Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནའ་ཤུལ་སྔོགས་འདོན་དཔྱད་ཞིབ་ཀྱིས། །གནའ་བོའི་བོད་ཀྱི་རང་ཞལ་ལྟ། །

Posted on 2009-05-18 By དགེ་རབ་ 12 Comments on གནའ་ཤུལ་སྔོགས་འདོན་དཔྱད་ཞིབ་ཀྱིས། །གནའ་བོའི་བོད་ཀྱི་རང་ཞལ་ལྟ། །

སྤོབས་པ་མཐའ་ཡས།

—————
རང་རེའི་གནའ་བོའི་དུས་ཀྱི་ཞང་ཞུང་གི་རྒྱལ་རབས་དང་བོན་གྱི་ལོ་རྒྱུས་ཡིན་ཟེར་བ་དེ་ཚོ་གནའ་བོའི་ལོ་རྒྱུས་ཀྱི་གྲས་སུ་འཇོག་པའི་དཔང་རྟགས་ཁུངས་སྐྱེལ་འདངས་བ་ཞིག་མེད། ད་ཡོད་ང་ཚོའི་ཡིག་ཐོག་གི་ལོ་རྒྱུས་དེ་ཚོ་ཞང་ཞུང་གི་རྒྱལ་རབས་དང་བོན་གྱི་ལོ་རྒྱུས་རྒྱས་པ་ཡིག་ཆར་འཁོད་པའི་གྲས་རྣམས་དུས་རབས་བཅུ་པའི་གོང་དུ་ཡོད་པའི་དཔང་རྟགས་ཤིག་ཀྱང་རྙེད་མེད། བོན་གྱི་བཀའ་བསྟན་ཡིན་ནམ་བཀར་བརྟེན་ཟེར་བའི་གླེགས་བམ་དེ་ཚོ་ཡང་ལོ་རྒྱུས་ཀྱི་བྱུང་རིམས་དང་ནང་དོན་ཁྱད་ཆོས་གང་ཐད་ནས་དུས་རབས་བཅུ་པའི་གོང་ནས་ཡོད་པའི་ཁུངས་སྐྱེལ་མེད་སྟབས་ང་ཚོའི་བོན་ཀྱི་ལོ་རྒྱུས་དང་ཞང་ཞུང་གི་རྒྱལ་རབས་ཞིབ་འཇུག་པ་ཚོས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ཁུངས་འདེད་ཚུལ་དེ་ཡང་ལྟག་ཆུ་ཆད་པའི་རྫིངས་བུ་བཞིན་དུ་གྱུར་ཡོད། རང་རེའི་ལོ་རྒྱུས་སྨྲ་བ་ཚོས་ཡིག་ཐོག་གི་སྒྲུང་གཏམ་ལྟ་བུ་རེ་བྐླགས་ནས་ངས་འདི་དང་འདི་བྐླགས་པ་ཡིན་ཞེས་ལུང་འདྲེན་དང་ཁ་ཕོ་ག་ཚོད་བསྒྲགས་ཀྱང་སྒྲུང་གཏམ་ལ་སྒྲུང་གཏམ་གྱི་རིན་ཐང་ཞིག་དང་སྒྲུང་ྐློག་པ་པོ་ལ་སྒྲུང་ྐློག་མཁན་གྱི་རིན་ཐང་ཙམ་ལས་ཡར་འཕར་ཐུབ་ཀྱིན་མེད་པ་རེད།
འོ་ན་ཡིག་ཐོག་གི་ལོ་རྒྱུས་ལས་དེ་ཙམ་མ་གཏོགས་ཡིད་རྟོན་རུང་བ་ཞིག་མེད་ན་ད་ནི་ཡི་ཆད་ནས་སྡོད་དགོས་སམ་ཞེ་ན་རྩ་བ་ནས་མིན། དབྱིན་སྐད་དུ་ཨ་ཁེའོ་ལོ་རྗེ (Archaeology ་ཟེར་བའི་གནའ་རྫས་དཔྱད་པའི་རིག་པ་འདི་ནི་སྔོགས་འདོན་གྱི་ལམ་ནས་རྙེད་པའི་དངོས་རྫས་ལ་དཔྱད་ཞིབ་ཀྱིས་དུས་སྐབས་གང་ནས་བྱུང་བ་ངོས་འཛིན་པའི་ཐབས་ཀྱིས་དེ་དང་འབྲེལ་བའི་གནའ་བོའི་མིའི་མི་ཚེ་སྐྱེལ་སྟངས་སོགས་གསལ་པོར་ཤེས་ཐུབ་པའི་རིག་ཚན་ཞིག་ཡིན། ཐབས་ཚུལ་དེ་ལ་བརྟེན་ནས་རང་རེའི་ཕ་མེས་ཚོས་རྨི་ལམ་ཙམ་དུ་ཡང་རྨིས་མ་ཐུབ་པའི་ལོ་རྒྱུས་པའི་གསང་བ་མང་པོ་ཞིག་རྟོགས་ཐུབ་པ་བྱུང་ཡོད། འདས་པའི་མི་ལོ་བརྒྱ་དང་བརྒྱད་ཅུ་ཡས་མས་ཙམ་གྱི་ནང་དུ་གནའ་རྫས་སྔོགས་འདོན་གྱི་རིག་པ་ལ་བརྟེན་པའི་ཤེས་རྟོགས་རེ་རེས་འཛམ་གླིང་གི་མི་ཚང་མ་ངོ་མཚར་བའི་ཚོར་བས་མྱོས་པར་བྱས་པ་ཡང་ཐེངས་མང་དུ་བྱུང་།  ད་ནི་འཛམ་བུ་གླིང་འདིར་ཨ་ཁེའོ་ལོ་རྗེ(Archaeology ་ཟེར་བའི་རིག་པ་འདི་དར་ནས་ལོ་རྒྱུས་ཀྱི་ལྟ་སྟངས་ཁ་ཕྱོགས་ཡོངས་སུ་བསྒྱུར་བའི་དཔེ་མཚོན་ཙམ་དུ་འོག་གི་ལོ་རྒྱུས་དུམ་བུ་ཁ་ཤས་ཤིག་འགོད་འདོད་བྱུང་།
བོར་ཟིན་པའི་གྲོང་ཁྱེར་རྙེད་པ།
ཡུ་རོབ་ལ་མཚོན་ན་ངོ་མཚར་ཆེན་པོ་གཅིག་ནི་འཇར་མན་གྱི་ཚོང་པ་ཧན་རིག་ཤེལ་མན་(Heinrich Schliemann)ཟེར་བ་དེས་གནའ་བོའི་སྒི་རིག་གི་གྲོང་ཁྱེར་ཁྲི་རོའེ(City of Troy)
་མངོན་སུམ་དུ་རྙེད་པ་དེ་རེད། དེ་ནི་གནའ་བོའི་སྙན་ངག་པ་ཧོ་མུར(Homer)་ཟེར་བ་ཞིག་གིས་ཁྲི་རོའེ་ཟེར་བའི་གྲོང་ཁྱེར་དང་ཡུལ་དེའི་རྒྱལ་པོའི་སྐོར་གསལ་ཞིབ་ཏུ་བྲིས་པའི་སྙན་ངག་རིང་པོ་གཉིས་ཡོད་ཅིང་སྔོན་མར་མི་མང་པོས་སྙན་ངག་དེའི་ནང་དུ་བྲིས་ཡོད་པའི་རྒྱལ་པོ་དང་གྲོང་ཁྱེར་དེ་འདྲ་ཞིག་དངོས་སུ་ཡོད་པའི་ཡིད་ཆེས་བྱ་མྱོང་ཡང་རྗེས་སུ་འགྱུར་བ་ཐེབས་ནས་ཚང་མས་དེ་ནི་རྟོག་བཟོ་ཙམ་ཡིན་པར་བསམ་ཡོད། སྙན་ངག་དེ་ལས་སྒི་རིག་གི་ཁྲི་རོའེ(City of Troy)་ཡི་རྒྱལ་སྲས་ཀྱིས་རྒྱལ་པོ་གཞན་ཞིག་གི་བཙུན་མོ་བརྐུས་ནས་ཡོང་བར་རྒྱལ་པོ་གཞན་དེས་ར་མདའ་བཏང་ཞིང་དམག་འཁྲུགས་ཆེན་པོ་ལངས། ཐ་མར་རྒྱལ་པོ་གཞན་དེས་གཡོ་ཐབས་ལ་བརྟེན་ནས་ཁྲི་རོའེ(City of Troy)་ཡི་རྒྱལ་པོ་ཕམ་ཞིང་རང་ཉིད་མ་བཀྲོངས་གོང་དུ་རང་གི་ནོར་རྫས་མང་པོ་ཞིག་ཕོ་བྲང་གི་འོག་ཏུ་སྦས་པ་སུས་ཀྱང་མ་རྙེད་ཚུལ་ཞིག་བྲིས་ཡོད་པ་དེ་རེད། འཇར་མན་གྱི་ཚོང་པ་ཧན་རིག་ཤེལ་མན(Heinrich Schliemann)་ཆུང་ངུའི་དུས་སུ་སྙན་ངག་དེ་ཐོས་ནས་བཟུང་དེ་ནི་དངོས་བདེན་ཡིན་པར་ཡིད་ཆེས་བྱས། རྗེས་སུ་ཚོང་ལམ་འགྲོ་བྱུང་ནས་འགྲོ་གྲོན་རང་ངོས་ནས་གཏོང་ཐུབ་པར་གྱུར་རྗེས་རང་ཉིད་དངོས་སུ་ཡུལ་དེ་འཚོལ་དུ་ཕྱིན།  ཧི་ཟར་ལིག་ཟེར་བའི་རི་ཏེའུ་ཤིག་གི་འགྲམ་ནས་གནའ་ཤུལ་དེ་དངོས་སུ་རྙེད་ཅིང་སྔོགས་འདོན་བྱས་པ་བརྒྱུད་ཐ་མ་༡༨༧༣ལོའི་ཟླ་༦པའི་ཚེས་༡༥ཉིན་ཁྲི་རོའེ་ཡི་ཕོ་བྲང་གི་འོག་ཏུ་སྦས་པའི་ནོར་རྫས་རྣམས་ཀྱང་རྙེད་ནས་ཁྲི་རོའེ་ཡི་རྒྱལ་མོ་ཐ་མ་ཧེ་ལེན Helen ་གྱི་རྒྱན་ཆ་རྣམས་རང་གི་སྐུ་ཟླའི་ལུས་ལ་དངོས་སུ་སྤྲས་པས་འཛམ་གླིང་གི་མི་ཚང་མ་ངོ་མཚར་བར་བྱས། དེའི་སྐོར་ཞིབ་པར་འབྲེལ་ཐག་འདི་ལས་གཟིགས་རོགས། http://en.wikipedia.org/wiki/Heinrich_Schliemann
རྒྱལ་པོའི་བང་སོ་བསྔོགས་པ།
ཨི་རྗིབ་ཀྱི་ཡུལ་ནེལ(Nile)་གཙང་པོའི་རྒྱུད་ཀྱི་ལུང་པ་ཞིག་ཏུ་གནའ་བོའི་ཨི་རྗིབ་ཀྱི་ཕ་རའོ(Pharaos)་རྒྱལ་རྒྱུད་ཀྱི་བང་སོ་ཧ་ཅང་མང་པོ་ཡོད་སྟབས་ལུང་པ་དེའི་མིང་ལ་ཡང་རྒྱལ་པོའི་ལུང་པ་རུ་འབོད། གནའ་བོའིཨི་རྗིབ་པ་ཚོས་རྒྱལ་པོའི་བང་སོའི་ནང་དུ་རྒྱལ་པོ་དབང་བའི་ནོར་རྫས་མང་པོ་སྦས་སྲོལ་ཡོད་ཀྱང་སྦས་རིམ་བཞིན་དུ་རྐུན་མ་སླེབས་ནས་བང་སོ་མང་ཆེ་བ་རུ་ནོར་རྫས་གང་ཡང་ལུས་མེད། དབྱིན་ཇི་བ་ཧ་ཝ་སྒྲི་ཁ་ཁྲ(Howard Carter)་ཟེར་བ་དེས་༡༩༢༢ཟླ་བ་༡༡ པའི་ཚེས་བཞི་ནས་མགོ་ཚུགས་ཏེ་མི་ལོ་སུམ་སྟོང་གི་གོང་དུ་སྦས་པའི་ཨི་རྗིབ་ཀྱི་རྒྱལ་པོ་སྐད་གྲགས་ཆུང་བ་ཁྲུ་ཁྲིན་ཁ་མུན(Tutankhammun)་གྱི་བང་སོ་ལ་ཆོམ་རྐུན་གྱི་ཉམ་ཆག་མ་བཟོས་པ་དངོས་སུ་རྙེད་ཅིང་ཁང་མིག་མང་པོ་གང་བའི་ནོར་རྫས་ཀྱི་གཏེར་ཆེན་པོ་དང་། ལག་ཤེས་ཐོན་རྫས། རིག་གཞུང་དངོས་རྫས་འབོར་ཆེན་ཡོད་པའི་དངོས་ཆས་ཕྲ་མོ་ཙམ་ཡང་བོར་སྟོར་མ་བྱུང་བར་ད་ལྟ་ཡང་ཨི་རྗིབ་ཀྱི་རྒྱལ་ས་ཁེ་རོའི་འགྲེམ་སྟོན་ཁང་དུ་བཞག་ཡོད། དེའི་སྐོར་ཞིབ་པར་འབྲེལ་ཐག་འདི་ལས་གཟིགས་རོགས། http://en.wikipedia.org/wiki/Howard_Carter
གནའ་མིས་རྒྱ་མཚོ་བརྒལ་བར་ལག་ལེན་གྱི་དཔང་རྟགས་ཁུངས་སྐྱེལ་བསྟན་པ།
ནོར་ཝེ་བ་ཐོར་ཧེ་ཡར་སྒྲལ(Thor Heyerdahl)་ཞེར་བ་ཞིག་གིས་ཞི་བདེ་རྒྱ་མཚོའི་གླིང་དུ་ཆགས་པའི་ཕོ་ལི་ཉེ་ཤི་ཡའི(Polynesia)་མི་རིགས་དང་ལྷོ་ཨ་མེ་རི་ཁའི་མི་རིགས་གཉིས་ལ་འདྲ་ས་ཧ་ཅང་མང་པོ་ཡོད་པ་དང་། ཕོ་ལི་ནེ་ཤི་ཡའི(Polynesia)་གནའ་བོའི་སྒྲུང་གཏམ་དུ་ཁོང་ཚོའི་མི་རིགས་འདི་ཐོག་མར་ཁྲི་ཁི(Tiki)་ཟེར་བའི་ལྷ་ལྟ་བུའི་མི་ཞིག་གིས་སྣེ་ཁྲིད་དེ་ཤར་ཕྱོགས་ནས་རྒྱ་མཚོ་བརྒལ་ཏེ་སླེབས་ཚུལ་གྱི་སྒྲུང་ཞིག་ཡོད་པ་དང་། ལྷོ་ཨ་མེ་རི་ཁའི་ཕི་རུ་ཕྱོགས་སུ་རྒྱལ་པོ་ཁོན་ཁྲི་ཁི(Kon-Tiki)་ཟེར་བ་ཞིག་དམག་འཁྲུགས་ལས་ཕམ་སྟབས་རང་གི་ཉེ་འཁོར་རྣམས་ཁྲིད་ནས་ནུབ་ཕྱོགས་ཀྱི་རྒྱ་མཚོར་གདུང་གྲུར་ཞུགས་ནས་བྲོས་པ་ནས་བཟུང་སུས་ཀྱང་མཐོང་མེད་པའིགཏམ་རྒྱུད་ཅིག་ཡོད་པ་གཉིས་འདྲ་བར་བརྟེན་ནས་ཁོང་ཚོའི་མི་རིགས་འདི་ལྷོ་ཨ་མེ་རི་ཁ་ནས་ཆད་ཚུལ་བསྒྲགས། ཡིན་ན་ཡང་གནའ་བོའི་དུས་སུ་ལྷོ་ཨ་མེ་རི་ཁར་གྲུ་གཟིངས་ཚད་ལྡན་བཟོ་བསྐྲུན་གྱི་ལག་རྩལ་མེད་སྟབས་ཞི་བདེ་རྒྱ་མཚོ(Pacific)་དང་ཨ་ཁྲི་ལན་ཏྲིག(Atlantic)་ལྟ་བུའི་རྒྱ་མཚོ་ཆེན་པོ་བརྒལ་ཐུབ་པར་སུས་ཀྱང་ཡིད་ཆེས་མ་བྱས། ཡིན་ན་ཡང་གནའ་བོའི་དུས་སུ་ལྷོ་ཨ་མེ་རི་ཁར་གདུང་གྲུ་བཟོ་སྲོལ་ཡོད། གདུང་གྲུ་ནི་སྡོང་དུམ་མང་པོ་ཐག་པས་ལྷན་དུ་སྦྲེལ་ནས་ཆུ་ཁར་གཡེང་དུ་བཅུག་ནས་འགྲོ་བ་ཡིན་ཞིང་རང་རེ་བོད་ཀྱི་གཙང་པོའི་ཁར་སྡོད་མཁན་ཚོས་ཀྱང་དེ་བཟོ་སྲོལ་ཡོད། ཐོར་ཧེ་སྒྲལ(Thor Heyerdahl)་གྱིས་གདུང་གྲུ་ལ་བརྟེན་ནས་རྒྱ་མཚོ་ཆེན་པོ་བརྒལ་ཐུབ་པའི་ཁུངས་སྐྱེལ་ཆེད་རང་ཉིད་ཀྱི་གདུང་གྲུ་ཞིག་བཟོས་ནས་དངོས་སུ་ལྷོ་ཨ་མེ་རི་ཁ་ནས་ཞི་བདེ་རྒྱ་མཚོ(Pacific)་དང་ཨ་ཁྲི་ལན་ཏྲིག(Atlantic)་གི་རྒྱ་མཚོ་བརྒལ་དེ་ཕོ་ལི་ནེ་ཤི་ཡར(Polynesia)་བདེ་བླགས་ངང་འབྱོར་བས་ཚང་མ་ཧང་སངས་བ་བཟོས།
དེ་བཞིན་ཨི་རྗིབ་དང་ལྷོ་ཨ་མེ་རི་ཁའི་བར་དུ་ཡིད་ཆེས་དད་མོས་དང་ལག་ཤེས་སོགས་ལ་འདྲ་བའི་ཆ་མང་པོ་མཐོང་ཡང་གནའ་དུས་སུ་ཨི་རྗིབ་ལ་འདམ་རྩྭས་བཟོས་པའི་གྲུ་མ་གཏོགས་མེད་པས་ཐོར་ཧེ་སྒྲལ་གྱིས་འདམ་རྩྭས་བཟོས་པའི་གྲུས་རྒྱ་མཚོ་ཆེན་པོ་བརྒལ་ཐུབ་པའི་ཁུངས་སྐྱེལ་ཆེད་དུ་འདམ་རྩྭས་བཟོས་པའི་གྲུ་ལ་བརྟེན་ནས་ཨ་ཧྥ་རི་ཁའི་མཚོ་འགྲམ་ནས་རྒྱ་མཚོ་བརྒལ་ཏེ་ལྷོ་ཨ་མེ་རི་ཁའི་བར་དུ་བསྐྱོད་ཅིང་ཆེས་གནའ་བོའི་མིས་རྒྱ་མཚོ་ཆེན་པོ་བརྒལ་ནས་འགྲུལ་བཞུད་བྱ་ཐུབ་པའི་དཔང་རྟགས་ཁུངས་སྐྱེལ་གཙང་མ་ལག་ལེན་གྱི་སྟེང་ནས་བསྟན་པ་རེད། དེའི་སྐོར་ཞིབ་པར་འབྲེལ་ཐག་འདི་ལས་གཟིགས་རོགས། http://en.wikipedia.org/wiki/Thor_Heyerdahl
མཚོ་གཏིང་ན་ལོ་རྒྱུས་རྒྱུ་ཆའི་གཏེར་མཛོད་ཡོད།
༡༩༦༥ ལོ་ནས་བཟུང་ཇ་མའེ་ཁའི(Jmaica)་གཞུང་གི་རེ་སྐུལ་བཞིན་གནའ་རྫས་དཔྱད་རིག་པ་རོ་སྦུར་ཁྲི་མར་ཁི་སིས(Robert Marx)་སྣེ་ཁྲིད་དེ་༡༦༩༢ ལོར་ས་འགུལ་གྱིས་གོད་ཆག་ལ་བརྟེན་ནས་མཚོ་འོག་ཏུ་བསྣུབས་པའི་ཇ་མའེ་ཁའི་གྲོང་ཁྱེར་ཕོར་ཁྲི་རོ་ཡལ(Port Royal)་གྱི་རྟེན་དང་བརྟེན་པར་བཅས་ལ་འཚོལ་མྱུལ་ཞིབ་འཇུག་བྱེད་མགོ་ཚུགས་ཤིང་ལོ་བརྒྱ་ཕྲག་དུ་མའི་གོང་ནས་མཚོ་འོག་ཏུ་ནུབ་པའི་གྲོང་ཁྱེར་དེའི་རྟེན་དང་བསྟེན་པར་བཅས་པ་ལས་དུས་སྐབས་དེའི་ལོ་རྒྱུས་དཔྱད་གཞིར་རུང་བའི་དངོས་རྫས་གྲངས་མེད་རྙེད་ཀྱིན་ཡོད། དེའི་སྐོར་ཞིབ་པར་འབྲེལ་ཐག་འདི་ལས་གཟིགས་རོགས། http://en.wikipedia.org/wiki/Port_Royal

༡༦༢༨ལོར་སི་ཝི་སྒྲིན(Sweden)་གྱི་སི་ཏྲོག་ཧམ(Stockholm)་གྲུ་ཁ་དང་ཐག་སར་མཚོ་གཏིང་ཏུ་ནུབ་པའི་གྲུ་གཟིངས་ཤིག་༡༩༦༡ ལོར་མཚོ་ཁར་བཏོན་ནས་འགྲེལ་སྟོན་ཁང་དུ་བསྐྱལ་ཡོད་པ་སོགས་ལས་འདས་པའི་དུས་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆ་ཚད་མེད་པ་ཞིག་རྙེད་ཀྱིན་ཡོད། དེའི་སྐོར་ཞིབ་པར་འབྲེལ་ཐག་འདི་ལས་གཟིགས་རོགས། http://en.wikipedia.org/wiki/Vasa_(ship)
མཇུག་བསྡུ་བ། ལོ་རྒྱུས་སྨྲ་བའི་རྒྱལ་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིག་པའི་གནོད་པ་མེད་ཅིང་། ཞེས་དང་། སྟོན་པ་ཤཀྱ་ཐུབ་པ་བཞུགས་པའི་དུས་སུ་ཡང་། ལུང་རྣམ་འབྱེད་ལས་བོད་ཅེས་གསུངས་ཡོད་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལས། འཕགས་པ་བོད་ལ་སོགས་པ་རྣམས། སོགས་གསུངས་ཡོད་པ་སོགས་ལས་ཤེས་ཐུབ་པ་ཞིག་ནི་བོད་ལ་གནའ་བོའི་ལོ་རྒྱུས་རིང་པོ་ཞིག་དང་རང་གི་ཕ་མེས་ཚོས་མཐོ་སྒང་འདིར་ཁྱིམ་གཞིས་བསྐྲུན་ཚུལ་དགའ་བའི་གད་མོ་དང་སྐྱོ་བའི་མིག་ཆུ་འདོན་ནུས་པའི་རྒྱུ་ཆ་ཚང་མ་ས་ཆེན་པོའི་འོག་ཏུ་གཟིམས་ཡོད་པ་ཤེས་དགོས། སྟབས་མ་ལེགས་པ་ཞིག་ལ། ས་ཁམས་དང་། ཆབ་སྲིད། གོམས་གཤིས་སོགས་འགོག་རྐྱེན་མང་པོ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་སྔོག་འདོན་གསར་རྙེད་ཀྱི་གྲངས་འབོར་འདིས་ནམ་ཡང་ཚིམ་པ་སྐྱེད་ཐུབ་པ་ཞིག་མིན། ད་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་དེ་ཚོ་འགྲེམ་སྟོན་ཁང་དུ་གདན་འདྲེན་པ་ལ་མི་ཤུགས་དང་རྒྱུ་ཤུགས་གང་འདོན་དགོས་ཀྱང་ཕངས་པ་མེད་པར་གཏོང་འོས་པ་ཞིག་ཡིན།

དཔྱད་རྩོམ།

Post navigation

Previous Post: ང་ན་ནིང་ལས་ད་ལོར་སྐྲག
Next Post: ཨ་སྒོར་ཁྲི་བཞི་འདུག བོད་ལ་ཕན་པའི་བྱ་བ་གང་ཞིག་ལ་བེད་སྤྱོད་གཏོང་དགོས་མིན་བསམ་འཆར་ཤོད་རོགས

Comments (12) on “གནའ་ཤུལ་སྔོགས་འདོན་དཔྱད་ཞིབ་ཀྱིས། །གནའ་བོའི་བོད་ཀྱི་རང་ཞལ་ལྟ། །”

  1. ཟླ་བ་གཞོན་ནུ། says:
    2009-05-19 at 2:05 am

    སྤོབས་པ་མཐའ་ཡས་ལགས་ནས་མུ་མཐུད་དུ་འདི་འདྲའི་རིགས་སྤེལ་བར་མཁྱེན།

  2. བདེ་འབྱུང་། says:
    2009-05-19 at 9:43 am

    ཧ་ཅང་ཡག་པོ་བྲིས་འདུག དཔེ་མཚོན་ཁག་ཀྱང་སྙན་པོ་འདུག ཡིན་ནའང་བོན་རིན་པོ་ཆེ་རྣམས་ཀྱི་ལྐུགས་པ་འུ་ཚུགས་རང་བརྒྱབ་ནས་ཁ་མི་ཉན་གི ཁོང་ཚོ་ལ་མི་ལོ་ཁྲི་བདུན་ཡན་གྱི་ལོ་རྒྱུས་དང་རིག་གནས་ཡོད་ཟེར། དངོས་སུ་སྟོན་རྒྱུ་ནི་ཅང་མ་རིག་ཐེ།

  3. བཀྲ་ཤིས་ says:
    2009-05-19 at 10:18 am

    ཁ་ནས་ལོ་རྒྱུས་ཟེར་གྱིན་དོན་དུ་རང་རྒྱུད་སྟོན།
    བསམ་པ་འདྲེ་ལ་དམིགས་ཅིང་བརྡུང་རྒྱུ་རྔ་གོག་ལྟར།
    ལ་ལར་འུར་བསྟོད་སྒྲོགས་ཅིང་ལ་ལར་སྨད་ཚིག་འབེབས།
    ཡབ་མེས་གཞུང་ལ་ལྡོང་ཅིང་གཞན་རྗེས་སྤྲེལ་ལད་བཀྲམ།

  4. ཀུན་གསལ་ says:
    2009-05-19 at 11:43 am

    ས་སྐྱེས་རྡོ་སྐྱེས་ཀྱི་གནའ་བོའི་བོད་མིའི་ཐུན་མིན་ཆོས་རིག་གོམས་གཤིས་དང་བཅས་པ་དུས་རབས་བདུན་པ་ནས་བཟུང་མུ་མཐུད་ང་ཚོ་བོད་པ་ཚོས་རྩ་མེད་བཟོས་བསྡད་པ་ཡིན་ཙང་ད་དུང་སྟོན་རྒྱུ་ཞིག་ལྷག་སྲིད་དམ། དེ་ནི་རང་མགོ་ཆུ་བླུག་གམ་ཡང་ན་བོད་པ་ཚོའི་རང་བྱས་རྣམ་སྨིན་ལས་གཞན་གང་ཡང་མིན།

  5. རླུང་སྐོར་ནག་པོ། says:
    2009-05-19 at 12:18 pm

    གྲོགས་པོ་ཀུན་གསལ།   ད་འགྲིག་གི་པ།    ཞོགས་དུང་དང་སེང་རྡོར་གྱིས་བཤད་བཤད་བྱས་བསྡད་ན་ཆོ་གེ་ཨེ་ཡོད། བོད་རྒུད་པའི་རྩ་བ་ནང་ཆོས་མ་རེད་ལ། ༧སྐྱབས་མགོན་རིན་པོ་ཆེའི་བྱམས་བརྩེའི་བཀའ་སློབ་ཚོ་ཡང་མ་རེད། དེ་ལས་ལྡོག་སྟེ་དེང་སང་བོད་ཟེར་བ་འདི་རྒྱལ་སྤྱིའི་མིག་མདུན་ན་ཤི་མེད་པ་དེ་ནང་ཆོས་དང་། སྐྱབས་མགོན་རིན་པོ་ཆེའི་བྱམས་བརྩེའི་བཀའ་སློབ་ཚོའི་སྐུ་དྲིན་རེད། ཡང་གཅིག་བཤད་ན་རྒྱལ་སྤྱིའི་ཐོག་བོད་ཀྱི་ནང་ཆོས་ལ་གདེངས་འཇོག་དང་བརྩི་མཐོང་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མི་ཞིག་གིས་རང་ཤ་བཅད་ནས་ཁྱིའི་སྔུན་ལ་གཡུག་ན་དེ་གསར་བརྗེ་ཞིག་ཡིན་ནམ། དེ་གསར་བརྗེ་མ་རེད་ཅོལ་ཆུང་རེད། ཨ་དྲིན་ཆེན་པོ། ཆོས་མ་ཞུས་མཁན་ཞིག་གིས་འདི་འདྲ་བཤད་རུང་མི་འགྲིག་པ་མེད་མོད་ཁྱོད་ཀྱིས་འདི་འདྲ་བཤད་མི་རུང་། ལྟ་ལོག་དང་དམ་ལོག་ཟེར་བ་འདི་མིང་ཡག་པོ་ཞིག་མ་རེད། མིང་འདི་རང་ལ་འདོག་ཏུ་མ་འཇུག    ད་ཚོད་འཛིན་རོགས་ཞུ། དོལ་རྒྱལ་གྱིས་ང་དགེ་ལྡན་པའི་དམ་སྲི་ཡིན་ཟེར་དོན་ཡང་གསོལ་མཁན་ཚོའི་སྙིང་ལ་ཞུགས་ཏེ་འདི་འདྲ་ཁ་ནས་བཤད་ཅིང་ལག་པས་ལས་ཀྱི་ཡོད་པའི་དབང་གིས་རེད། འུ་གཉིས་ལ་ཇ་ཕོར་བ་འགའ་རེའི་འབྲེལ་བ་ཡོད་པས་གྲོགས་པོ་ནང་ཚགས་ཀྱི་སྙིང་གཏམ་ཡིན། ངས་ཁྱོད་ལ་ཁ་པར་ཞིག་ཀྱང་གཏོང་དགོས་བསམ་ཡོད་མོད་ལེ་ལོ་ཆེ་བས་ད་བར་ལྷག་སོང་། གྲོགས་པོའི་ཁ་ལ་ཉོིན་དང་ཡག་གི་རེད། སྨྱུག་ཁ་རྒྱ་ཕྱོགས་ལ་སྐོར། ཡབ་མེས་སྐུ་དྲིན་ཅན་ཚོས་མིག་ནང་ལ་ཁབ་གཙག་མ་བྱེད། དེ་རིང་འདི་ཙམ་ཡིན། ད་དུང་མ་ཉན་ན་རྗེས་ནས་རྒྱས་ཙམ་འབྲི་ཤོར་དུས་གྲོགས་པོའི་ལ་རྒྱ་བརྩི་གི་མི་འདུག་མ་ཟེར་ཨ།

  6. དགེ་འདུན་རབ་གསལ་ says:
    2009-05-19 at 12:47 pm

    ངས་སྐད་ཆ་གསུམ་བཤད་འདོད་བྱུང་། ཐོག་མ་དེ་ལ་མཆན་འདེབས་མཁན་ཚོས་དགོངས་པ་དཀྱེལ་ཡངས་ཀྱིས་ཚིག་མཚོན་འདེབས་པ་ཇེ་ཉུང་དུ་བཏང་བའི་ཚོར་བ་ཞིག་བྱུང་། དེ་ལ་དགའ་བསུ་ཞུ་འོས་པ་རེད་བསམས་བྱུང་།
    དེ་ནས། སྤོབས་པས་ཡ་མཚན་དངོས་བྱུང་གི་གཏམ་རྒྱུད་ལྟ་བུའི་དངོས་བྱུང་གི་ལོ་རྒྱུས་འདི་དག་ཁུངས་དང་བཅས་པ་བཀོད་པ་ལ་དགའ་བསུ་ཞུ་བ་ཡིན། ང་ཚོ་ཀློག་མཁན་དག་ལ་བློ་སྐྱེད་གསར་པ་རེ་བྱིན་བྱུང་།
    དེ་ནས། ད་བར་དུ་བོད་ཀྱི་གནའ་རྫས་བརྟག་དཔྱད་བྱས་རབས་ཀྱི་ལོ་རྒྱུས་དང་རྩོམ་རིག་ནི་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་ཁག་ནས་རྒྱུན་མ་ཆད་པར་མཐོང་རྒྱུ་འདུག་བསམས་བྱུང་། ཆབ་སྲིད་ཀྱི་དགོས་དབང་དགོས་པ་རྒྱུ་མཚན་དུ་བྱས་པ་གང་འདྲ་ཡིན་ན་ཡང་། འདིའི་རིགས་མང་པོ་ཞིག་མཐོང་བྱུང་བསམས། འོན་ཀྱང་ཡིག་ཆ་ལག་སྣེ་ན་མེད་བརྟེན་འདི་དང་འདི་ཞེས་གསལ་ཁ་འདོན་ཐུབ་མ་སོང་། གོའུ་གེལ་ཞེས་པ་བརྒྱུད་ནས་གཅིག་བཙལ་བ་ཡིན། མང་པོ་དང་མང་པོ་འདུག་ཡ། གཤམ་གྱི་འདི་ཡང་གཅིག་རེད།
    http://www.capdtc.org/en/en-xzwhbhfz/en-whbh-sjyc/t20060727_136563.htm
    བོད་འདིའི་དཔོན་པོ་རྒྱ་ཡིས་བྱས་སྟབས། ང་ཚོ་ལ་རང་དབང་དང་རང་འདོད་ཀྱི་ཐོག་ནས་འདི་དག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཐབས་མེད་པ་ནི་མེད་མུག་འདོན་མི་འོས་པའི་རྒྱུ་རྩ་དེ་རེད་དྲན།

  7. ཀུན་གསལ་ says:
    2009-05-19 at 5:33 pm

    དྲ་གྲོགས་རླུང་སྐོར་ནག་པོ་ལགས། དེང་སང་མི་ཁ་ཤས་ཀྱིས་གཞན་གྱི་སྐད་ཆ་གང་ཞིག་རང་བློར་མ་ཤོང་པ་ཙམ་གྱིས་གོང་ནས་༧རྒྱལ་བ་དོན་གྱི་བདག་པོའི་མཚན་བེད་སྤྱོད་དང་འོག་ནས་དོལ་རྒྱལ་སོགས་ཀྱི་སྐྱོན་ཁག་དཀྲི་ཐབས་བྱེད་པ་ནི་རིག་ལམ་གྱི་བགྲོ་གླིང་ཞིག་མ་ཡིན་པར་ཅོལ་ཆུང་བྱིས་པའི་འཁྲུག་འཛིང་ལས་ཀྱང་རིན་ཐང་ཞན་པ་ཞིག་ཡིན་པར་མཁྱེན་རྒྱུར་གལ་གནད་ཆེ། དེ་ནི་ཁྱེད་ཀྱི་ཇ་ཕོར་འབྲེལ་བའི་སྙིང་གཏམ་ཙམ་མ་ཡིན་པར་མི་རིགས་རིག་གཞུང་གོམས་སྲོལ་དང་བཅས་པ་འབྲེལ་བའི་ལ་རྒྱའི་བདེན་གཏམ་ཞིག་ཡིན།
    ལར་ནས། ཕ་རོལ་འདོད་པར་མ་རྟོགས་པར། དགག་པའི་ཉི་མ་འཆར་མི་སྲིད། ཅེས་པ་ལྟར་གཞན་གྱི་བྲིས་དོན་ལ་མི་བལྟ་བར་གང་ཤར་གང་བྱུང་དུ་བཤད་པ་ནི་ཁྱི་རྒན་སྨྱོན་པའི་ཞལ་དང་ཀུན་ནས་སོ།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-19 at 5:51 pm

    གནའ་སྔ་མོ་ཡང་ཆོས་ལུགས་པ་དེ་ཚོས་ཆོས་ལུགས་མི་སྣའི་མིང་འོག་ནས་ཆོས་ལུགས་པ་སྣལ་མ་ཞིག་བྱེད་མི་ཐུབ་མཁན་དེ་དག་གིས་ཆོས་ལུགས་ཀྱི་མིང་འཁུར་ནས་འཐབ་རྩོད་མང་བོ་བྱས་པའི་ལོ་རྒྱུས་མང་བོ་ཞིག་བྱུང་ཡོད་པ་རེད། ད་ལྟ་ཡང་ཆོས་ལུགས་ལ་སྤྱོང་བ་མེད་མཁན་རེ་ཟུང་གིས་ཆོས་ལུགས་ཀྱི་མིང་འཁུར་ནས་ཆོས་ལུགས་ཕན་ཚུན་བར་དུ་འཁོན་སེམས་ལྟ་བུ་ཞིག་བཤད་ཀྱི་འདུག་པ་དེ་ནི་དངོས་ནས་ཡག་པོ་ཞིག་རེད་མི་འདུག ཆོས་ལུགས་ཟེར་བ་དེ་ནི་མིའི་བདེ་དོན་དུ་བྱུང་བ་ཞིག་ལས་མི་ལ་དབྱེ་འབྱེད་དང་འཁྲུག་རྩོད་ཡོང་གཞིར་བྱུང་བ་ཞིག་གཏན་ནས་མིན་པར་འདོད། གལ་ཏེ། འཁྲུག་རྩོད་དང་ཕྱོགས་རུས་འཁོན་སེམས་དང་ཞེ་སྡང་གི་གཞི་མ་ཞིག་ལས་མེད་པ་ཞིག་དུ་འགྱུར་བཞིན་ཡོད་ཚེ། མི་ལ་ཆོས་ལུགས་ཟེར་བའི་མིང་ཚིག་དེ་ནི་དགོས་དོན་མེད་ལ། ཆོས་ལུགས་ཁ་ལ་འཁྱེར་ནས་མི་མང་ལ་བརྙས་བཅོས་བྱེད་མཁན་བྱེད་མཁན་དེ་དག་བོད་མི་ལ་མི་དགོས་པ་མ་ཟད། སྤྱིར་མིའི་རིགས་ལ་དགོས་དོན་གཏན་ནས་མེད་པ་ཡིན། རེད་དེ། ཆོས་ལུགས་བཤད་མཁན་སུ་ཞིག་ཡིན་ན། བཤད་ཤེས་པ་དང་དཔྱོད་ཤེས་པའི་སྒོ་ནས་གླེང་མོལ་བྱེད་རྒྱུ་དེ་ནི་མཐའ་མའི་རེ་སྐུལ་ཡིན།

  9. རླུང་སྐོར་ནག་པོ། says:
    2009-05-19 at 6:12 pm

    ཨ་ཙི་དྲ་གྲོགས་ཀུན་གསལ་ལགས། ང་འཁྲུལ་སོང་བ་རེད། མ་གཞི་ངའི་སྐད་ཆ་འདི་ཚངས་དབྱངས་ལ་བྲིས་པ་ཡིན། ཁོང་ངེད་གཉིས་ཇ་གྲོགས་ཡིན་ཡང་དེང་སང་སེམས་ལ་གདོན་འདྲ་གཞི་ཞུགས་འདུག་པས་སྐད་ཆ་འདི་བཤད་དགོས་བསམ་སོང་། འོན་ཀྱང་གཉིད་མ་སངས་ཤིག་གི་ངང་ཁྱོད་ཀྱི་མིང་བྲིས་ཏེ་ཁྱོད་ཀྱི་མཆན་འོག་ཏུ་བཏང་འདུག ར་བཟི་བའི་སྐྱོན་ཡིན་ན་ཡང་ཐང་། ངས་ཁྱེད་ངོ་མི་ཤེས་ན་མཉམ་དུ་ཇ་འཐུང་རྒྱུ་ལྟ་ག་ལ་ཞིག འོན་ཀྱང་ཡང་བསྐྱར་གཅིག་བལྟས་དུས་ཁྱོད་ཀྱིས་ཀྱང་དུས་རབས་བདུན་པ་ནས་ཅིག་ཅིག་མ་མ་གོ་གོ་ཟེར་གྱི་འདུག་པས་ཧ་ལམ་མ་འགྲིགས་པ་ཆེར་མི་འདུག་པ་འདྲ། གྲོགས་པོ་རང་གི་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་ཁ་གཏོང་རྒྱུ་དེ་མི་ཡག་པོ་ཞིག་གི་བྱེད་སྟངས་མ་རེད། ཡང་གཅིག་བཤད་ན་ཁྱོད་ཀྱིས་ལྟོས་དང་། ད་བར་ནང་ཆོས་ལ་ཁ་གཏོང་ཁུལ་བྱེད་བསྡད་མཁན་ཚོའི་ནང་དུ་རྩ་ཡག་པོ་ཞིག་ཚང་བ་དང་། དེང་རབས་ཀྱི་སློབ་སྦྱོང་ཚད་མཐོན་པོ་ཡོད་མཁན་གཅིག་ཀྱང་མི་འདུག ད་དུང་མི་མང་པོས་དྲི་བ་ཐོག་འདྲ་འདྲ་རེ་བཏང་དུས་ཡང་ནས་ཡང་དུ་འགག་ཏེ་གདོང་ནས་རླངས་པ་འཕྱུར་བ་ཉུང་ཉུང་ག་ལ་ཡིན། འདིས་ཅི་ཞིག་གསལ་བཤད་བྱེད་ཐུབ་ཀྱི་རེད།

  10. ཀུན་གསལ says:
    2009-05-19 at 9:12 pm

    དུས་རབས་ཉེར་གཅིག་པ་འདིར་ནང་པའི་དར་ཆ་བསྣམས་ཏེ་དབུ་བྲག་ཕུག་ཏུ་བཅུག་ནས་བཞུགས་ན་ཕན་ཐོགས་དེ་ཙམ་ཨེ་ཡོད།
    ཕྱོགས་གཞན་ཞིག་ནས་བཤད་ན་རང་ཉིད་འཛམ་གླིང་འདིར་སྐྱེས་ཀྱང་འཕོ་འགྱུར་རང་བཞིན་ཅན་གྱི་འཛམ་གླིང་མི་མང་དང་རྡོག་ཁ་སྒྲིག་མི་ཤེས་པ་དེ་ནི་རྩ་མ་ཚང་བའི་དུས་འགྲོའི་གྲལ་དུ་འགྲོ་རྒྱུ་ཉག་གཅིག་ལས་དུས་ནམ་ཡང་ཡར་ཐོན་གྱི་འགྲན་རྩོད་དུ་ཞུགས་མི་ནུས།

  11. རླུང་སྐོར་ནག་པོ། says:
    2009-05-20 at 9:29 am

    ཨ་ཨ་ཀུན་གསལ་དྲིན་ཆེན་པོ། ངོ་མ་ཁྱོད་ལ་བསམ་བློ་གཏོང་སྟངས་འདི་ལས་མེད་དམ། རྣམ་དཔྱོད་ཀྱང་འདི་ལས་མེད་དམ། དུས་རབས་ཉེར་གཅིག་པའི་མི་ཚད་དུས་རབས་བརྒྱ་དང་གཅིག་ལ་སླེབ་རུང་ཧང་སང་རྒྱུ་ཅི་ཡང་ཡོད་ནི་མ་རེད། ཆོས་ལུགས་ཟེར་བ་འདི་དུས་རབས་དང་མཉམ་དུ་འགྲོ་རྒྱུ་ཞིག་རེད་མ་གཏོགས། དུས་རབས་ཀྱིས་རྗེས་སུ་བསྐྱུར་དགོས་རྒྱུ་ཞིག་མ་རེད། ཤར་ཕྱོགས་ཀྱི་ཐེ་ཝན་དང་། ཐེ་ལན་ཌི། འབར་མ། ཇར་པན་སོགས་དང་། ནུབ་ཕྱོགས་པའི་ཨ་རི་དང་ཡོ་རོབ་ཁག་ཚང་མར་གཅིག་ལྟོས་དང་། འདི་ཚོའི་ཡར་རྒྱས་ཀྱིས་ཡར་རྒྱས་ཀྱི་གོ་ཆོད་ཀྱི་ཡོད་ན་འདི་དག་ཐམས་ཅད་སོ་སོའི་ཆོས་ལུགས་དང་མཉམ་དུ་འགྲོ་གི་འདུག་ག བོད་གཅིག་པོ་ཡར་རྒྱས་ལ་འགྲོ་དགོས་ན་ཐོག་མར་ནང་ཆོས་མེད་པ་བཟོ་དགོས་ཅི་རེད། ནང་པའི་དར་ཆ་བསྣམས་ཏེ་དབུ་བྲག་ཕུག་ཏུ་བཅུག་ནས་བཞུགས་ན་ཕན་ཐོགས་ཡོད་མེད་མི་ཤེས་ཀྱང་། ནང་པའི་དར་ཆ་བསྣམས་ཏེ་རྒྱལ་སྤྱིའི་ལྡིང་ཆའི་ཐོག་ཏུ་བུད་ན་ཕན་ཐོགས་ཡོད་མེད་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཀའ་དྲིན་ཅན་དེ་ལ་གཅིག་ལྟོས་དང་། ད་དུང་ལོ་ཁ་ཤས་ཀྱི་རིང་འདིར་རྒྱ་གར་སོགས་ག་ས་ག་ནས་སྤྱི་ཚོགས་ལ་ཕན་གྱི་འདུག་ཟེར་ནས་གཟེངས་རྟགས་འདྲ་མིན་ཐོབ་བསྡད་མཁན་དེ་ཚོ་ཆོས་པ་རྐྱང་རྐྱང་རེད། ཁར་སང་ཁར་ཉིན་ཞིག་ལ་ཡང་ཨ་རི་ནས་ས་སྐྱའི་བླ་མ་ཞིག་ལ་སྤྱི་ཚོགས་ལ་ཕན་གྱི་འདུག་ཟེར་ནས་གཟེངས་རྟགས་ཐོབ་སོང་ང་། ཁྱོད་ཚོའི་གྲས་ལ་མི་འདི་ཚོའི་རྐང་བའི་སེན་མོ་ཞིག་གི་རིན་ཐང་ཙམ་ཡང་ཨེ་ཡོད་སོ་སོས་ཤེས་རྒྱུ་རེད།
    ཆོས་པ་ཚོ་འཛམ་གླིང་མི་མང་དང་རྡོག་ཁ་སྒྲིག་ནས་ཡར་ཐོན་གྱི་འགྲན་རྩོད་དུ་ཞུགས་མི་ནུས་པ་ཞིག་ཡིན་ན། འོ་ན་ཁྱོད་ཚོ་ཆོས་མེད་ཚོས་འཛམ་གླིང་མི་མང་དང་རྡོག་ཁ་སྒྲིག་ནས་རང་ཉིད་སྤྱི་ཚོགས་ཀྱི་ནང་ནས་འབུར་དུ་ཐོན་པ་ཞིག་གྱིས་ཤོག་དང་དེ་ནས་ཅིག་བཤད་རུང་ཆོག་གི་རེད། དེ་མ་གཏོགས་རྒྱུ་མ་མཐོ་གང་ལས་མེད་པ་ལ། སྐྱག་པ་འདོམ་པ་གང་གཏོང་རྒྱུ་ཡོད་མདོག་བྱས་ན། དེ་ནི་དངོས་གནས་རྩ་མ་ཚང་བའི་ནང་ནས་ཀྱང་མ་ཚང་བའི་དུད་འགྲོའི་གྲལ་དུ་འགྲོ་རྒྱུ་ཉག་གཅིག་ལས་ཨེ་ཡོད། ངོ་མ་ཡིན། ཅི་འདྲའི་མི་བྱབ་ཆུང་ཞིག་འདུག ཨ་ཧ་བོ། སྙིང་རྗེ། ཕ་མེས་ཡང་མེས་ཀྱི་བརླ་བཙོང་རྐང་འདྲེན་ཟེར་བ་དེ་ཁྱོད་ཚོ་ལ་ཟེར་གྱི་ཡོད་པ་རེད།

  12. ཀུན་གསལ་ says:
    2009-05-20 at 4:44 pm

    རེད་ལགས། ཆོས་ཁས་མི་ལེན་མཁན་དེ་དག་ལ་ཆོས་པ་ཚོའི་རྐང་སེན་ཙམ་གྱི་རིན་ཐང་ལས་ཀྱང་དམའ་བ་འདེང་ཐང་འཇོག་མཁན་ཆོས་དྲེགས་ཀྱི་ལྟ་བ་མཁའ་ལྟར་ཡངས་པ་སྐུ་ཉིད་ནི། དམ་པ་ཆོས་ཀྱི་དགོངས་དོན་ལ་མཐིལ་ཕྱིན་པའི་ཅི་འདྲའི་ཆོས་པ་བཤའ་མ་ཞིག་གམ་ཡང་ན་མིང་དོན་མཚུངས་པའི་ནང་པ་སངས་རྒྱས་པ་ཁམས་གསུམ་སེམས་ཅན་མཉམ་པ་ཆེན་པོའི་ཆ་ལ་བཞག་སྟེ་ཞལ་ནས་ཡིག་དྲུག་གི་གསུང་རང་བྱུང་དུ་འབྱོན་མཁས་པ་ཞིག་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme