Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།

Posted on 2015-01-202015-01-26 By ཁ་བརྡ་ 60 Comments on གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།

བོད་ཕྱི་ནང་གཉིས་དང་བོད་རིག་པའི་ཁོར་ཡུག་གང་ཅིར་མཚན་སྙན་ཆེ་བ་མཁས་པའི་དབང་པོ་གདོང་ཐོག་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་སྐྱོ་གནས་བྱུང་བར། འབྲེལ་ཡོད་ཚང་མར་གདུང་སེམས་མཉམ་སྐྱེད་དང་འབྲེལ། ངེད་ཁ་བརྡ་དྲ་དེབ་ངོས་ནས། དེ་རིང་ནས་ཉིན་བདུན་རིང་ཁོང་གི་མཛད་པ་འཕྲིན་ལས་ལ་རྗེས་དྲན་སྲུང་བརྩི་བྱེད་རྒྱུ་ཡིན་ལགས་ན། བཀུར་འོས་རྩོམ་པ་པོ་རྣམས་ཀྱིས་འདི་འབྲེལ་རྩོམ་ཡིག་གང་མང་བསྐུར་བར་འབོད་སྐུལ་ཞུ་བ་ལགས། 

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས། 

གདོང་ཐོག་རིན་པོ་ཆེ་གླེང་བ།

རྡོ་རྗེ་དབང་ཕྱུག་གིས།

གཅིག ཁོང་གི་སྐུ་ཚེ་གླེང་བ།

གདོང་ཐོག་རིན་པོ་ཆེ་ནི། མདོ་ཁམས་དཀར་མཛེས་ཁུལ་གྱི་གདོང་ཐོག་དགོན་རིག་གྲོལ་ཕུན་ཚོགས་གླིང་གི་བླ་སྤྲུལ་རེད། འབྲེལ་ཡོད་ཡིག་ཆ་ཁག་ན། གདོང་ཐོག་ཅེས་པ་ནི། དགོན་པ་ཆགས་སའི་ས་བབ་དང་འབྲེལ་ནས་མིང་དུ་ཐོགས་པ་ཞིག་སྟེ། མཎྜལ་ཐང་ཞེས་སུ་འབོད་པའི་མར་གཤམ་དམའ་བར་ཡོད་པ་དེའི་མུ་ཞིག་ན་ཅུང་ཟད་མཐོ་བ་སྟེགས་བུའི་རྣམ་པར་ཡོད་པ་དེ་སྟེང་དུ་དགོན་གནས་ཆགས་ཡོད་པ་ལ་བརྟེན་ནས། གདོང་ཐོག་ཅེས་ཐོགས་པ་དང་བླ་མ་ལའང་གདོང་ཐོག་སྤྲུལ་སྐུ་ཞེས་འབོད་སྲོལ་བྱུང་བ་དང་། ཡང་། ངག་རྒྱུན་གྱི་ཤོད་སྲོལ་ལ། དགོན་གནས་ཀྱི་འོག་གཞི་རྡོ་ཡིན་པས་རྡོ་ཐོག་ཟེར་བར་བཤད་པའང་འདུག

004གདོང་ཐོག་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༣༣ ལོར་དཀར་མཛེས་ཐང་མཁར་ཚང་ཞེས་པའི་ཁྱིམ་དུ་འཁྲུངས། ས་སྐྱའི་བདག་ཆེན་ཀུན་དགའ་རིན་ཆེན་ཞབས་ཀྱིས་གདོང་ཐོག་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་ཐུགས་ཐག་བཅད། ལྷ་སྡེ་མི་སྡེས་གདོང་ཐོག་དགོན་རིག་གྲོལ་ཕུན་ཚོགས་གླིང་གི་ཆོས་ཁྲིར་མངའ་གསོལ་དང་འབྲེལ། དེར་དགུང་ལོ་བདུན་པ་ནས་སློབ་གཉེར་དང་། དེ་ནས་ནར་སོན་པ་དང་རྫོང་གསར་དགོན་དུ་ཞུགས་ནས་ས་སྐྱའི་གཞུང་ཆེན་བཅུ་གསུམ་གྱིས་མཚོན་རིག་པའི་གནས་མང་པོར་མཁས་པར་སྦྱངས། ཕྱི་ལོ་ ༡༩༥༩ བར་དུ་བོད་ནང་བཞུགས་ཡོད།

ཕྱི་ལོ་ ༡༩༥༧ ནས་ཕྱི་ལོ་ ༡༩༧༩ བར་རྒྱ་གར་ནང་ཕེབས་བཞུགས་གནང་ཞིང་། དེར་དབྱིན་ཇིའི་སྐད་ཡིག་དང་ཧིན་རྡུའི་སྐད་ཡིག་སློབ་སྦྱོང་དང་། རླུང་འཕྲིན་ཁང་དང་གསར་ཁང་། བོད་ཀྱི་དཔེ་མཛོད་ཁང་། རྡི་ལི་བོད་ཁང་སོགས་ཀྱི་ལས་དོན་སྣེ་མང་བསྐྱངས། ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༢༠༡༥ བར་ཨ་རིར་བཞུགས་རྒྱུན་རིང་། བཟོ་གྲྭ་ཞིག་ཏུ་ཕྱག་ལས་གནང་བ་དང་། ཞར་དང་ཞོར་ལ་བརྩམས་ཆོས་མང་པོ་རིམ་ཅན་དུ་སྤེལ་ཡོད་པ་ནི། ལས་ཟིང་ཆེ་བའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་འདིར་མཚོན་ན། བློ་ཡུལ་དུ་ཤོངས་དཀའ་བ་ཞིག་ཆགས་ཡོད།unnamed

ཁོང་གིས་རང་གི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པའི་ནང་། མི་ལོ་སུམ་ཅུ་ལྷག་རིང་བཙན་བྱོལ་བོད་གཞུང་དམངས་ཀྱི་ཞབས་ཞུ་སྒྲུབ་སྐོར་གསལ་ཡོད་པ་བཅས་སྐུ་ཚེ་ཧྲིལ་པོར་དུས་ཚོད་ནམ་བྱུང་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་ཕྱག་ལས་ཆེད་གཏོང་གནང་མཛད་ཡོད་པ་ཞིག་ཆགས་ཡོད། ཨ་རི་ནས་རིམ་པས་ས་པཎ་བཤད་སྒྲུབ་གླིང་གསར་འཛུགས་བསྐྱངས་ཏེ་ཆོས་རིག་དཔེ་དེབ་དཔར་སྐྲུན་སོགས་ཀྱི་ཕྱག་བཞེས་བསྐྱངས་ཡོད། ཁོང་གི་སྐུ་ཚེའི་ལོ་རྒྱུས་རྒྱས་པར་ནི། ཕྱི་ལོ་ ༢༠༠༤ ལོར་བརྩམས་པའི་རང་རྣམ་༼ཏྲེ་ཧོར་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་འདིར་སྣང་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ༽ཞེས་པར་གསལ་སྟབས། ཐུགས་སྣང་ཅན་དག་གིས་དེར་གཟིགས་རོགས་ཞེས་སྐུལ་འདེབས་ཤིག་ཀྱང་ཞུ་བ་ཡིན།

 

གཉིས། ཁོང་གི་བརྩམས་ཆོས་མཚམས་སྦྱོར།

 

unnamed (4)<<བོད་མིའི་རང་དབང་>>གསར་ཤོག་བཀླགས་མྱོང་མཁན་ཞིག་ཡིན་ན། གདོང་ཐོག་རིན་པོ་ཆེ་དང་། རཀར་རིན་པོ་ཆེ། སྐུ་ངོ་སྣར་སྐྱིད་ངག་དབང་དོན་འགྲུབ་སོགས་ཀྱིས་ན་ཚོད་དར་མའི་སྐབས་ལ། རྩོམ་རིག་བརྩམས་ཆོས་གང་འཚམ་སྤེལ་ཡོད་པ་མཇལ་དུ་ཡོད། བཙན་བྱོལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་གླེང་དགོས་ན། ཕྱི་ལོ་ ༡༩༦༠ ལོར་ཐོག་མར་བཏོན་པའི་<<བོད་མིའི་རང་དབང་>>གསར་ཤོག་དང་། གདོང་ཐོག་རིན་པོ་ཆེ་སོགས་ནས་མགོ་བཙུགས་ཏེ་གླེང་དགོས་པ་ཞིག་ཆགས་ཡོད་པའི་ཕྱི་ནང་ཞིག་གསལ་རྟོགས་ཡོང་བ་ཡིན། ད་ལྟ་ཞིབ་ཕྲ་དྲན་ཡུལ་ན་མི་འདུག་སྟེ། གསར་ཤོག་དེའི་ནང་། གསར་གནས་ཙམ་མ་ཡིན་པར། སྙན་ངག་དང་གཏམ་བརྗོད། སྒྲུང་གཏམ། ལོ་རྒྱུས། རིག་གནས་ངོ་སྤྲོད་དང་། དཔྱད་བརྗོད་སོགས་སྣེ་འཛོམས་ཞིག་སྤེལ་གནང་འདུག གཅིག་ཐང་ན། འདི་དག་ནི་གདོང་ཐོག་རིན་པོ་ཆེས་གསར་ཤོག་འདི་འབྲེལ་གྱི་ཆོས་རིག་རྩོམ་སྒྲིག་གི་ཕྱག་ལས་གནང་བབ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་སྲིད།

ཕྱི་ལོ་ ༡༩༦༢ ལོར་༼དབྱིན་སྐད་ཀྱི་སྒྲ་གཞུང་རིག་ལམ་གསལ་བའི་སྒྲོན་མེ༽བརྩམས་པ་ནས་ཕྱི་ལོ་ ༢༠༡༠ ལོར་༼བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱུན༽བརྩམས་པའི་བར་དང་། ཡང་ན་ཁོང་དགུང་ལོ་བཅུ་དྲུག་པ་ཕྱི་ལོ་ ༡༩༤༨ ལོར་བེ་ཧར་གྱི་བསང་མཆོད་བརྩམས་པ་ནས་ཕྱི་ལོ་ ༢༠༡༥ ལ་སྐུ་མ་གཤེགས་བར་དུ། ཆོས་ལུགས་དང་ལོ་རྒྱུས། རིག་གནས་སོགས་བརྗོད་གཞི་སྣ་ཚོགས་ལས་འཕྲོས་པའི་བརྩམས་ཆོས་རྣམ་གྲངས་ལྔ་བཅུ་བརྒལ་བ་གསར་རྩོམ་མཛད་ཡོད། དེ་དག་ལས་དེབ་གཟུགས་སུ་འགྲེམས་སྤེལ་བྱུང་བ་བཅུ་གྲངས་དང་། དེ་མིན་ཚགས་ཤོག་སོགས་སུ་སྤེལ་རྩོམ་གང་ཅི་ཀློག་མཁན་མང་པོས་དགའ་བསུ་ཞུ་ཡུལ་ཞིག་ཆགས་ཡོད།

བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་ཁོང་གི་སྐོར་ལ་དོ་སྣང་སླེབས་གཞི་ལྟེ་བ་ནི། ཕྱི་ལོ་ ༡༩༧༡ ལོར་འགྲེམས་སྤེལ་གནང་བའི་༼ཚིག་མཛོད་སྣང་བ་གསར་པ་༽དང་། དེ་ནས་ཕྱི་ལོ་ ༡༩༧༤ ལོ་ནས་༼དུས་ཀྱི་སྦྲང་ཆར༽སོགས་དགག་བཞག་རྩོམ་དེབ་གསུམ་ཚན་གཉིས་བརྩམས་པ། ཕྱི་ལོ་ ༢༠༠༢ ལོར་༼གངས་ཅན་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ཡོ་ལང་ལ་དཔྱད་པ་སྔོན་མེད་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན༽འགྲེམས་སྤེལ་གནངས་པ་བཅས་དང་། གཞན་ཡང་ཚགས་པར་དང་དུས་དེབ་ཁག་ཏུ་དུས་འཚམ་གྱི་དཔྱད་གླེང་སྣ་ཚོགས་སྤེལ་བ་བཅས་ཆགས་ཡོད། ད་ལྟ་ཁོང་གི་སྐོར་གླེང་བའི་རྩོམ་བྲིས་དག་ཏུ་གླེང་ཆེ་བ་ནི་ཁོང་གི་བརྩམས་ཆོས་དག་ཆགས་ཡོད་པའང་གནད་འདིས་རེད་འདོད།unnamed (3)

ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མཐོ་དམན་བར་མའི་སྤྱི་ཚོགས་གང་དུའང་མཉམ་ཞུགས་དང་མཉམ་གླེང་གི་ཐུགས་གཤིས་ཤིག་ཡོད་པ་དེ་རེད། དེའི་སྟབས་ཀྱིས། ཁོང་གི་ཕྱག་རྩོམ་དག་ཞིབ་ཀྱིས་མཇལ་བ་ན། མཁས་པ་དང་ཉེ་བར་བཅར་བ་དང་། དགེ་རྒན་ལས་རིགས་པ་དང་ཉེ་བར་བཅར་བ། དམངས་མའི་སྤྱི་ཚོགས་དང་ཉེ་བར་བཅར་བ། རིག་གནས་དང་ཉེ་བར་བཅར་བ་བཅས་ཀྱི་ཚོར་སྣང་ངང་ངམ་ཤུགས་ཀྱིས་སྟེར་བ་ཞིག་ཡིན། འདི་ནི་ཁོང་གི་ཐུགས་གཤིས་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། བཤད་སྟངས་གཞན་ཞིག་གིས་བཤད་ན། ཐུགས་སྣང་གནང་ཡུལ་རྒྱ་ཆེ་ཞིང་ཞིབ་པའི་ཕྱོགས་ངོས་ཤིག་ཀྱང་རེད།

ཁོང་གི་བརྕམས་ཆོས་དག་ནི། གང་ཞིག་ཤེས་ནས་བརྩམས་ཤིང་སྤེལ་བ་ཡིན་པས། ཚིག་དོན་གང་ཅི་ནས་མཁས་པའི་རྩོམ་ཉམས་མངོན་པ་ཞིག་ཡིན་པས་དཔེ་ལྟོས་ཞུས་ལེགས་ཞེས་དགེ་རྒན་དག་གིས་གཅིག་མིན་དུ་མར་བསྔགས་པ་ཞིག་རེད། དེ་བཞིན་དུ། ཁོང་གིས་བརྩམས་ཆོས་ཕལ་མོ་ཆེ་བ་ཕྱག་བསྟར་ཕྱག་བྲིས་རང་གི་རྣམ་པར་དཔར་འདོན་དང་། དེ་ཙམ་ཡང་ཕྱིས་ན་བོད་ཀྱི་བྲིས་གཟུགས་ལ་ཉམས་ཞིབ་ཐུགས་སྣང་ཅན་དག་ལ་མཁོ་དགོས་ཆེ་ཐང་དུ་འགྱུར་བར་དགོངས་པ་དང་འབྲེལ་བའི་སྐུ་ལས་བསྐྱོན་སྟངས་ལ་མང་པོས་ཧ་ལས་ལས་བྱེད་པ་ཞིག་ཆགས་ཡོད།

 

 

གསུམ། ཁོང་དང་ཁོང་གླེང་སྟངས།

 

unnamed (1)དགུང་གྲངས་གྱ་གསུམ་པ་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ ཉིན་བཞུགས་གནས་བྱང་ཨ་རིའི་གྲོང་ཁྱེར་སི་ཨེ་ཊར་དགོངས་པ་རྫོགས་ཡོད་པ་རེད། རང་རེ་བོད་ཀྱི་གོམས་སྲོལ་ལ། སྐྱེས་བུ་དམ་པ་ཞིག་གཤེགས་པའི་མཇུག་ལ་དེར་དུས་མཆོད་སོགས་ཀྱི་རྣམ་པ་ནས་རྗེས་དྲན་ཞུ་བ་སྔ་མོ་ནས་ཡོད་འདུག་པ་དང་། དེ་བཞིན་རིམ་པས། སྔོན་དང་ད་ལྟའི་མཁས་པ་དག་གིས་རྗེས་དྲན་གྱི་རྩོམ་ཡིག་སྤེལ་སྲོལ་ཡང་རིམ་ཅན་དུ་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ཤིང་དཔྱད་པ་ཡིན་ན། རང་རེར་མཚོན་ན། མི་གང་ཞིག་བཞུགས་པའི་སྐབས་ལས་ཞལ་མ་བཞུགས་པའི་སྐབས་ན། དེའི་ཆེ་བ་དང་ཡོན་ཏན་གླེང་བ་དང་། ཡང་ན། དེའི་སྐྱོན་མཚང་དག་བསྔོགས་པའི་ལམ་སྲོལ་ལྟ་བུ་ཞིག་ཀྱང་འདུག དེའི་ལེགས་ཉེས་ནི་དཔྱད་གཞི་རང་དུ་འདུག་སྙམ།

གསོང་ཐོག་རིན་པོ་ཆེའི་སྐོར་སྤྱི་ཚོགས་ནང་གླེང་སློང་ཆེ་ཤོས་གཉིས་བྱུང་ཡོད་པའི་གཅིག་ནི། གོང་ཞུས་དགག་རྩོམ་དག་དང་འབྲེལ་ནས་བྱུང་ཡོད་པ་དང་། གླེང་སློང་གཉིས་པ་ནི། ཕྱི་ལོ་ ༢༠༠༢ ལོར་༼གངས་ཅན་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ཡོ་ལང་ལ་དཔྱད་པ་སྔོན་མེད་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན༽དཔར་འགྲེམས་གནང་བའི་སྐབས་དེར། རྡ་ས་དཔེ་མཛོད་དུ་དེབ་གྲངས་ལྔ་དྲུག་ཅིག་དཔར་ཕུད་དུ་འབྱོར་བ་དོ་སྣང་ཅན་ཁག་ཅིག་གིས་བཀླགས་ནས། དེབ་དེར་༸གོང་ས་མཆོག་གིས་གནང་བའི་གླེང་བརྗོད་དང་། ནང་དོན་གཉིས་དོན་གནད་འགའི་ཐད་ནས་འགལ་ཟླ་ཆགས་ཡོད་པའི་གླེང་གྲགས་ཤིག་བྱུང་སོང་ལ། དེ་ནས་བཟུང་ཕྱག་དེབ་དེར་མང་པོས་དམིགས་བསལ་དོ་སྣང་བྱེད་མགོ་ཚུགས་པ་ལྟ་བུའང་ཆགས་སོང་། དེ་ཕྱིས་སུ། འབྲེལ་ཡོད་ཁག་ཅིག་ལ་དེ་སྐོར་གྱི་གླེང་གྲགས་སྐོར་བཀའ་འདྲི་ཞུས་པར། དེ་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེར་བདུད་རྒན་ཞེས་སྨྲས་པས་མཚོན་པའི་ཐ་སྙད་བེད་སྤྱོད་གནང་སྟངས་དང་། རྒྱལ་ཡབ་ཆེན་མོ་སྐུ་གཤེགས་རྐྱེན་སྐོར་སོགས་དོན་གནད་འགའ་ཞིག་༸གོང་ས་མཆོག་གི་གཟིགས་ཚུལ་དང་འགལ་བ་ཆགས་པས་རེད་ཟེར་བ་གོ་མྱོང་།unnamed (5)

གསུང་རྩོམ་དག་ལས་སྐད་གྲགས་ཆེ་བ་ནི། བསྟན་པ་དག་ཐེར་གྱི་ཆེད་དུ་དགག་ཡིག་ཏུ་སྤེལ་བའི་དེབ་དག་སྟེ། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་དང་ཕན་ཚུན་དགག་ཡིག་སྤེལ་རེས་གནང་བའི་དེབ་དེ་དག་ནི། དེང་ནའང་དོ་སྣང་ཅན་དག་གིས་བཙལ་འཚོལ་གྱིས་ཀློག་མུས་སུ་ཡོད་པ་ཞིག་རེད། ལར་ནས་བརྗོད་གཞི་འདི་ལས་འཕྲོས་པའི་དེབ་གཞི་སྲབ་མཐུག་མང་པོ་ཡོད་པ་ཕྱོགས་གཅིག་ཏུ་བསྡོམས་ན། དེབ་གཞི་སྲབ་མཐུག་བརྒྱ་ཕྲག་གཅིག་དང་ཉག་མ་འགའ་ཤས་བརྒལ་བའི་ཕུང་པོ་ཞིག་ཆགས་ཡོད། བོད་ཀྱི་རིག་གནས་ལོ་རྒྱུས་ནང་བརྗོད་གཞི་གཅིག་ལས་འཕྲོས་ཏེ་བརྩམས་སྤེལ་གྱི་དེབ་དང་རྩོམ་ཡིག་ལ་འདི་ལས་ལྷག་མ་བྱུང་བ་ལྟ་བུའང་ཆགས་ཡོད།

འདི་ཙམ་ལ་ཞུ་འདོད་པ་སྙིང་བསྡུས་དེ་གྲུབ་པ་ཡིན། ཁོང་གི་སྐོར་ལ་མཁྱེན་རྟོགས་རྒྱུས་མྱོང་ལྡན་པ་དག་ནས་འདི་འབྲེལ་གླེང་མོལ་དོན་ལྡན་རེ་གནང་བའི་རེ་བས་འདི་ཙམ་ཕུལ་བ་ལགས་ཞུའོ།། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༠ ལ།

དྲན་ཐོ།

Post navigation

Previous Post: འབར་ཞུན་མུ་འབྲེལ་འཕྲུལ་དེབ་ངོ་སྤྲོད་དང་ཕབ་ལེན་གྱི་འབྲེལ་ཐག
Next Post: མཁས་དབང་གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ།

Comments (60) on “གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།”

  1. ཀླུ་སྨྱོན། says:
    2015-01-20 at 6:51 pm

    ངས་ལ་རྩེ་ཇ་ཁང་ཞེས་པའི་སྐད་འཕྲིན་ཚོགས་པར་ཁོང་དང་འབྲེལ་འདྲིས་བྱུང་སྟངས་དང་ཁོང་སྐུ་གཤེགས་པའི་སྔ་གཞུག་གི་མཐོང་ཐོས་སྐོར་སྐད་ཆ་ཞིག་བཤད་ཡོད་པ་དེ་ཡིག་ངོར་འབེབ་ཨེ་ཐུབ་བལྟ་ཡ།

  2. ཀློང་ཆུང་ says:
    2015-01-20 at 11:44 pm

    ང་ལ་བཤད་རྒྱུ་དང་བསྟན་རྒྱུ་མང་པོ་ཡོད། ག་ནསམགོའཛུགས་དགོས་སམ།

  3. ཀློང་ཆུང་ says:
    2015-01-20 at 11:46 pm

    ཁ་བརྡའི་རྩོམསྒྲིག་པར་འབྲི་རྒྱུར་དགག་ཡིག་སྐོར་ལ་མཆན་བྲིས་ན་ཨེ་འགྲིགས།

  4. ཇུས་ཏོག says:
    2015-01-21 at 12:23 am

    གདོང་ཐོག་བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྒྱལ་།
    གདོང་ཐོག་སྤྲུལ་སྐུའི་མཛད་རྣམ་མཇལ་བ་འདིའི་།
    ངོ་མཚར་སྨད་བྱུང་དེང་རབས་མཁས་པའི་མཆོག་་།
    ཕྱི་ནང་སྐད་ཡིག་ཆོས་སྲིད་གང་གི་ཐད་།
    གཞན་འདྲེན་ཐུབ་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།།
    ཁྱེད་ཀྱི་ཡང་སྲིད་ སྐྱེ་འགྲོའི་བསོད་ནམས་་དུ་།
    གཡོ་བ་མེད་པ་མྱུར་དུ་སྐུ་བལྟམས་ནས་།
    ཐུགས་ཀྱི་མཛད་འཆར་སྐྱོངས་ལ་ཤིང་རྟ་འདྲེན་།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 12:24 am

    ་་་་་ གདོང་ཐོག་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༢༩༣༣ ལོར་དཀར་མཛེས་ཐང་མཁར་ཚང་ཞེས་པའི་ཁྱིམ་དུ་འཁྲུངས། ་་་་་་་
    འདི།
    གདོང་ཐོག་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༣༣ ལོར་དཀར་མཛེས་ཐང་མཁར་ཚང་ཞེས་པའི་ཁྱིམ་དུ་འཁྲུངས།
    ཡིན་དགོས།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 12:25 am

    ་་་་་ ཁོང་གིས་རང་གི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པའི་ནང་། མི་སུམ་ཅུ་ལྷག་རིང་བཙན་བྱོལ་བོད་གཞུང་དམངས་ཀྱི་ཞབས་ཞུ་སྒྲུབ་སྐོར་གསལ་ཡོད་་་་་་་་་
    འདི།
    ཁོང་གིས་རང་གི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པའི་ནང་། མི་ལོ་སུམ་ཅུ་ལྷག་རིང་བཙན་བྱོལ་བོད་གཞུང་དམངས་ཀྱི་ཞབས་ཞུ་སྒྲུབ་སྐོར་གསལ་ཡོད་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 12:40 am

    མཁས་ཆུང་སློབ་གཉེར་བྱེད་པའི་དུས། །
    མཐུན་རྐྱེན་མི་སྦྱོར་བོད་མིའི་གཤིས། །

    མཁས་པས་རྣམ་དཔྱོད་བྲིས་པའི་དུས། །
    རྒྱབ་སྐྱོར་མི་ཐོབ་བོད་རིགས་གཤིས། །

    མཁས་པ་འདི་ནས་འདས་ཚར་དུས། །
    ཐལ་མོ་སྦྱོར་བ་བོད་པའི་ལུགས། །

    གདོང་ཐོག་རང་ཉིད་འཚོ་བའི་དུས། །
    ཀུན་གྱིས་ཕྱ་དམོད་བྱ་གཞིར་གྱུར། །

    ད་ལྟ་སྐུ་ལུས་བརྗེས་ཟིནད་དུས། །
    ཕྲག་མདོག་བཞག་ནས་བསྟོད་པ་ཕུལ། །

    འདིཡི་རིགས་སོགས་བོད་རིགས་ཀྱི། །
    བསམ་སྤྱོད་གཉིས་ལ་དག་ཐེར་མཛོད། །

  8. རྡོར་དབང་ says:
    2015-01-21 at 12:47 am

    ཀ་རྡོ་ལགས་ཀྱིས་གསུངས་པ་བདེན། ནོར་བ་བྱུང་འདུག བཅོས་འགོད་ཞུས་ཡོད་ལགས། ཐུགས་རྗེ་ཆེ།

  9. ཁ་བརྡ་རྩོམ་སྒྲིག་པ། says:
    2015-01-21 at 1:03 am

    གོང་དུ་མཆན་བུ་གསུམ་པ་སྤེལ་མཁན་ཀློང་ཆུང་ལགས།

    ཁོང་གི་དགག་ལན་སྐོར་ནས་མཆན་བུ་བྲིས་ན་ལོས་འགྲིག ཡིན་ན་ཡང་དངོས་ཡོད་དྲང་བདེན་ངང་ནས་དཔྱད་ཞིབ་དང་འབྲེལ་བའི་མཆན་བུ་སྤེལ་གནང་ཡོང་རྒྱུ་ལས། དེ་མིན་གྱི་མི་རིགས་པའི་ཚིག་མཚོན་དང་གནས་ཚུལ་འཁོད་པ་སོགས་ནམ་ཡང་མེད་པར་ཞུ།

  10. ཇུས་ཏོག says:
    2015-01-21 at 2:15 am

    བསྟན་པའི་རྒྱལ་མཚན་དགུང་ལ་བཤེགས་།
    བསྟན་པའི་དགྲ་བོ་དྲ་ནང་འཛུལ་།།
    བསྟན་ལ་འཚེ་བའི་དཀྲོགས་གཏམ་སྤེལ་།
    བསྟན་པ་སྤྱི་ལ་གནོད་མ་་བསྐྱེལ་།

  11. ཇུས་ཏོག says:
    2015-01-21 at 2:59 am

    མཁས་ཆུང་སློབ་གཉེར་་བྱེད་པའི་དུས་།
    མཐུན་སྐྱེན་སྦྱོར་རྒྱུ་ཕ་མས་འགན་།
    མཁས་པས་རྣམ་དཔྱོད་བྲིས་པའི་དུས་།
    རྒྱབ་སྐྱོར་མེད་ན་རྒྱུ་ཚན་དམན་།
    མཁས་པ་འདི་ནས་འདས་ཚར་དུས་་།
    ཐལ་མོ་སྦྱོར་བ་དད་གུས་རེད་།
    གདོང་ཐོག་རང་ཉིད་འཚོ་་བའི་དུས་།
    ཀུན་གྱི་ཆ་དམོད་ཤེས་མ་བྱུང་།
    ད་ལྟ་སྐུ་ལུས་བརྗེས་ཟིན་དུས་།
    རྒྱུ་ཚན་མཐོང་ནས་བསྟོད་པ་ཕུལ་།
    འདི་ཡིའི་རིགས་ཀྱི་བོད་མི་ལ་།
    རྗེས་སུ་ཡིད་རང་བཙུགས་ཏུ་འཁུར་།

  12. ཡར་ལྷ་ཤམ་པོ། says:
    2015-01-21 at 6:17 am

    ཆུང་ཚེ་རིང་ལགས་ཀྱིས་གདོང་ཐོག་རིན་པོ་ཆེའི་འཁྲུངས་ལོ་ ༡༩༣༤ བྱས། རྡོ་རྗེ་དབང་ཕྱུག་ལགས་ཀྱིས་ ༢༠༡༥/༡/༡༣ དགུང་ལོ་གྱ་གསུམ་ལ་འདས་པར་གསུངས། རིན་པོ་ཆེའི་གསུང་དུས་ཀྱི་སྦྲང་ཆར་ལས་ཆུ་བྱ་ལོར་འཁྲུངས་པར་གསལ་ཞིང་ལོ་དེ་ནི་ ༡༩༣༣ ཡིན། འཁྲུངས་ལོ་དེ་ནས་ ༢༠༡༥ བར་ལོ་གྱ་གསུམ་ཡིན་ནམ་གྱ་གཉིས་ཡིན། རྫོང་གསར་དགོན་པ་ནི་བཀྲ་ཤིས་ལྷ་རྩེར་གོ་ལ་རིན་པོ་ཆེ་སློབ་གཉེར་གནང་ས་ནི་རྫོང་གསར་ཁམས་བྱེ་བཤད་གྲྭ་སྟེ་བོད་རྫོང་གསར་བཤད་གྲྭ་ཡིན། ས་སྐྱའི་གཞུང་ཆེན་བཅུ་གསུམ། དགེ་ལུགས་པའི་བཀའ་པོད་ལྔ། རྙིང་མའི་གཞུང་ཆེན་བཅུ་གསུམ་ཞེས་པ་ལྟ་བུའི་ཐ་སྙད་ནི་རྣམ་པར་འཁྱམས་པ་ཡིན། གྲགས་ཆེན་བཅུ་བརྒྱད། བཀའ་པོད་ལྔ། གཞུང་ཆེན་བཅུ་གསུམ་གྱི་ཐ་སྙད་ནི་མཁས་པ་རྣམས་ལ་གྲགས་པ་ཞིག་ཡིན་སྙམ།

  13. ཅོ་རི་ཉི་མ། says:
    2015-01-21 at 6:19 am

    ཁ་བརྡ་ཚང་གིས་བླ་སྤྲུལ་ཞིག་ཤི་དུས་མྱ་ངན་བྱས་པ་འདི་དོན་མེད་རེད་བ། སྤྲུལ་སྐུ་རྒད་པོ་འདི་དག་ཤི་ན་སྐྱིད་ཀིན་རེད་བ། ལོ་གཅིག་གཉིས་ཤིག་གི་རྗེས་སུ་ཡང་བསྐྱར་ཕྱིར་ལོག་ཡོང་གི་རེད། ལོ་འདི་ལས་ཆུང་བ། གཟུགས་འདི་ལས་མཛེས་པ་བྱས་ནས་ཡང་སྲིད་ལོག་འོང་གི་རེད། སྐུ་གོང་མས་བསགས་པའི་རྒྱུ་ནོར་ནི་ལྷག་བསྡད་ཡོད་ཀྱི་རེད། གྱོང་ཁོ་རང་ཡོད་མ་རེད།

    ཤི་ན་ཕྱི་ལོག་མི་ཐུབ་མཁན་བོད་མི་དམངས་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་རེད་བ། སྙིང་རྗེ་ཁོང་རྣམས་པ་ཤི་ཚར་དུས་ཕྱིར་ལོགས་ནས་ཡོང་ཐུབ་ཀྱི་་མ་རེད། མྱ་ངན་འདྲ་བྱས་ན་དོན་མཐུན་རེད། སྤྲུལ་གོག་ཚོ་དེ་འདྲ་མ་རེད་བ། ཕྱིར་ལོགས་ཡོང་གི་རེད།

    ཟངས་མདོག་དཔལ་གྱི་རི་ལ་བཞུགས་ཀིན་མ་རེད། དེ་ན་བསྡད་ན་གུ་རུ་པདྨས་དབང་སྒྱུར་བྱེད་འོང་དུས་རང་དབང་མེད་ཙང་སྡད་ཀྱི་མ་རེད། བོད་ལ་ཕྱིར་ལོགས་ཡོང་གི་རེད། བོད་མི་རིགས་ལ་གཉའ་གནོན་སྤྲོད་མཁན་ལོགས་འོང་གི་རེད་དོ། མྱ་ངན་དང་སྐྱོ་བ་སྐྱེས་དགོས་དོན་ཁོ་རང་ཡོད་མ་རེད། སྤྲུལ་སྐུ་རེད་བ།་་་་ཧཧཧ

  14. ཡར་ལྷ་ཤམ་པོ། says:
    2015-01-21 at 6:58 am

    ཁ་བརྡས་མཁས་དབང་ཞིག་གི་མཚན་ཐོག་ནས་གདོང་ཐོག་རིན་པོ་ཆེར་རྗེས་དྲན་གནང་བར་དགའ་བསུ་ཡོད་ལ། རྡོ་རྗེ་དབང་ཕྱུག་གིས་ངོས་སྦྱོར་གནང་བ་ཐུགས་རྗེ་ཆེ།

  15. ཇུས་ཏོག says:
    2015-01-21 at 7:15 am

    དལ་འབྱོར་མི་ལུས་རིན་ཆེན་གསེར་ལས་དཀོན་།
    དྲ་འབུ་ཁྱོད་ཚོ་འདྲ་ཡིན་ན་རྡོ་ལས་མང་།
    ལོག་པའི་ལམ་དུ་ཞུགས་པ་ཡི་།
    སྐྱེ་བོ་དེ་ཡིས་ང་མཐོང་།

  16. ཇུས་ཏོག says:
    2015-01-21 at 7:18 am

    ནོར་བཅོས་(སྐྱེ་བོ་དེ་ཡིའི་ང་མི་མཐོང་)

  17. ཤར་པ་ says:
    2015-01-21 at 7:31 am

    ༄༄། ཁ་བརྡ་ཚང་ཡང་གྲྭ་ལོག་དང་བླ་ལོག་། ཆོས་ལུགས་བར་ལ་དཀྲུག་ཤིང་གི་ཏེ་པོ་དེ་ཚོ་ལ་དགའ་ཞེན་དང་ཆེ་བསྟོད་ལ་བལྟས་ན། དུ་བ་ལས་ནི་མེ་ཤེས་དང་། ཆུ་སྐྱར་ལས་ནི་ཆུ་ཤེས། ཞེས་སོགས་ཀྱི་རྟགས་ཆོས་དོན་གསུམ་ཚངས་སོ། རེས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དགེ་སློང་ཚུ་ལ་ལོང་མཁས་དབང། ཕྱི་རུ་འདུལ་བས་དུལ་། ནང་དུ་རིམ་གཉིས་སོགས་སོགས་དང་། གསང་བ་མདོ་སྔགས་འགལ་མེད་ཉམ་ལེན་དང། ས་འཆགས་གདན་དང། སྡོ་འཆགས་མངས་བྱེད་དེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁས་དབང་ཚོ་དགོངས་པ་རྫོགས་པ་ལ་མྱང་ངན་དང་རྗེས་དྲན་མེད་པར་། ཚུལ་ཁྲིམ་དང་། ཆོས་ལུགས་འཆམ་མཐུན་དང། དྲང་བདེན་གྱི་སྟོང་པའི་། དབྱིང་ཡིག་ཤེས་པ་དང། སྙན་སུམ་ཚིག་སྐབས་ཙམ་ཤེས་པ་ཆེ་བརྟོད་དེ་ཙམ་བྱེད་པ་ལ་དོན་གྱི་སྟོངས་སོ།

  18. མེ་ཏོག་དཀར་པོ says:
    2015-01-21 at 7:58 am

    གདོང་ཐོག་གི་མི་ཚེའི་ནང་བྱས་རྗེས་ཆེ་ཤོས་ནི་དགེ་ལྡན་ལྔ་མཆོད་བོད་གཞུང་གི་ལས་ཀའི་ངལ་གསོ་ནས་ཕུད་པ་དང་། རྒྱལ་དར་གྱི་མཐའ་ལྕགས་སེར་པོའི་འགྲེལ་བཤད་དགེ་ལུགས་བསྟན་པ་རྒྱས་པའི་ཚབ་ལ་གསེར་སྦྱང་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཞེས་སུ་བརྗེ་བོ་རྒྱབ་བཅུག་པ་གཉིས་རེད། ཕོ་དཔའ་བོ། ཁྱོད་ལ་ངོ་སོ་བསྟོད།

  19. མེ་ཏོག་དཀར་པོ says:
    2015-01-21 at 8:38 am

    གྲྭ་བ་ལོག་ཀྱང་ཆོས་མ་ལོག །
    བླ་མ་ལོག་ཀྱང་ལྟ་མ་ལོག །
    དགེ་ལུགས་ལ་ཡོག་ཕོག་པ་ལ།།
    ངན་ཁག་ཁོང་ལ་མ་དཀྲིས་ཨ།།

  20. ཡར་ལྷ་ཤམ་པོ། says:
    2015-01-21 at 9:05 am

    གྲྭ་པ་ལོག་མིན་ཁོ་རང་དྲིས།
    བླ་མ་ལོག་པ་རྟགས་མ་གྲུབ།
    ཚུལ་ཁྲིམས་མེད་པ་རྟགས་མ་གྲུབ།
    རིམ་གཉིས་མེད་པ་རྟགས་མ་གྲུབ།
    ཚིག་ཙམ་མཁས་པ་རྟགས་མ་གྲུབ།
    མཁས་དབང་ཡིན་པ་མཁས་པར་གྲགས།

  21. གནམ says:
    2015-01-21 at 9:09 am

    ཆུང་ལུས་བླ་མའི་བྱིན་རླབས་ཡོད་པ་འདྲ།
    ལྟ་བས་མི་ཆོག་དད་པས་འཛིན་ས་ཞིག།

    རྒ་བའི་ཀླད་སྐྲ་སེང་བ་མཐོང་པ་དང་།།
    ཚེ་གང་བཏགས་པའི་གླ་བ་སྐྱོ་བོ་ཞིག།

    གོ་ཐོས་གང་ཡང་མེད་པའི་བླ་མ་འདི།
    ལས་སྨོན་ཅན་ལ་མྱུར་དུ་བྱོན་པར་ཤོག།

  22. ཤར་པ་ says:
    2015-01-21 at 9:48 am

    དེབ་རྒོག སྐམ་པོ་མང་བས མཁས་ཡིན་ན།
    གང་ཅན་རྒྱ་བོ་དབྱིང་ལིང་ལྐལ་བཟང་ལ་།
    དེབ་རྒོག་ཤིན་ཏུ་མང་བས་མཁས་པར་ཐལ།
    སྙན་ངག་ཚིག་ཙམ་ཤེས་པའི་མཁས་ཡིན་ན།
    སྒྲོལ་མ་གླིང་གི་ཨ་ནེ་མཁས་པར་ཐལ།
    དབྱིང་ཡིག་ཚིག་གསུམ་ཤེས་པའི་མཁས་ཡིན་ན།
    མེ་་འཁོར་ས་ཚིག་སྤྲང་ཚོགས་མཁས་པར་ཐལ།

  23. ཡར་ལྷ་ཤམ་པོ། says:
    2015-01-21 at 10:19 am

    ལོ་ཚིགས་མཁས་མིན་ཚིག་མཛོད་ཆེན་མོར་ལྟོས།
    ཨིན་ཇི་མཁས་མིན་སྒྲ་གཞུང་ཚིག་མཛོད་ལྟོས།
    སྙན་ངག་མཁས་མིན་གསུང་རྩོམ་ཞིབ་མོར་མཇོལ།
    མཁས་པ་ཡིན་མིན་གཟུར་གནས་མཁས་པར་དྲིས།
    ལེགས་བཤད་ལས།
    མཁས་པ་མཁས་པའི་ནང་ན་མཛེས།
    བླུན་པོས་མཁས་པ་ཇི་ལྟར་གོ།
    ཙན་དན་གསེར་བས་རིན་ཆེ་ལ།
    བླུན་པོས་སོལ་བར་བྱས་ལ་ལྟོས།

  24. ཤར་པ࿒ says:
    2015-01-21 at 10:52 am

    བླུན་པོ་བླུན་པོའི་ནང་དུ་མཁས།
    བླུན་པོས་མཁས་པ་ཇི་ལྟར་གོ།
    ཙནཌན་་བསེལ་བའི་དངོས་པོ་དེ།
    བླུན་པོས་སོལ་བ་བྱེད་ལ་བལྟོས

  25. ཤར་པ࿒ says:
    2015-01-21 at 10:54 am

    ཧ་མ་གོ་མི་དེ་ཧམ་ཚ། རྙེག་དུས་མི་རྣམས་ཧམ་སུ་ཆེ་ཡིན

  26. མེ་ཏོག་དཀར་པོ says:
    2015-01-21 at 10:55 am

    དེབ་རྒོག་མང་བས མཁས་མིན་ཏེ་དགེ་ལུགས་མིན། །
    སྙན་ངག་མཁས་པས་མཁས་པ་མིན་ཏེ་དགེ་ལུགས་མིན། །
    ལོ་རྒྱུས་མཁས་པས་མཁས་པ་མིན་ཏེ་དགེ་ལུགས་མིན། །
    ལྟ་གྲུབ་མཁས་པའི་མཁས་པ་མིན་ཏེ་དགེ་ལུགས་མིན།།
    གཞུང་ལུགས་མཁས་པའི་མཁས་པ་མིན་ཏེ་དགེ་ལུགས་མིན། །
    དགེ་ལུགས་མིན་ན་མཁས་མིན་བཟང་མིན་ལེགས་མིན་ལ། །
    དགེ་ལུགས་ཡིན་ན་དེ་ཡི་སྐྱག་པའང་གསེར་ཡིན་ནོ།།

  27. མཚམས་སྤྲིན། says:
    2015-01-21 at 12:10 pm

    ཁྱེད་ཚོས་རྗེས་དྲན་བྱེད་སྟངས་ཡག་བྱུང་། ཉི་ཤུ་དགུ་ཡི་གླུད་རྒན་ཚོ།

  28. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 12:18 pm

    མཁས་དབང་གདོང་ཐོག་འདས་པ་ལ། །
    ༜
    གདོང་ཐོག་བླ་སྤྲུལ་ཁྲི་བཏོན་མཛད། །
    གདོང་ཐོག་བླ་མ་སྐྱ་ལ་བབས། །
    གདོང་ཐོག་བརྩོན་པས་སྐད་མང་སྦྱངས། །
    གདོང་ཐོག་འཆི་དུས་མཁས་གྲལ་ཐོབ། །
    ༜
    ཀརྡོ་ང་ཡིས་གུས་དུད་ཞུ། །

  29. ཡར་ལྷ་ཤམ་པོ། says:
    2015-01-21 at 2:38 pm

    མཁས་པའི་ལེགས་བཤད་གསེར་སྐུ་དེ།
    དཀོན་གཉེར་ལག་པས་རག་ལ་བཏང་།

  30. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 3:05 pm

    ཚིག་མཛོད་ཀྱི་སྔོན་དུ་གླེང་བའི་གཏམ་ལས།

    ཉི་ཤུ་རྩ་ལྔ་སྲིད་པ་བཟུང་བའི་ཚེ། །
    མི་ནས་མིར་འཁྲུངས་འཇམ་དཔལ་དཔའ་བོ་ཡིས། །
    རྗེས་སུ་འཛམ་གླིང་ཁྱོན་ལ་པཎཌིཏའི། །
    མཚན་སྙན་རབ་གྲགས་ཀུན་དགའ་རྒྱལ་མཚན་མཆོད། །

    མཁྱེན་བརྩེ་ནུས་པའི་གཏེར་གྱུར་འགྲོ་བའི་སྐྱབས། །
    འཇམ་དབྱངས་ངུར་སྨྲིག་འཆང་བ་ཆོས་ཀྱི་རྗེ། །
    ཁྱེད་ཞབས་ཚེ་རབས་ཀུན་ཏུ་སྤྱི་བོས་བསྟེན། །
    གཟུངས་སྤོབས་ཡོན་ཏན་དངོས་གྲུབ་བདག་ལ་སྩོལ།།

    གདོང་ཐོག་གིས།

  31. གཞོན་ནུ་ཟླ་མེད། says:
    2015-01-21 at 5:44 pm

    ཡོན་ཏན་རྒྱ་མཚོས་ལུང་ཞིག་བསྐུར་སོང་། དེ་ནི་སློབ་དཔོན་ཉི་མ་སྦས་པའི་ལུང་ཞིག་རེད། མི་བསྲུན་པ་དག་མི་བསྲུན་པས།། འདུལ་འགྱུར་སྐྱེ་བོ་དམ་པས་མིན།། འདི་སྐུར་ནས་ཁོང་མ་ཤི་སྔོན་ལ་ལུང་རིགས་ཀྱིས་དམ་ལ་བཏགས་ཡོད་ཟེར།།

  32. སྲིན་པོ་རྫ་རྒན་ says:
    2015-01-21 at 6:30 pm

    གཞོན་ནུ་ཟླ་མེད་ལགས། ཁྱེད་རང་གིས་འཁྱོག་བཤད་བྱེད་དོན་་གདོང་ཐོག་རིན་པོ་ཆེས་ས་དཀར་གོང་གི་ཡོན་ཏན་རྒྱ་མཚོ་ཨར་ལ་གཏད་པས་རེད་དམ། ཡོན་ཏན་རྒྱ་མཚོ་ཤི་མཇུག་ལ། ཕ་ཡུལ་མི་དམངས་ཀྱིས་ཁོའི་རུས་ཐལ་ཡང་ཕ་ཡུལ་ལུང་པར་འཁྱེར་ཡོང་མ་བཅུག་པ་གང་ལ་ཐུག་པ་རེད། དཀྲུགས་འདྲེ་ཡིན་པས་དེ་ལྟར་བྱས་པ་རེད། ཨ་ཀ་ཁྱེད་རང་གིས་ཕ་ཡུལ་གཅིག་པའི་ཞེན་ཁོག་དང་སྒོ་མང་གི་གྲྭ་བ་གཅིག་པ་ཡིན་པའི་ཞེན་ཁོག་བྱེད་སྟངས་འདི་ཡག་པོ་མ་རེད་བསམ་སོང་། ལ་མོ་ཀུན་བཟང་རྒྱ་མཚོས་བརྩམས་པ་༼ལ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར༽ནང་ལ་ཡོན་ཏན་རྒྱ་མཚོའི་མིང་བཞག་འདུག་ཅེས་མང་པོ་ཞིག་གིས་རྣམ་རྟོག་བྱེད་ཀྱི་འདུག དཀྲུགས་འདྲེ་ངོ་མ་དེ་ཡོན་ཏན་རྒྱ་མཚོ་རེད་ད། སྐད་ཆ་དྲང་མོར་བཤད་དགོས་རེད། ང་ཚོས་ཕ་ཡུལ་གཅིག་པའི་ཞེན་ཁོག་ག་ཚད་བྱས་ཀྱང། ཡོན་ཏན་རྒྱ་མཚོ་དཀྲུགས་འདྲེ་མིན་པ་བཟོ་ཐུབ་ཀྱི་མ་རེད།

  33. ཨ་ནུ་ཐང་བསོད་ནམས། says:
    2015-01-21 at 7:33 pm

    མྱ་ངན་ཡོད།

  34. ཇུས་ཏོག says:
    2015-01-21 at 9:29 pm

    གདོང་ཐོག་འགྲོ་དོན་གླིང་འདིར་རྫོགས་།
    མཆོད་འབུལ་མྱ་ངན་དྲ་འབུའི་གླེང་།
    མྱུར་བྱོན་གསོལ་འདེབས་དྲ་འབུའི་གླེང་།
    འཆི་མའི་ལམ་སྣ་མ་བཀག་ཨ་།
    བླ་མའི་ཡང་སྲིད་ཕྲུགས་ཡོང་ངོ་།
    ཡོོན་ཏན་རྒྱ་མཚོའི་གོ་ཡོང་ངོ་།
    བླ་མའི་དགོང་པ་མ་དཀྲུགས་ཨ་།
    ས་ལམ་འབྲས་བུ་ཐོབ་པ་ཤོག་།

  35. ཐུབ་པ། says:
    2015-01-21 at 10:24 pm

    བྱས་རྗེས་བྱས་རྗེས་ཟེར་ནའང་། བྱས་རྗེས་དེ་ཙམ་ཡིན་ན་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བྱས་རྗེས་འདི་འདྲ་ལོས་ཡོད།

    མཁས་པ་ཡིན་ན་ཡོན་ཏན་རྒྱ་མཚོ་དགག་མ་ཐུབ་པ་ག་རེ་རེད། དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་བ་དེ་ག་རེ་རེད། དེའི་ཕྱོགས་གཅིག་ཀྱང་ལབ་མི་འདུག
    དེས་མི་ཤི་ན་བསྟོད་ཁུལ་བྱེད་པ་འདི་དངོས་གནས་སྒྱུར་བཅོས་གཏོང་དགོས་པའི་གཤིས་ཀ་རེད།
    འདི་ལ་ང་རང་ཧ་ཅང་ཡ་མཚན། ཤི་ན་གཞི་ནས་བཟང་རབས་རྒྱན་རབས་མང་པོ་བཤད་འོང་གི

  36. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 11:05 pm

    ་་་་་་་་་་་ འདི་སྐུར་ནས་ཁོང་མ་ཤི་སྔོན་ལ་ལུང་རིགས་ཀྱིས་དམ་ལ་བཏགས་ཡོད་ཟེར།། ་་་་་་་་་་

  37. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 11:06 pm

    ་་་་་་་་་་ དཀྲུགས་འདྲེ་ངོ་མ་དེ་ཡོན་ཏན་རྒྱ་མཚོ་རེད་ད། སྐད་ཆ་དྲང་མོར་བཤད་དགོས་རེད། ང་ཚོས་ཕ་ཡུལ་གཅིག་པའི་ཞེན་ཁོག་ག་ཚད་བྱས་ཀྱང། ཡོན་ཏན་རྒྱ་མཚོ་དཀྲུགས་འདྲེ་མིན་པ་བཟོ་ཐུབ་ཀྱི་མ་རེད། ་་་་་་་་་་་

  38. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 11:08 pm

    ་་་་་་་་་་་ མཁས་པ་ཡིན་ན་ཡོན་ཏན་རྒྱ་མཚོ་དགག་མ་ཐུབ་པ་ག་རེ་རེད། དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་བ་དེ་ག་རེ་རེད། དེའི་ཕྱོགས་གཅིག་ཀྱང་ལབ་མི་འདུག ་་་་་་་་་

  39. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 11:11 pm

    འཆད་རྩོད་རྩོམ་གསུམ་མཁས་པའི་བྱ་བ་རེད། །
    མཁས་བཙུན་བཟང་གསུམ་བླ་མའི་ཡོན་ཏན་རེད། །
    ཐམས་ཅད་ཚང་བ་བསྟན་པའི་ཞབས་འདེགས་རེད། །
    གཅིག་ཀྱང་མི་ཚང་བླ་སྤྲུལ་ཞབས་འདྲེན་རེད། །

  40. བློ་བཟང་། says:
    2015-01-21 at 11:22 pm

    རྩོམ་ཡིག་བཀླགས་ཡོད། རྡོ་རྗེ་དབང་ཕྱུག་ལགས་ཐུགས་རྗེ་ཆེ། མཁས་པ་ལ་ཆེ་མཐོང་སྤྲོད་རྒྱུ་ནི་ཧ་ཅང་གལ་ཆེ།

  41. ཇུས་ཏོག says:
    2015-01-21 at 11:36 pm

    འཆད་རྩོད་སྤེལ་གསུམ་་བླ་མའི་སྐུ་ཡོན་རེད་།
    རྩོམ་འབྲི་བྱེད་པ་མཁས་པའི་ཡོན་ཏན་རེད་།
    ཆ་ཚང་འཛོམས་པ་སྔོན་བསགས་འབྲས་བུ་རེད་།
    གཅིག་ཀྱང་མེད་པ་དྲ་འབུའི་ཡོན་ཏན་་རེད་
    དྲ་ནང་འཛུལ་ནས་སྤྱི་ཚོགས་དཀྲུགས་་ཤིང་རྒྱོབ་།ཧ་་ཧ་ཧ་་་་་་་་་ཧ་ཧ་

  42. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 11:47 pm

    ཡོན་ཏན་རྒྱ་མཚོའི་སྐོར་ལ་ཅུང་ཟད་ཤེས་འདོད་ཡོད་པས་་་་་་་་་་

  43. ཡར་ལྷ་ཤམ་པོ། says:
    2015-01-22 at 4:43 am

    གདོང་ཐོག་རིན་པོ་ཆེའི་ཚིགས་བཅད་ཅིག་དྲན་བྱུང་།
    གདོང་ཐོག་ཁྱི་རྒན་ཁ་རོག་ཉལ་བ་དེ།
    ཡོན་ཏན་སྤྲང་པོས་རྒྱུག་དཀྲོགས་བྱས་པ་བདེན།
    སྤྲང་པོ་མི་ཡིས་ཚོད་བཟུང་མ་ཤེས་ན།
    ཁྱི་རྒན་དུད་འགྲོས་ཀུ་ཅོ་མི་སྤོངས་བདེན།

  44. ཡར་ལྷ་ཤམ་པོ། says:
    2015-01-22 at 5:17 am

    ངས་དྲན་ཚོད་ལ་ཡོན་ཏན་རྒྱ་མཚོ་དང་གདོང་ཐོག་གི་རྩོད་པའི་དེབ་མཇུག་ཤོས་དེ་གདོང་ཐོག་གི་དག་བྱེད་ཟེགས་མ་ཡིན་པ་ཡོད། དེ་ལ་ཡོན་ཏན་རྒྱ་མཚོའི་ལན་མེད་སྙམ། གཅིག་བྱས་ན་ང་ནོར་ཡོད་སྲིད། ཛེ་སྨད་ཀྱི་ཕ་རྒོད་བླ་མའི་ཞལ་ལུང་ནས་བརྩམས་ཏེ་རྩོད་གཞི་མང་པོ་འཕྲོས་པ་རེད། དོལ་རྒྱལ་སྐོར་དང་། རྗེས་སུ་ལྟ་བའི་སྐོར་ལ་རྩོད་པ་བྱས་པ་དེ་གཉིས་གཙོ་བོ་འདྲ་པོ་རེད། དོལ་རྒྱལ་སྐོར་དེས་བོད་བསྟན་སྲིད་ལ་ཕན་གནོད་གང་ཡོང་གི་ཡོད་མིན་སོ་སོས་གཟིགས། ལྟ་བའི་སྐོར་དེ་ཚོ་བོད་ཀྱི་མཁས་གྲུབ་སྤྱི་དང་ས་དགེའི་མཁས་པ་སྟག་སེང་ཁ་འཐབ་པ་ལྟ་བུ་ཚོས་པུ་ཏི་དང་པུ་ཏི་བརྩིགས་ཡོད། བློ་ལྡན་གཟུར་གནས་ཚོས་ཡིག་ཆ་དེ་ཚོ་མཇལ་ན་མཁྱེན། དེ་མིན་ཉག་རྙོག་མང་པོ་ལབ་ཀྱང་རིག་པ་གསར་པ་འདྲ་རྙེད་དཀའ། གྲུབ་མཐའ་དང་ཆོལ་ཁ་སོགས་ཀྱི་ཆགས་ཞེན་དུ་སོང་ནས་ཆོས་སྲིད་གང་སྤྱིར་ཕན་དང་གནོད་ཆ་མ་མཆིས། མཁས་པ་དཀོན། དེ་བས་གཟུར་གནས་དང་ལྷག་བསམ་ཅན་དཀོན།

  45. ཇུས་ཏོག says:
    2015-01-22 at 5:31 am

    གདོང་ཐོག་ཡོན་རྒྱ་རྩོད་པ་སྒེར་དོན་ལས་།
    བསྟན་པ་སྤྱི་ལ་ཕན་པ ་གང་ན་ཡོད་།
    རྩོད་ས་ངོ་མ་གུང་བྲན་དམར་པོ་རེད་།
    གུུང་བྲན་མཐོང་དུས་མགོ་ལ་འབར་བ་ཀབ་།
    ནང་ཁུལ་དཀྲུགས་པ་མཁས་པའི་ཡོན་ཏན་རེད་།
    དེ་ལ་ཕྱོགས་གཏོགས་དྲ་འབུའི་ལས་འགན་རེད་།ཧ་ཧ་ཧ་

  46. གཞོན་ནུ་ཟླ་མེད། says:
    2015-01-22 at 7:40 am

    ཡོན་ཏན་རྒྱ་མཚོ་༢༠༠༢། ༢། ༡༢ ལ་ཧྥ་རན་སིར་གྲོངས་པའི་གནས་ཚུལ་བོད་ཀྱི་དུས་བབ་གསར་འགྱུར་འདོན་ཐེངས་༡༩༢་པར་འཁོད། དེའི་རྗེས་ནས་ཡོན་ཏན་རྒྱ་མཚོའི་མིང་ཐོག་ནས་རྩོད་ལན་ལེགས་བཤད་དཔལ་གྱི་སྙིང་བོ་ཟེར་བ་དེ་ཐོན་པ་རེད། མི་ཤི་ཟིན་པ་ལ་རྩོམ་ཡིག་འགྲེམ་སྤེལ་རྒྱུན་མི་ཆད་དེ་དོལ་ཚོགས་ཀྱིས་ཁོང་གི་མིང་གཡར་ནས་བཏོན་བཞིན་པ་གོར་མ་ཆག་པས་དེ་འགོག་པའི་ཆེད་དུ། མདོ་སྨན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསལ་བསྒྲགས་ཞིག་སྤེལ། དེའི་ནང་འདི་ལྟར་བཀོད་ཡོད། ༼ ད་ལམ་ཡང་མདོ་སྨད་ཀྱི་ཁུངས་མི་ཡོན་ཏན་རྒྱ་མཚོ་འདས་གྲོངས་སུ་ཕྱིན་མ་ཐག ཤི་བོའི་བླ་བསྒུལ། གསོན་པོའི་གཉའ་བཅགས་ནས་དོལ་ཕྲུག་ཚོས་སྨྱོ་བཤད་གཟའ་བཤད་གང་བྱས་སྡེབས་སྤུངས་ཀྱིས་ཁོང་གི་མིང་ཐོག་ནས་འགྲེམ་སྤེལ་བྱས།༽ ཞེས་དོལ་རྒྱལ་ཚོགས་པར་བསྒྲགས་གཏམ་ཞིག་སྤེལ་ཡོད། འོན་ཀྱང་དེའི་ལན་དོལ་ཚོགས་ཀྱིས་མ་བཏབ་པར་གདོང་ཐོག་གིས་འདི་ལྟར་བཏབ་ཡོད། ༼ཆེད་བསྒྲགས་བྱས་པ་དེ་ནི་མགོ་མ་ཚོས་པའམ། ཕྱོགས་ཞེན་གྱི་སྐད་ཆ་གང་རུང་ལས་མ་འདས།༽ ཞེས་ལན་བཏབ་ཡོད།
    མདོ་སྨན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསལ་བསྒྲགས་དེས་བརྒྱབ་ས་ཁ་ལ་མ་ཕོག་མ་བརྒྱབ་སྣ་ལ་ཕོག་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མདོ་སྨན་དབུས་སྤྱི་ཁྱབ་རྒྱུན་ལས་སུ་ལ་ཕྱོགས་ཞེན་བྱས་པ་རེད། དོལ་ཚོགས་ལ་ཕྱོགས་ཞེན་བྱས་པ་རེད་དམ་ཡོན་རྒྱམ་ལ་ཕྱོགས་ཞེན་བྱས་པ་རེད། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནི་མགོ་མ་ཚོས་པ་དག་དག་འེ་རེད། གསལ་བསྒྲགས་དེ་ནི་དོལ་ཚོགས་ལ་སྤེལ་བ་ཞིག་རེད་འདུག་པས། གདོང་ཐོག་གིས་དོལ་ཚོགས་ཀྱི་ཚབ་བྱས་ནས་ལན་འདེབས་དགོས་པའི་རྒྱུ་མཚན་གང་རེད།
    མདོར་ན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནི་མགོ་མ་ཚོས་མཁན་དང་ཕྱོགས་ཞེན་ཅན་རྐྱང་ཡིན་པར་བཤད་པ་དེ་ལ་མདོ་སྨད་པ་སུས་ཀྱང་ང་ཚོ་ཕྱོགས་ཞེན་ཅན་ཡིན་མདོག་མདོག་གིས་ལན་གང་ཡང་བཏབ་མེད།

  47. ཀརྡོ་གཉེར་ཕྱག་པ་ says:
    2015-01-22 at 7:57 am

    གདོང་ཐོག་རིན་པོ་ཆེའི།
    བཞི་པའི་ཡང་སྲིད་ལྔ་པ་འདས། །
    ལྔ་པའི་ཡང་སྲིད་དྲུག་པ་དེ། །
    སྤྲུལ་སྐུ་ཚད་དང་ལྡན་པ་དང་། །
    བླ་མའི་མཛད་འཕྲིན་སྐྱོང་ནུས་ཤོག །

  48. ཇུས་ཏོག says:
    2015-01-22 at 9:05 am

    རླང་གོག་སྡུང་ན་འབེར་གོག་ལང་ཟེར་བའི་དཔེ་་ལྟར་གདོང་ཐོག་དང་ཡོན་རྒྱ་
    གཉིས་ཀྱི་མཁས་པའི་མགྲན་བརྩོད་དེ་རྒྱ་ལ་ཁ་གཏད་མེད་པ་ཆོས་ལུགས་་དང་
    ཆོལ་ཁའི་ཕྱོགས་གཏོགས་ལ་ཁ་ཕྱོགས་ནས་བླ་མའི་ཡང་སྲིད་ལ་ལྷད་རཱྒག་འདོད་
    མ་རེད་དམ་དྲ་འབུ་ལས་མེད་ཟས་མེད་ཚོ་བླ་་མའི་དགོང་པ་མ་དཀྲུགས་ཨ་།

  49. རྟ་བདུན་དབང་བོ says:
    2015-01-22 at 2:17 pm

    མཁས་པའི་དབང་བོ་གདོང་ཐོག་ཚང་སྐུ་མྱ་ངན་ལས་འདས་པར་བློ་ཕམ་ཡོད། སྐུའི་ཡང་སྲིད་ཕྱིར་འཁོར་བ་དུག་གི་རྫིང་བུ་འདིའི་ནང་དུ་ནམ་ཡང་མི་འབྱོན་པར་དག་པའི་ཞིང་ཞིག་ཏུ་ལྷ་དང་ལྷ་མོའི་མཉམ་དུ་རྩེད་མོ་ཅི་དགར་སྤྱོད་པའི་རེ་སྐུལ་ཞུ་ཞུ།།

  50. སྲིན་པོ་རྫ་རྒན་ says:
    2015-01-22 at 2:32 pm

    གཞོན་ནུ་ཟླ་མེད་ལགས། གསལ་བསྒྲགས་དེ་ནི། ཡོན་ཏན་རྒྱ་མཚོའི་དེབ་ལག་བྲིས་ཅན་༼ལེགས་བཤད་དཔལ་གྱི་སྙིང་པོ༽སྤེལ་བའི་སྐབས་དེའི་གསལ་བསྒྲགས་ཤིག་རེད། དེ་ཡང་མ་བརྟག་པར་ཕྱོགས་ཞེན་བྱས་ནས་སྤེལ་བ་ཞིག་ཆགས་ཡོད་པ་རེད། གསལ་བསྒྲགས་ནང་དོན་དེ་དོན་ལ་གནས་པ་ཞིག་ཆགས་ཡོད་པ་མ་རེད། གང་ལ་ཟེར་ན། མདོ་སྨད་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་དོལ་རྒྱལ་སྐོར་ལ་ཞིབ་འཇུག་གི་དེབ་༼དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་རྣམ་པར་དཔྱད་པ་ལུང་དང་རིགས་པའི་འོད་སྣང་འབུམ་གྱིས་ལེགས་པར་དྲངས་པའི་མཐའ་དཔྱོད་བདེན་རྫུན་ཉིན་མོ་ལྟར་གསལ་བར་བྱེད་པ་གཡའ་སེལ་མེ་ལོང་།༽ཞེས་པའི་ནང་ལ། དེ་སྔོན་ཡོན་ཏན་རྒྱ་མཚོས་དོལ་རྒྱལ་སྐོར་ལ་བྲིས་པའི་རིགས་སྦས་བཤད་དང་། དཀྱོག་བཤད་གང་འཚམ་བྱསཉ་པའི་མཇུག་ལ། གཤམ་གྱི་འདི་ལྟར་གསལ་འདུག ང་ཚོས་སྐད་ཆ་དྲང་པོར་བཤད་དགོས་པ་རེད། ཕ་ཡུལ་གཅིག་པའི་ཞེན་ཁོག་མ་གནང་ན་ཡག་པོ་ཡོད་པ་རེད། ཨ་ཀ་ཁྱེད་རང་གིས་ཞེན་ཁོག་ཁྱད་མཚར་གནང་གི་འདུག

    ༼ཕྱི་ལོ་༢༠༠༡ ལོར་ལྡི་ལི་ལྷ་མི་སྲུང་སྐྱོབ་ཚོགས་པ་ནས་༼ལེགས་བཤད་དཔལ་གྱི་སྙིང་པོ་༽ཞེས་པའི་དེབ་ཅིག་དཔར་འགྲེམས་བྱས་འདུག་ལ། དེབ་དེའི་རྩོམ་པ་པོ་ནི་དགེ་ལྡན་རྩོམ་རིག་ཚོགས་ཆུང་གི་འགན་འཛིན་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བསྒྲིགས་ཞེས་གསལ་ནའང༌། སྐབས་དེར་ཁོ་པ་གྲོངས་ཟིན་ཡོད་སྟབས་དེབ་དེ་རྩོམ་མཁན་ཁོ་པ་ཡིན་མིན་དོགས་གླེང་སྣ་ཚོགས་བྱུང་ཡོད། ང་ཚོས་དེང་རབས་འཕྲུལ་རིག་དང་ཆེད་ལས་མཁས་པ་སོགས་བརྒྱུད་བརྟག་དཔྱད་བྱས་འབྲས་སུ་དེབ་དེའི་ཡིག་གཟུགས་ཁོ་པའི་ཕྱག་བྲིས་དངོས་ཡིན་པའི་ར་འཕྲོད་བྱུང༌། དེབ་དེའི་ནང་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཡུལ་དུས་ཚོད་རྩིས་ཀྱིས་མཚན་སྨད་དང་གཞི་མེད་སྐྱོན་བརྗོད་བྱས་ཡོད་ཅིང༌། བྱེད་བབ་དེ་དག་གིས་སྐྱེ་བོ་ཕལ་ཆེ་བས་མཁས་པ་འདི་ཉིད་གློ་བུར་ལེགས་ཉེས་བླང་དོར་མི་ཤེས་པ་འདི་ལྟ་བུ་ཞིག་ཏུ་གྱུར་པ་ཨ་ཁ་ཁ་ཞེས་བོད་མིའི་སྤྱི་ཚོགས་ཁྲོད་ཡིད་ཕངས་པའི་གླེང་སློང་བྱུང་ཡོད།
    དེབ་དེ་འདྲ་ཞིག་ཐོན་པ་ཁོ་པའི་ཕ་ཡུལ་གྱི་གཉེན་ཚན་རྣམས་ཀྱིས་གོ་ཐོས་བྱུང་འཕྲལ། ཁོ་པའི་སྐུ་གདུང་ཕ་ཡུལ་དུ་གདན་འདྲེན་ཞུས་ཏེ་མཆོད་རྟེན་ཞིག་བརྩིགས་འཆར་ཡོད་པ་དེ་ཡང་མཚམས་འཇོག་བྱས་པ་མ་ཟད། སྐུ་གདུང་ཕ་ཡུལ་དུ་འཁྱེར་ཡོང་མི་ཆོག་ཅེས་གཉེན་ཚན་དང་ཡུལ་མི་ཐམས་ཅད་ཀྱིས་ཀྱང་འགོག་རྒོལ་བྱས་ཡོད།༽

    ཚིག་འདི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༠༦ ལོར་དཔར་སྐྲུན་བྱས་པའི་དེབ་༼དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་རྣམ་པར་དཔྱད་པ་ལུང་དང་རིགས་པའི་འོད་སྣང་འབུམ་གྱིས་ལེགས་པར་དྲངས་པའི་མཐའ་དཔྱོད་བདེན་རྫུན་ཉིན་མོར་ལྟར་གསལ་བར་བྱེད་པ་གཡའ་སེལ་མེ་ལོང་།༽གི་ཤོག་ངོས་ ༥༢༩ དང་ ༥༣༠ ན་འདུག

  51. བསྟན་འཛིན། says:
    2015-01-22 at 7:27 pm

    གདོང་ཐོག་ཚང་མཁས་པ་ཡིན་སྐད་མང་། ཁོང་རང་གི་མི་ཚེའི་གཟའ་ཟླ་དེ་མི་གཞན་གྱིས་ཉིན་རྒྱོ་མཚན་རྒྱོ་བྱས་ནས་མཐར་མིའི་ལག་ཏུ་ཤོར་སོང་བ་རེད། དེ་འདྲ་ཞིག་གི་སྐབས་ནས་ཁོང་རང་སེམས་ཁམས་མི་བདེ་བ་གྱུར་པ་རེད།

  52. དགེ་འདུན་རྒྱ་མཚོ། says:
    2015-01-22 at 9:36 pm

    གདོང་ཐོག་པའི་བཟང་ཕྱོགས་ནས་མང་བོ་གླེང་ཡོང་གི་འདུག་མོད།    
    དེ་ཙམ་གྱིས་མི་ཆོག་པར་ངན་ཕྱོགས་ནས་ཀྱང་གླེང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། 
    གང་ཡིན་ཟེར་ན། 
    མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཤེས་འདོད་ཡོད་པས་སོ།།

  53. བོད་ཁམས་སྡེ་ says:
    2015-01-22 at 10:57 pm

    བོད་ཕྱི་་ནང་གཉིས་ན་གྲགས་ཆེ་བའི་ཚིག་མཛོད་རྩོམ་པ་པོར་གཉིས་ཀ་འདི་ལོ་དགོང་པ་གཞན་དོན་སུ་གཤེགས་པ་སྙིང་ནས་མྱ་ངན་ཞུ་ ཁྱེད་ཚོ་མི་ཆུང་མགའ་རེས་ཁས་སྟག་གསོད་ཀྱང་ལག་པས་ཤིག་མི་སོད་ཞེས་པའི་དཔེར་ལྟར་བཀྲུས་ཀྱང་མི་དག་པའི་ངན་གོམས་སུ་ཤོར་བའི་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཞེན་ཁོག་རེ་ཡིད་ལ་གཟུང་ནས་ད་དུང་ཁོང་མཁས་དང་མི་མཁས་ཀྱི་ཚད་གཞི་འདྲ་ཞིག་འཇོག་ཁུལ་བྱེད་པ་ལས་ཁ་ནས་མ་ཎི་རེ་ཏོན་ན་ཕན་མི་ཆེའམ་།

  54. ཀརྡོ་གཉེར་ཕྱག་པ་ says:
    2015-01-22 at 11:03 pm

    ་་་་་་་་་ ཁོང་རང་གི་མི་ཚེའི་གཟའ་ཟླ་དེ་མི་གཞན་གྱིས་ཉིན་རྒྱོ་མཚན་རྒྱོ་བྱས་ནས་མཐར་མིའི་ལག་ཏུ་ཤོར་སོང་བ་རེད། དེ་འདྲ་ཞིག་གི་སྐབས་ནས་ཁོང་རང་སེམས་ཁམས་མི་བདེ་བ་གྱུར་པ་རེད། ་་་་་་་་་་་་་

  55. ཀརྡོ་གཉེར་ཕྱག་པ་ says:
    2015-01-22 at 11:04 pm

    ་་་་་་་་་་་ དེ་ཙམ་གྱིས་མི་ཆོག་པར་ངན་ཕྱོགས་ནས་ཀྱང་གླེང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ་་་་་་་་་་་་

  56. ཀརྡོ་གཉེར་ཕྱག་པ་ says:
    2015-01-22 at 11:05 pm

    ་་་་་་་་་་་་ བོད་ཕྱི་་ནང་གཉིས་ན་གྲགས་ཆེ་བའི་ཚིག་མཛོད་རྩོམ་པ་པོར་གཉིས་ཀ་འདི་ལོ་དགོང་པ་གཞན་དོན་སུ་གཤེགས་པ་སྙིང་ནས་མྱ་ངན་ཞུ་་་་་་་་་་་་་་་་་

  57. ཀརྡོ་གཉེར་ཕྱག་པ་ says:
    2015-01-23 at 3:49 am

    ང་དགུའི་རྗེས་ལ་མཁས་མང་ཡང་། །
    མི་ཡུལ་བཙན་བྱོལ་རྒྱ་གར་དུ། །
    ཨིན་བོད་ཤན་སྦྱར་ཚིག་མཛོད་ཅིག །
    དུས་སུ་མཛད་པ་བཀའ་དྲིན་ཆེ། །

    གདོང་ཐོག་ས་སྐྱའི་ལུགས་སུ་འཁྲུངས། །
    དགེ་ལྡན་ཆོས་ལའང་ཉམས་བཞེས་ཀྱིས། །
    དོལ་རྒྱལ་ཕན་མེད་མཐོང་གྱུར་བས། །
    དགག་པ་འགྲན་བྲལ་དུས་སུ་མཛད། །

    གདོང་ཐོག་བསྟན་པ་རྒྱས་པ་དང་། །
    ས་སྐྱའི་བསྟན་པ་འཕེལ་བ་དང་། །
    བོད་རིགས་མཁས་མང་བྱོན་པའི་ཕྱིར། །
    གདོང་སྤྲུལ་དྲུག་པ་མྱུར་བྱོན་ཤོག །

  58. ལུང་རྟོགས། says:
    2015-01-23 at 5:19 am

    མཁས་དབང་གདོང་ཐོག་རིན་པོ་ཆེར་སྙིང་ནས་མྱ་ངན་དང་གུས་འདུད་ཞུ། འདིར་དྲ་འབུ་རེ་ཟུང་གིས་ཁོང་ཆོས་རྒྱུད་བར་ལ་དཀྲུག་ཤིང་རྒྱག་མཁན་ཡིན་པ་ལྟ་བུ་བཤད་ཀྱི་འདུག མི་འདི་དག་ནི་དོལ་རྒྱལ་གྱི་རྗེས་འཇུག་པའམ། དེ་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན་ངེས། གདོང་ཐོག་རིན་པོ་ཆེས་དོལ་རྒྱ་བ་ཛེ་སྨད་དང་ཡོན་རྒྱལ་གཉིས་ལ་དགག་པ་མཛད་དེ་གོང་ས་ཆེན་པོའི་དགོངས་གཞི་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཤིག་ཞུས་པ་ལས་གཞན་དཀྲུག་ཤིང་གི་སྐད་ཆ་གང་ཡང་གསུངས་མེད། ད་དུང་ལ་ལས་ཁོང་མཁས་པ་ཡིན་མིན་ཀྱི་སྐོར་ལ་ཅིག་བཤད་ཁུལ་བྱེད་པ་ནི་གད་མོའི་གནས་རེད། ཁོང་མཁས་པ་ཡིན་མིན་ཁོང་གིས་བརྩམས་པའི་དེབ་དེ་དག་ལ་གཟུ་བོའི་བློ་ཡིས་མཇལ་ཙམ་བྱེད་ན་ཤེས་ཡོང་།

  59. ལྡོང་གསེར་མིག says:
    2015-01-23 at 12:05 pm

    དྲ་འབུ་ཁག་ཅིག་གིས་རང་སྐྱོན་རི་རབ་མི་མཐོང་གཞན་སྐྱོན་སྲོ་མ་འཚོལ་བའི་ལངས་ཤོར་གྱི་སྤྱོད་ངན་དེ་དག་མཐོང་དུས་ངོ་མ་སྙིང་རྗེ་གི། མཁས་པ་གདོང་ཐོག་བླ་མས་མི་ཚེ་གང་བོར་རང་ནུས་ཀྱིས་བོད་ཀྱི་རིག་གནས་ལ་སློབ་གཉེར་གནང་། འཇིག་རྟེན་འདོད་ཡོན་གྱི་གཡེང་བ་ཆེ་བའི་ཨ་རིར་བཞུགས་ཀྱང་འདོད་ཆུང་ཆོག་ཤེས་ཀྱི་ལམ་ཁོ་ན་བསྟེན་ཏེ་བོད་ཀྱི་རིག་གནས་ལ་མཐོང་ཆེན་དང་རིན་ཐང་ལྡན་པའི་རྩོམ་ཡིག་མང་པོ་བྲིས། གང་ལྟར་ཉིན་ཤས་སྔོན་ནས་མཁས་དབང་ཁོང་འཇིག་རྟེན་འདིའི་དཀར་ངོགས་དང་ཁ་བྲལ་བ་རེད། ད་ནི་དྲིན་ཅན་ལ་དྲིན་ལོག་མི་བྱེད་རོགས་ཞེས་སྐྱག་ལང་དུ་ཤོར་བའི་དྲ་འབུ་རོགས་བསྐྱར་དུ་ཞུ་བ་ཡིན། །

  60. ཀརྡོ་གཉེར་ཕྱག་པ་ says:
    2015-01-25 at 1:40 am

    གདོང་ཐོག་གི་བསྟོད་པ།
    ་་་་་་་་་་་་་་་་་་་་་
    ༜གདོང་བཞིན་ཁ་བརྡའི་ནང་གི
    གདོང་༜ཐོག་མཁས་པའི་ཞལ་རས།
    གདོང་ཐོག་༜བསྟན་ལ་དད་པས།
    གདོང་ཐོག་བསྟན་༜པའི་མཛེས་རྒྱན།
    གདོང་ཐོག་བསྟན་པ་༜རྒྱལ་ཕྱིར།
    གདོང་ཐོག་བསྟན་པའི་རྒྱལ་༜མཚན།
    གདོང་ཐོག་ཡང་སྲིད་དྲུག་པ།
    གདོང་ཐོག་ཉི་གཞོན་མྱུར་བྱོནད།
    ་་་་་་་་་་་་་་་་་་་་་་་
    གདོང་ཐོག་ཚིག་བརྒྱད་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme