙམ་དང་རྣ་བས་ཉན་ཙམ་ཡང་མི་བྱ་བའི་གནས་སུ་བརྫངས་ཡོད། མདོར་བསྡུས་ནས་བཤད་ན། གཞུང་འབྲེལ་( བཙན་བྱོལ་བོད་གཞུང་འདི་དབུ་མའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་བཞིན་ཡོད།) ཚོགས་པ་ཁག་གི་ཚོགས་མི་ཚོས་དབུ་མའི་ལམ་ལ་ལུས་སེམས་གཉིས་ཀའི་ལམ་ནས་ཤར་སྐྱོར་བྱེད་དགོས་པ་དང་། གཞོན་ནུ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཚོགས་མི་ཁག་གིས་རང་བཙན་འཐབ་རྩོད་ལ་ཤུགས་རྒྱག་དགོས་པ་རེད། དེ་མིན་བལྟས་ན་གཞུང་གི་འཐུས་མི་ཞིག་ཡིན་པ་དང་། ཉན་ན་གཞོན་ནུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཁུལ་བྱེད་བསྡད་ན་གུང་བྲན་ཏང་ཕར་བཞག་ང་ཚོ་བོད་པ་མང་པོ་ཞིག་ཀྱང་མགོ་འཐོམ་པར་བཟོས་འདུག

    དབུ་རང་མ་རྩོད་རྩ་དོན་རྩོད། གཏོར་བཤིག་མ་གཏོང་ལག་ལྡང་སྦྲེལ། གཞིས་ལུས་སྤུན་ཟླའི་རྣམ་ཤེས་ཀྱིས། ཁྱོད་ཚོར་བལྟས་ཏེ་བསྡད་གདའ་མོ། །

  5. དཔལ་ལྡན། says:
    2015-05-17 at 1:24 pm

    དྲང་མོར་བཤད་ན་ང་ཚོའི་རང་མི་རིགས་ཀྱི་ཐོབ་དབང་ཚང་མ་དགྲ་ནག་པོས་འཕྲོག་ཚར་བ་རེད། ཕྱི་རོལ་ནས་བཙན་བྱོལ་བ་ང་ཚོའི་རང་བཙན་ཞེས་རྒྱལ་ཁབ་ཀྱི་ཐོབ་དབང་དང་། ཆེས་མཐོའི་རང་སྐྱོང་ཞེས་འདྲ་མཉམ་གྱི་ཐོབ་དབང་དགོས་རབ་ད་ལྟ་བར་རེ་སྐུལ་ཞུས་པ་ལས་རྩོད་མ་མྱོང་བ་རེད། རྩོད་ངོ་མ་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་རིན་ཆེན་འདྲ་བོ་ཕངས་མེད་དུ་བཏང་ནས་རྩོད་ཀྱི་ཡོད་པ་རེད། དེ་ཡང་༼དཔའ་བོ་ཁེར་རྒྱུག་༽རེད། འདིའི་ཚིག་འདི་ནི་བོད་བཞུགས་རྩོམ་པ་པོ་ཞིག་གི་ཚིག་རེད། རང་བཙན་གྱི་སྲིད་ཇུས་འཛིན་པའི་ཚོགས་པའི་ནང་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན། དབུ་མའི་ལམ་གྱི་སྲིད་ཇུས་འཛིན་པའི་རང་སྡེའི་སྒྲིགས་འཛུགས་ནང་རང་བཙན་གྱི་ལྟ་བ་འཛིན་མཁན་བྱུང་བ་སོགས། འདོར་ན་ནང་ཁུལ་ནས་སྲིད་ཇུས་འཛིན་ཕྱོགས་རྩོད་པ་ལས་ཕྱི་དགྲ་བོར་ས་ཁོངས་བདག་དབང་རྩོད་ཀྱི་མེད། དེང་སང་ང་ཚོ་དགོས་པ་ནི། ལྟ་བ་མ་མཐུན་ཡང་རང་རེའི་ས་ཁོངས་བདག་དབང་ཆེད་གཅིག་སྒྲིལ་གྱི་སེམས་ཁམས་ཤིག་ངེས་པར་དུ་སྤྱི་ཚོགས་ནང་ཁྱབ་དགོས་པར་སེམས། ཇི་ལྟར་ཁྱབ་སྤེལ་བྱེད་པ་དྲྭ་གྲོགས་ཚོའི་གླེང་མོལ་རེ་གནང་རོགས་ཞུ། ངས་འདོད་ཚུལ་ཡིན། འདོད་པ་འབྲས་མེད་དུ་འགྱུར་ཡང་སྲིད། ཁ་རྡུང་རག་བྱེད།

  6. རིག་ཡག། says:
    2015-05-17 at 3:59 pm

    ས་གནས་ཁག་བརྒྱད་ཀྱི་བྱེད་སྟངས་ལ་ལྟོས་ན་ཁོ
    ཚོ་ཆབ་སྲིད་པའི་ལག་ཆ་ཆག་ཡོད་པ་འདྲ།

  7. པདྨ says:
    2015-05-17 at 4:47 pm

    Tha exemplar of middle way.
    དབུ་མའི་ལམ་གྱི་མཚན་གཞི

    རྩོད་རྒྱུའི་རང་བཙན་བདེན་པའི་ཀ་ལི་གཏོར།།
    ཐོབ་རྒྱུའི་རང་དབང་དམངས་གཙོའི་སྐྲ་ལོ་གཏུབ།།
    འཛིན་རྒྱུའི་སྤུན་ཟླའི་མཐུན་སྒྲིལ་རྐང་པ་བཅག།
    གཡོ་རྒྱུའི་ཚོང་ལམ་དབུ་མའི་སྤྲང་ཁུག་བཟོས།།

    ནག་པོའི་རྒྱ་ལ་ཁ་གཏད་ཚིག་གཅིག་མེད།།
    དམར་པོའི་དར་ལ་ངོ་མཚུངས་རྡོག་གཅིག་མེད།།
    འཁྱོག་པོའི་ཁྲིམས་ལ་ཡོ་བསྲང་སྣ་གཅིག་མེད།།
    བཙན་པོའི་མི་ལ་ཡ་ལན་རྐང་གཅིག་མེད།།

    དགྲ་ལ་ཐུག་དུས་ངོ་གདོང་འཛུམས་ཀྱིས་གང་།།
    གཉེན་ལ་འཕྲད་དུས་ཁོག་པ་མེ་ལྕེས་འཚིགས།།
    མཐོན་པོར་མཇལ་དུས་མཆི་ཏོ་གནམ་ལ་སྟོན།།
    ཉམ་ཆུང་མཐོང་དུས་མགོ་ནས་དུ་བ་འཐོན།།།

    ནང་ལ་རྟག་ཏུ་དམ་ཚིགས་བསྒྲགས་ནས་འགྲོ།
    ཕྱི་ལ་རྟག་ཏུ་ངོ་གདོང་བསྒྱུར་ནས་འགྲོ།
    གསང་ཕུགས་རྟག་ཏུ་རྐུབ་ལ་སྦས་ནས་འགྲོ།
    ཁ་བཟང་རེག་ན་དགྲ་གཉེན་བརྗེས་ནས་འགྲོ །།
    སྤྲུལ་སྐུ་དབང་ཆེན་དར་རྒྱས་ནས་བྲིས།།

  8. ཁུ་བྱུག says:
    2015-05-17 at 5:01 pm

    ཨ་རོགས་ཚོ། སྔར་བོད་ས་མ་ཤོར་གོང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་གི་ངོ་བོར་གནས་ཐབས་སུ་མཐུན་གྲོགས་རྒྱལ་ཁབ་ཨ་རི་དང་ཁྱིམ་མཚེས་རྒྱ་གར་བཅས་ནས་རྒྱབ་སྐྱོར་དང་མཐུན་རྐྱེན་མངོན་སྐོག་གཉིས་ནས་བྱས་ཡོད་ཀྱང་། མི་དབང་ས་ཡི་ཚངས་པ་ཚོ་དང་མི་སྒེར་བ་སོགས་སུའང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཏུ་འཛིན་སྐྱོང་བྱེད་པའི་ནུས་པ་བྲལ་བ་ཤེས་པར་བརྟེན། འབྱུང་འགྱུར་རྒྱ་ནག་དཔལ་འབྱོར་གྱི་ཁྲོམ་ར་ཡག་པོ་ཞིག་ཏུ་འགྱུར་རྒྱུའི་སྔོན་དཔག་གིས་མཐར་གུང་ཁྲན་ལ་ངོ་དགའ་བཤད་ན་ལེགས་གནས་སུ་མཐོང་སྟེ། ཡངས་པའི་ཁམས་སུ་༼བོད་རྒྱ་ནག་གི་ཆ་ཤས་༽ སུ་བསྒྲགས་ཡོད་པ་འདི་གཅིག་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཧྲིལ་བོ་གུང་ཁྲན་གྱིས་བཙན་བཟུང་རྗེས། མི་ལོ་བཅུ་ཕྲག་འགར་གཞུང་སྒེར་ཚང་མས་ཆིག་སྒྲིལ་གྱིས་བོད་རང་བཙན་མ་འདོར་བར་ལས་འགུལ་རིམ་སྤེལ་དང་། ཐབས་ཤེས་ཡོད་རྒུས་གུང་ཁྲན་ལ་ཁ་གཏད་རིམ་བྱེད་སྐབས་ཀྱང་འཛམ་བུའི་གླིང་གིས་༧གོང་ས་མཆོག་གི་ཞལ་ལ་བལྟས་ཏེ། གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་དམངས་ཁག་གཅིག་གིས་རྒྱབ་སྐྱོར་དང་རོགས་འདེགས་བྱས་ཡོད་པ་ལས། བཙན་བྱོལ་བ་འབུམ་གཅིག་ལྷག་གི་ནང་ན་བོད་ཀྱི་གནད་དོན་ཐད་འཛམ་གླིང་འགུལ་བའི་ནུས་ཤུགས་སུ་ལ་མངའ་བ་འདི་གཉིས་པ་ཡིན། དེ་དག་ལ་ཕྱིར་གདངས་ཤིག་བརྒྱབ་ན། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ལྡན་པའི་་བོད་རང་བཙན་རྩོད་ལེན་པ་ཆབས་སྲིད་ངར་བ་ང་ཡིན་ཟེར་མཁན་ཞིག་ད་བར་བྱུང་མྱོང་མེད་པའི་རྟགས་རེད། ཆབས་སྲིད་ཀྱིས་ཤེས་རྒྱུ་དབུལ་བས་ཁ་ལག་གཉིས་ཀྱིས་རང་བཙན་རྩོད་རྒྱུ་ཟེར་ན། གུང་ཁྲན་སེམས་ཁོང་ནས་དགོད་རྒྱུ་རེད་ཡ།

  9. ཁུ་བྱུག says:
    2015-05-17 at 5:12 pm

    ཚིགས་ཕྲེང་མཐའ་མར། ཆབས་སྲིད་ཀྱི་ཤེས་རྒྱ་དབུལ་བས་ཞེས་བཅོས་གནང་།

  10. འཇང་གཡུ་ལྷ་ཐོགས་འགྱུར says:
    2015-05-17 at 8:41 pm

    ང་ཚོ་ལ་སྐད་ཆ་འདི་འདྲ་དགོས་པའི་དུས་ཚོད་རེད།
    ཧི་ཐི་ལིའི་གསུང་བཤད་ཅིག
    བུན་ཁྲང་ཚེ་བརྟན་གྱིས་རྒྱ་ཡིག་ལས་བསྒྱུར།
    དེ་རིང་། ང་ཚོ་གནས་འདི་རུ་འགྲེང་ཡོད་དེ། འཇར་མན་གྱི་རྒྱལ་ས་རུ་འགྲེང་ཡོད། པེར་ལིན་དུ་འགྲེང་ཡོད། ང་རང་ཚོའི་ཕ་མེས་ཡང་མེས་ཚོའི་ཟུངས་ཕྲག་དང་ལ་རྒྱས་བརླན་ཡོད་པའི་ས་ཆེན་འདིའི་སྟེང་དུ་འགྲེང་ཡོད། ངའི་ལྟག་རྒྱབ་དུ་ཡོད་པ་འདི་ནི། ཨན་ངྷི་ལི། ཁོ་ལི་ཨང་མཆོག་གི་བརྐོས་གཟུགས་ཡིན་ལ། ཁོང་ཉིད་ནི་འཛམ་གླིང་ཧྲིལ་བོ་ན་མགྲིན་གཅིག་ཏུ་ཁས་ལེན་གནང་གིན་པའི་རང་དབང་གི་དཔའ་རྒོད་ཅིག་ཡིན་ལ། འཇིག་རྟེན་འདིའི་ལམ་སྟོན་གྱི་སྒྲོན་མེ་ཡང་ཡིན།
    ངའི་མདུན་ཕྱོགས་སུ་ཡར་འགྲེང་ཡོད་པ་འདི་ནི་མི་རིགས་ཤིག་སྟེ། ཚད་མེད་པའི་བཙན་གནོན་འོག་སྨྲེ་ངག་འུར་འུར་འདོན་བཞིན་པའི་མི་རིགས་ཤིག་རེད། འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་རྫོགས་པ་ནས་བཟུང་། ང་ཚོའི་རིགས་ཀྱི་ང་རྒྱལ་དེ་གར་སོང་ཆ་མེད་དུ་གྱུར་སོང་། གཡུལ་ལས་རྒྱལ་པ་དེ་དག་ང་ཚོའི་གཉའ་རུ་ཞོན་ཏེ་དབང་ཤེད་བཙན་ཤེད་ཀྱིས་བརྙས་བཅོས་ཚད་མེད་བྱས་སོང་ལ། ང་ཚོ་སྟེ་ཡོ་རོབ་གླིང་གི་ཆེས་མཆོག་ཏུ་གྱུར་བའི་མི་རིགས་ཤིག་གི་རྩིས་ཐང་ལ་མི་དེ་དག་གིས་སྣང་མེད་དུ་རྡོག་བརྫིས་བརྒྱབས། ཁྱེད་ཚོས་ཤོད་དང་། ཁྱེད་ཚོ་པཎ་ཇེ་མན། མཱ་ཏིན་ལྟ་བུའི་རང་དབང་གི་དཔའ་རྒོད་ཅིག་བྱ་རྒྱུ་ཡིན་ནམ། ཡང་ན། བྲན་གཡོག་ཅིག་བྱ་རྒྱུ་ཡིན།
    ཁྱེད་ཚོས་འདི་ལྟར་ཤོད་ཀྱང་སྲིད་དེ། སྐུ་ཞབས་ཧི་ཐི་ལི་ལགས། ང་ལ་མཁོ་བ་ནི་ལས་ཀ་ཞིག་དང་ཁ་ལག་ཙམ་ཡིན། རེད། ཁྱེད་ཚོས་བཤད་པ་དེ་ངོ་མ་རེད། ཚེ་སྲོག་ནི་དངོས་ནས་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། ཡིན་ཡང་། ངས་ཁྱེད་ཚོར་བཤད་རྒྱུ་ཞིག་ལ། འཇིག་རྟེན་འདིའི་སྟེང་དུ་ཚེ་སྲོག་ལས་ཀྱང་གལ་ཆེན་ཞིག་ཡོད་དེ། དེ་ནི་རང་དབང་རེད། དེ་ནི་ལ་རྒྱ་རེད།
    ཨལ་ཟེ་ཞིན་དང་ལོའོ་རེན་གྱི་མཁའ་དབྱིངས་སུ་སྐྱོད་བཞིན་པའི་ཧྥ་རན་སིའི་རྒྱལ་དར་དེ་ཉིན་གཅིག་ལ་བསྐྱོད་མཚམས་མ་བཞག་ཚེ། ང་རང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོད་མི་སྲིད། ཧྥ་རན་སི་དང་དབྱིན་ཇི་བ་དེ་དག་གིས་འུ་ཅག་གི་ཕ་ས་གསེར་གྱི་གཞོང་བ་ལྟ་བུ་འདིའི་སྟེང་དུ་ཁྲིམས་མེད་ལུགས་མེད་ངང་རྒྱས་བཟའ་རྒྱས་འཐུང་བྱེད་པའི་མཚམས་འཇོག་མ་བྱས་ཚེ། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།། ཡོ་རོབ་གླིང་གི་མངའ་ཁོངས་སུ། འཇར་མན་ཞེས་པའི་རྒྱལ་ཁབ་འདི་སིལ་བུར་འཐོར་ནས་སྟོབས་མེད་ཉམ་ཐག་གི་གནས་སུ་གྱར་ཚེ། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།། རྒྱབ་ཁབ་གཞན་གྱི་མི་ཚོས་ལབ་གླེང་གི་བར་གླགས་སུ་ཡང་འཇར་མན་ཞེས་པའི་ཚིག་འབྲུ་འདི་ཐོས་མ་ཐག་སྣང་ཆུང་དང་འཕྱ་དགོད་བྱེད་དུས། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།།
    ང་ཚོར་མཁོ་བ་ནི་ལྟོ་གོས་ཙམ་མ་ཡིན་པར། རང་དབང་དུ་འཚོ་བའི་ཁོར་ཡུག་ཅིག་ཡིན། མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་ཅིག་ཡིན། འདི་ལྟ་བུའི་རང་དབང་ནི་གཞན་ལ་ཞུ་འབོད་དང་རྒོལ་གཏམ་ཙམ་སློག་པས་མངོན་འགྱུར་བྱ་ཐུབ་པ་ཞིག་རྩ་བ་ནས་མིན་ཏེ། ལྕགས་དང་ཁྲག་ལ་བརྟེན་པས་ད་བཟོད་འབྱུང་ཐུབ་པའོ།།
    མི་རིགས་གཞན་པས་འུ་ཅག་ལ་བཟོད་པའི་མཐའ་མི་ཟད་པའི་བཙན་གནོན་བྱས་ལ། ཐ་ན་འཇིག་རྟེན་འདིའི་ཆེས་ཉམས་ཆུང་གི་མི་རིགས་ཤིག་གིས་ཀྱང་འཛེམས་ཟོན་ཅི་ཡང་མེད་པར་ང་ཚོར་ཐུབ་ཚོད་བྱེད་དུས། ང་ཚོས་འཕྲད་དུ་འདི་ལྟར་སྨྲ་སྟེ། ང་ཚོས་ཁོང་ཁྲོ་དང་རྒོལ་གཏམ་དྲག་ཏུ་བྱེད་ཅེས་ཁ་སྟོང་ནང་གི་ཚིག་སྟོང་ཁོ་ན་སྤུར། མི་འདི་འདྲ་བ་ནི་རུས་པའི་གསེང་ན་རྐང་མེད་མཁན་ཡིན་ལ། མི་འདི་ལྟ་བུ་ནི་གཉོན་ཆུང་ནུས་མེད་འབའ་ཞིག་ཡིན། དེ་ལས། ང་ཚོས་གནམ་ས་བླ་འོག་བསྒྱུར་བའི་མེ་སྒྱོགས་ཀྱི་འུར་སྒྲས་དགྲ་བོ་ཐམས་ཅད་ཀྱི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དང་། ཡན་ལག་དར་ལྕོག་གཡུག་གཡུག་ཅིག་བྱེད་དུ་འཇུག་དགོས་པ་ཡིན། འུ་ཅག་གིས་ཁོ་ཚོའི་ལ་རྒྱ་དང་ཚེ་སྲོག་རྡོག་རོལ་ཏུ་བཏང་སྟེ་ང་ཚོ་ནི་རྒོལ་གཏམ་ཙམ་ལས་སློག་མི་ནུས་པའི་སྐྱག་གཟན་འབའ་ཞིག་མིན་པ་གཞི་ནས་ཤེས་སུ་འཇུག་དགོས།
    ཁྱེད་ཚོས་མཁྱེན་འོས་པ་ཞིག་ལ། རྒོལ་གཏམ་ཙམ་སློག་པ་ལས་གཞན་ཅི་ཡང་མི་ནུས་པའི་རྒྱལ་ཁབ་ནི་རུས་གསེང་ན་རྐང་མེད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒོལ་གཏམ་ཙམ་སློག་པ་ལས་ཅི་ཡང་མི་ནུས་པའི་སྲིད་གཞུང་ནི་རུས་གསེང་ན་རྐང་མེད་པའི་སྲིད་གཞུང་ཞིག་ཡིན། ང་ཚོའི་ལ་རྒྱ་དང་ཕ་ཡུལ། འཚོ་གནས་ཀྱི་ཁོར་ཡུག་སོགས་འཇིག་ཉེན་གྱི་གཡང་དུ་ལྷུང་དུས། རྒོལ་གཏམ་ཙམ་ལས་ཅི་ཡང་མི་ནུས་པའི་ངོ་ཚ་མེད་པའི་སྲིད་གཞུང་དེ་ལྟ་བུ་ནི་ང་ཚོར་དགོས་དོན་གཏན་ནས་མེད་ལ། མཇུར་མཐར་ཁྱེད་ཚོས་ཁོ་ཚོ་ལོགས་སུ་གཡུག་པ་གདམ་གསེས་བྱ་ངེས།།
    ཁྱེད་ཚོའི་ཁྲོད་དུ་རུས་གསེང་ན་རྐང་མེད་པའི་མི་ཐབས་རྡུགས་དེ་འདྲ་ཤིན་ཏུ་ཉུང་བས་ང་རང་ལ་བློ་སྤོབས་གནང་སོང་། ངའི་མདུན་ཕྱོགས་ཀྱི་རུ་དཔུང་འདིའི་རྩ་ལམ་དུ་རྒྱུ་བཞིན་པ་ནི་མི་ལོ་སྟོང་ཕྲག་ལྷག་གི་རིང་ལ་ཞུམ་པ་མེད་པར་སྟོབས་ཀྱིས་ཕྱུག་པའི་ཁྲག་རྒྱུན་ཅིག་ཡིན། ཁྲག་རྒྱུན་དེ་རང་ཅག་གི་ཡབ་མེས་ཚོའི་ལུས་སུ་ཡང་རྒྱུ་མྱོང་བ་ཡིན། ཁོང་ཚོའི་དཔའ་སྟོབས་དང་སྤོབས་གདེང་གིས་གཞན་སུ་ལ་ཡང་མགོ་བོ་བསྒུར་མ་མྱོང་། ད་ལྟ། ཁྲག་རྒྱུན་འདི་འུ་ཅག་གི་རྩ་ལམ་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་པས། ཁྱེད་ཚོས་ཤོད་དང་། ང་ཚོས་ཞུམ་པ་མེད་པའི་ཟུངས་ཁྲག་དྲོན་མོ་འདིའི་ཚ་དྲོད་ཡལ་ཏུ་འཇུག་རྒྱུ་ཡིན་ནམ།
    མི་རྣམས་ཀྱི་བློ་ཁ་གཞོགས་གཅིག་ཏུ་ཕྱོགས་པའི་ལས་ནི་གཉིས་སྟེ། གཅིག་ནི་ཐུན་མོང་གི་ཕུགས་བསམ་དང་། ཅིག་ཤོས་ནི་ཐུན་མོང་གི་ནག་ཉེས་བཟོ་བ་དེའོ། ། ང་རང་ཚོར་འཇར་མན་གྱི་རྒྱལ་དར་སྟེང་ལ་བཅོལ་ཡོད་པའི་རླབས་ཆེན་གྱི་ཕུགས་འདུན་མཆིས་ཤིང་། ཕུགས་འདུན་དེ་ང་ཚོའི་ཟུངས་ཁྲག་གི་རྒྱུན་མ་ཆད་པའི་བར་ཏུ་བརྩོན་ལེན་བྱ་ངེས་ཡིན། དེ་རིང་གི་པེར་ལེན་ལ་མཚོན་ན། ང་རེའི་རྒྱལ་ཁབ་འདི་སྐྱོབ་བྱེད་ནི་ཕུགས་འདུན་འདི་ལས་གཞན་གང་ཡང་མ་ཡིན་ནོ།། བདག་ཅག་ལ་མཚོན་ན། ཧྥན་ཨར་སེ་ཞི་ཆིངས་ནི་ངོ་ཚ་ཆེན་པོ་ཞིག་ཡིན་ལ། ང་ཚོས་རྩ་ཁྲིམས་དེ་ལག་བསྟར་མི་བྱེད་བའི་ཆོད་སེམས་དང་གནས་ལུགས་མཆིས་སོ། ། ད་ནས་ཁྱེད་ཚོའི་བསྒྲུབ་འདོད་པ་དེ་སྒྲུབས་ཤིག པཎ་ཇེ་མན། མཱ་ཏིན་ལྟར་ལག་ཏུ་མེ་མདའ་བཟུང་སྟེ། རང་མི་སྤུན་ཟླ་རྣམས་དང་ལྷན་དུ། རང་དབང་གི་དར་ཆ་དགུང་ལ་འཕྱར་ཞོར་དགྲ་བོར་དམར་འཛིང་བྱེད་པ་ནང་བཞིན་ནོ། ། གལ་སྲིད། ཁྱེད་ཚོས་ཀྱང་དགྲ་ཇག་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་ཞིག་བྱ་འདོད་ན། དེ་ལྟར་གྱིས་དང་། སྐབས་དེར་ཁྱེད་ཚོ་ནི་བྲན་གཡོག་སྡར་མ་ས་ཡ་བདུན་ཡིན་ནམ། ཡང་ན་དཔའ་མཛངས་རྟུལ་ཕོད་ཀྱི་འཇར་མན་པའི་བུ་རྒོད་ས་ཡ་བདུན་ཡིན་པ་ད་གཟོད་མཐོང་ཐུབ།
    གལ་སྲིད། ཉིན་ཞིག་ལ་ཨ་ཏོའོ་ཧྥུ། ཧི་ཐི་ལི་བདག་གིས་ཀྱང་པཎ་ཇེ་མན། མཱ་ཏིན་ལྟར་འུ་ཅག་འཇར་མན་པའི་དར་ཆ་དེ་དགོར་དུ་འཕྱར་ཞོར། དམར་འཛིང་གི་མདུན་ཐད་དུ་མཆོངས་དུས། ངའི་ཚེ་སྲོག་རྟ་རྔ་ཙམ་པོ་འདི་སྐད་ཅིག་ལ་རྨེད་མེད་དུ་བཏང་ཡང་། ང་རང་དགའ་དགའ་སྤྲོ་སྤྲོའི་ངང་དག་ཞིང་དུ་འགྲོ་ངེས་ཡིན་ལ། འཇར་མན་པའི་རླབས་ཆེན་གྱི་ཡབ་མེས་རྣམས་དང་མཇལ་དུས། བདག་གིས་མགོ་བོ་དགྱེ་སྟེ་རླབས་ཆེན་གྱི་མངའ་བདག་ཧྥེ་ཐི་ལེའི་མདུན་དུ་བཅར་ཏེ། རླབས་ཆེན་གྱི་མེས་པོ་ལགས། མཆོག་ཉིད་ཀྱི་བུ་རབས་ཚ་རྒྱུད་དུ་མཆེད་པའི་ཅོལ་ཆུང་ངས་ཁྱེད་ཅག་གི་བླ་རྫབ་མེད་ལ། འཇར་མན་པའི་ཆེད་དུ་ཟུངས་ཁྲག་གི་བཞུར་རྒྱུན་ཆད་རག་བར་དུ་དམར་འཛིང་བྱས་པ་ཡིན་ལགས་ཞེས་ང་རྒྱལ་དང་བཅས་ཏེ་ཞུ་ངེས་སོ།།
    ང་ཚོས་རང་དབང་གི་ཆེད་དུ་དམར་འཛིང་བྱེད་པ་ལས་གཞན་སུ་ཞིག་ལ་བཙན་འཛུལ་བྱ་བའི་ཆེད་དུ་མིན། ང་ཚོ་འཕྲུལ་ཆས་མིན་ལ། དུད་འགྲོ་དེ་བས་ཀྱང་མིན། ང་ཚོ་ནི་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་རིགས་སྟེ། དུས་ནམ་ཡང་གཞན་སུ་དང་གང་ལ་ཡང་མགོ་བོ་གཏན་ནས་བསྒུར་མི་སྲིད་པའི་འཇར་མན་པ་ཡིན།
    ང་ཚོས་རང་དབང་གི་མིང་ཐོག་ནས་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ། རྣམ་པ་གསར་བ་དང་འདྲ་མཉམ་གྱི་འཇིག་རྟེན་ཞིག་གི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། མི་ཐམས་ཅད་ལ་བྱ་བ་རེ་ཡོད་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། འུ་ཅག་ལ་བཙན་འཛུལ་བྱས་པའི་མི་དེ་དག་འཇར་མན་གྱི་ས་གཞིའི་སྟེང་ནས་མཐར་བསྐྲོད་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། ང་རང་ཚོས་ཉིན་རེ་རེར་རྒོལ་གཏམ་སློག་མི་དགོས་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། ང་ཚོའི་ལ་རྒྱའི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། འུ་ཅག་གི་དམ་བཅའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། རྒྱལ་ཁབ་འདི་བཅིངས་བ་ལས་འགྲོལ་ཆེད་དམར་འཛིང་བྱེད་པ་ཡིན། འཇར་མན་པ་རྣམ་པ། ང་ཚོས་རང་རེའི་ཡབ་མེས་རྣམས་ཀྱི་གཟི་བརྗིད་ཀྱི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། འུ་ཅག་གི་བུ་རབས་ཚ་རྒྱུད་ཀྱིས་དབུ་འཕངས་དགུང་ལ་གཏད་དེ་ང་ཚོ་ནི་ནམ་ཡང་ཞུམ་པ་མེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་འཇར་མན་པ་ཡིན་ཞེས་བརྗོད་ཆོག་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན།
    ང་ཡི་ཡུལ་མི་སྤུན་གྲོགས་རྣམ་པ། འཇར་མན་དང་འཇར་མན་པ་རྣམས་ཁྲི་ལོ་བརྟན་པར་ཤོག རང་དབང་ཁྲི་ལོ་བརྟན་པར་ཤོག

  11. ཇུས་ཏོག་ says:
    2015-05-17 at 8:45 pm

    དབུ་མ་རང་བཙན་ཁ་བརྩོད་མ་མང་ཨ་།
    ས་ཆའི་བདག་དབང་མི་རིགས་སྲོག་རྩ་རེད་།
    ས་ཆའི་བདག་དབང་ཐུབ་ན་རང་བཙན་རེད་།
    འདྲ་མཉམ་རང་དབང་ཡོད་ན་དབུ་ལམ་རེད་།
    དེ་གཉིས་མེད་ན་ཁ་སྟོང་ལག་སྟོང་རེད་།

    བཙན་བྱོལ་སྤྱི་ཚོགས་ནང་རང་གི་མཁེ་ཕ ན་སྒྲུབ་ཆེད་རང་བཙན་དང་དབུ་
    མ་རང་ཐག་རང་གཅོད་བདེན་པའི་ཨུ་ཚུགས་མི་རིགས་ས་གནས་རང་སྐྱོང་
    སོགས་ཐོབ་རྒྱུ་སྣེ་གཅིག་མེད་པའི་ཁ་སྒྲུང་བཤད་མཁན་མང་པོ་འདུག་པ་ཁྱེད་
    ཚོའི་ཤེས་དགོས་པ་དེ་ས་ཆའི་བདག་་དབང་་རེད་དོ་།
    ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ་།
    ཉན་དང་མི་ཉན་རང་རང་བསམ་བློ་རེད་།

  12. དཔལ་ལྡན། says:
    2015-05-18 at 12:42 am

    འཇང་ལྷ་ལགས་ང་ཚོ་ལ་སྐད་ཆ་དེ་འདྲ་དགོས་པའི་མི་ཚད་མི་དེ་འདྲ་ཞིག་ཡང་དགོས་ངེས་རེད། གཏམ་བཤད་བཤད་ཐེངས་རེར་མི་མང་སེམས་འགུལ་ཐེབས་འཇུག་ཐུབ་མཁན། འཐབ་རྩོད་རྒྱུན་མཐུད་ཐུབ་མཁན་དོན་གྱིས་དཔའ་རྒོད་ཞིག་དགོས། དེ་འདྲ་ཞིག་ཡོད་ན་རྗེས་སུ་འབྲང་བ་ཐག་ཆོད་རེད། ཉིས་སྟོང་བརྒྱད་ལོར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱིས་གཏམ་བཤད་ཐེངས་གཅིག་གིས་མི་མང་འདུ་འཛོམས་བཙན་བྱོལ་ནང་བྱུང་མ་མྱོང་བ་ཞིག་བྱུང་ཡོད། དེས་རྒྱུན་བརྟན་མེད། ངས་འདི་ལྟར་བཤད་ན་སྐོར་ཞིག་ཚིག་པ་ཟ་ན་ཐང་། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་གསུངས་ཀྱི་ཡོད། མཐུན་སྒྲིལ་གསུངས་ཀྱི་ཡོད་སོགས་བཤད་ངེས་མོད། ༸ཁོང་ནི་སྤྱན་རས་གཟིགས་ཡིན་པས་སོ། སྤྱན་རས་གཟིགས་དྲག་པོའི་སྐུར་བཞེངས་པ་ཞིག་དགོས་རན་རེད།

  13. རྨུ་ཐག་གི་བུ་རྒྱུད། says:
    2015-05-18 at 1:49 am

    ཡག་པོ་ཞིག་བྲིས་འདུག དབུ་ལམ་ཁ་ལ་འཁྱེར་མཁན་ཚོས་བོད་པ་ནང་ཁུལ་ལ་རྒྱ་ནག་གཞུང་གི་ཚབ་བྱས་ནས་འབུར་འཇོམས་དང་གཏོར་བཤིག་གཏོང་གི་ཡོད། སྤུན་ཟླ་དགྲ་རུ་ལང་བའི་སྡུག་ཅིག་གང་ན་ཡོད།

  14. ཤར་པ་ says:
    2015-05-18 at 7:08 am

    བདེན་པར་སྨྲ་བ་རྒྱལ་གྱུར་ཅིག། བོད་ཀྱི་གཞོན་ནུ་ཚོགས་པ་འདི་བཞིན་ང་ཚོའི་མ་འོངས་པའི་རེ་བ་དང། རྒྱ་དམར་བཅོམ་བྱེད་ཀྱི་ཐོ་བ། ལོ་རྒྱུས་ཀྱི་བདེན་དཔང། རྒྱལ་བ་ཡིད་བཞིན་ནོར་བུའི་ཞབས་ཞུ་ཚོགསཔ། བོད་རང་བཙན་གཙང་མའི་་རྔ་ཆེན་། མ་འོངས་པའི་ཆབ་སྲིད་ཀྱི་གཞུང་ཤིང་ཡིན། དེ་ལྟར་ཡང་ཀླད་མེད་དང་བསམ་མེད་རྒྱལ་བའི་་བཀའ་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་པོ་སོགས་ཀྱིས་ན་གཞོན་པ་་ཚོགས་པ་འདི་བཞིན་གཏོར་གཤེགས་ཚད་མེད་གཏང་ངོ། ཡིན་ན་འང་བོད་རང་བཙན་ནི། ་ ང་ཚོའི་སྙིང་དང། སྲོགས་དང་། མཚུངས་པ་ཡིད་དུས། ང་ཚོའི་སྲོག་སྐྱབ་ནི་གཞོན་ནུ་ལས་གཞན་ཅི། དབུ་ལམ་་ནི་རང་བཙན་ལ་སྔོན་འགྲོས་སྦྱོར་བའོ། ང་ཚོ་ལ་གཞོན་ནུ་ཚོགས་པ་འདི་་ནི་ཐ་མའི་ནོར་བུའོ།

  15. ཀརྨ་བློ་གསལ་ says:
    2015-05-18 at 8:53 am

    ད་ཡར་ལབ་མར་ལབ་ཕན་ག་རེ་ཡོད་རེད། གཞོན་ནུ་དགོས་ཀྱི་འདུག་ལབ་མཁན་བོད་མི་ཡོངས་ནས་གོང་ས་མཆོག་ལ་སྙན་ཞུ་ཕུལ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པའི་དུས་ཚོད་ལ་སླེབས་ཚར་བ་རེད། ད་རྩོད་པ་མ་རྒྱག སྙན་ཞུ་ཇི་དགའ་གང་དྲག་ཐད་བསམ་བློ་གཏོང་རོགས།

  16. ཀརྡོ་གཉེར་ཕྱག་པ་ says:
    2015-05-18 at 10:05 am

    གཞོན་ལྷན་གཏོར་མཁན་ལ་ངོ་རྒོལ་ཡོད་ཀྱང་། གཞོན་ལྷན་གྱི་དམིགས་ཡུལ་ཐོབ་མི་ཐུབ་པའི་རང་བཙན་བཞག་ན་དགའ་བསུ་ཡོད་དོ།།

  17. དམུ་ཐག་གི་བུ་རྒྱུད། says:
    2015-05-18 at 12:37 pm

    ཀརྡོ། རྒྱ་ནག་ལ་མཚོན་ན་དབུ་ལམ་ཟེར་ནའང་རང་བཙན་རེད། ལྟ་སྟངས་དེའི་འོག་ནས་དབུ་ལམ་ལ་རེ་བ་ཡོད་རྒྱུ་ཞིག་དང་རང་བཙན་ལ་རེ་བ་མེད་འགྲོ་རྒྱུ་ཞིག་ཅང་མི་འདུག བཟའ་ཁྲི་ཟམ་གདོང་གི་སྐབས་སུ་དབུ་ལམ་གྱི་ནང་དོན་གསལ་གསལ་ཐིང་ཐིང་ཞིག་ཨ་ཞང་ཚང་གི་རྒད་པོ་ཚོའི་མདུན་དུ་བཞག་པ་ལ་བརྟེན་ནས་ཚ་བུ་ཚོ་ཨ་ཞང་ཚང་གི་སྒོའི་ཕྱི་ལ་ཕུད་པའི་མ་ཚད་ཕྱིར་ཡོང་ས་མེད་པ་བཟོས་པ་རེད། ད་མི་བཤད།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-05-18 at 2:49 pm

    ད་ལྟའི་རྒྱ་གཞུང་གི་ངོ་གདོང་ཙམ་ལ་བལྟས་ན། དམུ་ཐག་ཁྱེད་ཅག་བདེན། འོནད་ཀྱང་། ༸གོང་ས་མཆོག་གི་སྐུ་ཚེ་འདི་ཡི་རིང་ལ། དབུས་ལམ་ཕུན་སུམ་ཚོགས་པ་ཅིག་ཐོབ་ངེས་སོ་སྙམ་ལགས། དེ་ལྟར་མ་བྱུང་ན། རང་བཙན་ལམ་ཁར་འགྲོ་མཁན་དང་པོ་གཅིག་ནི་ང་རང་མིན་འགྲོ་སྙམ་ནས་བསྡད་ཡོད་པས་་་་་་་་

  19. ཀརྡོ་གཉེར་ཕྱག་པ་ says:
    2015-05-18 at 2:55 pm

    ངས་གཞོན་ནུ་རང་བཙན་དུ་འགྲོ་དགོས་དོན་ནི། རྒྱ་ནག་གི་ཁ་བྲལ་ཁ་བཞག་ས་མེད་པར་བསྡད་དུས། རྒྱ་གཞུང་གིས། ཛམ་གླིང་སྤྱི་ལ་ལྟོས་དང་། བོད་ཀྱི་གཞོན་ལྷན་ཚོར་ཟེར་ན་་་་་་་་་་་་

  20. ཤར་པ་ says:
    2015-05-18 at 3:42 pm

    ཀརྨ་བློ་གསལ་ལགས། ཁྱེད་ནས་གཞོན་་ནུ་ཚོགས་པ་སྐྱར་གསོ་ཡོངས་བའི་གོང་ས་མཆོག་ལ་སྙན་ཞུའི་ས་བོན་ཞིག་འདིར་བཀོད་ང་ཚོས་དེ་ཁ་སྐོང་བྱེད་ནས་སྙན་ཞུ་དེ་དོན་སྙིང་ལྡན་པ་ཞིག་ཡོངས་བར་སེམས།

  21. ཤར་པ་ says:
    2015-05-18 at 3:42 pm

    འདིར་བཀོད་ན་བཅོས།

  22. བཀྲ་ཡེ་ཚང་། says:
    2015-05-18 at 7:21 pm

    གཞོན་ནུ་དགོས་མིན་སོ་སོ་རགས་ལས་ཡོད་པས་དེ་གོང་ས་མཆོག་ལ་འབྲེལ་བ་མི་འདུག་བསམ་གི གང་ལྟར་ཡར་དཀྲུག་མར་དཀྲུག་བྱེད་མཁན་ཚོའི་ཁ་ནང་ལ་སྐྱགས་པ་གཏོང་དགོས་རེད་དེ་མིན་ཐབས་ཤེས་ཡོད་པ་མ་རེད།

  23. མངའ་རིས་ཕྲིན་ལས། says:
    2015-05-18 at 10:11 pm

    རྔ་བ་གངས་རི་ལགས་ཀྱི་གསུང་ལ་རྒྱབ་སྐྱོར་ཆ་ཚང་ཡོད། དབུ་མའི་ལྟ་ཚུལ་འཛིན་མཁན་གྱི་གང་ཟག་དག་ཡིན་གཅིག་མིན་གཉིས་གཞོན་ནུའི་ཚོགས་མིར་སྡོད་དགོས་དོན་རྩ་བ་ནས་ཡོད་མ་རེད། དེ་བས་གཞོན་ནུའི་ཚོགས་མི་ནས་དགོངས་པ་ཞུས་ཏེ་དབུ་མའི་ལས་འགུལ་ཁང་ལ་རང་བཙན་མི་རྩོད་པའི་སྡོམ་པ་ཞུས་ན་ཡག་ཤོས་རེད། དེང་སང་མགོ་མེད་ཀླད་སྟོང་མང་པོ་ཞིག་གཞོན་ནུའི་མིང་འོག་ནས་རང་བཙན་མི་འདོད་ཟེར་བ་ནི་གཞོན་ནུའི་ཚོགས་པ་ནུས་མེད་བཟོ་བའི་ཐབས་ལམ་ཞིག་རེད། འདིའི་རྒྱབ་ལྗོངས་ལ་དཔྱད་ན་གང་ཞིག་མངོན་ཡོང་།

  24. སྦྲ་དཔལ་ལྡན། says:
    2015-05-19 at 9:28 am

    ལགས་སོ་རྔ་བ་གངས་རི་ལགས། ངོ་མ་སྐད་ཆ་གནད་འགག་ཅན་ཏག་ཏག་བཤད་འདུག རྒྱབ་སྐྱོར་ཆ་ཚང་ཡོད་མེད་དཀོན་མཆོག་གསུམ། ཁ་དྲོ་ལྕགས་ཀྱི་མཆུ་ཏོ་ཅན་དེ་ཚོ་འདི་འདྲ་ཞིག་བཤད་ན་དཀའ་མོ་མེད། ་དེའི་ཕྱིས་། ཀྱོད་ལ་ཁ་དྲོ་བཀྲ་ཤིས།

  25. དམུ་ཐག་གི་བུ་རྒྱུད། says:
    2015-05-19 at 9:44 am

    ཀརྡོ། ཁ་བྲལ་ཟེར་ན་སྐྲག་དགོས་དོན་ཅི་ཡོད། དབུ་ལམ་ཡང་ཁ་བྲལ་རེད་ཟེར་ནས་རྒྱ་རྒན་ཚང་གིས་སྐུ་ཚབ་ཚོ་ཕྱི་ལ་ཕུད་ནས་སྒོ་བརྒྱབ་བཞག་པ་རེད།

  26. ཀརྡོ་གཉེར་ཕྱག་པ་ says:
    2015-05-19 at 11:41 am

    ལགས། ལགས་སོ། ལགས།

  27. ཇུས་ཏོག་ says:
    2015-05-21 at 10:56 am

    ཕོ་གི་བླ་རྩོང་མོ་གི་གཡུ་བཅག་པ་མ་རེད་དམ་།
    དགྲ་དགའ་གཉེན་སྡུག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme