Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Posted on 2011-05-27 By ཁ་བརྡ་ 11 Comments on གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

བོད། ལྷ་ཀླུ་གཉན་གསུམ།
གཅིག

ཞོགས་པ་སྔ་བོ་ཆུ་ཚོད་ལྔ་བ་ཡོལ་ནས་བུ་མོ་ཐར་མ་མཚོས་ངུ་སྐད་ཀྱིས་ང་རང་གཉིད་ལས་སློང་གི་ཡོད། ཕལ་ཆེར་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་མིན་མོད། ཨ་ཕ། ཨ་ཕ་ཟེར་ནས་འབོད་ཀྱི་ཡོད། ངས་ཐོས་མ་ཐག་ཡར་བླངས་དེ་བུ་མོའི་ཉལ་སའི་འགྲམ་དུ་སོང་ནས་རང་གི་ལག་པར་བླངས། མཚམས་རེར་བུ་མོ་ཕྱིར་ངའི་ལག་ནང་ནས་གཉིད་འགྲོ་དུས་ཀྱང་ཡོད། མང་ཆེ་ཤོས་ཤིག་ལ་བུ་མོ་ང་རང་ལས་ཀ་འགྲོ་རོགས་བར་དུ་གཉིད་མི་སད་པ་ཡིན། ལག་ཁྱེར་ཁ་པར་གྱིས་ཅོང་སྒྲ་གྲགས། དུས་ཚོད་སླེབས་འདུག ཡར་ལ་ལོངས།

མཚམས་རེར་མཚན་དཀྱིལ་དུ་བུ་མོ་གཉིད་ལས་སད་དུས་ཀྱང་ཡོད། དེ་དུས་ང་རང་ཡར་བླངས་དེ་བུ་མོ་རང་གི་ལག་ནང་དུ་བཟུང་ནས་ཕར་འགྲོ་ཚུར་འགྲོ་ཆུ་ཚོད་གཅིག་རིང་དུ་བྱེད་དགོས་དུས་ཀྱང་ཡོད། བུ་མོ་འདི་ལོ་གཅིག་དང་ཕྱེད་ལ་སླེབས་རེག་བར་དུ། ང་རང་མཚན་མོ་གཅིག་གི་རིང་དུ་ཡར་བླངས་ནས་མཛའ་མོ་ལ་མཚན་སྲུང་བྱེད་རོགས་བྱས་མ་མྱོང་། ཉེ་དུས་སུ་ཁོ་མོ་སླར་ཡང་བྱིས་པའི་མ་རྒན་ཆགས་ཡོད་དུས། གྲོད་ཁོག་ཆེ་རུ་སོང་འདུག་པ་དེ་མཐོང་དུས་སྙིང་རྗེ་བ་ཞིག་རེད། དེ་ནས་ང་རང་གིས་དྭང་བླང་གིས་བུ་མོ་ཉལ་སར་འཇོག་པ་དང་མཚན་སྲུང་བྱེད་རྒྱུར་ཁས་བླངས་པ་ཡིན།

ཆུ་ཚོད་ལྔ་དང་སྐར་མ་བཞི་བཅུ་ཞེ་ལྔའི་སྟེང་བུ་མོ་གཉིད་ལས་སད་མེད་ཚེ། ཁ་རོག་འོག་ཁང་དུ་ཡོང་ནས་སོ་དཀྲུས། གདོང་དཀྲུས། སྐྲ་ཤད། དེ་ནས་ནང་གི་ཁྱིམ་སྙིགས་ག་རེ་ཡོད་པ་དག་འཁུར་ནས་སྒོ་རུ་བུད། ཤོག་སྙིགས་འཕྱོ་སར་ཤོག་སྙིགས་བླུགས། སྤྱི་སྙིགས་སྤྱི་སྙིགས་འཕྱོ་སར་བླུགས། འགྱིག་དམ་སྟོང་བ་དག་བསྐྱར་བཟོའི་གསོག་སྣོད་དུ་གཡུགས། དེ་དག་གི་རྗེས་སུ་སྐར་མ་གསུམ་རིང་གོམ་པ་བརྒྱབས་པ་ཡིན་ན། སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་ཤིག་ལ་སླེབས་ཀྱི་ཡོད། དེ་ནས་སྤྱི་སྤྱོད་རླངས་འཁོར་དོན་གཉིས་རྟགས་ཅན་ལ་སྐར་མ་བཅུ་དང་བཅོ་ལྔའི་བར་དུ་སྒུག་དགོས་ཀྱི་ཡོད།

མཚམས་རེར་དྲུག་པ་ཡོལ་ནས་སྐར་མ་བཅུ་ལྷག་ཟིན་དུས་ཀྱང་ཡོད། མང་ཤོས་སུ་དྲུག་པ་ཡོལ་ནས་སྐར་མ་ལྔ་དྲུག་ལ་འབྱོར་གྱི་ཡོད། སྤྱི་སྤྱོད་རླངས་འཁོར་ནང་དུ་འཛུལ་ཞོར་ཁ་ལོ་བ་ལ་རང་གི་ཟླ་གཅིག་གི་འཛིན་བྱང་སྟོན་ཞོར་དུ་རང་གི་འདུག་སྟེགས་བཙལ་དུ་འགྲོ་བཞིན་ཡོད། སྤྱི་སྤྱོད་རླངས་འཁོར་དོན་གཉིས་ནང་དུ་སྐར་མ་བཅུ་དང་བཅོ་ལྔའི་རིང་དུ་སོང་ན། ད་གཟོད་འབབ་ཚིགས་གཉིས་པ་ཞིག་ལ་འབྱོར་གྱི་ཡོད།

འབབ་ཚིགས་གཉིས་པ་དེ་ནས་སྐར་མ་བཅོ་ལྔ་བཅུ་དྲུག མཚམས་རེར་ཉི་ཤུ་མ་ཟིན་ཙམ་ལ་སྒུག་དགོས་ཀྱི་ཡོད། སྤྱི་སྤྱོད་རླངས་འཁོར་དེ་མ་སླེབས་བར་དུ། ཐ་མག་རྐང་གཅིག་ལ་མེ་བསྒོས་དེ་དུ་བ་སྔོ་ལྷོག་ལྷོག་གི་ཁྲོད་ནས། མིག་གིས་གཞུང་ལམ་གྱི་སྟེང་གི་རླངས་འཁོར་ཁྱུ་དང་། གཞུང་ལམ་འགྲམ་གྱི་མི་ཚོགས་ཕར་འགྲོ་ཚུར་འགྲོ་དག་ལ་ལྟ་ཞོར་དུ་བསམ་གཞིགས་ཀྱི་དབུགས་རིང་གང་ཞིག་ལ་འཕུད་དེ་འདུག་རྒྱུ་དེ་ནི་ང་རང་གི་གོམ་ལོང་དུ་གྱུར་འདུག

སྤྱི་སྤྱོད་རླངས་འཁོར་རེ་བརྒྱད་ཅིག་རྟགས་ཅན་ཞིག་འབྱོར་ངེས་ཡིན། དེ་ནི་ཐད་ཀར་ང་རང་གི་ལས་ཀ་བྱེད་སའི་རྒྱལ་ས་འདིའི་སློབ་གྲྭ་ཆེ་ཤོས་དེར་འགྲོ་ཡི་ཡོད། སྒོ་འགྲམ་ནས་ཡར་འཛུལ་དུས་བདེ་སྲུང་མི་སྣས་ང་རང་གི་ལག་ཁྱེར་ལ་ཞིབ་གཤེར་བྱེད་པ་དེ་ནི་རྒྱུན་ལྡན་ཞིག་ཡིན། མཚམས་རེར་མི་གསར་བ་རེ་སླེབས་ཡོད་ན་ལག་ཁྱེར་ལ་ཞིབ་དུ་བལྟ་ངེས་ཡིན་ལ། སྒོ་འགྲམ་དེ་ནས་སྐར་མ་གཉིས་གསུམ་རིང་འགོར་ངེས་ཡིན། དེ་མིན་ན་ནམ་རྒྱུན་གྱི་བདེ་སྲུང་བ་དེ་དག་གིས་ང་རང་ངོ་ཤེས་ནས་ཡོད་དུས། ལག་ཁྱེར་མ་སྟོན་པར་ཐད་ཀར་འཛུལ་ན་འགྲིག་གི་ཡོད། ཡིན་ཡང་། རྒྱབ་ཁུག་དུས་རྒྱུན་དུ་བསྔོག་གཤེར་བྱེད་སར་སྟེར་དགོས།

ལས་ཀ་བྱེད་སའི་སྤྱི་ཐབ་ཀྱི་སྒོ་འགྲམ་དུ་འབྱོར་དུས། སྤྱིན་བདག་གི་ཕ་རྒན་ལོ་ན་བདུན་བཅུ་ལས་བརྒལ་བ་ཁོང་འབྱོར་ངེས་ཡིན། ངེད་གཉིས་མང་ཤོས་སུ་ལམ་སྐབས་ནས་སྤྱི་སྤྱོད་རླངས་འཁོར་གཅིག་ལ་འཁེལ་གྱི་ཡོད། ནམ་རྒྱུན་དུ་ངས་སྔོན་ལ་འབྱོར་ཡོད་མཁན་ནི་ཁ་ཆེ་བ་ཨེས་མ་ཡིན། ཁོས་ང་རང་མཐོང་མ་ཐག ཁ་ཆེ་བའི་སྐད་ཀྱི་སྟེང་ནས་ང་ལ་ཞོགས་པ་བདེ་ལེགས་ཞུས་པ་དེར་ངས་ཀྱང་དེ་ལུགས་ཀྱིས་ལན་རེ་འདེབས་ཀྱི་ཡོད། སྤྱིན་བདག་གི་ཕ་རྒན་གྱིས་སྤྱི་ཐབ་ཀྱི་སྒོ་ཕྱེ་ཞོར་དུ་སྒོ་འགྲམ་གྱི་ཁོང་ཚོའི་ཆོས་ལུགས་ཀྱི་གཟུངས་བསྔགས་དེ་ལ་ཁ་རེ་བསྐྱལ་ངེས་ཡིན།

ཁ་ཆེ་བ་ཨེས་མ་དང་ངེད་གཉིས་ཁོས་རྗེས་སུ་སྔ་གཞུག་བྱས་ནས་རང་རང་གི་གོན་པ་བརྗེ་བོ་རྒྱགས་སར་འགྲོ་བཞིན་ཡོད། གོན་པ་བརྗེ་ས་ནས་ང་རང་གིས་སླར་ཡང་སྐྲ་ལ་ཆུ་ཤད་ཅིག་བརྒྱབས་རྗེས་གསུམ་སླས་བརྒྱག་གི་ཡོད། སྐྲ་འདི་རིང་བོ་ཡོད་པས་ཁོང་ཚོས་ང་ལ་དུས་རྒྱུན་དུ་ཁྱེད་རང་གི་སྐྲ་གཏུབ་ན་ཡག་པོ་འདུག་ཞེས་བཤད་ཀྱི་ཡོད། ངས་དེ་ལ་འགྲིག་གི་མ་རེད་ཟེར་བ་ལས་ང་ཚོས་བར་དུ་གོ་བརྡ་ཡག་པོ་ཞིག་སྐད་ཀྱི་ཡོང་གི་མེད།

གོན་པ་བརྗེ་ཚར་ནས་ལས་ཀ་འགོ་འཛུགས་དུས་ཆུ་ཚོད་བདུན་པ་ཟིན་མ་ཟིན་གྱི་བར་ཡིན། ང་རང་གིས་རྒྱུན་ལྡན་ལྟར། འགྱིག་གི་ལག་ཤུབ་གྱོན་རྗེས། ཟས་སྣོད་ཆེ་ཆུང་གསུམ་འཁུར་ནས་ཡོང་དེ་དབུགས་ཐབ་སྒང་དུ་བཞག རེ་རེ་ཡི་ནང་དུ་ཆུ་ཕྱེད་ཙམ་བླུགས། སྐབས་དེ་འདྲ་ཞིག་ལ། ཁ་ཆེ་བ་ལས་རོགས་གཞན་གཉིས་སླེབས་ཀྱི་ཡོད། གཅིག་གི་མིང་ལ་ཨེས་ས་ཟེར་གྱི་ཡོད་ལ། ཁོ་རང་ནི་སྤྱི་ཐབ་ནང་གི་མ་བྱན་གཉིས་པ་ཡིན་པའི་ཁུལ་ཡིན། གཞན་དེ་ཡི་མིང་ལ་ཨ་ཡོས་ཟེར་བ་དང་ཁོ་རང་ནི་གཙང་མ་བཟོ་མཁན་དང་གྲང་ཚལ་རིགས་བཟོ་མཁན་ཡིན། ཁོ་གཉིས་ཀྱིས་ང་ལ་ཁྱེད་རང་བདེ་མོ་ཟེར་ནས་འཚམ་འདྲི་བྱེད་ཀྱི་ཡོད། ངས་ཀྱང་ལན་དེ་ལྟར་དུ་ཞུ་བཞིན་ཡོད་པ་དེ་ནི་ང་ཚོས་ཞོགས་པ་སྔ་བོ་ལས་ཀ་འགོ་འཛུགས་དུས་ཀྱི་དུས་ཚོགས་ཐོག་མ་དེ་ཡིན།

ང་རང་སོང་ནས་འཁྱག་སྣོད་ཁང་ནང་གི་ཚལ་རིགས་དང་ཞོག་ཁོག་གཏུབ་ཟིན་པ་དག་འདྲུད་འཐེན་ཞིག་གི་སྒང་དུ་བཞག་ནས་སྤྱི་ཐབ་ཡོད་སར་ཡོང་ནས། ཞོག་ཁོག་སྤྱི་རྒྱ་བཞི་བཅུ་ལས་བརྒལ་་བའི་ནང་དུ། ཚ། གཡེར་མ། སྒོག་པ། ཁ་ཚ་མངར་མོ། སྣུམ་བཅས་བླུགས་དེ་ཡག་པོ་ཞིག་དཀྲུགས་རྗེས། ལྕགས་གཞོང་བཅུ་གཉིས་ནང་དུ་བླུགས། མི་འགྱངས་པར་ཨེས་ས་ནས་ལྕགས་གཞོང་བཅུ་གཉིས་དེ་དག་ཁོ་རང་གི་བྱ་ཤ་དེ་དག་བསྲེག་ཚར་རྗེས་སུ་གློག་ཐབ་སྒམ་ནང་དུ་འཇུག་ངེས་ཡིན།

བར་སྐབས་དེར། ཨ་ཡོས་ཀྱིས་ང་ཚོ་ལ་འཚིག་ཇ་ནག་པོ་ཕོར་བ་གསུམ་འཁུར་ནས་ཡོང་བ་ཡིན། ངས་གསར་དུ་འབྱོར་མ་ཐག་པའི་བག་ལེབ་ཆུང་ཆུང་ཞིག་གི་ནང་དུ། ཨེས་མ་ཡིས་བཟོ་བཞིནཔའི་སྒོང་ལེབ་ཁྲོད་ཀྱི་དུམ་པུ་བཅད་དེ་ང་རང་གི་ཞོགས་ཟས་ཡིན། དེ་ཡང་འཚབ་འཚུབ་ངང་ཟ་བཞིན་ཡོད། འཚིག་ཇ་འཐུང་ཞོར་དུ་ཐ་མག་རྐང་གཉིས་པ་དེ་ཡི་འགོ་བཙུགས་པ་ཡིན། སྐབས་རེར་ཐ་མག་ཉོ་ལོང་མ་བྱུང་བར་ལག་པར་ཐ་མག་མེད་དུས་སུ་འགྲམ་གྱི་མི་སུ་ལ་ཐུག་ན་དེ་ལ་སློང་གི་ཡོད། ཕྱོགས་གཞན་ཞིག་ནས་ཧིན་སྒོར་གྱི་གོང་ཚད་ལ་བསམ་དུས་སེར་སྣ་ཡང་སྐྱེ་ཡི་ཡོད། ཐ་མག་རྐར་ཐུར་གཅིག་གི་རིན་གོང་ནི་ཧིན་སྒོར་བཅུ་གསུམ་ཆགས་ཡོད། ད་དུང་། ཐ་མག་ཡག་ཤོས་དེ་མིན།

གཉིས།

ཐ་མག་འཐེན་ནས་མ་ཚར་གོང་དེ་འདྲ་ཞིག་ལ་མ་བྱན་ཆེན་མོ་རྗོ་ཤུ་བ་དེ་སླེབས་ངེས་ཡིན། དེ་ཡི་སྔོན་ཏག་ཏག་ལ་མེ་སྤར་མཁན་གྱི་རྗོ་ཤུ་བ་ཆོས་ལུགས་པ་དེ་འབྱོར་ངེས་ཡིན། རྗོ་ཤུ་བ་ཆོས་ཞུགས་པ་ཁོ་རང་གི་ལས་འཁུར་ནི་སྤྱི་ཐབ་ནང་གི་མེ་རྗོ་ཤུ་མ་ཡིན་པའི་སུས་ཀྱང་སྤར་ཆོག་པའི་མེད་པ་ཡིན་དུས། ཁོ་རང་གིས་དེ་ལ་འགན་འཁུར་དགོས་ཀྱང་། ཁོ་རང་ནི་ནམ་རྒྱུན་ཡར་རྒྱུགས་མར་རྒྱུགས་ཀྱི་ཁོམ་གི་མེད་ན་ཡང་། སྐབས་རེར་ཁ་ཆེ་བ་ཨེས་ས་ཡིས་རྐང་བཙུགས་དེ་ཐབ་ལ་མེ་སྤར་ནས་ཁ་ལག་བཟོ་བཞིན་ཡོད་ཀྱང་། ཁོ་རང་ཡོད་དུས་སུ་མི་དེ་ཡོང་ནས་མེ་སྤར་ཡོད་པ་གསད་ནས་སླར་ཡང་སྤར་ངེས་ཡིན། དེ་ཡི་སྟབས་ཀྱིས་ངས་ནམ་རྒྱུན་དུ་ཁོང་ཚོས་ལུགས་སྲོལ་ལ་གུས་བརྩི་བྱེད་ཀྱི་ཡོད། ཡང་ན། མི་ཁོ་དང་། དེ་མིན་ན་མ་བྱན་ཆེན་མོ་གཉིས་ལ་སྤར་དུ་འཇུག་གི་ཡོད། མཚམས་རེར་ཁོ་གཉིས་ཀྱི་སུ་ཡང་ཐབ་ཚང་དུ་མེད་པར་ང་རང་གི་མེ་སྤར་དགོས་པའི་དུས་ཀྱང་ཤར་གྱི་ཡོད། འོན་ཀྱང་། རྗོ་ཤུ་ཆོས་ལུགས་པ་མེ་དང་འབྲས་ཕྱེ་རིགས་གཙང་བཟོ་མཁན་ཁོ་རང་ཕྱིར་སླེབས་པ་ཡིན་ན། ངས་ཁོང་ལ་སླར་ཡང་ཁ་ལ་བཟོ་བཞིན་པའི་བར་ནས་སྤར་དུ་འཇུག་གི་ཡོད། ཁོས་ཀྱང་དེ་ལ་འདོད་པ་ཆེན་པོ་བྱེད་ཀྱི་ཡོད།

ཐ་མག་རྐང་ཐུར་གཉིས་པ་དེ་འཐེན་མཚམས་ནས་གསད་དེ་རང་གི་ཨམ་ཕྲག་དུ་བཅུགས་རྗེས། འབྲས་ཞིག་ཐབ་དུ་བཙོ་དགོས་ཀྱི་ཡོད། དེ་ང་རང་གི་ལས་ཁོ་ན་ཡིན། འབྲས་དེ་ཡིས་ཉི་ཧོང་གི་ཁ་ལག་སོས་ཤིས་ཟེར་ནས་སྐད་གྲགས་ཡོད་པའི་ཟ་མ་དེ་ནམ་རྒྱུན་དུ་ང་རང་མ་གཏོགས་ཐབ་ཚང་དེར་བཟོ་མཁན་སུ་ཡང་མེད། འབྲས་ཐབ་དུ་བཞག་རྗེས། གློག་གི་སྣུམ་སྣོད་ནང་གི་སྣུམ་ཡང་སྔར་ནས་ཚ་བོ་ཆགས་ཡོད་ངེས་ཡིན། དེ་ཡི་ནང་དུ་ཞོག་ཁོག་ལྕགས་གཞོང་གཅིག་བསྲེག སྒོང་ནག་ཚལ་ལྕགས་གཞོང་གཅིག་བསྲེག ལ་སེར་ལྕགས་གཞོང་གཅིག་བསྲེག དེ་ནས་ཁ་ལག་བཟོ་སྣོད་འབྲིང་གཉིས་འཁུར་ནས་འོང་དེ། ཐོག་མར་རེ་རེ་ཡི་ནང་དུ་ཙོང་ལྔ་ནས་བདུན་བར་གཏུབ་ཚར་ཡོད་པ་དེ་དག་བླུགས། དེ་ཡི་རྗེས་སུ་ལྡུམ་སྒོང་དེ་མཚུངས་ཤིག་བླུགས། དེ་ཡི་སྟེང་དུ་བྱ་རྐང་བསྲེག་མ་དྲུག་དང་ཡང་ན་བཅུ་བླུགས། དེ་ཡི་སྟེང་དུ་གོང་དུ་བཟོས་མ་ཐག་པའི་ཚལ་དེ་དག་རེ་རེ་བཞིན་བླུགས་པ་ན། ད་གཟོད་སྟེང་དུ་འབྲས་བླུགས་དེ་བཙོས་པ་ཡིན་ན། ཁ་ཆེ་བའི་ཁ་ལག་སྐད་གྲགས་ཡོད་པ་ཞིག་ཆགས་ཀྱི་ཡོད། ཡིན་ཡང་། ང་རང་གིས་ལས་ཀ་ནི་གྲྭ་སྒྲིག་བཟོ་པ་དེ་ཡིན། རྗེས་སུ་བཙོ་རྒྱུ་དེ་ནི་མ་བྱན་ཆེན་མོའི་འགན་ལེན་གྱི་ཡོད།

སྣོད་ཆེན་པོ་ཞིག་གི་ནང་དུ་ང་རང་ལས་ཀར་འབྱོར་མ་ཐག་ཆུ་ཕྱེད་ཙམ་བླུགས་ཡོད་པ་དེ་ཡི་ནང་ལ། ཚལ་རིགས་སྣ་ཁ་དྲུག་བདུན་རེ་གློག་གི་འཕྲུལ་འཐག་ནང་དུ་བཞག་ནས་གཏུབ་རྗེས་སུ་སྣོད་དེ་ཡི་ནང་དུ་བླུགས་ན། རྗེས་སུ་བྲོ་རྫས་ཁ་སྣོན་གང་བྱེད་དགོས་པ་དེ་དག་མ་བྱན་ཆེན་མོས་བྱེད་ཀྱི་ཡོད་པ་ཡིན། བཤད་ཚུལ་དུ་ཤ་མེད་ཁུ་ཟེར་གྱི་ཡོད་ཀྱང་། ནང་དུ་སྐྱོག་ཤ་ཡོད་མེད་ཚང་མ་བེད་སྤྱོད་གཏོང་གི་ཡོད་ལ། བྲོ་རྫས་ནང་ནས་བྱ་ཁུ་ཡོད་པ་ཞིག་ནམ་རྒྱུན་དུ་ལྡུག་གི་ཡོད་དུས། ངས་ནམ་ཡང་བྲོ་བ་བལྟ་ཐུབ་ཀྱི་མེད་ལ། མ་བྱན་ཆེན་མོས་གང་བཟོས་པ་དེ་དག་ང་རང་གི་གཏན་ནས་ཟ་འདོད་ཀྱང་མེད་པར་གྱུར་འགྲོ་བ་ཡིན། མི་དེ་ལ་གཙང་བཙོག་ཞིག་མེད་ལ། ཁོ་རང་གི་གང་འདོད་པ་ལྟར་བཟོ་བཞིན་ཡོད། སྐྱོག་འདི་ནས་འཁུར། གན་ནས་བླངས། བཟོ་བྱེད་ཀྱི་སྣོད་ལ་ཡང་དབྱེ་བ་མེད་པར་གྱུར་ནས་ཡོད། དངོས་ནས་བཤད་ན་ཐབ་ཚང་དེ་ལ་ཁ་ལག་རེ་རེ་བཟོ་བྱེད་ཀྱི་སྣོད་ཀྱང་སོ་སོ་ཞིག་དགོས་ཀྱི་ཡོད་པ་རེད།

སྐབས་དེ་འདྲ་ཞིག་ལ་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ཡིན་ངེས་རེད། དེ་ནས་འགོ་བཟུང་དེ་ང་རང་ནི་མ་བྱན་ཆེན་མོས་གང་དགོས་གང་བཤད་ལ་ཉན་ནས་ཡར་རྒྱུགས་མར་རྒྱུགས་ཆུ་ཚོད་བཅུ་གཅིག་བར་དུ་བྱེད་དགོས་ཀྱི་ཡོད། མང་ཤོས་ཤིག་ནི་ང་རང་གི་ལས་མ་ཡིན་མོད། ཁོ་རང་གིས་ང་རང་ལ་སྐུལ་བཞིན་ཡོད། ངས་ཀྱང་དེ་ལ་རྩོད་པ་དང་ཁ་ལན་མ་ལོག་པར་ཟ་མ་བརྔོས་སྤྱོར་དང་། ཟ་མ་བཟོ་སྣོད་དཀྲུ་བ་སོགས་བྱས་དེ་འཕྲུལ་བསྐོར་ལྟ་བུའི་དུས་ཚོད་གཉིས་དང་ཕྱེད་ཀ་ཡིན། དུས་ཚོད་གཉིས་དང་ཕྱེད་ཀའི་རྗེས་སུ་ང་ཚོས་ཕྱི་ལ་སྤྲོད་པའི་ཁ་ལག་བསྐྱེལ་ཡུལ་གཉིས་ཀྱིས་ཁ་ལག་བཟོས་ཚར་བ་ཡིན་དུས། ལྷོད་ལྷོད་ཅིག་ཆགས་ཀྱི་ཡོད་པས་ཁུལ་ཡིན་ཡང་། ང་རང་ལ་ལྷོད་ལྷོད་ཆགས་དུས་ཤིག་མེད། དེ་ནས་ང་རང་གིས་ཐོག་ཁང་ང་ཚོས་ལས་ཀ་ལྟེ་བ་བྱེད་ས་དེ་ཡི་ཆེད་དུ་ཞོག་ཁོག་སྣུམ་བསྲེག་དང་བྱ་ཤ་སྣུམ་བསྲེག་བཅས་བཟོ་དགོས་ཀྱི་ཡོད།

ཚར་མ་ཐག ངས་དེ་ཁུལ་གྱི་ཁོར་ཡུག་གཙང་མ་རེག་ཙམ་ཞིག་བཟོས། དུས་ཚོད་མང་ཤོས་སུ་སྐབས་དེ་འདྲ་ཞིག་ལ་ཏན་ཏན་དུས་ཚོད་བཅུ་གཅིག་དང་ཕྱེད་ཙམ་ཡིན། ཨ་ཧོས་ཀྱིས་ང་རང་ཚོ་སྤྱི་ཐབ་ནང་དུ་ལས་ཀ་བྱེད་མཁན་མི་ལྔ་ལ་འཚིག་ཇ་ཞིག་འཁུར་ནས་ཡོང་བ་ཡིན། ང་ཚོས་སྐར་མ་ཁ་ཤས་རིང་དུ་ངལ་གསོ་ཞོར་དུ་འཚིག་ཇ་འཐུང་བ་དང་ཐ་མག་འཐེན་འཕྲོ་དེ་འཐེན་གྱི་ཡོད། ང་རང་ནི་ནམ་རྒྱུན་ཁོང་ཚོས་ལས་ཀྱང་སྔ་བ་ཡིན་ལ། ང་རང་དེ་ནས་གཙང་སྤྱོད་དུ་སོང་ནས་ཕྱིར་སླེབས་རྗེས་སུ། བྱ་ཤ་སྤྱི་རྒྱ་ཉི་ཤུའི་དུས་རྒྱུན་ཐེ་ལན་ཀྲའི་ཁ་ལག་ཞིག་བཟོ་དགོས་ཀྱི་ཡོད། དེ་དག་ཚང་མ་ང་རང་གི་གཏུབ་དགོས་ཀྱི་ཡོད། གཏུབ་ཚར་ན་ད་གཟོད་སྣུམ་བསྲེག་བྱེད་པ་ལ་དུས་ཡུན་ཆུ་ཚོད་གཅིག་ལྷག་འགོར་ངེས་ཡིན།

མུ་འགོད།

མུ་འགོད།

སྣ་ཚོགས།

Post navigation

Previous Post: སེམས་པ་ཐང་མར་བརྡལ་བ།༼ སེམས་འཕྲིན་ཁག་གཉིས་པ། ༽
Next Post: སྔགས་འཆང་རིག་པ་འཛིན་པའི་གཏམ་ཤེས་རབ་ཀྱི་འོད་སྣང༌།

Comments (11) on “གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།”

  1. རྩམ་དགའ། says:
    2011-05-27 at 6:50 pm

    ཨ་ཨ་་་་གྲོགས་པོས་ངོ་མས་དཀའ་ལེ་རྒྱག་གིན་ཡོད་ཚོད་འདུག ང་ཡང་ཕ་རྒན་ཞིག་ལ་ཆགས་སོང་ན་ཡང་ཕ་རྒན་ཞིག་གི་འགྲོ་སྟངས་འདུག་སྟངས་ད་རུང་མི་ཤེས་ཀི ངོ་མས་མི་ཤེས་ཀི་་་་སྐྱག་ལངས་ལ་ཤོར་ཚར་བའི་མི་བུ་ང་འདྲ་བས་ཞ་ཡས་སྐྱོངས་རྒྱུ་དཀའ་གི་ཡ། བུ་ཕྲུག་སྐྱོངས་སྟངས་ལ་ཉམས་མྱོང་ཅན་གྱི་རྒད་པོ་ཁྱོད་ཀྱིས་ལམ་སྟོན་རེ་གནང་བའི་རེ་བ་ཡོད། ཉིད་ཀྱི་རྩོམ་ཡིག་འདི་ལས་ཕ་རྒན་ཞིག་གི་འཚོ་བ་སྐྱེལ་སྟངས་དང་འགན་ཁུར་སྟངས་བཅས་ཅུང་གསལ་ཁ་འདུག་པས་ཡང་ནས་བསྐྱར་དུ་ཀློག་འདོད་བྱུང་སོང་། ཐུགས་རྗེ་ཆེ།

  2. རྨ་ཆུ་སྐལ་བཟང་། says:
    2011-05-27 at 8:08 pm

    ཀླུ་ཡི་སྲས་མོ་ལ་བཀྲ་ཤིས་བདེ་ལེགས་ཞུ།
    རྗེས་མ་དེ་ལྷ་ཡི་བུ་ཞིག་ཡིན་པའི་རེ་བ་ཡོད།
    ཡག་པོ་བྲིས་འདུག་ངོ་མ་སྤྱི་རྒྱལ་ན་ཡོད་པའི་རང་རིགས་སྤུན་ཟླ་ཚོས་འཚོ་བ་སྐྱེལ་སྟངས་དེ་རང་རེད་།།

  3. མེ་ཏོག་དཀར་པོ། says:
    2011-05-28 at 3:34 am

    དངོས་གནས་སྙིང་རྗེ་བ་ཞིག་རེད། ཁྱོད་རང་གི་བུ་མོ་ཆུང་ཆུང་དེ་ལ་སྔར་བཞིན་བྱམས་པོ་བྱེད་རོགས། ད་དུང་ཕྲུ་གུ་གཉིས་པ་དེ་སྐྱེས་ཟིན་པ་རེད་དམ། ཡག་པོ་རེད། སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ལ་ལོངས་སུ་སྤྱོད་རོགས། ལས་ཀའང་ཧུར་ཐག་གནང་གི་ཡོད་བཟོ་འདུག་ཡག་པོ་ཞེ་དྲག་རེད། རང་ཉིད་གང་དུ་གནས་ས་དེར་ལྷག་བསམ་ལྷོད་མེད་གནང་དགོས་རེད།

  4. བདེ་ཆེན། says:
    2011-05-28 at 7:35 am

    དངོས་གནས་ཡག་པོ་བྲིས་འདུག ཁྱོད་རང་ནི་བོད་པའི་ཡར་དཔེ་བལྟ་ས་ཞིག་རེད་འདུག ཐུགས་རྗེ་ཆེ།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2011-05-28 at 9:07 am

    སྤུན་ཟླ་ཁྱེད་ཅག་གིས་སེམས་གསོའི་བསླབ་བྱ་དང་ལེགས་གསོའི་རྟེན་འབྲེལ། སྙིང་གི་འབྲི་ཚིག་དག་འདི་རུ་འཕྱོ་བ་སྙིང་ནས་གུས་མདུད་ཞུ་ལགས། མུ་མཐུད་དུ་ཀློག་གི་ཤོག ད་དུང་། སྤུན་ཟླ་སུ་ཞིག་གཞན་ཡུལ་ན་གང་བྱེད་ཀྱི་ཡོད་མེད་སྐོར་ནས་འདི་ལྟར་ཤུགས་ཆེན་པོས་སྒོ་ནས་གླེང་ཐུབ་པར་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

  6. འགར་ཚེ་རྒྱལ། says:
    2011-05-28 at 1:49 pm

    སྐྱིད་ན་སྡུག་ན་ལམ་ཁ་དེ་རང་གིས་བདམས་ནི་རེད། ང་ཚོ་ཡུལ་གྱར་བ་ཡིན་ནའང་། གནས་བཟོ་བདེ་བོའི་འཚོ་བ་འོས་འཚམ་གྱིས་བསྐྱལ་ས་ཡང་ཡོད་ཡོད་ནི་རེད། ཡིན་ནའང་ང་ཚོའི་བོད་པ་ཚོས་ཆེན་པོ་ཞིག་ལ་ཁ་གདེང་མིག་ཅེར་ནས་རྒྱལ་ཁབ་གཞན་ལ་བྲན་གཡོག་བྱེད་དུ་བཞུར་འགྲོ་བཞིན་ཡོད་པ་རེད། ད་སྐབས་བོད་པ་ཚོས་གཞན་པས་བྲན་གཡོག་ཏུ་བཙན་གྱིས་མ་བཀོལ་ཡང་རང་གིས་རང་བཙན་གྱིས་གཞན་གྱི་བྲན་གཡོག་ལ་བརྫངས་ཀྱིན་ཡོད་ནི་རེད། དཀའ་ངལ་ཡོད་ན་འཚོ་བ་འོས་འཚམ་ཞིག་བསྐྱལ་བ་ལ་བསམ་བློ་ཐོངས་ཟེར་རྒྱུ་ཡིན།

  7. minyak kalsang says:
    2011-05-28 at 2:20 pm

    ལས་རོགས་ཁ་ཆེ་ཚོ་དང་མཉམ་དུ་སོ་སོ་ཡང་ཁ་ཆེར་འགྱུར་ན་མི་འགྲིགས།

  8. ལོ་ལོན་ནས། says:
    2011-05-28 at 2:52 pm

    ཨུན་ཨུན་། ལྷ་ཀླུ་ལགས་། ངའི་དོན་དངོས་སུ་རྩོམས་ཀྱི་སྐོར་ལ་ཅི་ཡང་མི་ཤེས་མོད་། རྩོམ་ཡིག་ཟེར་དུས་འདི་འདྲ་ཞིག་ཡིན་རྒྱུ་རེད་། ཐེང་གཅིག་ཀློག་ཚར་བས་རྗེས་སུ། མིག་གཉིས་བཙུམ་ནས་བསམ་བློ་ཞིག་བཏང་བ་ཡིན་ན་། ཁྱོད་ཀྱི་དབང་མེད་དུ་འཁོར་བའི་ཉིན་རེའི་འཚོ་བ་དེ་གློག་བརྙན་བཞིན་མཐོང་ཡོང་གི་། ཁྱོད་ཀྱི་རྩོམ་ཡིག་དེ་གློག་ཚར་བའི་རྗེས་སུ་སེནས་ནང་ལ་བཤད་མི་ཤེས་བའི་ཚོར་བ་བརྗིད་མོ་ཞིག་བཞག་འདུག།

    ངའི་མི་འཐུད་དུ་བསམ་བློ་བཏང་ན་། དགོང་མོ་ལས་འཚམས་ཡོང་གཅིག་རྗེས་གཉིས་འཐུད་ཀྱི་བཞགས་རྗེས་། སྤྱི་སྤྱོད་རེ་བརྒྱད་རྟགས་ཅནནས་། དོན་གཉིས་རྟགས་རྒྱུད་དེ་། རང་སྒོ་ཁྱིམ་དུ་འབྱོར་དུས་། ཁྱོད་ཀྱི་ལུས་སེམས་གཉིས་ངལ་དུབ་ཀྱི་ཟིན་ཡོད་ན་ཡང་། ཁྱོད་ཀྱི་སྒོ་ཕྱེ་བས་སྒྲ་ལ་བསྟེན་ནས་རང་གི་གཅེས་ཕྲུག་མས་། ་་ཨ་ཕ་་ ་་ཨ་ཕ་་ ཟེར་བཞིན་མཆོང་རྒྱུག་ངང་ཁྱོད་ཀྱི་མདུན་དེར་སླེབས་ཡོང་དུས་། ཁྱོད་ཀྱི་རྒྱབ་ཁུག་དང་སྟོད་གོས་ཕར་གཡུར་ནས་བུ་མོ་ཡར་བླང་དེ་འགྲམ་པར་འོ་ཞིག་བྱེད་ཞོར་ཏུ་རང་གི་ལུས་སྟོད་ལ་སྤྱར་ཞིང་སེམས་ལ་དགའ་བའི་ཚོར་སྣང་ཞིག་གི་ཁྱབ་འདི་ནི་་་་་་་

  9. འདོད་ལྷ་ཁམས་པ། says:
    2011-05-29 at 2:18 am

    ཤུགས་རྒྱོབས། ཤུགས་རྒྱོབས། ལྷ་ཀླུ་ལགས། འཁོར་བ་སྐྱོངས་ན་དཀའ་ལས་རྒྱགས་ལེ་དགོས།
    ཁྱོད་ཀྱིས་རང་གི་་ཉིན་གཅིག་གི་ལས་ཀའི་གོ་རིམ་ནང་ཅི་ཞིག་ཇི་ལྟར་བྱེད་བཞིན་པ་ཁ་གསལ་གོ་བདེར་བཀོད་པ་ལེགས།
    འུ་གཉིས་ཀྱི་ལས་ཀའི་ངོ་བོ་འདྲ་སེ་འདུག་མོད། མི་འདྲ་ས་ནི་ཁྱོད་ཀྱི་ལས་རོགས་དག་ཁ་ཆེ་དང་རྗེའུ་ཤི་རེད་འདུག་ལ། བདག་གི་ལས་རོགས་དག་ནི་མགོ་སེར་ཡི་ཤུ་བ་རྐྱང་། ཡང་ཁྱེད་ནི་ཞོགས་པ་སྔ་བོ་ཚོུད་༥་ནས་ལས་ཀར་ཆས་དགོས་པ་འདྲ་འདུག་ལ། བདག་ནི་ཉིན་གུང་ཚོུད་༡༢་ཐོག་ནས་ལས་ཀ་འགོ་འཚུགས་བཞིན་ཡོད། ལམ་བར་དུ་ལྕགས་རྟ་ཞོན་ནས་སྐར་མ་བཅོ་ལྔའི་ནང་ཚུན་དུ་ལས་ཀ་ལས་ཡུལ་དུ་འགོར་གྱིན་ཡོད། ཁྱོད་་ནི་སྤྱི་སྤྱོད་རླངས་འཁོར་རིམ་པར་བརྒྱུདགདགོས་པར་འདྲ་འདུག
    བྲིས་པ་ལེགས། དགའ་བསུ་ཡོད། འཕྲོ་མུ་འགོད་བྱེད་པར་བསྒུག་ནས་ཡོད།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2011-05-29 at 6:31 pm

    འགར་ཚེ་རྒྱལ། མི་ཉག་སྐལ་བཟང་། ལོ་ལོན། འདོད་ལྷ་ཁམས་པ་བཅས་སྤུན་ཟླ་ཁྱེད་ཅག་གིས་ངའི་ཉིན་རེ་ལས་ཀ་དང་འཚོ་བའི་སྐོར་ཀློག་དུ་ཕེབས་པ་དགའ་ནས་ཡོད། ཁྱེད་ཅག་གིས་ཀྱང་རང་རང་གི་ལས་ཀ་དང་འཚོ་བ་ཡི་སྐོར་ངོ་སྤྲོད་རེ་གནོང་རོགས་ཞུ། དེ་ནས་འུ་ཅག་གིས་རང་གི་མི་རབས་རྗེས་མ་དག་ལ་འུ་ཅག་གིས་རང་རང་གི་འདམ་ག་དང་རང་རང་གི་གནས་སྟངས། རང་རང་གི་ལྡོམ་ལུགས། མི་ཡུལ་གྱི་འཚོ་བ་དང་མངར་སྐྱུར་སོགས་མི་རབས་ཕྱི་མ་དག་ལ་འཇོག་པར་འབད་ཡ།

  11. འདོད་ལྷ་ཁམས་པ། says:
    2011-05-30 at 12:50 am

    ཁ་དཔེར་ལ། མི་དགའ་ན་ཆོས་ཡིན་ཟེར་གི་རེད། ལྷ་ཀླུ་ལགས་ཀྱི་ཡིད་སེམས་སྤྲོ་བའི་ཚུལ་དེར་སླར་ཡང་དགའ་བསུ་ཞུ།
    ལྷ་ཀླུ་ལགས། ཁྱེད་ཀྱི་ལས་ཀ་དེ་ཕལ་ཆེར་མ་ཇེན་ཆེན་མོའི་མ་གཡོག་ཡིན་པ་འདྲ། ཁྱོད་ལ་ནང་ཚགས་གི་སྐད་ཆ་ཅིག་འདྲི། ཁྱེད་ཀྱི་ལས་ཀ་དེར་བདུན་ཕྲག་རེར་གུང་གསེང་ཉིན་ག་ཚོད་ཡོད་རེད། ཡང་ཟླ་བ་རེར་ཁྱོན་བསྡོམས་ཟླ་ཕོགས་ཧིན་སྒོར་ལ་ཕབ་ན་ག་ཚོད་ཅིག་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme