Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་སྐྱོབ་པའི་དཔའ་བོ་རྒྱལ་གྱུར་ཅིག

Posted on 2012-07-102012-07-10 By ཤར་ཕྱོགས་ཁུག་རྟ། 8 Comments on གངས་ལྗོངས་སྐྱོབ་པའི་དཔའ་བོ་རྒྱལ་གྱུར་ཅིག

 


བལྟས་ན་སྐྱིད་པ་ལས་བཞུགས་ན་མི་སྐྱིད་པ།།
ཉི་མ་ལྷ་ས་ལ་ཡང་ཡང་འགྲོ་དགོས་ཞེས།།
དངོས་པོ་སྡུད་གསོག་ལ་བྲེལ་བའི་ཁྱེའུ་ཁྱེད།།
ལོ་ན་ཆུང་ཆུང་གི་ལྷ་མོ་དོན་གྲུབ་རེད།།

 

ལྷ་སའི་བདག་དབང་ལ་རིང་བའི་ཙོང་ཁའི་ཡུལ།།
ཇག་པ་པུའུ་ཧྥང་གིས་ཡོམ་བསྒྱུར་བྱེད་པའི་དུས།།
བྱིས་པ་ཆུང་ཆུང་དེས་རྔམ་བརྗིད་མ་ཉམས་པར།།
པུའུ་ཧྥང་ཁྱེད་རེད་ཅེས་སྨྲ་མཁན་ལྷ་མོ་རེད།།

སྡེ་པ་གཞུང་ས་ན་བླ་སློབ་ནང་འཁྲུག་འབུས།།
ཤར་ལྷོའི་ཉེ་མཐའ་ན་གོ་གུང་ཁྲག་མཚོ་འཁྱིལ།།
ལུང་སྟོང་ཇག་པ་ཡིས་ཁེབས་པའི་ས་ཆ་ནས།།
ཁྱེད་ཉིད་ཞེད་སྣང་ངང་ཉི་མ་ལྷ་སར་འབྱོར།།

 

སེང་གེའི་གསེར་ཁྲི་ལ་བརྗིད་ཉམས་ཆེ་ནའང།།
ཤར་ཕྱོགས་མཐའ་མཚམས་ཀྱི་ལྷ་མོ་དོན་གྲུབ་གན།།
བཅུ་བཞི་ཡིན་མིན་གྱི་ཕྱོགས་རིས་གླང་ཆེན་དེ།།
ཉོན་མོངས་སྟོབས་ཀྱིས་རང་བཞེངས་པས་སུན་སྣང་བརྩིགས།།

 

བཀའ་ཡི་འཁོར་བསྒྱུར་ཚོའི་ཐུགས་དང་མ་མཐུན་ཚེ།།
༧རྒྱལ་བའི་སྐུ་ཚེ་ཡང་དབྱིངས་སུ་ཡལ་འགྲོ་སའི།།
ཆོས་ལྡན་ཞིང་ཁམས་སུ་བཏགས་པའི་ལྷ་ས་རུ།།
བྱིས་པའི་འཚར་ལོངས་ཀྱང་ཁྱེད་ལ་རྨི་ལམ་འདྲ།།

 

དཔེ་ཆ་ཀློག་འདོན་ནས་རྩེད་མོ་རྩེད་རྭའི་བར།།
ཡ་གའི་སྲིད་སྐྱོང་ནས་གཟིམ་ཤག་གད་པ་བར།།
བརྩེ་འཇུམ་གུས་ཕྱག་གི་གཟུགས་བརྙན་མཐོང་ནའང།།
སྒེའུ་ཁུང་ཡིབས་ལྟ་དེ་ཡག་རབ་ཡང་ཡང་གསུངས།།

 

པོ་ཏཱ་ལ་རུ་ནས་ནོར་བུ་གླིང་ག་བར།།
ས་དབང་མི་དབང་ཚོའི་གདན་ཞུ་རྫིག་ནའང།།
འགྱོག་གཤམ་སྒེའུ་ཁུང་ནས་མཐོང་བའི་སྤྲང་གོག་ཚོར།།
བརྩེ་འཛུམ་ལྷོད་མཇལ་ཞིག་མེད་པས་གནམ་ས་ངུ།།

 

རྒྱལ་བོ་ར་སྒྲེང་ཉིད་རང་གི་གདན་སར་བསྐྲད།།
གདན་ས་སེ་ར་ནས་སེར་དམག་ཡོང་སྐད་ཀྱིས།།
སེ་རའི་རྒྱབ་རི་ཡང་གཏོར་བའི་བྲག་ཆ་དེ།།
ལྷོ་མོ་དོན་གྲུབ་ཀྱི་པོ་ཏཱ་ལ་རུ་མཆེད།།

 

དམར་པོ་རི་རྩེ་ནས་མཐིལ་ལ་གཟིགས་པའི་དུས།།
ཆོས་ལྡན་ནམ་མཁའ་ཡི་སྨུག་ལོང་གཟིགས་ནའང།།
གཟིམ་ཤག་ཆེན་པོ་ཡི་དོན་གྲུབ་ཆུང་ཆུང་ལ།།
བཀའ་འདྲི་གྲོས་འདེབས་ལ་བརྩོན་མཁན་སུ་ཞིག་ཡོད།།

 

རི་བོ་གྲུ་འཛིན་གྱི་འཚུབ་ཆ་ཇེ་ཆེར་སོང།།
སྒོ་དང་སྒེའུ་ཁུངས་ཀྱི་ཙག་སྒྲ་ལྷ་སར་ཁྱབ།།
ལྷ་ས་མཐིལ་བ་ནས་ཚངས་མགུར་སླར་ཡང་བླངས།།
ཆོས་སྲིད་མངའ་གསོལ་གྱི་དབུ་ཞྭ་ལྷ་མོར་གཡོགས།།

 

ཆབ་མདོའི་ང་ཕོད་ཀྱི་དབུ་རྭ་རླུང་གིས་ཁྱེར།།
རྒྱལ་ལོའི་ནན་ཅིན་གྱི་རིགས་ལམ་སྐྱིད་ཆུས་ཁུར།།
ལེགས་བཅོས་ལས་ཁུངས་ཀྱི་ཅོག་ཙེར་ས་རྡུལ་བབས།།
མདོ་ཁམས་དང་དམག་གིས་འཕགས་པའི་ཡུལ་དུ་དྲངས།།

 

རིང་ནས་འདོད་པ་ཡི་མང་གཙོ་བག་མར་བསུས།།
ཆོས་སྲིད་ཁྲིམས་ལུགས་ཀྱིས་བསྒྱུར་བའི་གཞི་རྩ་བཏོད།།
ས་དབང་མི་དབང་འགའ་མ་དགྱེས་བྲོས་ནའང།།
མི་ཡུལ་ལུང་པ་ནས་རང་ཁྱིམ་བྲག་ལ་བཙུགས།།

 

ཡ་རབས་བཟང་སྤྱོད་ཀྱི་རིག་གནས་གླིང་ལ་བཀྲམས།།
ཆོས་ལུགས་འཆམ་མཐུན་གྱིས་འཇིག་རྟེན་དམན་སར་བཀོད།།
བོད་དོན་འཐབ་རྩོད་ཀྱི་ཐབས་རྩ་དབུ་ལམ་བཏོད།།
འགན་ཁུར་རྣམ་གསུམ་གྱིས་འཛམ་གླིང་ཡོམ་འདོར་ཤོར།།

 

ལྔ་ཟུང་ལོ་མཚམས་རེར་མང་གཙོའི་མདུན་བསྐྱོད་རེ།།
མང་གཙོ་རང་དབང་ཞེས་སྨྲ་རྒྱུའི་མགོ་བོ་བསླངས།།
གཡར་པའི་ལུང་པ་ནས་བདག་པོ་གཡོག་ཏུ་བཀོད།།
སྒྱུད་ལུག་མི་མང་གི་འཚོ་གོས་ལྷུན་གྲུབ་བྱུང།།

 

དངོས་པོའི་ཡིན་ལུགས་ལ་དཔྱད་པའི་རིགས་པ་ལ།།
མི་འཇིགས་སྨྲ་དབང་གི་གོ་ས་བདག་གིར་བཞེས།།
འཇིག་རྟེན་ཆེ་རྒུ་ཡི་དཔྲལ་བ་ས་ལ་བརྡབས།།
༧ཏཱ་ལའི་བླ་མ་ཞེས་སྤྱི་གཙུག་རྒྱན་དུ་བཀུར།།

 

དེང་དུས་ཆབ་སྲིད་ཀྱི་བགྱི་བ་མི་རྩོམ་པར།།
ཕུལ་བའི་སྲིད་དབང་ཀྱང་མི་དགོས་དམངས་ལ་སྩལ།།
བདེན་རྫུན་བསྣོལ་མ་ཡིས་བསླས་པའི་སེམས་ཅན་ལ།།
ཆགས་སྡང་རྩ་བྲལ་གྱི་བྱམས་བརྩེ་ཤམ་ཤམ་འཇོ།།

 

མདོར་ན་འཇིག་རྟེན་ཡང་ཁྱེད་ལ་སྣོད་དུ་ཆུང།།
གདམས་པའི་ལེགས་བཤད་ཀྱང་ང་ཚོར་སྣོད་དུ་ཆུང།།
སྣོད་ཆུང་བྱིས་བློ་ཡི་རྣམ་རྟོག་ཡིད་ངོ་ནས།།
བབས་པའི་མཆོད་ཡོན་ཀྱང་དགེ་བ་དེ་བས་ཆུང།།

 

ཡིན་ཡང་མཐོང་བ་དང་ཤེས་པའི་སེམས་ཚོར་ཞིག།
མི་ཁོགས་ཤར་མར་རང་ཤོག་ངོས་འཁྱུགས་པ་འདི།།
ཁྱེད་འབངས་དམ་ཚིག་གིས་གཅིག་ཏུ་སྒྲིལ་བྱས་ནས།།
ཁྱེད་གསུངས་ཅི་བཞིན་དུ་སྒྲུབ་པའི་རྒྱུ་རུ་སྨྲས།།

 

༢༠༡༢། ༧། ༧། ཉིན་༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས ༧༧ ཕེབས་པའི་བསོད་ནམས་ཀྱི་ཞིང་རླབས་ཆེན་པོ་འདི་བོད་མི་རྣམས་ཀྱིས་འཁྱོག་ཆེད་གང་དྲན་ཤར་མར་དུ།།

སྙན་ངག

Post navigation

Previous Post: བླ་གྲྭ་ཚོའང་མི་ཡིན།
Next Post: “གསར་གཏོད་ཀྱི་རང་བཞིན་ལྡན་པའི་”ཡོན་ཏན་ཅན་གྱི་རང་གཤིས་ཁྱད་ཆོས་སྐོར།

Comments (8) on “གངས་ལྗོངས་སྐྱོབ་པའི་དཔའ་བོ་རྒྱལ་གྱུར་ཅིག”

  1. བཀྲ་ཤིས་རྒྱལ says:
    2012-07-10 at 3:36 am

    ཤར་ཕྱོགས་ལྐུག་རྟགས་ལགས་ཡག་བྱུང་།

  2. འཁྱམས་པོ།། says:
    2012-07-10 at 3:58 am

    གངས་ལྗོངས་སྐྱོབ་པའི་དཔའ་བོ་སུ་རེད་ གངས་ལྗོངས་ཡོངས་རྫོགས་རྒྱ་ལག་དུ་ཤོར་ཚར་བ་རེད། རེ་སྒུག་དང་སྡུག་བསྔལ་ཁྲོད་མི་ལོ་ལྔ་བཅུ་འདས་སོང་། གངས་ལྗོངས་སྐྱོབ་པའི་དཔའ་བོ་ཞིག་གང་དུ་ཡོད་དམ། གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དུ་མའི་དཀའ་བ་རྒྱ་ཕྲག་སྤྱད་ནས་བྱུང་བའི་མཐོ་སྒང་གི་རྒྱལ་ཁབ་དེ་ཁོང་གིས་སྐུ་དུས་སུ་ཤོར་བ་རེད། ད་དུང་གང་ལྗོངས་སྐྱོབ་པའི་དཔའ་བོ་ཞིག་གང་དུ་ཡོད་དམ། མི་གྲངས་བཞི་བཅུ་རྒལ་བ་ཁོང་གི་མཚན་འབོད་བཞིན་གཤིག་སོང་། དམར་མོའི་མེ་ལ་སྒྲོན་ནས་གཤིག་སོང་། ཁོང་ཚོའི་རྣམ་ཤེས་དག་ཞིང་དུ་འདྲེན་པའི་ནུས་པ་སུ་ལ་ཡོད་དམ། ཁག་ཐེག་སུས་བྱེད་དམ་ མར་མེའི་ཁྲོམ་སྐོར་རེ་དང་དཔའ་བོ་རེད་ཞེས་པའི་ཚིག་སྟོང་པ་རེ་བརྗོད་ན་འགྲིག་པ་རེད་དམ། གང་ལྗོངས་སྐྱོབ་པའི་དཔའ་བོ་ཞེས་པའི་ཚིག་དེ་ད་ལྟ་བརྗོད་རན་མི་འདུག་སྙམས་ ནམ་ཞིག་སུས་གང་ལྗོངས་རང་དབང་གཙང་མ་ལ་ལོང་སུ་སྤྱོད་རྒྱུ་ཡོད་པ་ཞིག་འབད་ཐུབ་ཚེ་ད་གཟོད་ཁོང་ལ་གངས་ལྗོངས་སྐྱོབ་པའི་དཔའ་བོ་ཞེས་བརྗོད་ན་མཚམས།།

  3. སྣྲོན་ངག་ཁྲི། says:
    2012-07-10 at 4:24 am

    སྙན་པོ་དང་རྩོམ་ལུས་དམིགས་གསལ་ཞིག་སྤྱད་དེ་༸རྒྱལ་བའི་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པར་ཡི་རངས་ཞུ།

    འོན་ཀྱང་མདོ་ཁམས་དང་དམག་གིས་འཕགས་པའི་ཡུལ་དུ་དྲངས།། ཞེས་པ་སོགས་ཅུང་
    ཐལ་དྲགས་མེད་དམ་སྙམ་སྟེ། ངག་རྒྱུན་གྱི་ལོ་རྒྱུས་དག་གི་ནང་བོད་གཞུང་གི་དམག་མི་དང་སྡེ་དཔོན་སྐོར་ཞིག་
    གིས་ཐོག་མར་ནོར་གླིང་ཕོ་བྲང་ནས་གདན་དྲངས་རབས་འགའ་ཡང་འདུག་པས།
    དེ་དག་འཕགས་ཡུལ་དུ་གདན་འདྲེན་ཞུ་མཁན་གཙོ་བོར་ངོས་མི་འཛིན་པའི་དགོས་པ་དང་དམིགས་ཡུལ། རྒྱབ་ལྗོངས་བཅས་གང་ཡིན་ནམ། ལགས་དྲང་པོ་གསུངས་ན་རིན་ཐང་ཆེ།། ཁྱབ་བསྒྲགས་ཀྱི་དམིགས་ཡུལ་དང་བོད་སྡེ་བ་གཞུང་ལ་དྲིན་ལན་ལོག་འཇལ་དང་
    འཁོན་སེམས་བཅངས་ཏེ་བྲིས་པ་ཙམ་ཡིན་ན་ནི་སྙིང་རེ་རྗེ། བུ་རྒོད་པོ།།
    ལེགས་བཤད་ལྗོན་དབང་ལས།
    ག་ད་བ་ས་དྲག་མཐར་ཀྱང་།
    ང་ན་མ་ར་ལ་མཐར་ཡང།
    འ་དང་མཐའ་མེད་འང་དང་ཡང་།།
    ཞེས་པ་འདི་བོད་ས་ཁྱོན་ཡོངས་ལ་བེད་སྤྱོད་བཞིན་ཡོད་པས་གནས་སྐབས་ཤིག་གི་རིང་གསར་གཏོད་མཛད་མི་དགོས་སྙམ།

  4. གངས་སེང་དཀར་མོ། says:
    2012-07-10 at 9:16 am

    འཁྱམ་པོས་ཚུལ་མིན་གྱི་སྐད་ཆ་བཤད་པ་དེ་ཞེ་དྲག་ཐབས་སྐྱོ་བོ་རེད། ད་བར་༧གོང་ས་མཆོག་གིས་བསྐྱངས་ཤིང་བསྐྱབ་ནས་སླེབས་པ་མིན་ནམ། ནད་གཞི་རིམ་པར་སངས་དགོས་པ་མ་གཏོགས་ཉིན་གཅིག་ལ་སངས་པ་ཞིག་གང་ན་ཡོད། ད་ལྟ་ང་ཚོས་འཕྲོ་བརླག་ཏུ་མ་བཏང་ན། ད་བར་ང་ཚོ་བསྐྱབས་ཡོད་པ་མ་ཟད། མ་འོངས་པར་སྐྱོབ་ཕྱོགས་ཀྱི་ལམ་སྟོན་གཞི་གདན་ཚང་མ་བཏིང་ཡོད་པས། ཁྱེད་ནས་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་ན་མི་གཤིས་མེད་པའི་རྟགས་རེད། འཁྱམ་པོ་ཁྱི་ལྡོམ་བདག་མེད་རང་ཡིན་པ་འདྲ་བོ་མི་འདུག་གམ།

  5. Tenzin Tibet says:
    2012-07-10 at 1:22 pm

    Sharshaok Kuhta la. Please response to that litter.

    ཏཱ་ལའི་ཡིས་ཕྱི་རྒྱལ་བ་ཞིག་དགོན་བདག་ཏུ་བསྐོ་དོན་ཅི་ཡིན།
    སྤེལ་དུས། 2012-07-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བདེ་མེ།
    ཟླ་༧ཚེས་༦ཉིན་ནི་ཏཱ་ལའི་བླ་མའི་ལོ་༧༧གྱི་སྐྱེ་སྐར་ཡིན་ཞིང་། ཉིན་དེ་ནི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་ལྟེ་གནས་ཀྱི་འགན་འཛིན་ནེ་ཁུ་ལ་སི·ཝེ་རེའུ་ལན་ལ་མཚོན་ན་ཡང་ཉི་མ་ཁྱད་པར་བ་ཞིག་ཏུ་གྱུར་འདུག ཉིན་དེར་ཁོ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ར་སྟོད་དགོན་དུ་ཕྱིན་ནས་དགོན་པ་དེའི་དགོན་བདག་གྱི་འགན་བཞེས་པ་རེད། ར་སྟོད་དགོན་ནི་སེ་ར་དང་འབྲས་སྤུངས། དགའ་ལྡན་བཅས་ཀྱི་འཕྲོའི་དགེ་ལུགས་པའི་དགོན་པ་གཙོ་བོ་ཞིག་ཡིན་ལ། ཁོ་ནི་ལོ་རྒྱུས་སྟེང་བོད་ཀྱི་དགོན་སྡེ་གཙོ་བོའི་དགོན་བདག་གི་འགན་བཞེས་པའི་ཕྱི་རྒྱལ་བ་ཐོག་མ་དེར་གྱུར་ཡོད།

    ཝེ་རེའུ་ལན་ཞེས་པ་ཡང་སྙིང་སུ་ཡིན་ཞེ་ན། ཐོག་མར་ཁོའི་ཁྱིམ་ཚང་སྐོར་ནས་ངོ་སྤྲོད་ཅིག་བྱ། ཁོའི་ཕ་རྒན་ནི་ཕྱི་འབྲེལ་བ་ཞིག་ཡིན་ཞིང་། རྨོ་མོ་ཏེ་ཨན་ནཱ·ཝེ་རེའུ་ལན་ནི་གྱོན་ཆས་དར་སོ་ཅན་གྱི་རྩོམ་སྒྲིག་པ་ཚད་ལྡན་ཞིག་ཡིན་ལ། ཤི་རག་བར་དུ་རྒྱས་སྤྲོས་ཆེ་བའི་འཚོ་བར་རོལ་བ་རེད། ཝེ་རེའུ་ལན་༡༩༨༥ལོ་ནས་བཟུང་གྲྭ་བ་བྱས་ཏེ་དཀའ་ཐུབ་སྤྱད་པ་དང་། ༡༩༩༨ལོར་དགེ་བཤེས་ཀྱི་ཡོན་གནས་ཐོབ་པ་རེད།

      ནིའུ་ཡོག་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཝེ་རེའུ་ལན་གྱིས་ཁོའི་རྨོ་མོ་རེ་བར་ཁོ་རང་རྒྱུ་འབྱོར་བ་དང་ཕུགས་བསམ་ལྡན་པའི་མི་ཀུན་གྱིས་ཡིད་སྨོན་འཆོར་བའི་མི་ཞིག་ཡོང་རྒྱུ་དེ་ཡིན་སྐོར་བཤད། དེ་ཡང་ཁོས་འཇིག་རྟེན་གྱི་སྐྱེ་བོ་མང་ཆེ་ཤོས་ཀྱི་རིན་ཐང་གི་ལྟ་བ་དང་མཐུན་པའི་ལམ་ནས་རྨོ་མོའི་རེ་བ་དེ་མངོན་དུ་བསྒྱུར་མ་ཐུབ་མོད། འོན་ཀྱང་ཁོས་མི་ཉུང་ཤས་མ་གཏོགས་མི་བགྲོད་པའི་ལམ་ཞིག་སྙེགས་ནས་དགོན་བདག་ཅིག་ཏུ་གྱུར་བ་དེར་རྨོ་མོ་ཕལ་ཆེར་འདོད་བློ་ཚིམ་སྲིད། ༡༩༩༡ལོ་ནས་བཟུང་། ཁོ་ཐེངས་ལྔའི་རིང་ཏཱ་ལའི་ནོའུ་ཡོག་ཏུ་ཡོང་བའི་ལས་རིམ་ནང་ཞུགས་མྱོང་ཞིང་། དུས་མཚུངས་སུ་ཏཱ་ལའི་དང་ཕྱི་རྒྱལ་དུ་ཡོད་པའི་ཡུལ་གྱར་བོད་པ་ལ་ནུབ་ཕྱོགས་འཇིག་རྟེན་ནས་དངུལ་གྱི་ཞལ་འདེབས་བསྡུ་རོགས་བྱས་པ་མ་ཟད། ད་དུང་རང་གིས་པར་བཙོང་ནས་ཁུག་པའི་དངུལ་སྒོར་རྣམས་ར་སྟོད་དགོན་པ་རྒྱས་སྐྲུན་བྱེད་པའི་ཐད་སྤྱད་ཡོད་པ་རེད།

    དེར་བརྟེན། ཕྱི་ངོས་ནས་བལྟས་ན་ཏཱ་ལའི་ཡིས་ཁོ་དགོན་བདག་ཏུ་བསྐོ་བ་ནི་ཆོས་ལ་ཐོས་བསམ་རྒྱ་ཆེ་བ་བྱས་པས་ཡིན་པ་འདྲ་མོད། དོན་དངོས་སུ་ཏཱ་ལའི་ཡིས་ཁོ་ལ་མཐོང་ཆེན་དེ་འདྲ་བྱེད་དོན་གཙོ་བོ་ནི་ཁོ་སྤྱི་ཚོགས་བྱ་འགུལ་སྤེལ་མཁས་པས་རེད།

    ཏཱ་ལའི་༡༩༩༡ལོར་ཐེངས་དང་པོར་ནོའུ་ཡོག་ཏུ་ཕྱིན་སྐབས་དྲུང་ཡིག་འགའ་ལས་ཅི་ཡང་མེད་མོད། ད་ཆ་ཁོ་གང་ལ་ཕྱིན་ཡང་བདེ་སྲུང་ཚོགས་པ་ཞིག་ཡོད་པ་རེད། ཝེ་རེའུ་ལན་གྱིས་དེའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དེ་ལས་གཞན་ཝེ་རེའུ་ལན་གྱིས་མི་རྒན་པ་ཚོར་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། མི་འགྱངས་པའི་གོང་ཁོ་ཆེད་དུ་ཁྱིམ་ཆས་ཚོང་ཁང་མང་པོར་ཕྱིན་ནས་ཏཱ་ལའི་ལ་འཕྲོད་པའི་ལག་པ་འཁེན་ཆོག་པའི་རྐུབ་སྟེགས་ཤིག་ཉོས་འདུག་ལ་དེ་ནི་ཅི་འདྲའི་ཞབས་ཞུ་ཞིབ་ཚགས་ཅན་ཞིག་རེད་ཨང་།

    ཝེ་རེའུ་ལན་གྱིས་ཏཱ་ལའི་ལ་འཚོ་བའི་སྟེང་ནས་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཏཱ་ལའི་བསམ་བློ་ཁྱབ་བསྒྲགས་རྒྱ་ཆེན་པོ་བྱེད་ཀྱི་ཡོད། ཁོས་ཏཱ་ལའི་ཡི་གཏམ་བཤད་གལ་ཆེན་ཚུད་པའི་དར་སོ་ཆེ་བའི་དཔེ་དེབ་རྩོམ་སྒྲིག་བྱས་མྱོང་།

    སུ་ཞིག་གིས་རྗེས་འབྲངས་པ་འདི་འདྲའི་ཉེ་བོ་ཞིག་དང་བེད་སྤྱོད་རིན་ཐང་ལྡན་པ་ཞིག་ལ་མཐོང་ཆེན་མི་བྱེད་མི་སྲིད།

    ཁོའི་བློ་རིག་དང་འབད་པ། སྤྱི་འབྲེལ་ནུས་པ་ཕུད། ཝེ་རེའུ་ལན་གྱི་རྒྱལ་ཁོངས་ཨ་མེ་རི་ཁ་ཡིན་པ་དེ་ཡང་ཏཱ་ལའི་ཡིས་ཁོ་ལ་མཐོང་ཆེན་བྱེད་པའི་རྒྱུ་རྐྱེན་གཞན་ཞིག་ཏུ་གྱུར་ཡོད།

    ཀུན་གྱིས་ཤེས་གསལ་ལྟར། ནུས་ཤུགས་ཡོད་རྒུས་ནུབ་ཕྱོགས་ཀྱི་བདག་པོ་ལ་ངོ་དགའ་བྱེད་པ་ནི་སྔར་ནས་ད་བར་ཏཱ་ལའི་གོམས་ཕྱོགས་སུ་གྱུར་ཡོད། དེ་སྔོན་ཁོས་ཨ་རིའི་གསང་འཕྲིན་ཁང་གི་དངུལ་འབོར་ཆེན་གྱི་རོགས་སྐྱོར་བླངས་ནས་བོད་མི་ལ་དམག་དོན་སྦྱོང་བརྡར་སྤྲད་དེ་ཀྲུང་གོའི་སྲིད་གཞུང་གཏོར་བའི་ལྐོག་ཇུས་བཟོ་མྱོང་ལ། ཡང་ནཱ་ཚེ་བ་དགེ་རྒན་དུ་བསྟེན་ནས་གྲོགས་པོ་བསྒྲིགས་མྱོང་བ་དང་། ན་ནིང་ཁོ་རང་འཁྱམ་མྱུལ་བྱས་པའི་རྐང་རྗེས་དེ་ལྷོ་སྣེ་གླིང་ཕུད་པའི་གླིང་ཆེན་གཞན་ཁག་དྲུག་ཏུ་ཁྱབ་ཡོད་པ་རེད།

    དེ་ལྟར་ཡིན་མོད། ཏཱ་ལའི་དང་ནུབ་ཕྱོགས་བར་གྱི་མཉམ་ལས་ནི་འདྲ་མཉམ་ཞིག་མིན་ཞིང་། ཏཱ་ལའི་ནི་ནུབ་ཕྱོགས་ཀྱིས་ཀྲུང་གོར་འགོག་རྒོལ་བྱེད་པའི་ལག་ཆ་ཁོ་ན་ཙམ་ཡིན། དེ་ནི་མཐར་གཏུག་ན་ཀྲུང་གོ་ཉིན་རེ་བཞིན་གོང་དུ་འཕེལ་བཞིན་པ་དང་འབྲེལ་བ་ཡོད།

    དོན་དངོས་སུ་ནུབ་ཕྱོགས་པས་ཚོང་ར་ཆེན་པོར་གྱུར་བའི་ཀྲུང་གོ་ཤོར་མི་འདོད་ཅིང་། ཏཱ་ལའི་ནི་ཀྲུང་གོ་ལ་སྐྱོན་བརྗོད་བྱེད་སྐབས་བེད་སྤྱོད་རྒྱུ་ཁོ་ན་མཁོ་བ་ལས་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་སྐབས་ཏཱ་ལའི་ཕར་གཡུགས་པ་རེད། དཔེར་ན་དབྱི་ཐ་ལའི་མི་ལན་གྲོང་ཁྱེར་གྱིས་ཏཱ་ལའི་ལ་གཟི་བརྗིད་གྲོང་མིའི་གཟེངས་རྟགས་གནང་བའི་འཆར་གཞི་བསྒྱུར་བ་ལྟ་བུ་རེད།

    ཀྲུང་གོར་མཚོན་ན་ཁ་བྲལ་རིང་ལུགས་ལ་གུ་ཡངས་རྩ་བ་ནས་གཏོང་མི་སྲིད་ཅིང་། ཏཱ་ལའི་ཡིས་བསམ་བཞིན་པའི་བོད་ཁུལ་ཆེན་པོ་ནི་སྟོང་བསམ་ཙམ་ལས་མ་འདས།

    སྟོང་བསམ་དེ་མངོན་དུ་མ་འགྱུར་བར་རྒས་ཤིང་། ཕྱོགས་གཉིས་ཀྱི་ངོ་མ་ལོན་པའི་ཏཱ་ལའི་ཁ་སྐྱེངས་པའི་གནས་སུ་གྱར་བ་དང་། འདིའི་སྐབས་སུ་རང་གིས་རང་ལ་སྐྱེ་སྐར་གྱི་ལེགས་སྐྱེས་ཤིག་ ༼དཔེར་ན་ཝེ་རེའུ་ལན་ ལྟ་བུ༽འབུལ་རྒྱུ་ལས་གཞན་མ་འདས། མི་རྒན་པ་དེའི་སྐྱེ་སྐར་ནི་ཅི་འདྲའི་སྐྱོ་འོས་པ་ཞིག་རེད་ཨང་།

    ཁོས་སྐྱེ་སྐར་ལ་རྟེན་འབྲེལ་ཞུ་བཞིན་པའི་སྐབས་འདིར་སེམས་ཁྲལ་བྱེད་དགོས་པའི་དོན་གཞན་ཞིག་བྱུང་བ་ནི་རྒྱ་གར་གྱི་གཞུང་ཚབ་ཀྱིས་བོད་ལྗོངས་སུ་འཚམས་འདྲི་གནང་ཞིང་། རྒྱ་གར་གྱི་ཆེད་མཁས་པས་དེ་ལ་བརྟེན་ནས་རྒྱ་གར་དང་ཀྲུང་གོའི་བར་གྱི་འབྲེལ་བར་ལེགས་བཅོས་ཡོང་སྲིད་པའི་སྐོར་བརྗོད་བཞིན་པ་དེ་རེད།

    ཏཱ་ལའི་ཡིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་ཀྱི་ཡོད་མོད། ཁོའི་ཕ་ཡིས་ཁོ་རང་རྒས་པའི་སྐབས་སུ་བསྐྱུར་བསམ་པ་དེ་ཅི་འདྲའི་སྐྱོ་འོས་པའི་གནས་ཤིག་རེད་ཨང་།

  6. Tenzin Tibet says:
    2012-07-10 at 1:23 pm

    ཏཱ་ལའི་ཡིས་ཡོ་རོབ་ཏུ་འཁྱམ་མྱུལ་བྱེད་དོན་ཅི།
    སྤེལ་དུས། 2012-07-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལི་ཞོའུ་ལི།
    ཉིན་ཤས་བསྟུད་མར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་སླར་ཡང་རྒྱལ་སྤྱིའི་གར་སྟེགས་སུ་རྒྱུན་མཐུད་ངང་འབུད་མགོ་བརྩམས།

    ཟླ་༥བའི་ཟླ་དཀྱིལ་དུ་ཏཱ་ལའི་ཡིས་དབྱིན་ཇི་ཡི་ཆོས་ཁང་ཆེན་པོ་ཧྲེང་པོ་ལོ་ནས་ཏེང་ཕུའུ་ཏོན་ཞེས་པའི་གཟེངས་རྟགས་དང་བྱ་དགའི་དངུལ་དབྱིན་སྒོར་ཁྲི་༡༡༠བླངས་ཤིང་། དབྱིན་ཇིའི་སྲིད་བློན་ཁཱ་མེ་ལུང་དང་ལྐོག་ཏུ་ཐུག་འཕྲད་བྱས་པ་མ་ཟད། ད་དུང་དབྱིན་ཇིའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་བོད་ཀྱི་བུད་མེད་ཁོ་ལ་དུག་དྲངས་པར་མངགས་པའི་སྐོར་བརྗོད་པ་རེད།

    ཟླ་༥ཚེས་༢༦ཉིན། ཨོ་སི་ཁྲི་རི་ཡའི་སྲིད་བློན་ཧྥ་དབྱེ་མན་གྱིས་ཡང་བསྐྱར་ཏཱ་ལའི་ལ་ཐུག་འཕྲད་བྱས་ཤིང་། ཧྥ་རན་སིའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་༢༦ཉིན། ཏཱ་ལའི་ཡིས་ཨོ་སི་ཁྲི་རི་ཡའི་རྒྱལ་ས་ཝེ་ཨེ་ནའི་དཔའ་བོའི་ཐང་ཆེན་ནས་མི་ཁྲི་༡ལྷག་འཛོམས་སར་ཆུ་ཚོད་ཕྱེད་ཀའི་རིང་གཏམ་བཤད་སྤེལ་ཞིང་། བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་། ཁོར་ཡུག་ལ་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བཤད།

    ཏཱ་ལའི་ཡིས་འདི་ལྟར་རྒྱུན་ཆད་མེད་པར་ཡོ་རོབ་ལ་འཁྱམ་མྱུལ་བྱེད་དགོས་དོན་ཅི་ཡིན་ཞེ་ན། ངས་བལྟས་ན་རྒྱུ་མཚན་གཉིས་ཡོད་པ་གཤམ་གསལ་ལྟར།

    ལོན་ཏོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བེད་སྤྱད་ནས་རྒྱལ་སྤྱིའི་དོ་སྣང་ཐེབས་ཐབས་བྱེད་པ།

    ལོ་བཞིར་ཐེངས་གཅིག་འཚོགས་བཞིན་པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་མི་འགྱངས་པར་དབྱིན་ཇིའི་ལོན་ཏོན་དུ་འཚོགས་རྩིས་ཡོད་ཅིང་། ཏཱ་ལའི་སྐབས་འདིར་ཡོ་རོབ་ཏུ་འཁྱམ་མྱུལ་བྱེད་དོན་ནི་འཛམ་གླིང་གིས་ཁོ་ལ་དོ་སྣང་བྱེད་ཆེད་ཡིན། དཔེར་ན་༢༠༠༨ལོའི་པེ་ཅིང་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་མཚུངས་པར་ཐེངས་འདིར་ཡང་བསྐྱར་ལུས་རྩལ་འགྲན་ཚོགས་དེ་བེད་སྤྱོད་གཏོང་བསམ་པ་རེད།

    ༢༠༠༨ལོར། ཏཱ་ལའི་ཡིས་པེ་ཅིང་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནི་ཅིག་བྱས་ན་བོད་མིའི་མཐའ་མཇུག་གི་རེ་བ་ཡིན་སྲིད་ཅེས་བསྒྲགས་ནས། རྒྱལ་ཁབ་རེ་འགས་ཀྲུང་གོ་དང་འབྲེལ་བ་བྱེད་སྐབས་བོད་དོན་དང་ལུས་རྩལ་འགྲན་ཚོགས་དེ་གཉིས་གཞི་གཅིག་ཏུ་འབྲེལ་བ་རེད། ༢༠༠༧ལོའི་ཟླ་༡༢ཚེས་༢༠ཉིན་ཏཱ་ལའི་ཡིས་པེར་ལིན་གྱིས་པར་སྐྲུན་བྱས་པའི་༼ཞེ་སཱ་ལོ་༽ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། པེ་ཅིང་གི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནི་མི་རྣམས་ཀྱིས་བོད་དོན་ལ་དོ་སྣང་བྱེད་པའི་གོ་སྐབས་ལེགས་པོ་ཞིག་རེད་ཅེས་བརྗོད་མྱོང་།

    ལྷ་སའི་༣·༡༤ཡི་དྲག་སྤྱོད་དོན་རྐྱེན་གྱིས་ཏཱ་ལའི་ཡིས་ལུས་རྩལ་འགྲན་ཚོགས་དེ་བེད་སྤྱད་པའི་རང་བཞིན་ཕྱིར་འདོན་བྱས་ཡོད། ༢༠༠༨ལོའི་ཟླ་༣ཚེས་༢༠ཉིན། བོད་ཀྱི་གཞོན་ནུ་ཚོགས་པའི་འགན་འཛིན་ཚེ་དབང་རིག་འཛིན་གྱིས་རྡ་རམ་ས་ལ་ནས་བྲེལ་མྱུར་ཚོགས་འདུའི་སྟེང་། དྲག་སྤྱོད་བྱ་འགུལ་གྱིས་རྒྱལ་ནང་གི་བོད་ཁུལ་གྱི་ངོ་རྒོལ་འདུ་ཤེས་བསླངས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་པའི་ནུས་པ་ཐོན་ལ། ངོ་རྒོལ་བྱ་འགུལ་འདི་ནི་མཚམས་འཇོག་མི་སྲིད་ལ། བྱ་འགུལ་འདི་ནི་ད་ལོའི་ངོ་རྒོལ་བྱ་འགུལ་གྱི་མགོ་རྩོམ་ས་ལྟ་བུ་ཡིན་ཞེས་བརྗོད་མྱོང་།

    ནུབ་ཕྱོགས་ཀྱི་གདུང་སེམས་སྐྱེ་བར་རེ་བ་དང་ཆབ་སྲིད་ཀྱི་མ་རྩ་བཀོལ་བ།

    ཏཱ་ལའི་ཡིས་ཡོ་རོབ་ཏུ་འཁྱམ་མྱུལ་བྱས་ནས་ཀྲུང་གོས་ཁོ་ལ་དུག་དྲངས་པའི་སྐོར་གྱི་གཏམ་འཁྱལ་བཤད་དོན་ནི་ནུབ་ཕྱོགས་ཀྱིས་ཁོ་ལ་དངུལ་སྒོར་གྱིས་རྒྱབ་སྐྱོར་བྱེད་ཆེད་ཡིན།

    འཁྱམ་མྱུལ་འདི་རིགས་ནི་ཏཱ་ལའི་ཡིས་དོ་སྣང་ཆེ་ཤོས་བྱེད་ཡུལ་དུ་གྱུར་ཡོད། ཆབ་སྲིད་ཕུད་ཁ་བྲལ་ཚོགས་པར་དངུལ་སྒོར་གྲབ་གསོག་བྱེད་རྒྱུ་དེ་ཡིན། ཏཱ་ལའི་ནི་ཚོགས་ཁག་དེའི་དངུལ་གྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད། བཙན་བྱོལ་བོད་གཞུང་གི་ནོར་སྲིད་སྔོན་རྩིས་ལས་གསལ་བོར་མཐོང་ཐུབ་པ་ནི་༡༩༩༧ལོ་ནས་༢༠༠༥ལོའི་བར། ཏཱ་ལའི་ཡིས་བཙན་བྱོལ་བོད་གཞུང་འདི་ལ་ལོ་ལྟར་རྒྱ་གར་གྱི་སྒོར་ཁྲི་༡༨༠༠མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ༢༠༠༦ལོ་ནས་བཟུང་གྲངས་ཀ་འདི་དེ་མུར་སྒོར་ཁྲི་༥༠༠༠བར་འཕར་བ་རེད།

    ཏཱ་ལའི་ཡི་ཕྱི་རྒྱལ་གྱི་བྱེད་སྒོ་སྟེ་བཅར་འདྲི་དང་ལེན་དང་གཏམ་བཤད་སོགས་ལ་རིན་གོང་བཏོན་ཡོད་པ་སྟེ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཏཱ་ལའི་ཡིས་༢༠༠༧ལོའི་ཟླ་༧པའི་ཚེས་༣༠ཉིན་ནས་ཟླ་༨པའི་ཚེས་༢བར་འཇར་མན་གྱི་ཧྥ་ལན་ཁེ་ཧྥོའི་གཏམ་བཤད་ལ་ཉིན་རེར་ཡོ་རོབ་ཀྱི་སྒོར་༢༩ནས་༥༩བར་དང་། ཉིན་གཉིས་རིང་སྒོར་༤༥ནས་༩༩བར་བཏོན་ཡོད་ལ། གཟའ་མཇུག་གི་ཁ་པར་གཏམ་གླེང་གི་ཉིན་རེའི་གོང་སྒོར་༤༩ནས་༧༩དང་ཉིན་གཉིས་རིང་སྒོར་༩༠ནས་༡༤༥ཡིན་པ་རེད།

    ཏཱ་ལའི་ཡིས་རང་ཉིད་ཀྱིས་རྒན་ཡོལ་བྱས་ནས་དབང་ཆ་ཡོངས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལ་སྤྲད་ཟིན་པ་ཡིན་ཞེས་དང་། གྲྭ་བ་ཞིག་ཡིན་པའི་ངོས་ནས་ཆོས་ལ་སྦྱོང་བ་དང་ཆོས་དར་སྤེལ་བྱེད་འོས་ཞེས་བསྒྲགས་ན་ཡང་། ཁོ་རང་སྔར་རྒྱུན་བཞིན་རྒྱལ་སྤྱིའི་གར་སྟེགས་སྟེང་ཆབ་སྲིད་དང་རྒྱུ་ནོར་ལ་རྔམ་བཞིན་ཆབ་སྲིད་ཡུལ་གྱར་བའི་ངོ་བོ་དེ་མི་རྣམས་ལ་སྟོན་བཞིན་ཡོད།

  7. ཡར་ཁམས་ཁྲི་རྒྱལ། says:
    2012-07-10 at 4:11 pm

    རྒྱ་དམར་ཇ་ཚོགས་ཀྱི་བཤད་སྟངས་ལས་ལུགས་ཚང་མ་དངོས་བདེན་ལས་རིང་དུ་བརྒལ་བའི་འཁྲབ་སྟོན་འབའ་ཞིག་ཡིན་ང་ཚོ་ཚང་མས་རྟོགས་པས་དེ་རིིགས་འདིར་བཀོད་ན་དགོས་པ་ཆེར་མེད་དོ།། །།

  8. ཐབས་ཇུས་ཅན says:
    2012-07-10 at 8:24 pm

    གོང་དུ་མཆན་ ༢ གཉིས་པ་སྤེལ་མཁན་འཁྱམས་པོ་ཟེར་མཁན་དེས། ཀྲུང་གོའི་བོད་ལྗོངས་དྲ་བའི་རྩོམ་པ་པོ་ཞིག་ཡོང་བར་རེ་བ་རྒྱག་གི་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme