Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།

Posted on 2014-03-012014-03-01 By ཁ་བརྡ་ 6 Comments on གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།

བསྟན་པ་དར་རྒྱས།

སྤྱིར་ལོ་སར་ཟེར་བ་དེ་འཛམ་གླིང་གི་མི་རིགས་སོ་སོས་ཡུལ་དུས་དང་གནས་བབ་ལ་གཞིགས་ནས་རྟེན་འབྲེལ་ལམ་དགའ་སྟོན་བྱེད་ས་ཞིག་ཡིན་མོད། ང་ཚོ་མཐོ་སྒང་བོད་པ་ཚང་ལ་མཚོན་ན་བཙན་པོའི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ “རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས། ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཤམ་པའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་”ཞེས་གསལ་བ་དེ་ནི་བོད་ཀྱི་ལོ་སར་གཏོང་སྲོལ་ཐོག་མ་དེ་ཡིན་པར་སྣང་།
རྗེས་སུ་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་《བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་》དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནས་《བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་》ལ་གཏོང་སྲོལ་བྱུང་ཡོད། དེའི་ཕྱིས་སུ་ས་སྐྱས་བོད་ལ་དབང་བསྒྱུར་བྱེད་སྐབས་《བོད་ཟླ་དང་པོའི་ཚེས་གཅིག་》ལ་གཏན་འབེབས་བྱས་པ་སོགས་འཕེལ་རིམ་སྣ་ཚོགས་ཤིག་བརྒྱུད་དེ་མི་ལོ་ཉིས་སྟོང་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་དུས་ཆེན་གལ་ཆེན་ཞིག་ཡིན།

རྟེན་འབྲེལ་ལམ་དགའ་སྟོན་གྱི་མཛད་སྒོ་དེ་ཡང་མི་ཚང་རེ་རེའམ་མི་བུ་རེ་རེའི་ངོས་ནས་བརྩི་སྲུང་བྱེད་སྲོལ་ཡོད་ནའང་། སྤྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་ད་ལྟའི་བར་དུ་མི་ལོ་ལྔ་ཡི་རིང་ལ་གཞིས་བྱེས་གཉིས་ཀྱིས་སེམས་ཀྱི་ན་ཟུག་མ་ཐེག་པར་ལོ་ནག་སྲུང་བརྩི་བྱེད་དགོས་བྱུང་བ་རེད། ཡིན་ན་ཡང་། མི་རིགས་ཤིག་གི་སྲོལ་རྒྱུན་གྱི་རིག་གཞུང་ལ་འབྲེལ་བ་ཡོད་པའི་དུས་ཆེན་ཁྱད་པར་ཅན་དེ་འདི་ལྟར་ཉམས་རྒུད་དུ་གཏོང་ག་ལ་རུང་། རྒྱུ་མཚན་དེའི་དབང་གིས་ད་ལོ་ནས་བཟུང་སྟེ་ཁུ་སིམ་སིམ་གྱིས་སྲོལ་རྒྱུན་དེ་ལྷར་གསོ་བྱེད་མགོ་བཙུགས་ཡོད་པ་འདྲ། དེ་ནི་འོས་ཤིང་འཚམས་པའི་བྱེད་སྟངས་མ་ནོར་བ་ཞིག་རེད་འདུག་སྙམ་པའི་ཚོར་སྣང་དང་བཅས་ཏེ་གུས་བརྩི་ཞུ་བཞིན་ཡོད།

སྤྱི་ལོ༡༩༩༨ ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་སུམ་ཅུ་ལྷག་གིས་རང་ལུས་མེར་སྲེག་བཏང་བ་འདི་ནི་ཆེས་ཚད་མཐོ་བའི་སྨྲ་བསམ་བརྗོད་འདས་ཀྱི་ལས་འགུལ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་བྱུང་བ་ནས་ཉིན་མ་དེ་རིང་བར་དུ་ས་ཆེན་གོ་ལ་འདིའི་སྟེང་དུ་བྱུང་མ་མྱོང་བའི་ལས་འགུལ་ཞིག་ཀྱང་ཡིན་པ་རེད་མོད། སྒེར་གཅོད་རང་ལུགས་པའི་དབང་སྒྱུར་བ་དག་ལ་ཚོར་བ་གང་ཡང་མེད་པའི་མངོན་གསལ་གྱི་རྣམ་འགྱུར་དེ་ལས། ང་ཚོས་རྟོགས་ཐུབ་པ་ཞིག་ནི་མཚོན་བྱེད་ཅན་གྱི་ལས་འགུལ་གྱིས་རྒྱ་ནག་དམར་པོའི་གཞུང་ལ་གཡོ་འགུལ་གང་ཡང་གཏོང་མི་ཐུབ་པ་དེ་རེད་འདུག་སྙམ། འོན་ཀྱང་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་མང་པོ་ཞིག་མཚོན་བྱེད་ཅན་གྱི་ལས་འགུལ་ཡིན་ཙ་ན་སྣང་མེད་དུ་འཇོག་ག་ལ་རུང་།
དེ་ལྟར་བསམས་ནས་བདག་གིས་ད་ལོ་ནས་བཟུང་སྟེ་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་སར་ཡོད་ཚད་མྱ་ངན་གྱིས་བསུ་རྒྱུའི་དམ་བཅའ་བྱེད་ཀྱིན་ཡོད། སྤྲོ་སྐྱིད་ལྡན་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཅིའི་ཕྱིར་འདི་ལྟར་མྱ་ངན་ལ་བསྒྱུར་དགོས་སོང་བ་རེད། དེ་ནི་རྒྱལ་ཁབ་བཙན་གྱིས་ཕྲོགས་པར་སྙིང་ནད་དྲག་ཏུ་འབར་བས་ཡིན་ལ། སྤུན་ཟླ་དམར་གསོད་བྱས་པའི་ཤ་འཁོན་སེེམས་ན་ཡོད་པས་ཡིན། མ་ཟད་དགྲ་བོའི་གཉའ་གནོན་འོག་གི་སྡུག་བསྔལ་བཟོད་ཐབས་བྲལ་བས་ཡིན། འདི་དག་ནི་ངའི་སྤྲོ་སྐྱིད་ཀྱི་ཉི་མ་ཕྲོགས་པའི་གཤེད་མ་དངོས་དེའོ། །

སྤྱིར་བོད་མི་ཞིག་ཡིན་པ་ཙམ་གྱིས་འགན་འཁྲི་ཉག་གཅིག་ཡོད་པ་དེ་ནི་ད་ལྟའི་བོད་པ་ཚང་གི་གནས་སྟངས་བརྗེད་མི་རུང་བ་དང་། རང་ནུས་གང་ལྕོགས་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ཏེ་རྒྱལ་ཁབ་སྐྱོབས་ཐབས་ལ་འབད་རྒྱུ་དེ་ནི་མེད་དུ་མི་རུང་བའི་འོས་འགན་ཞིག་ཡིན། བདག་ལ་མཚོན་ན་དེང་སྐབས་སློབ་མའི་མིང་ཐོག་ཏུ་བསྡད་ཡོད་སྟབས་ནམ་རྒྱུན་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་གཞི་འདྲ་མིན་ནང་མཉམ་ཞུགས་ཀྱི་ཁོམ་ལོང་ཡང་མ་མཆིས།
ད་ཐེངས་ལོ་སར་གུང་སེང་དང་སྟབས་བསྟུན་ཏེ་ང་དང་ངའི་མི་རིགས་ཀྱི་ཆེད་དུ། ང་དང་ངའི་རྒྱལ་ཁབ་ཀྱི་ཆེད་དུ། གཅེས་པའི་ལུས་སྲོག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་ཕ་མ་དང་། བཟའ་ཟླ། བུ་ཕྲུག གཉེན་ཉེ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཆུ་ཚོད་ ༧༢ རིང་ཟས་བཅད་ཆུ་བཅད་ཀྱི་མྱ་ངན་བྱ་རྒྱུ་ཐག་གཅོད་བྱས་པ་ཡིན། འདི་ཡང་ང་རང་བོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཅི་བྱ་གཏོལ་མེད་དུ་གྱུར་ནས་བྱས་པ་ཞིག་ལས་གཞན་འདི་ལ་ནུས་པ་གང་ཡང་མེད་མོད། དེ་ལྟ་ནའང་། ངས་གདུང་སེམས་མཉམ་བསྐྱེད་བྱེད་ས་དེ་ཚོས་བཙན་བྱོལ་བོད་མི་ཞིག་གིས་འདི་ལྟར་སྐྱབས་བཅོལ་ནས་ལོ་སར་གཏོང་རྒྱུ་གཏན་ནས་དོར་ཏེ། གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་པ་ཤེས་སོང་ན་ང་ལ་དེས་ཆོག །

ཅེས་བོད་རྒྱལ་ལོ་༢༡༤༡ རབ་བྱུང་༡༧ པའི་རབ་གནས་ཤིང་ཕོ་རྟའི་ལོའི་གནམ་ལོ་གསར་ཚེས་ཉིན་དང་། ཕྱི་ལོ་༢༠༡༤ཟླ་༣ ཚེས་༢ ཉིན་བསྒྲགས་པའོ། །

རྩོམ་རིག

Post navigation

Previous Post: ཁྲི་ལོར་ཤོག
Next Post: གཏམ་རྒྱུད་གསེར་གྱི་ཐང་མའི་ཨིན་འགྱུར་ཐོན་པ།

Comments (6) on “གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-03-01 at 4:30 pm

    ཡ་ཡ། གྲོགས་པོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད།

  2. བསྟན་པ། says:
    2014-03-02 at 2:36 am

    ཁྱེད་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ། བཙན་བྱོལ་བ་ཚང་མས་སེམས་གཏིང་ནས་རྣམ་འགྱུར་འདི་འདྲ་ཞིག་གཏོང་ཐུབ་ཚེ། གཞིས་བཞུགས་བོད་མི་ཚོ་སྙིང་སྟོབས་བསྐྱེད་གཞི་ཡིན་ངེས་མོ། འོན་ཀྱང་བཙན་བྱོལ་ན་དྲང་བོ་ལས་རྫུན་མ་བྲིན་པ་དང་། དཔའ་བོ་ལས་སྡར་མ་སྐྱོང་བ། དངོས་དོན་ལས་ཕྲམ་པ་མཁོ་རྐྱེན་དུས་འདིར་རེ་བའི་རེ་བ་ཞིག་ཕྲ་ན་ཡང་། ཁྱེད་ཀྱི་དཀའ་བར་སྤྱད་པའི་རྒྱུ་འབྲས་ཀྱི་འབྲས་བུ་དེ་ནམ་ཡང་སྨིན་ངེས་སོ།

  3. ཤར་ཕྱོགས་ཁུག་རྟ། says:
    2014-03-02 at 10:24 am

    ད་ནངས་ཆུ་ཚོད ༡༡ ཙམ་ལ་སྐྱབས་རྗེ་རྡོ་རྗེ་འཆང་རྣམ་གཉིས་སྐུ་ཚེ་ཞབས་པད་བརྟན་ཆེད་དང་བོད་ཀྱི་བདེན་མཐའ་བསལ་ཆེད་གཙུག་ལག་ཁང་དུ་ཡུལ་སྲོལ་བཞིན་མཆོད་མཇལ་དུ་ཕྱིན། རྡོ་རིང་རྩོད་གཞི་ཅན་དེའི་མདུན་དུ་སླེབས་སྐབས་ཡང་མགོ་ལ་རས་དཀྲི་མཁན་གྱི་ཕོ་གསར་ཞིག་གིས་ཟས་བཅད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་གསར་གྱི་མིན་ཞེས་པའི་འབོད་སྒྲའི་འོག ཁྱམས་འོག་དེ་གར་སྐྱིལ་ཀྲུང་གིས་བཞུགས་འདུག མིག་གིས་ཕར་བལྟས་དུས་ཨ་མདོ་བ་ང་ལ་དགའ་མོས་ཡོད་ཟེར་མཁན་སྔ་མོར་ཐེངས་གཅིག་ཐུག་མྱོང་བ་དེ་རེད། ཡག་པོ་འདུག་དང་མི་འདུག་བཤད་རྒྱུའི་སྤོབས་པ་གང་ཡང་མ་རྙེད་ཀྱང། ”ཨ་རོ་ཁྱེད་འདིར་སྡོད་ནས། ཡ་ཡ་ཟེར་བཞིན་ལག་པ་ཅིག་འཇུས་ཡིན།” ངས་རྩེད་མཚར་གྱིས་གཞིས་བྱེས་མཉམ་འཛོམས་ག་འདྲ་ཞིག་བྱུང་དགོས་ལབ། ཁོང་གིས་་” ཧཧཧཧ ཁྱད་པར་མེད།” ཟེར། གཞན་བྱེད་ཡ་ཅི་གང་མི་འདུག ཨ་མདོ་འདི་ཚོ་འདི་འདྲ་ཞིག་རེད་སྙམ་པ་ཞིག་སེམས་ལ་འཁོར་སྟེ། མཆོད་མཇལ་དུ་ཕྱིན། མཆོད་མཇལ་གྲུབ་སྟེ་ཕྱིར་སླེབས། བདེ་མོ་ལབ་ནས་འགྲོ་མ་ཕོད། བྱེད་ཡ་ཞིག་མི་འདུག ཁ་བཏགས་ཟེར་བོ་ཞིག་ཉོས་ནས་སྐེད་ལ་གཡོགས། ཡང་བསྐྱར་ལག་འཇུ་ཞིག་བྱས། བདེ་མོ་ལབ་སྟེ་ནང་དུ་ལོག མཆོད་མཇལ་བའི་འཚང་ཁ་རྒོད་ཅིང་པང་བསྒྲིགས་ནས་གཙུག་ལག་ཁང་གི་ནང་དུ་ཐར་དཀའ་ཡང། ཁོ་ལ་ལྟ་ཙམ་ལྟ་ཙམ་བྱེད་བཞིན་མི་མང་བྱིངས་མཆོད་མཇལ་ལ་ཕེབས་ནང་དུ་ཕྱིར་ལོག ཁོང་རྡོ་རིང་དེའི་འཁྲིས་སུ་སྐྱིལ་ཀྲུང་ཞིག་བཅས་ཏེ་བཞུགས། ད་དུང་ཁོང་གིས་ཡི་གེ་ཤོག་ལྷེ་གཅིག་གཉིས་ཤིག་ཀྱང་བྲིས་ཏེ་སྦྱར་འདུག་མོད། ཀློག་འདོད་ཡི་ག་ཁྱོན་ནས་མ་བྱུང། ང་ལ་མཚོན་ན་ཕྱི་ལོག་གི་མཐོང་ཐོས་འདི་དག་ནི་བསམ་གཞིག་གིས་ཡུན་རིང་ཕར་འདེད་ཚུར་འདེད་བྱས་རྗེས། མཐའ་མ་དེར་གད་མོ་ཤོར་ཡུལ་ལྟ་བུ་ཞིག་ཆགས་འགྲོ་བ་ནི་བོད་ཀྱི་ད་ལྟའི་གནས་བབ་འདིས་བྱས་པ་འདྲ།།

  4. ཨ་ཕྲུག་ཁ་ནག་ says:
    2014-03-02 at 6:32 pm

    ངས་ནི་ལོ་སར་བྱས་ཡིན། ལོ་རྗེས་མ་ཡང་བསུ་རྒྱུ་ཡིན། ནམ་དཔྱོད་དང་སྤོབ་པ་ཅན་གྱི་བོད་མིའི་མེས་པོ་རྣམས་ཀྱིས་དུས་འགྱུར་གང་མང་ཁྲོད་དཀའ་ལས་བྱས་ནས་ད་བར་གསོན་པོ་ཉར་བའི་སྲོལ་རྒྱུན་གྱི་དུས་ཆེན་ཀུན་མུ་མཐུད་དུ་སྐྱོང་ཆེད་ལོ་སར་བྱེད་རྒྱུ་ཡིན།

  5. བསོད་ནམས། says:
    2014-03-03 at 1:39 am

    ཨ་ཕྲུག་ཁ་ནག་ལགས། ཁྱེད་ཀྱིས་རྒྱལ་གཅེས་དཔའ་བོ་ཚོའི་ཟུངས་ཁྲག་དད་ཞལ་ཆེམས་རྡོག་རོལ་གཏོང་སྟེ་ལོ་གསར་སྐྱིད་པོ་བྱོས་དང་འགྲིགས་ཀི་རེད། ཡིན་ཡང་མི་གཅིག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་འདོད་མེད་ན་ཡང་། དོན་མེད་ལ་དགག་རྒྱག་གནང་གི་མ་དུག

  6. ཡ་མ་ཚེ་རིང says:
    2014-03-03 at 4:45 pm

    ཨ་ཕྲུག་ཁ་ནག རང་གིས་ལབ་སྟངས་ལ་བལྟས་ན་ཁོག་ནག་ཅིག་ཀྱང་ལོས་ཡིན་སྙམ་བྱུང་། སྤྱིར་བཏང་སྐྱིད་སྡུག་གང་གི་སྐབས་ཡིན་ཡང་ལོ་གསར་གཏོང་མིན་སོ་སོ་མི་སྒེར་གྱི་ཐོབ་ཐང་ཡིན་པས། ཁོ་བོས་ཀྱང་དེ་ལུགས་ཀྱི་བརྩི་འཇོག་བྱེད་ཀྱིན་ཡོད། ཡིན་ནའང་། བོད་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ད་ལྟ་རྒྱ་ནག་གི་བཙན་གནོན་འོག་ན། སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཉིན་འགྲོ་ཡང་། མཚན་མི་འཁྱོལ་བའི་གནས་སུ་་ལྷུང་ནས་ཡོད་པས། ཁོང་ཚོ་ལ་གདུང་སེམས་མཉམ་སྐྱིད་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཚོར། རྗེས་སུ་ཡི་རངས་ཞུ་མ་ཐུབ་ཀྱང་མི་འདོད་པའི་རྣམ་འགྱུར་འདྲ་སྟོན་ཁུལ་མ་བྱས་ན་བཟང་། སྲོལ་རྒྱུན་གྱི་ལོ་སར་ཟེར་རུང་བོད་ཟླ་དང་པོའི་ཚེས་གཅིག་ནས་ཉིན་གསུམ་རིང་ཟས་ཞིམ་པོ་ཟོས། ཨ་རག་མང་ཙམ་འཐུང་། ལུས་ལ་གཟབ་མཆོར་སྤྲས་ཤིང་། སོ་སོའི་དགའ་ཉེ་གྲོགས་པོ་ཚོ་ཟས་རིགས་སྣ་ཚོས་ཀྱི་སྡེར་ཁ་བཤམས་ཡོད་པའི་རང་ཁྱིམ་དུ་མགྲོན་དུ་བཀུག་སྟེ། མཉམ་དུ་དགའ་བའི་གླུ་གྱེར་སྐྱིད་པའི་བྲོ་འཁྲབ་བཞིན་བཟའ་བཏུང་ལ་རོལ་རྒྱུ་དེ་ཙམ་རེད། ཁྱེད་རང་གིས་”རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་”དེ་འདྲ་མ་བསྒོམས་ཀྱང་ལོ་སར་ལ་ཟས་གང་ལེགས་ཟ་རྒྱུ་དང་། གོས་གང་ཡག་གྱོན་རྒྱུ་སོགས་ནི་སུས་ཀྱང་གཞར་ཡང་བརྗེད་མི་སྲིད་དོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme