Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉུག་མའི་རང་བྱུང་གི་སྟོན་པ་དང་བསྟན་པའི་གནས་ལུགས། །

Posted on 2011-06-112011-06-11 By ཁ་བརྡ་ 34 Comments on གཉུག་མའི་རང་བྱུང་གི་སྟོན་པ་དང་བསྟན་པའི་གནས་ལུགས། །

75863_144678505584248_100001262996519_247823_685755_n
ན་མོ་གུ་རུ་བུདྡྷ་ཛྙྰ་ན་བྷོ་དྷི་ཙིཏྟ་ཡེ། །
ཆོས་དབྱིངས་ཀ་དག་གཉུག་མའི་ཡེ་ཤེས་སྤྲོས་བྲལ་འདུས་མ་བྱས་པའི་སྐུ། །
ཆོས་ཉིད་ལྷུན་གྲུབ་རིག་རྩལ་ཞིང་ཁམས་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །
ཆོས་ཅན་འགགས་མེད་སྣ་ཚོགས་སྣང་བ་གང་ལ་གང་འདུལ་སྤྲུལ་བའི་སྐུ། །
སྐུ་གསུམ་རྒྱལ་བའི་དབང་པོར་བཅས་པར་སྒོ་གསུམ་མི་ཕྱེད་དད་པས་འདུད། །

ཆོས་འབྱུང་ལོ་རྒྱུས་རྣམ་དག་ཤེས་པར་ཚུལ་མཐོང་ཀུན་རྫོབ་ཚད་མས་འཇལ། །
ཆོས་སྲིད་བསྟན་པའི་དར་རྒུད་སྣ་ཚོགས་ཚོགས་དྲུག་ཡུལ་ལས་མ་འདས་ཕྱིར། །
ཆོས་ཀྱི་དག་སྣང་སྲིད་ལ་མ་གཡོག་སྲིད་ཀྱི་དབང་ཤུགས་མ་ཁྱེར་བར། །
གཟུར་གནས་བློ་ལྡན་དོན་གཉེར་ཚོགས་ལ་དྲང་བདེན་རིགས་པའི་ལམ་འདི་སྟོན། །

གཟུགས་སྒྲ་དྲི་རོ་རེག་བྱའི་ཡིད་དབང་འགལ་མེད་སྙོམ་མེད་འཆད་ནུས་ན། །
ཐ་སྙད་ཞིབ་འཇུག་ལོ་རྒྱུས་རྣམ་ཐར་འཇིག་རྟེན་སྲིད་པའི་བརྒྱན་ཆ་དངོས། །
སྒྲོ་བཏགས་བཀུར་འདེབས་གྲུབ་མཐའ་རྩོམ་པའི་རྒྱལ་བསྟན་བཤིག་པའི་ཆོམ་རྐུན་དག །
དྲན་ཤེས་བག་ཡོད་བསྟེན་པར་འོས་པའི་དད་བརྩོན་ལྕག་གིས་ཡང་ཡང་བསྐུལ། །

བདག་ཅག་སྟོན་པ་ཐབས་མཁས་བདག་ཉིད་མཛད་པ་བཅུ་གཉིས་ཚུལ་བསྟན་པ། །
བྱང་ཆུབ་ཐུགས་བསྐྱེད་ཟབ་རྒྱས་ལམ་ལ་བསྐལ་ཆེན་དུ་མར་ཚོགས་བསགས་ཏེ། །
བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱ་མཚོའི་དཔལ་ཡོན་མ་ལུས་ཡོངས་རྫོགས་ནས། །
སྙིགས་ལྔའི་འགྲོ་ལ་ལྷག་པར་དགོངས་ནས་གཟིགས་པ་རྣམ་ལྔས་ཞིང་འདིར་ཕེབས། །
༡
བཞི་བཅོམ་ལྔ་ལྡན་ཕུན་སུམ་ཚོགས་པས་དགའ་ལྡན་ལྷ་ཡུལ་ཆོས་ལ་བཀོད། །
རྒྱལ་ཚབ་ཆེན་པོ་མི་ཕམ་མགོན་པོ་ལྷ་རྣམས་འདུལ་བར་མངའ་གསོལ་ནས། །
རིག་བྱེད་དགྱེས་པའི་གླང་ཆེན་སྒྱུ་འཕྲུལ་དམ་པ་འོད་དཀར་འཛམ་གླིང་དུ། །
ཐུགས་རྗེ་ཆེན་པོས་རྩོད་དུས་མགོན་དུ་དགའ་ལྡན་གནས་ནས་འཕོ་བར་མཛད། །
༢
དུས་གསུམ་ཀུན་མཁྱེན་རྒྱལ་བའི་དབང་པོས་དགོངས་བཞིན་སྤྲུལ་བའི་གཟུགས་སྐུ་རུ། །
ངོ་མཚར་དགེ་མཚན་བཅོ་བརྒྱད་དང་བཅས་ས་ག་ཟླ་བའི་ཡར་ཚེས་ལ། །
ཡུམ་ཆེན་བདེ་དགའི་གཟིམ་ལམ་ཇི་བཞིན་ཆོས་ཉིད་རྣལ་མའི་ཏིང་འཛིན་གྱིས། །
ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་སྒྱུ་མ་ལྷ་མཛེས་ལྷུམས་སུ་ཞུགས། །
༣
བྱང་ཆུབ་སེམས་ཀྱི་རྩལ་ཆེན་ཕྱིན་པས་ཟླ་བ་བཅུ་རྫོགས་རྒྱལ་བའི་སྲས། །
ཤཱཀྱའི་གཞོན་ནུ་དོན་ཀུན་གྲུབ་པ་བཀྲ་ཤིས་ལུམ་བིའི་ཚལ་དུ་བལྟམས། །
གང་ཚེ་རྐང་གཉིས་མཆོག་ཅེས་བསྟོད་པའི་ཚངས་དབང་བརྒྱ་བྱིན་འཁོར་གྱིས་བཏུད། །
འཇིག་རྟེན་འདྲེན་པའི་ཟས་གཙང་སྲས་པོ་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད། །
༤
ཚར་གཅོད་རྗེས་འཛིན་ཀུན་ཤེས་ཐོབ་ཕྱིར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང། །
ཕྱི་ནང་ཐུན་མོང་རིག་གནས་བསྟན་བཅོས་སློབ་སྦྱོང་ཀུན་ལ་མཐར་ཕྱིན་ནས། །
སྐྱེ་བོ་ངན་པའི་དྲེགས་ཅན་ཚར་བཅད་གཟི་ལུམ་ཐམས་ཅད་ཟིལ་གྱིས་གནན། །
འགྲན་མེད་སྟོབས་ལྡན་མི་ཡི་སེང་གེ་ཤྰཀྱའི་རྒྱལ་པོས་འཁོར་ལོར་བསྒྱུར། །
༥
འཇིག་རྟེན་ཆོས་དང་མཐུན་པར་བྱ་ཕྱིར་འདོད་ཡོན་རོལ་བའི་མཛའ་ན་མོ། །
ས་འཚོ་མ་དང་གྲགས་འཛིན་ཅན་མ་རི་དྭགས་སྐྱེས་མ་གྲོགས་སུ་བསུས། །
མཛེས་མཛངས་བཙུན་མོ་འཁོར་གྱིས་སྐོར་ནས་རྒྱལ་སྲིད་དམ་པ་ཆོས་བཞིན་སྐྱོང་། །
ཐུགས་བསྐྱེད་རྟེན་འབྲེལ་དུས་སུ་སྨིན་པས་སྒྲ་གཅན་འཛིན་ཡང་གསར་དུ་བསྐྲུན། །
༦
ཡིད་འོང་སྐྱེད་ཚལ་རྒྱང་རྒྱུར་ཕེབས་ནས་གྲོང་ཁྱེར་སེར་སྐྱའི་ཕྱོགས་མཚམས་ནས། །
སྐྱེ་རྒ་ན་འཆི་འཁོར་བའི་བྱ་བ་སྙིང་བོ་མེད་པར་ལེགས་གཟིགས་ཏེ། །
ཐུགས་དམ་རྒྱུད་བསྐུལ་རྒྱལ་ཆེན་སྡེ་བཞིས་ནམ་མཁའི་དབྱིངས་ནས་སྤྱན་དྲངས་ཏེ། །
མཆོད་རྟེན་རྣམ་དག་དྲུང་དུ་བྱོན་ནས་དབུ་སྐྲ་བཅད་དེ་རབ་ཏུ་བྱུང་། །
༧
ཐབས་ཤེས་མཆོག་གི་དམ་བཅའ་བརྩོན་པས་དཀའ་སྤྱད་ཆེན་པོས་ལོ་དྲུག་ཏུ། །
ནེེ་རཉྫ་ནའི་འགྲམ་དུ་སྐྱིལ་ཀྲུང་མ་གཡོས་ཏིང་འཛིན་ངང་ནས་སྒྲུབ་པར་བརྙེས། །
བྱང་ཆུབ་སེམས་ཀྱི་རང་བཞིན་མཐོང་ནས་དཀར་གསུམ་བདུད་རྩིར་ལོངས་སྤྱོད་པས། །
སྐུ་མཆོག་གསེར་མདོག་མཚན་དཔེའི་དཔལ་འབར་བལྟ་བས་མི་ངོམས་དྲང་སྲོང་རྒྱལ། །
༨
བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་མངོན་འཚང་རྒྱལ་སའི་རྡོར་གདན་དུ། །
བྱང་ཆུབ་མཆོག་གི་ཤིང་དྲུང་ཕྱིན་ནས་མི་འཇིགས་རྩ་སྟན་སྟེང་བཞུགས་ནས། །
བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་མི་གཡོ་ཐུགས་དམ་ཆོས་བདུན་ངང་། །
བྱང་ཕྱོགས་སོ་བདུན་སྤངས་རྟོགས་ཡོན་ཏན་སྐད་ཅིག་ཉིད་ལ་རྫོགས་པར་མཛད། །
༩
བྱང་ཆེན་ཐོབ་པའི་རྨིས་ལྟས་བཟང་པོས་བདུད་དམག་བྱེ་བའི་སྙིང་ཁམས་དཀྲུགས། །
ཆགས་སྡང་རྨོངས་པའི་ཆོ་འཕྲུལ་མཚོན་ཆར་ཏིང་འཛིན་ཐབས་ཤེས་རྒྱན་དུ་གྱུར། །
སྐུ་གསུམ་དོན་གྱི་རྒྱལ་བ་མཆོག་ལ་མངོན་པར་རྫོགས་པར་སངས་རྒྱས་པས། །
འཇིགས་རུང་བདུད་སྲིན་དཔུང་ཚོགས་བཅས་པར་མི་མངོན་དབྱིངས་སུ་འཇའ་ལྟར་ཡལ། །
༡༠
ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོ་འདུས་མ་བྱས་པའི་ངོ་བོ་ཉིད། །
བདུད་རྩིའི་རང་བཞིན་སྐྱེ་འཆི་བྲལ་བའི་སྨིན་གྲོལ་ཡེ་ཤེས་རབ་ཏུ་བརྙེས། །
འོག་མིན་གནས་དང་རིགས་ལྔའི་ཞིང་དུ་དག་མཉམ་རྫོགས་པའི་ཐུགས་རྗེའི་དཔལ། །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་ཤྰཀྱ་ཐུབ་པར་གྱུར། །
༡༡
ཚངས་དང་བརྒྱ་བྱིན་དངོས་འབྱོར་མཆོད་ནས་ཆོས་འཁོར་བསྐོར་བར་བསྐུལ་བྱས་པས། །
དྲང་སྲོང་ལྷུང་བ་རི་དྭགས་ནགས་སུ་ལྔ་སྡེར་བདེན་བཞིའི་ལམ་སྟོན་གནང་། །
བྱ་རྒོད་ཕུང་པོའི་རི་བོའི་སྤོ་རུ་ལྷ་མིར་སྟོང་ཆེན་ཆོས་འཁོར་བསྐོར། །
ཡངས་པ་ཅན་དང་ངེས་མེད་གནས་སུ་གཤེགས་སྙིང་གསང་ཆེན་བསྟན་པ་གསུངས། །
༡༢
བཅོམ་ལྡན་འདས་ཀྱི་ཡེ་ཤེས་དམ་པའི་གསང་གསུམ་བགྲེས་རྒུད་བྲལ་ན་ཡང་། །
རྟག་འཛིན་ཆེ་བའི་སོ་སྐྱེའི་ཚོགས་དང་འཕགས་གསུམ་ཆོས་ལ་བསྐུལ་བའི་ཕྱིར། །
ཟག་མེད་རྡོ་རྗེའི་སྐུ་མཆོག་དེ་ཡང་རེ་ཞིག་མྱ་ངན་འདའ་བར་བསྟན། །
དོན་དམ་ཕྱག་རྒྱའི་ཐུབ་པ་མཆོག་ཉིད་འཁོར་འདས་གཡུལ་ལས་རྣམ་པར་རྒྱལ། །

བདེ་གཤེགས་སྲས་བཅས་ཀུན་གྱི་མཛད་པ་སྨོན་ལམ་ཡེ་ཤེས་ཇི་འདྲ་བ། །
དེ་འདྲ་ཁོ་ནར་བདག་སོགས་གྱུར་ནས་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་དེ། །
སྐྱེ་རྒ་ན་འཆིའི་རྒྱ་མཚོར་བྱིང་བའི་ཁམས་གསུམ་འཁོར་བ་དོང་སྤྲུགས་ནས། །
བདག་དང་འགྲོ་ཀུན་འབད་མེད་ལྷུན་གྲུབ་བདེ་གཤེགས་སངས་རྒྱས་མྱུར་ཐོབ་ཤོག །

ཅེས་པ་ཡང་རབ་རྒྱན་ལྕགས་ཡོས་ས་ག་ཟླ་བའི་ཡར་ཚེས་བདུན་ལ་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ལ་མི་ཕྱེད་པའི་དད་པ་ཅན་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་ཤར་སྙིང་ནས་གསོལ་བ་འདེབས་པ་དགེའོ། ། ཤྲྰི་ཨ་ནནྟ་སརྦ་ལོ་ཀ་བི་ཛ་ཡནྟུ། །

སྙན་ངག

Post navigation

Previous Post: བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་སྟངས་ཤིག
Next Post: འགྱུར་བ།

Comments (34) on “གཉུག་མའི་རང་བྱུང་གི་སྟོན་པ་དང་བསྟན་པའི་གནས་ལུགས། །”

  1. པདྨ་གེ་སར says:
    2011-06-11 at 5:13 am

    བཀླགས་ཟིན། ཡི་རང་དང་སྨོན་ལམ་ཡོད།

  2. གཙུག་ལག་སློབ་དཔོན་ says:
    2011-06-11 at 10:49 am

    གཞོན་ནུ་དོན་གྲུབ་༢༩འི་ལོར་རྒྱལ་ཁང་ནས་མ་ཕེབས་གོང་ལ་སྲས་སྒྲ་ཅན་འཁྲུངས་ཟིན་པ་དབང་དུ་བྱས་ནས་ཐང་ཀ་བྲིས་ཡོད་པ་དང་། ཡང་ཁུངས་གཞན་དུ་འཁྲུངས་མ་ཟིན་པའི་རྙོག་གླེང་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱང་འདུག

  3. དྲི་མེད་ལྷག་བསམ། says:
    2011-06-11 at 2:24 pm

    ༄། ། གཉུག་མའི་སངས་རྒྱས་རང་ངོ་ཤེས་ལ་རང་གིས་འདུད། བསུང་ཞིམ་དྲི་མཆོག་ཟས་སུ་གསོལ་བ་ལྟ་ན་སྡུག་པའི་དགའ་ཚལ་ནས། ། ཚངས་དབང་རྒྱ་མཚོའི་སྒྲ་དང་རྩེན་ལས་རང་བྱུང་ཟླ་བའི་བུ་མོ་ཡིས། ། དབང་ཕྱོགས་རྣམ་སད་གཞོན་ནུ་དོར་ཏེ་ཚངས་སྤྱོད་དགེ་སྤྱོང་བླ་གོས་ལ། ། ངོ་ཚའི་རྫུ་བག་ཡོངས་སུ་བྲལ་ཏེ་ཞལ་སྦྱོར་བསྟོད་པའི་གླིང་བུ་གྱེར། ། བདག་མེད་ལྷ་མོ་དབྱིངས་སུ་བསྙལ་ཞིང་གཽ་རི་བརྒྱད་ལ་གུང་སེང་གནང་། ། མཚམས་མས་མ་གཟིགས་གསེར་གྱི་རྩ་ལས་རིག་གདངས་རྡོ་རྗེ་ལུག་རྒྱུད་ཀྱིས། ། དབྱིངས་སྣང་དགའ་མར་དགྱེས་དགུར་རོལ་བའི་ཀུན་བཟང་ཐུགས་ཀྱི་རྡོ་རྗེ་འཛིན། ། གཉུག་མའི་ཡེ་ཤེས་རང་བྱུང་སངས་རྒྱས་གཞིར་བཞེངས་སྐུ་གསུམ་ཀློང་ཏུ་རྫོགས། ། དྲི་མེད་ལྷག་བསམ་གྱིས་སྤྲོ་བ་ཆེན་པོས་བྲིས། །

  4. དཔལ་དགྱེས་པ་རྡོ་རྗེ says:
    2011-06-11 at 4:48 pm

    ཨེ་མ་ཧོ། །
    གཉུག་མའི་སངས་རྒྱས་དོན་གྱི་བླ་མར་སྒོ་གསུམ་གུས་པས་གསོལ་འདེབས་ཞིག །
    རང་སྣང་གང་ཤར་གླུ་རུ་བླངས་པས་ཆོས་མཆེད་དགྱེས་པའི་གཏམ་དུ་གྱུར། །
    དྲི་མེད་ལྷག་བསམ་སྙིང་གི་མཆེད་པོས་སྤྱན་རས་གཡོ་བར་དགའ་དྲགས་ནས། །
    སུམ་འཛོམས་ཟླ་བའི་དགའ་སྟོན་འདི་འདྲ་སྐྱེ་འགྲོ་ཀུན་གྱིས་མྱོང་བར་སྨོན། །
    ཤྲྰིས་སོ། །

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-12 at 2:47 am

    བླ་མ་དཔལ་དགྱེས་པ་རྡོ་རྗེ་མཆོག་གིས་བརྩམས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟོད་པ་རྗེས་སུ་ཡི་རངས་ངང་དུ་བཀླགས། འོན་ཀྱང་བདག་རང་གི་ཡི་གེའི་དག་ཆ་བཞིན་དུ་ཚིག་ཁ་ཤས་ལ་མི་འདྲི་བ་རྣམས་འདི་ལྟར་བཀོད་དེ། ལམ་སྟོན་གནང་།༴ལམ་སྟོན་མཛད། སྤྲུལ་བའི་སྐུ།༴སྤྲུལ་པའི་སྐུ། སྲིད་པའི་བརྒྱན་ཆ་དངོས།༴སྲིད་པའི་རྒྱན་ཆ་དངོས། སྒྲོ་བཏགས་བཀུར་འདེབས་༴སྒྲོ་འདོགས་བསྐུར་འདེབས་ འཛམ་གླིང་དུ ༴མ་དག་རྒྱུན་འབྱམས། སྣར་ཐང་བཀའ་འགྱུར་དང་དེབ་ཐེར་སྔོན་པོ་སོགས་ན། ཛམ་གླིང་ཞེས་པ་དག་པར་སེམས། ཛམ་ཞེས་པ་ལེགས་སྦྱར་སྒྲ་རང་རྣལ་བྱུང་ན་ལེགས། སྤྲུལ་བའི་གཟུགས་༴སྤྲུལ་པའི་གཟུགས་ གཟི་ལུམ་ཞེས་པ་བདག་གིས་མ་ཤེས། ཕལ་ཆེར་གཟུ་ལུམ་ཞེས་པ་གཟི་ལུམ་ཞེས་ཡིག་ནོར་མ་ཡིན་ནམ། རོལ་བའི་༴རོལ་པའི། གྲགས་འཛིན་ཅན་མ་༴གྲགས་འཛིན་མ་ཞེས་གྲགས་པས་ཅན་སྒྲ་མི་དགོས་སོ་སྙམ། སྐོར་ནས་ ༴སྐོར་ནས་ཞེས་པ་ལྷག་བཅས་ཡིན་པས་ལྷག་བཅས་འདས་ཚིག་ཐོབ། ལེགས་སྦྱར་རྒྱ་གར་སྐད་དུ། ལྷག་བཅས་ལ་འདས་པའི་དུས་ཅན་ཞེས་བྱ། དེའི་དབང་གིས་བོད་སྐད་དུ་ལྷག་བཅས་གང་ཡིན་ལ་འདས་ཚིག་བྱུང་བ་མ་ཡིན་ནམ། སྒྲ་གཅན་འཛིན་ གཙུག་ལག་སློབ་དཔོན་གྱིས་་སྒྲ་ཅན་ ཞེས་བྲིས་པ་མ་དག་པར་མཐོང་། དེ་ཡང་སྒྲ་གཅན་ཞེས་པ་ལྷ་མ་ཡིན་ཞིག་ཡིན་པ་དང་། དེ་ཉིད་ཟླ་བ་འཛིན་པས་ན། སྒྲ་གཅན་འཛིན། Rāhulaཞེས་ཟླ་བ་བཞིན་མཛེས་པའི་གཅེས་པའི་དོན་ཡིན་ཤས་ཆེ། ད་ལྟར་ཡང་རྒྱ་གར་པ་འགའི་མིང་དུ་འབོད། འཚང་རྒྱལ་སའི་རྡོར་གདན་ ༴ འཚང་རྒྱ་བའི་རྡོ་གདན།
    ཤྲྰི་ཨ་ནནྟ་སརྦ་ལོ་ཀ་བི་ཛ་ཡནྟུ། ། shrī ānandasarvalokavijayantu/ ན་མོ་གུ་རུ་བུདྡྷ་ཛྙྰ་ན་བྷོ་དྷི་ཙིཏྟ་ཡེ།namo gurubuddhajñānabodhicittāya

    སྲས་སྒྲ་གཅན་འཛིན་འཁྲུངས་པ་ལ་རྒྱ་གར་གྱི་སངས་རྒྱས་པའི་སྙན་དངགས་པ་ཆེན་པོ་དགེ་སློང་རྟ་དབྱངས་ཀྱིས་འདི་ལྟར་བྲིས་པ་ལ་གཟིགས་ཤིག

    དེ་ནས་མཛེས་པའི་འོ་མ་འཛིན་པ་དང་ལྡན་མ།
    གྲགས་འཛིན་མ་ནི་རང་གི་གྲགས་པ་འཛིན་མ་ལ།
    ཟས་གཙང་སྲས་པོའི་སྲས་པོ་སྒྲ་གཅན་དགྲ་ཡི་ཞལ།
    སྒྲ་གཅན་འཛིན་ཞེས་བྱ་བ་དུས་སུ་སྐྱེས་པར་གྱུར།། ༤༦ །།སངས་རྒྱས་ཀྱི་སྤྱོད་པ་ལེའུ་གཉིས་པ།

  6. BONPO says:
    2011-06-12 at 2:59 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ་་་་་ཚངས་རྒྱུང་གི་འཇིགས་རྟེན་་་་་ཞེས་པའི་དོན་གོ་གང་ཡིན་ནམ། བན་དེ་ཚོས་་་ཚངས་རྒྱུང་་་གི་ཚིག་འདི་བེད་སྤྱོད་གནང་གི་ཡོད་དམ།

  7. དོལ་སྨྱོན། says:
    2011-06-12 at 4:04 am

    བཞི་བཅོམ་དྲུག་ལྡན་མཐའ་ལས་འདས་ཀྱང་ཞི་བའི་དབྱིངས་ནས་འགྲོ་ལ་བརྩེ།།
    ཞི་འཇམ་ཐུགས་རྗེའི་དཔལ་དང་ལྡན་པས་སྲིད་གསུམ་འགྲོ་ལ་ལམ་སྟོན་མཛད།།
    ཁམས་གསུམ་འཁོར་བའི་རྒྱ་ལས་གྲོལ་ཡང་འཁོར་བའི་འགྲོ་ལ་བུ་ལྟར་བྱམས།།
    སྲིད་གསུམ་འདི་ན་འགྲན་པའི་ཟླ་མེད་ཐུབ་པའི་དབང་པོར་གུས་པས་འདུད།།

  8. དཔལ་དགྱེས་པ་རྡོ་རྗེ says:
    2011-06-12 at 6:38 am

    ཨོ་ཡ་ཡ། ལགས་སོ། མཁས་པ་ལ་དྭགས་བློ་བཟང་འཇམ་དཔལ་ལགས། བདག་གི་གཡག་རྩོམ་དེ་ཞིབ་གཟིགས་མཛད་པ་དངོས་ནས་བཀའ་དྲིན་ཆེ། ཡིག་ནོར་དང་དོན་ནོར་བཅོས་པ་ལ་སྙིང་ནས་དགའ་བསུ་ཡོད། མུ་འཐུད་དུ་མཆོག་གིས་བདག་གི་འཆལ་རྩོམ་ཚོ་གཟིགས་རོགས་མཁྱེན། དྲ་ཐོག་བསྐུར་ཟིན་པ་འདི་དག་ལ་ཅི་བྱ་མ་གཏོགས། བདག་རང་གིས་དྲ་བའི་ནང་ནས་བསམ་ཞིབ་ངང་ནས་བཅོས་བསྒྱུར་བྱ་རྒྱུ་ཡིན། ཡིག་ནོར་དངོས་སུ་སོང་བ་ནི་གཟི་ལུམ་དེ་ཡིན། རོལ་པ་དང་སྤྲུལ་པའི་བདག་སྒྲ་གསུངས་པ་དེ་འདྲའི་སྐོར་ལ་དོན་སྣང་ད་སྔོན་མ་བྱས་ཀྱང་དངོས་ནས་དེ་འདྲ་རེད་བཞག ད་ཕྱིན་པ་ཁ་ཕྱེས་དེ་ག་རང་བཞག་ངེས་པ་ཅན་ཡིན། དེ་མིན་ང་ལྟ་བུ་སྤྲུལ་པ་བ་གླང་ལ་ཡང་གོ་འགྲོ་ས་རེད་གདའ། །ཧ ཧ མདོར་ན་མཆོག་ཉིད་སྐུ་ཚེ་བརྟན། ཐུགས་དམ་གོང་འཕེལ་དང་བཞེད་དོན་གེགས་མེད་བདེ་མྱུར་འགྲུབ་པའི་སྨོན་ལམ་བཅས་ཤྲྰིས་གུས་ཕུལ། །

  9. དཔལ་དགྱེས་པ་རྡོ་རྗེ says:
    2011-06-12 at 6:44 am

    ཨ་བུ་དོལ་པོ་པ་ལ་ཡང་བཀྲ་ཤིས་བདེ་ལེགས་ཞུ། དོལ་མོ་དྲན་པ་ཁག་མེད་ཀྱང་ད་དུང་ཆོས་འབྱུང་ལོ་རྒྱུས་གནས་ཡིག་ཕྱོགས་དང་སྙན་རྩོམ་དག་ལ་འབྲི་བསྐུལ་ཞུས་པ་ཡིན། སྐུ་ཚེ་བརྟན།

  10. དཔལ་དགྱེས་པ་རྡོ་རྗེ says:
    2011-06-12 at 7:01 am

    ཕྱོགས་རིས་ཅན་བན་དེ་བོན་པོ་སུ་ཡིན་ཡང་སྐད་ཡིག་ནི་ཐོན་མི་བཀའ་དྲིན་ཅན་གྱི་ཕྲིན་ལས་ཀྱི་ཆ་ཤས་བོད་ཡིག་སུམ་རྟགས་དག་གསུམ་འདི་ཉིད་རང་རེད། མིང་དང་ཐ་སྙད་གསར་བྱུང་འདྲ་མ་གཏོགས་གོ་མྱོང་མེད་པའི་བརྡ་ཆད་གསར་བས་ཡིག་བརྫེད་མ་གནང་ན་ཤིན་ཏུ་ལེགས་སོ། །།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-12 at 2:09 pm

    BONPO ལེགས། ཚངས་རྒྱུང་གི་འཇིགས་རྟེན། ཞེས་པར་ཚངས་ཞེས་པ་མཐོང་ཡང་། རྒྱུང་། ཞེས་པ་མཐོང་མ་མྱོང་། གཅིག་ན་ཁྱེད་ཀྱི་ཡུལ་སྐད་དུ། བྱུང་ཞེས་པ་རྒྱུང་ཞེས་འདོན་པ་བློ་ལ་ཤར་ནས་། རྒྱུང་ཞེས་པ་བྲིས་སྲིད། ཚངས་བྱུང་། ཞེས་པ་རྒྱ་གར་དུ་ཕྱི་ནང་གི་གྲུབ་མཐའ་སོ་སོའི་བཤད་པ་མང་། ནང་པ་སངས་རྒྱས་པ་ལྟར་ན། ཚངས་པ་ཞེས་པ་མྱང་འདས་ལ་འཇུག། དེས་ན་དེ་ཉིད་ཐོབ་བྱེད་ཀྱི་ལམ་ལ་ཚངས་པའི་གནས་པ་བཞི་དང་། ཚངས་པར་སྤྱོད་པ་ཞེས་པ་ཡོད། འདི་དག་བོན་གཞུང་ན་ཡང་ཡོད་ངེས། བདག་རང་གིས་མ་མཐོང་། ཁྱེད་ལ་བཀའ་དྲི་ཞུ་ན། བན་དེ་ཞེས་པ་དེ་བོད་ཚིག་གམ། རྒྱ་གར་ཚིག་ཡིན།
    འདིར་བདག་གིས། འཚང་རྒྱ་བ། ཞེས་བྲིས་པ་ལས་ཁྱེད་ཀྱིས་ཚངས་རྒྱུང་ཞེས་ནོར་ནས་སྤྲོས་པ་བྱས་སོ་བསམ། འདིར་འཚང་རྒྱ་བ་ཞེས་པ་ད་ལྟ་བ་དང་། དེ་དག་གི་འདས་ཚིག་ལ། སངས་རྒྱས། ཞེས་བདག་གིས་འདོད་པ་ལ་ནོར་པ་ཡོད་ན་གསུང་གྲོགས།

  12. དྲི་མེད་ལྷག་བསམ། says:
    2011-06-12 at 3:16 pm

    རྒན་ལ་དྭགས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཉེ་ཆར་བྲེལ་བ་ཆེ་རྒང་ཞིག་ཏུ་ཁེལ་ནས་དྲྭ་ཐོག་ཏུ་འཁོར་ཐུབ་མ་སོང་། སྐབས་འདིར་མཇལ་བས་སྤྲོ་བ་འཕེལ། །ཚངས་རྒྱུང་།་་་་་ཚངས་འབྱུང་ཨེ་ཡིན་སྙམ། རྙིང་མའི་རྫོགས་ཆེན་གྱི་བརྡ་ཆད་དུ། རང་སྣང་ལོངས་སྐུའི་དུས་ལ་ཚངས་པ་རྔ་སྒྲ་དང་། སྤྲུལ་སྐུའི་དུས་ལ་ཚངས་ཆེན་བསྐལ་བའམ་འཇིག་རྟེན་ཟེར། རྫོགས་ཆེན་སྤྲུལ་སྐུའི་སྟོན་པ་བཅུ་གཉིས་བྱོན་པའི་བཞི་བ་ཡིན་ནམ་སྙམ། གཞོན་ནུ་རོལ་བ་རྣམ་རྩེ་བྱོན་པའི་གནས་ལ་ཆགས་འབྱུང་མངལ་སྣང་ཟེར། ། ཀཿཐོག་པ་ཤཱཀྱ་རྒྱལ་མཚན་སོགས་ཀྱིས་ཚིག་བསྡུས་ཏེ་་་་་་ཚངས་འབྱུང་་་་ཞེས་བྲིས་འདུག དོན་ཏུ་ཚངས་ཆེན་གྱི་ཆགས་འབྱུང་གི་འཇིག་རྟེན་གསུངས་པ་ཡིན་པ་འདྲ། །

  13. པདྨ་གེ་སར says:
    2011-06-12 at 4:10 pm

    འོ་རེད། ཚངས་རྒྱུང་གི་འཇིགས་རྟེན་ཟེར་ན་བོན་གྱི་བརྡ་རྙིང་ཞིག་ཟེར་ཀྱིན་འདུག དོན་དུ་རབ་ཏུ་བྱུང་བ་ཚོ་ཚངས་པ་སྤྱོད་པ་ལས་རྒྱུང་དུ་སོང་བའི་འཇིགས་སྐྲག་གི་རྟེན་ཉམས་པ་ཆེན་པོ་སྟེ་ཕོ་དང་མོའི་མཚན་མ་ལ་གོ་རྒྱུ་རེད། རེད་པས་བོན་པོ་ལེགས། བོན་པོས་ཁེད་བཞག་འདུག གྰ། །

  14. པདྨ་གེ་སར says:
    2011-06-12 at 4:28 pm

    འགའ་ཞིག་ལས། བོན་ཟེར་བ་དེ་ཡང་བོད་སྐད་དངོས་མ་རེད། ཞང་ཞུང་གི་སྐད་རེད། ཙྭ་རི་བས་ཀོན་ཟེར་ན་ཆོས་ཀྱི་གནས་ལུགས་ལ་གོ་ཀི་ཡོད ། ཀོན་གྱི་རྫོགས་པ་ཆེན་པོ་དང་། ཀོན་གྱི་ཕྱག་རྒྱ་ཆེན་པོ་སོགས་ར྄་རྩི་སྐར་རྒྱལ་ལས་རྒྱུད་པའི་ཀོན་འགའ་རེ་ཡོད་པར་སྣང་། བན་དེའི་ནང་ན་ཡང་ཀོན་ཁ་ཏོན་དུ་འདོན་པ། དཔེར་ན་ཟབ་མདོ་བསྡུས་པ་ཞེས་ཤན་ཞུགས་པ། ཀོན་ལས། འདི་སྐད་བདག་ཐོས་ཤྰ་རི་བུ། ཆོས་ལ་སོགས་པ་སྟོང་པ་ཉིད། ཅེས་ཤྭ་ལོ་ཀ་གཉིས་པ་ཞིག་འདུག

  15. དཔལ་དགྱེས་པ་རྡོ་རྗེ says:
    2011-06-12 at 9:05 pm

    བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་བསྟོད་པ་བཞུགས་སོ། །
    རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་སྟོ་ཏྲཾ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གང་གིས་དང་བོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམ་བིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་ག་མ་ག་ངྷཱར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་བོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནེེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་ངྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས་། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །བཱ་རཱ་ཎ་སྭཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས།།མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་མཛད་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །ཆ་བརྒྱད་སྐུ་གདུང་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡིས། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །
    འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-13 at 3:18 am

    དགྱེས་པ་རྡོ་རྗེ་ལེགས་ནས། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་བསྟོད་པ། བཀོད་པར་མཛད་པ་ཀློག་པར་སྐལ་བ་བཟང་། ༡༩༦༩ལོར་བདག་རང་གིས་བྲིས་པའི་འགྲེལ་པ་ཞིག་དང་སྤར་བསྐྲུན། ལ་དྭགས་ལ་བདག་སྤུན་མཆེད་ངག་དབང་རིག་འཛིན། རྒྱ་གར་དམག་མི་ནས་ཁྱུར་ཏེ། ཁང་པར་ཡོད་སྐབས་གློ་བུར་དུ་ཐོག་ནས་བུད་དེ་ཚེ་ལས་འདས་པའི་དགེ་རྩར་དམིགས་ཏེ་ཆོས་སྦྱིན་དུ་ཕུལ་པ་དེ་དྲན་གསོ་བྱུང་།
    དྭཱི་ད་ཤ ཞེས་པར་ཀྱི་གུ་མེད མ་ག་ངྷཱ་ མ་ག་ངྷཱར འ་ཆུང་མེད། དེ་ཡང་། མ་ ག་ དཧ་ དེ་ཡང་ མ་ཞེས་པ་ མ་དཧྱ་༴དབུས་ ཞེས་པའི་མིང་ཡིག་དང་། ག་ ག་ཏ་༴གྱུར་ཞེས་པའི་མིང་དང་པོ་དང་། དཧ་ ཞེས་པ་དཧ་ར་༴འཆང་ཞེས་པའི་མིང་ཡིག་དང་པ། བསྡོམས་པས། མ་ག་དཧ་ཞེས་པ་གྲུབ། དབུས་གྱུར་འཆང་ཞེས་པའི་དོན་ཡིན་པ་རང་གི་དྲན་གསོར་བྲིས་པ་གཟིགས་པར་འཚལ། dvādaśa magadha༴madhya gata dhara
    དགྱེས་པ་རྡོ་རྗེ་ལེགས། དྲི་མེད་ལྷག་བསམ་ལེགས། ་པདྨ་གེ་སར་ལེགས། ཚངས་རྒྱུང་དང་། དི་རིང་ཐོས་པའི་ཀོན་ཞེས་པ་དག་ང་ལ་ཚིག་གསར་པ། བན་དེ་ཞེས་པ་ལ་བརྟག་དཔྱད་བྱེད། བཙུན་པ་ཞེས་པའི་དོན་ཡིན་ན། ཡི་གེ་དག་ཆ་གཞན་ཞིག་དགོས། གྲྭ་པ་བྱེད་པར་སྐྲ་ཕུད་བཅད་པའི་དགེ་བསྙེན་ཆུང་ཆུང་ཀུན་ལ་ལ་དྭགས་གཤམ་དུ། བན་དེ་དང་། སྟོད་དུ་བཙུན་ཆུང་ཞེས་འབོད།

  17. དཔལ་དགྱེས་པ་རྡོ་རྗེ says:
    2011-06-13 at 8:49 am

    མཁས་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས། ཀོན་དང་རྒྱུང་མ་ཤེས་ན་མི་སྐྱོན་ལགས། ངེད་གཉིས་མ་ཤི་ཚེ་ཐག་རིང་ན་ཉི་མ་གཅིག་ལ་མཆོག་ཉིད་སྡེ་དགེ་བཀའ་བསྟན་འགྱུར་ལ་ཡང་དག་བཅོས་སུ་གདན་འདྲེན་ཞུས་ན་བསམ་ཡོད། སྡེ་དགེ་བཀའ་བསྟན་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཀས་བཀོད་པ་བཞིན་དུ་དེ་དུས་ཀྱི་མཁས་གྲུབ་དྲུག་ཅུ་ལྷག་གིས་དག་བསྒྲིགས་བྱས་པ་ཞིག་རེད། རྗེས་སུ་སི་ཏུ་པན་ཆེན་གྱིས་བཤད་འདུག དེའི་ནང་དུ་འཛམ་བུ་གླིང་དུ་ཞེས་པ་དང་མ་ག་དྷྰ་ཞེས་བཀོད་ཡོད་སྣང་སྐྱེ་སོང་། ། མཛད་བསྟོད་འདི་མཛད་པ་པོ་ཀླུ་སྒྲུབ་ངེས་པར་ཡིན་ནམ། ། ཡིན་ན་་་་ གང་ལྟར་ཁྱོད་ཀྱི་སྤུན་ངག་དབང་རིག་འཛིན་ཆེད་དུ་ཨོྃ་མ་པདྨེ་ཧྰུཾ་ཧྲྰིཿཞེས་བསྔོ་སྨོན་བྱས་ཡོད། མཆོག་ལ་དྲི་བ་གཅིག་ཡོད་པ་ནི། ཨོཾ་ཧྰུྃ་གི་ཀླད་སྐོར་མ་དང་ང་ཡི་སྒྲ་གདངས་གང་འབྱུང་གི་ཡོད་མེད་དང་། ཁྱོད་ཀྱི་འདོད་པ་དེ་གང་ཡིན་དང་། ཁྱད་པར་ཧྰུྃ་དང་ཧྰུམ་གི་དོན་དག་དང་Hung or Hum། ལྷག་པར་དེང་དུས་ཧུམ་དུ་འབོད་པ་དང་འབྲི་བ་ལོ་ཙྭ་དང་རྒྱ་བལ་དབྱིན་སོགས་ལ་ཤིན་ཏུ་མོད་པས་དེ་ལ་ཐུགས་བསམ་གང་ཡོད་གསུངས་རོགས་མཁྱེན།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-14 at 3:43 am

    བླ་མ་དཔལ་དགྱེས་པ་རྡོ་རྗེ་ལེགས།
    བདག་གི་སྤུན་ངག་དབང་རིག་འཛིན་ཆེད་དུ་ཨོྃ་མ་པདྨེ་ཧྰུཾ་ཧྲྰིཿཞེས་བསྔོ་སྨོན་མཛད་པར་བཀའ་དྲིན་བླ་མེད་དུ་ཆེའོ།
    སྡེ་དགེ་བཀའ་བསྟན་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཀས་བཀོད་པ་བཞིན་དུ་དེ་དུས་ཀྱི་མཁས་གྲུབ་དྲུག་ཅུ་ལྷག་གིས་དག་བསྒྲིགས་བྱས་པ་ཞིག་རེད། རྗེས་སུ་སི་ཏུ་པན་ཆེན་གྱིས་བཤད་འདུག འདི་འདྲའི་གནས་ཚུལ་བྲིས་པར་བཀའ་དྲིན་ཆེ། མཁས་གྲུབ་༦༠་ལྷག་གིས་དག་བསྒྲིགས་མཛད་ཀྱང་། དག་ཆ་མང་པོ་མ་དག་རྒྱུན་འབྱམས་སུ་སོང་བ་ཡོད་པ་ལྟ་ཅི། ཚིག་ཡོངས་རྫོགས་ནོར་པ་མ་གཟིགས་པ་དེར་ལུས་པ་ནི། ཕ་མ་གཉིས་དང་བུ་ཆུང་ཞིག་འོད་མའི་ཚལ་དུ། སངས་རྒྱས་ལ་མཇལ་བ་ན། བུ་ཆུང་དེ་ཁྱིམ་དུ་ལོག་མ་དཏུབ་པར་ཕ་དང་བཅས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དགོངས་མལ་བཏབ་བོ། ཞེས་པར་དག་མི་འདུག་སྙམ། ལ་དྭགས་ཏོག་བྲིས་མར་བལྟས་པ་ན། དེར་འོད་མའི་ཚལ་དུ་དགོངས་མལ་བཏབ་བོ། ཞེས་བྲིས་སོ། སྡེ་དགེ་བཀའ་འགྱུར་། མདོ་ཨ་ ཤོག་༦༥ན། ཏོག་བྲིས་མ། མདོ་ཨ་ཤོག་༡༤༤བ།
    ཨོམ་oṃ བམ་་baṃ ཀླད་བསྐོར་མ་ཡིག་ཏུ་འདོན་པ་ཐོས། ཧའུང་hūṃ གྱི་ཀླད་བསྐོར་ང་རུ་འབོད་པ་དེ་དག་ངག་རྒྱུན་གྱི་འདོན་པ་ལ་རག་ལས་པ་མཁྱེན་ངེས་ལ། འོང་ཀྱང་ཀླད་བསྐོར་ཏེ་ཕ་རོལ་ཏེ། ཡི་གེ་རྗེས་མ་ལ་ལྟོས་དགོས་ཏེ། ཀ་སྡེ་གང་ཡང་རུང་བ་ཕ་རོལ་ཏེ་རྗེས་སུ་ཡོད་ན། ཀླད་བསྐོར་དེ་ང་ཡིག་ཏུ་འགྱུར་བ་དང་། དེ་བཞིན་དུ་སྡེ་པ་གཞན་ལ་རང་རང་གི་སྡེ་པའི་ཐ་མའི་ཡི་གེ་ཉ་དང་། ན་ མ་རུ་འགྱུར་ཚུལ་ལེགས་སྦྱར་མཚམས་སྦྱོར་ན་གསལ།

  19. པདྨ་གེ་སར says:
    2011-06-14 at 5:43 am

    ལ་དྭགས་པ། ཀོན་དེ་ཆོས་ལུགས་ཞིག་རེད། ཏོན་དང་ཏོ་ཞེས་པ་བོན་བན་ཚོ་དང་འདྲ་བ་མང་པོ་བོད་དབུས་ཕྱོགས་དང་ཨ་མདོ་ཐེ་ལན་དང་རྒྱ་ནག་ཏུ་མང་པོ་འདུག དགྱེས་རྡོར་ཁྱེད་གཉིས་ཧྰུྃ་ལ་ཐུག་བཞག སྔགས་སུ། རྗེས་སུ་ང་རོ་སྡེ་པ་ལ། །རང་རང་སྡེ་པའི་ལྔ་པར་བཀླག །ཡ་སོགས་བརྒྱད་ལ་ང་རུ་བཀླག །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །ཤད་ཀྱིས་ཆོད་ན་རང་ཉིད་བརྩི། །ཤད་མེད་ན་ནི་འོག་མ་བརྩི། ། ཞེས་ཡོད་ལ་དྭགས་པས་བཤད་པ་ནང་བཞིན་རེད། ཨོ་ན། སྣར་ཐང་ལོ་ཙཱ་བས། ཨོཾ་དང་ཧཱུཾ་གཉིས་མ་དང་ང་། །ཚིག་གྲོགས་དག་ལ་བལྟོས་པ་མིན། །ཞེས་པ་ཇི་ལྟར་འགྲེལ། བདག་ཅག་བོད་པའི་ནང་འཁོར་དུ་མ་ཎི་འདོན་ཚུལ་མ་གཅིག་ན་གཞན་ཆོས་ཕུང་ཚོ་ལ་ལྟ་ཅི་ཞིག་གུ།

  20. གཙུག་ལག་སློབ་དཔོན་ says:
    2011-06-14 at 7:32 am

    ཧ་ཧ། ད་ལོའི་ས་གའི་ཟླ་བ་ལ། ཨོྃ་མ་པདྨེ་ཧྰུཾ་ཧྲྰིཿ ཞེས་འདོན་དགོས་རེད་ཨེ། ལམ་སྟོན་འདི་ཡག་དྲགས་པས་སྐྱོན་མི་འདུག་གམ། ང་ཡང་ས་ཟླའི་ཚེས་༡༤ དང་༡༥ལ་ཁ་སྡིག་གསོག་འདོད་མེད་ཀྱང་། སེམས་ཀྱིས་བཟོད་ཐུབ་མ་སོང་ལགས། དགེའོ། །

  21. དཔལ་དགྱེས་པ་རྡོ་རྗེ says:
    2011-06-14 at 8:33 am

    ༄༅། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ། །

    ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
    དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་དང་། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་འདུན་དུ་རྟག་ཏུ་ཐུབ་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་པ་དེ་ནི་མཉམ་བཞག་ཡིན། །ཞེས་གསུངས་པ་བཞིན་དུ་བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི།འདི་ལྟ་སྟེ། སངས་རྒྱས་ཆོས་དང་ཚོགས་སོགས་སྐྱབས་སེམས་དང། །ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ།ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས།

    ཨཿ

    སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །
    སྣང་བ་འགགས་མེད་ཟུང་འཇུག་སྒྱུ་མའི་ཚུལ། །
    རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །
    རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །
    སྟོན་པ་མཚུངས་མེད་ཤྰཀྱ་སེང་གེ་ནི། །
    གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །
    ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །
    ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །
    ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །
    གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །
    ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །
    ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །
    འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །
    དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །
    རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། །
    སྐྱབས་གནས་ཀུན་འདུས་བདག་ཉིད་ཆེན་པོར་གསལ། །

    ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུའང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ།མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཞིང་།རྒྱལ་བ་ཉིད་ལ་དམིགས་ནས་ཚོགས་བསགས་པའང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་།ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། ཞེས་དང་།དེའི་མདུན་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ།
    སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །
    བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
    པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
    སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
    བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །
    ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །
    ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །
    སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །
    འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །
    དུས་གསམ་བསགས་ལ་ལ་རྗེས་སུ་ཡི་རང་ངོ། །
    ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །
    ཕྱོགས་བཅུར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། །
    ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །
    དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །
    གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང་། །
    སྤྲུལ་བའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། །
    བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །
    མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །
    ཆོས་ཀྱི་རྒྱལ་པོ་རྟག་པར་མཉེས་བྱེད་ཅིང། །
    ཆོས་རྗེ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །
    བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །
    ཐུགསརྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། །
    ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །
    སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །
    དེ་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །
    ཡིད་ཆེས་དད་པས་སྙིང་ནས་གསོལ་བ་འདེབས། །
    སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །
    བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད། །

    ཅེས་ཡིད་ཆེས་ཀྱི་དད་པ་དྲག་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པས་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། །
    བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། །
    ཞེས་ཅི་འགྲུབ་དང་། ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི།
    ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། །
    ཞེས་ཅི་རིགས་དང་། ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླའོ། །འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ་དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས་མཚན་བརྗོད་པ་དང་། །གཟུངས་བཟླས་པའི་རྐྱེན་གྱིས་སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་དབག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང་། །ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་བསམས་ལ་དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ། །ཐུན་མཚམས་རྣམས་སུ་མཎཌལ་སོགས་མཆོད་པ་དང་། །ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེར་རོལ་བ། སྐྱེས་རབས་སྣ་ཚོགས།དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་སོགས་མདོ་གང་འདོད་ཅི་ལྟར་ནུས་པར་བཀླག་དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང་།མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་བའི་དྭངས་བའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། །དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ལས་བརྩམས་ཏེ།དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྷོད་པ་མེད་པའི་ངང་ནས་བྱང་ ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་ བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་ཏེ། །བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་མདོ་ལས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་འབྱུང་ཞིང་།གཟུངས་འདི་རྙེད་པའི་མཐུས་ཤྰཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་མཆོག་ཏུ་གྱུར་པ་དང་། ། གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། །སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་གྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུངས་ཤིང་།བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་ དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། །དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་དུ་བསྐུལ་པ་ཡིད་ལ་འཇགས་པའི་སྟེང་དུ་ཉེ་ཆར་ཡང་དབོན་རིན་པོ་ཆེ་ཉིད་ནས་སྤྲུལ་བའི་སྐུ་འཇིགས་མེད་པདྨ་བདེ་ཆེན་ལ་སྦྲན་ཏེ། རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་གྲུབ་པར་གྱིས་ཞེས་དམ་པ་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས།སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། །དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ། །ཤཱཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྒྱ་མཚོས། རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ་།ཀུན་ལྡན་ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པ་རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པ་དང་།ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པར་གྱུར་ཅིག། མངྒ་ལཾ།། །།

  22. དཔལ་དགྱེས་པ་རྡོ་རྗེ says:
    2011-06-14 at 8:47 am

    གོང་གི་ཡིག་ནོར་ལ་ཡི་རང་ལས་ནོར་བཅོས་མེད་པར་ཡིག་ནོར་རྒྱུན་འབྱམས་སུ་མཁས་པ་གཉིས་ལ་བྱུང་བཞག མཉམ་པར་མ་བཞག་པའམ་མ་གཟིགས་པར་ཡིན་པར་འདྲ། གང་ལྟར་ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཞེས་འདོན་ན་ཤིན་ཏུ་བཟང་། དོན་དག་ཀྱང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཤྰཀྱ་ཐུབ་པའི་ཐུགས་སྙིང་རྗེའི་རང་གཟུགས་ཀྱི་གཟུགས་སྔགས་ཁྱད་པར་ཅན་རེད། སྒྲ་གདངས་ཡང་Om Mani Pedme Hung Hriབརྗོད་ན་དག་པར་སེམས་སོ།

  23. གཙུག་ལག་སློབ་དཔོན་ says:
    2011-06-14 at 9:01 am

    ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། །
    ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།

  24. དཔལ་དགྱེས་པ་རྡོ་རྗེ says:
    2011-06-15 at 5:38 am

    སྙིང་ཉེ་བའི་གྲོགས་པོ་ཡོངས་ལ་ས་ག་ཟླ་བའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་བཅས།

    སངས་རྒྱས་རྣམ་གཟིགས་གཙུག་གཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གོོ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། ། སྨིན་གླིང་གཏེར་ཆེན་ནས།
    ༄༅། །མདོ་ལས།
    སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག ། བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐུས་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཡེ་ཤེས་དོན་དུ་བདག་གིས་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟེན་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་སྦྱིན་མཆོག་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །ཡུན་རིང་བསྟན་པ་འབར་གྱུར་ཅིག ། །
    ཟླ་བ་སྒྲོལ་མའི་མདོ་ལས་ཕྱུང་བའོ།།

  25. གཙུག་ལག་སློབ་དཔོན་ says:
    2011-06-15 at 7:14 am

    སྟོན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །
    ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། །
    འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
    ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།
    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །

  26. པདྨ་གེ་སར says:
    2011-06-15 at 7:33 am

    བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། །
    ཞེས་ཅི་འགྲུབ་དང་། ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི།
    ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། །
    ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭཱ་ཧཱ། །
    ཕྱག་འཚལ་བ་དང་མཆོད་ཅིང་བཤད་པ་དང་། །
    རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
    དགེ་བ་ཅུང་ཟད་བདག་གི་ཅི་བསགས་པ། །
    ཐམས་ཅད་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །
    སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །

  27. མིག་བརྒྱད་པ། says:
    2011-06-15 at 6:38 pm

    དཔལ་དགྱེས་ལགས།
    གོང་གི་མཛད་བསྟོད་དེ་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པར་གྲགས་ཀྱང་། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ལས་བྱུང་བས། ཚིག་སྦྱོར་ལ་དཔགས་ན་བདུད་བཏུལ་བའི་མཛད་ཡུལ་འཁོར་མོ་འཇིག་ཞེས་པ་དེ་ནི་མཉན་ཡོད་མིན་ནམ་སྙམ།

  28. དཔལ་དགྱེས་པ་རྡོ་རྗེ says:
    2011-06-15 at 7:14 pm

    ཀུན་ཏུ་བཟང་པོའི་སྨོན་ལམ་བཞུགས་སོ། །

    ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔

    གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔

    རིག་དང་མ་རིག་ཆོ་འཕྲུལ་ཏེ༔

    ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔

    ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔

    མངོན་པར་རྫོགས་ཏེ་སངས་རྒྱས་ཤོག༔

    ཀུན་གྱི་གཞི་ནི་འདུས་མ་བྱས༔

    རང་བྱུང་ཀློང་ཡངས་བརྗོད་དུ་མེད༔

    འཁོར་འདས་གཉིས་ཀ་མིང་མེད་དོ༔

    དེ་ཉིད་རིག་ན་སངས་རྒྱས་ཏེ༔

    མ་རིག་སེམས་ཅན་འཁོར་བར་འཁྱམས༔

    ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔

    བརྗོད་མེད་གཞི་དོན་རིག་པར་ཤོག༔

    ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔

    རྒྱུ་རྐྱེན་མེད་པར་གཞི་ཡི་དོན༔

    དེ་ཉིད་གཞི་ལ་རང་བྱུང་རིག༔

    ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔

    དྲན་མེད་མུན་པའི་སྒྲིབ་མ་གོས༔

    དེ་ཕྱིར་རང་སྣང་སྐྱོན་མ་གོས༔
    རང་རིག་སོ་ལ་གནས་པ་ལ༔

    སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད༔

    འདོད་ཡོན་ལྔ་ལ་ཆགས་པ་མེད༔

    རྟོག་མེད་ཤེས་པ་རང་བྱུང་ལ༔

    རྡོས་པའི་གཟུགས་དང་དུག་ལྔ་མེད༔

    རིག་པའི་གསལ་ཆ་མ་འགགས་པ༔

    ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔

    ཡེ་ཤེས་ལྔ་བོ་སྨིན་པ་ལས༔

    ཐོག་མའི་སངས་རྒྱས་རིག་ལྔ་བྱུང་༔

    དེ་ལས་ཡེ་ཤེས་མཐའ་རྒྱས་པ༔

    སངས་རྒྱས་བཞི་ཅུ་རྩ་གཉིས་བྱུང་༔

    ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔

    ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང་༔

    དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང་༔

    ཐོག་མའི་སངས་རྒྱས་ང་ཡིན་པས༔

    ང་ཡི་སྨོན་ལམ་བཏབ་པ་ཡིས༔

    ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔

    རང་བྱུང་རིག་པ་ངོ་ཤེས་ནས༔

    ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔

    ང་ཡི་སྤྲུལ་བ་རྒྱུན་མི་ཆད༔

    བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔

    གང་ལ་གང་འདུལ་སྣ་ཚོགས་སྟོན༔

    ང་ཡི་ཐུགས་རྗེའི་སྨོན་ལམ་གྱིས༔

    ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔

    རིག་དྲུག་གནས་ནས་འཐོན་པར་ཤོག༔

    དང་པོ་སེམས་ཅན་འཁྲུལ་པ་རྣམས༔

    གཞི་ལ་རིག་པ་མ་ཤར་བས༔

    ཅི་ཡང་དྲན་མེད་ཐོམ་མེ་བ༔

    དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔

    དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔

    དངངས་སྐྲགས་ཤེས་པ་ཟ་ཟི་འགྱུས༔

    དེ་ལས་བདག་གཞན་དགྲ་འཛིན་སྐྱེས༔

    བག་ཆགས་རིམ་བཞིན་བརྟས་པ་ལས༔

    འཁོར་བ་ལུགས་སུ་འཇུག་པ་བྱུང་༔

    དེ་ལས་ཉོན་མོངས་དུག་ལྔ་རྒྱས༔

    དུག་ལྔའི་ལས་ལ་རྒྱུན་ཆད་མེད༔

    དེ་ཕྱིར་སེམས་ཅན་འཁྲུལ་པའི་གཞི༔

    དྲན་མེད་མ་རིག་ཡིན་པའི་ཕྱིར༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    ཀུན་གྱིས་རིག་པ་རང་ཤེས་ཤོག༔

    ལྷན་ཅིག་སྐྱེས་པའི་མ་རིག་པ༔

    ཤེས་པ་དྲན་མེད་ཡེངས་པ་ཡིན༔

    ཀུན་ཏུ་བཏགས་པའི་མ་རིག་པ༔

    བདག་གཞན་གཉིས་སུ་འཛིན་པ་ཡིན༔

    ལྷན་ཅིག་ཀུན་བཏགས་མ་རིག་གཉིས༔

    སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔

    སངས་རྒྱས་ང་ཡིས་སྨོན་ལམ་གྱིས༔

    འཁོར་བའི་སེམས་ཅན་་ཐམས་ཅད་ཀྱི༔

    དྲན་མེད་འཐིབ་པའི་མུན་པ་སངས༔

    གཉིས་སུ་འཛིན་པའི་ཤེས་པ་དྭངས༔

    རིག་པའི་རང་ངོ་ཤེས་པར་ཤོག༔

    གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔

    ཞེན་པ་ཕྲ་མོ་སྐྱེས་པ་ལས༔

    བག་ཆགས་འཐུག་པོ་རིམ་གྱིས་བརྟས༔

    ཟས་ནོར་གོས་དང་གནས་དང་གྲོགས༔

    འདོད་ཡོན་ལྔ་དང་བྱམས་པའི་གཉེན༔

    ཡིད་འོང་ཆགས་པའི་འདོད་པས་གདུངས༔

    དེ་དག་འཇིག་རྟེན་འཁྲུལ་པ་སྟེ༔

    གཟུང་འཛིན་ལས་ལ་ཟད་མཐའ་མེད༔

    ཞེན་པའི་འབྲས་བུ་སྨིན་པའི་ཚེ༔

    རྐམ་ཆགས་གདུངས་པའི་ཡི་དྭགས་སུ༔

    སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང་༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔

    འདོད་པའི་གདུང་བ་ཕྱིར་མ་སྤངས༔

    འདོད་ཆགས་ཞེན་པ་ཚུར་མ་བླངས༔

    ཤེས་པ་རང་སོར་ཀློད་པ་ཡིས༔

    རིག་པ་རང་སོ་ཟིན་གྱུར་ནས༔

    ཀུན་རྟོགས་ཡེ་ཤེས་ཐོབ་པར་ཤོག༔

    ཕྱི་རོལ་ཡུལ་གྱི་སྣང་བ་ལ༔

    འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔

    སྡང་བའི་བག་ཆགས་བརྟས་པ་ལས༔

    དགྲར་འཛིན་བརྡེག་གསོད་ཧྲག་པ་སྐྱེས༔

    ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔

    དམྱལ་བའི་བཙོ་བསྲེག་སྡུག་རེ་བསྔལ༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔

    ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔

    སྤང་བླང་མི་བྱ་རང་སོར་ཀློད༔

    རིག་པ་རང་སོ་ཟིན་གྱུར་ནས༔

    གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔

    རང་སེམས་ཁེངས་པར་གྱུར་པ་ལ༔

    གཞན་ལ་འགྲན་སེམས་སྨད་པའི་བློ༔

    ང་རྒྱལ་དྲག་པོའི་སེམས་སྐྱེས་པས༔

    བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང་༔

    ལས་དེ་འབྲས་བུ་སྨིན་པའི་ཚེ༔

    འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེ༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    ཁེངས་སེམས་སྐྱེས་པའི་སེམས་ཅན་རྣམས༔

    དེ་ཚེ་ཤེས་པ་རང་སོར་ཀློད༔

    རིག་པ་རང་སོ་ཟིན་གྱུར་ནས༔

    མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག༔

    གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔

    བདག་བསྟོད་གཞན་སྨོད་ཟུག་རྔུ་ལས༔

    འཐབ་རྩོད་འགྲན་སེམས་བརྟས་པ་ལས༔

    གསོད་གཅོད་ལྷ་མིན་གནས་སུ་སྐྱེ༔

    འབྲས་བུ་དམྱལ་བའི་གནས་སུ་ལྟུང་༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔

    དགྲར་འཛིན་མི་བྱ་རང་སོར་ཀློད༔

    ཤེས་པ་རང་སོ་ཟིན་གྱུར་ནས༔

    ཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔

    དྲན་པ་བཏང་སྙོམས་ཡེངས་པ་ཡིས༔

    འཐིབས་དང་རྨུགས་དང་བརྗེད་པ་དང་༔

    བརྒྱལ་དང་ལེ་ལོ་གཏི་མུག་པས༔

    འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔

    སངས་རྒྱས་ང་ཡི་སྨོན་ལམ་གྱིས༔

    གཏི་མུག་བྱིང་པའི་མུན་པ་ལ༔

    དྲན་པ་གསལ་བའི་མདངས་ཤར་བས༔

    རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔

    ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔

    ཀུན་གཞི་སངས་རྒྱས་ང་དང་མཉམ༔

    དྲན་མེད་འཁྲུལ་བའི་གཞི་རུ་སོང་༔

    ད་ལྟ་དོན་མེད་ལས་ལ་སྤྱོད༔

    ལས་དྲུག་རྨི་ལམ་འཁྲུལ་བ་འདྲ༔

    ང་ནི་སངས་རྒྱས་ཐོག་མ་ཡིན༔

    འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔

    ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔

    སེམས་ཅན་ཐམས་ཅད་མ་ལུས་པ༔

    ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག༔

    ཨ་ཧོ༔

    ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔

    འཁྲུལ་མེད་རིག་པ་རང་གསལ་ནས༔

    སྨོན་ལམ་སྟོབས་ཅན་འདི་བཏབ་པས༔

    འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔

    སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔

    ཉི་ཟླ་གཟའ་ཡིས་ཟིན་པའམ༔

    སྒྲ་དང་ས་གཡོས་བྱུང་བའམ༔

    ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔

    རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔

    ཀུན་གྱིས་ཐོས་པར་འདི་བརྗོད་ན༔

    ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔

    རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔

    སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང་༔

    མཐའ་རུ་སངས་རྒྱས་ཐོབ་པར་འགྱུར༔

    ཞེས་གསུངས་སོ། །

    རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས། །

    སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་པར་བསྟན་པའི་

    ལེའུ་དགུ་པ་ལས་ཁོལ་དུ་ཕྱུངས་པའོ། །

  29. དཔལ་དགྱེས་པ་རྡོ་རྗེ says:
    2011-06-15 at 8:57 pm

    ༄༅། །སྨོན་ལམ་དཀར་པོ་གཅིག་ཆོག །
    ཨེ་མ་ཧོ།
    ཕྱོགས་དུས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་དགོངས། །
    བདག་གིས་འགྲོ་ཀུན་སེམས་ཅན་དོན་སྒྲུབ་ཕྱིར། །
    ཐོས་བསམ་སྒོམ་པའི་དགེ་རྩ་ཅི་མཆིས་ཀུན། །
    ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཛོད་དུ་བསྔོ། །

    ཐོག་མེད་དུས་ནས་བདག་ཉིད་མཐོང་ཐོས་དང་། །
    དྲན་རེག་བཟང་ངན་ལས་ཀྱི་འབྲེལ་བ་ཀུན། །
    མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། །
    ཀུན་བཟང་གདོད་མའི་རྒྱལ་སར་ཕྱིན་པར་ཤོག །
    ཅེས་པ་ས་ག་ཟླ་བའི་ཟླ་འཛིན་སྐབས་སུ་གང་ཤར་ཤྲྰི་ཨ་ནནྟ་བཛྲས་སྨོན་པ་བི་ཛ་ཡནྟུ། །

  30. BONPO says:
    2011-06-15 at 11:56 pm

    བོན་པོའི་ལུགས་ལ་་་ཚངས་རྒྱུང་གི་འཇིགས་རྟེན་་་་ཞེས་པ་དེ་ནི་་་དབུས་ཀྱི་རི་རྒྱལ་ལྷུན་པོ་་་་གསེར་གྱི་རི་བདུན་་་རོལ་བའི་མཚོ་བདུན་་་གླིང་ཆེན་པོ་བཞི་་་་གླིང་ཕྲ་མོ་བརྒྱད་་་ཉི་ཟླ་ཟུང་གཅིག་་་་་མཐའ་ལྕགས་རི་འཁོར་ཡུག་དང་བཅས་པ་ཞིག་ལ་འདོད་ཀྱི་འདུག། དེ་འདྲའི་་་ཚངས་རྒྱུང་གི་འཇིགས་རྟེན་་་་བྱེ་བ་གཅིག་དང་ཕྲག་བརྒྱ་་་་ཡོད་པར་གསུང་འདུག། ཁྱེད་བན་དེ་ཚོས་དེ་འདྲའི་འཇིགས་རྟེན་དེ་ལ་་་ཚངས་རྒྱུང་གི་འཇིགས་རྟེན་་་ཞེས་མིང་ནས་མི་འབོད་ན་་་ག་རེ་འབོད་ཀྱི་ཡོད་དམ་་་ང་ཡི་དྲི་བ་ངོ་མ་དེ་ཡིན་ལགས། ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་་་འཛམ་གླིང་་་ཞེས་པའི་མིང་ཚིག་གི་སྐོར་ལ་གསལ་བཤད་གཅིག་བྲིས་གནང་འདུག་པས་་རྐྱེན་དེས་བྱས་ནས་དྲི་བ་འདི་ཐལ་སོང། ཡང་ཁོང་ནས་བན་དེ་ཞེས་པའི་ཚིག་འདི་བོད་ཚིག་གམ། རྒྱ་གར་ཚིག་ཡིན་དྲིས་པའི་ལེན་དུ་འདི་ལྟར་སྤྲོས་ན། བན་དེ་ཞེས་པའི་ཚིག་དེ་དོན་ངོ་མ་བྱས་ན་རྒྱ་གར་གྱི་ཚིག་གཅིག་ཡིན་ཤས་ཆེ། དེ་ཡང་ཚུལ་མཐུན་དུ་བྲིས་ན་་བནྡེ་་་ཞེས་འདྲི་དགོས་པར་སེམས། ཚིག་དོན་ནི་རྒྱ་གར་སྔ་རབས་པའི་སྐད་དུ་་་དགེ་སློང་ངམ་གྲྭ་བ་་་ལ་གོ་དགོས་ཀྱི་ཡོད་པ་འདྲ། སྒྲ་མདོའི་གཞུང་ནང་་་་བརྩིགས་པའི་ཐོག་པ་གོང་མས་དབང་་་་ཞེས་པ་ཞིག་ཡོད་པས་་སྒྲ་འབོད་པའི་དུས་སུ་་་བ་དང་ན་གཉིས་མཉམ་དུ་སྦྱར་ནས་དེ་སྒྲ་རྗེས་སུ་འདོན་དགོས་པར་སེམས། ཡང་བོད་ཡུལ་དུ་བོན་དང་བན་་ཞེས་ཆོས་ལུགས་གཉིས་བྱུང་བའི་རྐྱེན་བྱས་ནས་བོན་པོའི་སྡེ་མ་ཡིན་པའི་རྒྱུ་མཚན་གྱིས་་་བན་གྱི་སྡེ་་་ལྟ་བུ་གོ་བ་ལེན་མཁན་ཡང་ཡོད་པ་འདྲ། ཡང་དེང་སང་མང་པོ་ཞིག་གིས་་་བན་དེ་་་ཞེས་སྟབས་བདེ་བར་འབྲི་མཁན་ཡང་མང་བར་འདུག་པས་སོ།

  31. BONPO says:
    2011-06-16 at 1:16 am

    དགོངས་དག་་་བརྩིགས་པའི་ཐོག་མ་གོང་མས་དབང་་་བཅོས་རོགས།

  32. དྲི་མེད་ལྷག་བསམ། says:
    2011-06-16 at 1:19 am

    ༄༅། །སྨོན་ལམ་ཡེ་ཤེས་གཟུངས་ཐག ན་མོ་གུ་ར་ཝེ། །སྟོང་ཆེན་འོད་གསལ་སྣང་བའི་ཡེ་ཤེས་ལས། །སྐུ་གསུམ་རྒྱན་རོལ་རབ་འབྱམས་ཞི་ཁྲོའི་ཚོགས། །དྲན་ཆོག་བླ་མའི་ཕུང་ཁམས་གསང་གསུམ་གྱི། །སྒྱུ་འཕྲུལ་རྣམ་པར་རོལ་བའི་བདེན་པས་སྐྱོངས། །ཆོས་ཀུན་གཞི་སྟོང་སྤྲོས་བྲལ་དབུ་མ་ཆེ། །བདེ་ཆེན་ལོངས་སྤྱོད་ཟུང་འཇུག་ཕྱག་རྒྱ་ཆེ། །ཀུན་རྟོག་ཆོས་ཟད་འོད་གསལ་རྫོགས་པ་ཆེ། །ཆེན་པོ་གསུམ་གྱི་དགོངས་པ་མངོན་གྱུར་ཤོག །འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པའི་་ཕྱིར། །ཆོས་ཕུང་རྒྱ་མཚོར་ཆོས་བསམ་སྒོམ་པ་དང་། །དགེ་ཚོགས་རྒྱ་མཚོ་སྣང་བཅས་སྣང་མེད་ཀུན། །ཞིང་ཁམས་ཞིང་མཚོར་མཆོད་ཅིང་བསྔོ་བར་བྱ། །ཕྱི་རོལ་གཟའ་སྐར་ནང་ཏུ་རྩ་ཐིག་རླུང་། །རྡུལ་བྲལ་ཆོས་ཉིད་ཡེ་ཤེས་ལ་སྦྱོར་བའི། །དུས་མེད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་། །རྟེན་འབྲེལ་གཟུངས་ཐག་གཏད་དོ་བྱིན་ཆེན་ཕོབ། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཀུན་བཟང་སྤྱོད་པ་རྒྱ་མཚོར་དབང་བསྐྱུར་ཏེ། །རྒྱལ་བསྟན་སྤེལ་ཞིང་འགྲོ་ཀུན་སྒྲོལ་བ་ཡི། །སྨོན་ལམ་གཟུངས་གྱི་བདེན་པ་མངོན་གྱུར་ཤོག །ཅེསའང་ས་ཟླའི་ཟླ་འཛིན་མཚན་མོ་རྨོངས་རྟུལ་དྲི་མེད་ལྷག་བསམ་གྱིས་སྨོན་ལམ་པས་མཚམས་སྦྱར་ཏེ་ཤར་མར་བྲིས་པའོ། །

  33. དྲི་མེད་ལྷག་བསམ། says:
    2011-06-16 at 1:24 am

    རྨི་ལམ་དབང་ཕྱུག་ཆེན་པོ་ཡི། །ཐུགས་ཀྱི་བཞེད་དོན་འགྲུབ་པདང་། །སྐུ་ཚེ་མི་འགྱུར་ཡུན་ཏུ་བརྟན། །མཛད་ཕྲིན་ཕྱོགས་བརྒྱར་རྒྱས་པར་ཤོག །དྲི་མེད་པས།

  34. པདྨ་གེ་སར says:
    2011-06-16 at 9:16 am

    ཨོཾ་སྭྰ་སྟི། །
    ཀ་དག་ཡེ་ཤེས་འོད་གསལ་སྣང་བ་ལས། །
    ངེས་དོན་འཇམ་དཔལ་ཞི་དྲག་སྒྱུ་འཕྲུལ་གར། །
    སྣ་ཚོགས་སྤྲུལ་སྐུ་དབྱངས་གསལ་སོ་བཞི་ཡི། །
    བསྟན་པ་ཀུན་བཟང་ཞིང་ཀུན་ཁྱབ་གྱུར་ཅིག །
    པདྨས་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme