Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་རིའི་སྤུན་གསུམ་ལ་སྤྲིངས་བའི་བར་སྣང་སྤྲིན་གྱི་ཕོ་ཉ།

Posted on 2021-04-17 By ཁ་བརྡ 2 Comments on གངས་རིའི་སྤུན་གསུམ་ལ་སྤྲིངས་བའི་བར་སྣང་སྤྲིན་གྱི་ཕོ་ཉ།

ནམ་མཁའ།

སྙིང་རྗེ་ཆབ་རོལ་གངས་རི་ལས།།
དལ་འབབ་ཆུ་ཀླུང་སྙན་ངག་གི།
ལྷ་མཆོག་དབང་ཕྱུག་དབྱངས་ཅན་མའི།།
ཞབས་ཀྱི་པད་མོར་ཕྱག་འཚལ་ལོ།།

འཇིག་རྟེན་མུན་པ་སེལ་བྱེད་ཉི་ཟླ་བཞིན།།
ངག་གི་རྩ་མདུད་གྲོལ་བའི་དངོས་གྲུབ་ལྷ།།
སྙན་དབྱངས་ལྷ་མཆོག་དབྱངས་ཅན་ལྷ་མོ་སྐུའི།།
ཞབས་སོར་པད་མའི་འདབས་ལ་ཕྱག་འཚལ་ལོ།།

དཀར་ཕྱོགས་སྐྱོང་བའི་གཟུགས་མེད་མཐུ་རྩལ་ཅན།།
གཞན་ཕན་སྒྲུབ་པའི་ལྷག་བསམ་མཆིས་ན་ནི།།
བདག་གི་ཕོ་ཉ་མཁའ་ཡི་གླང་ཆེན་འདིར།།
ཉ་མོ་ཆུ་ལ་འགྲོགས་བཞིན་མགོན་སྐྱོབ་མཛོད།།

ཆུ་ཁུར་གླང་ཆེན་ཚུར་གསོན་འཁྱམས་པའི་བུར།།
ལྷ་ལམ་ཡངས་པོར་དབྱར་རྔ་སྟོང་ཕྲག་གིས།།
གནམ་ལྕགས་ཆར་བ་བཞིན་དུ་ཕབས་ན་ཡང་།།
སྙིང་སྟོབས་གོ་ཆ་གྱོན་ཏེ་འཕྲིན་འདི་ཁྱེར།།
 
འདི་ནས་དཔག་ཚད་སྟོང་ཕྲག་མང་པོ་ཡི།།
ས་གཞི་ཆེན་མོའི་གཙུགས་ཀྱི་རྒྱན་གྱུར་བའི།།
གངས་དཀར་ལྷུན་པོའི་སྐོར་བའི་རྒྱལ་ཁམས་མཆིས།།
དེ་ཡི་དུས་དང་སྣོད་བཅུད་ཅུང་ཟད་གླེང་།།
 
བསིལ་ལྡན་དངུལ་གྱི་གོ་ཁྲབ་གཡོགས་པའི་ཚེ།།
ཁ་བའི་རྡུལ་བརྩེགས་གཙུགས་ཀྱི་ཐོར་ཅོག་རྣམས།།
ཤེལ་གྱི་མཆོད་རྟེན་མང་པོ་དགུང་སྙེགས་ཏེ།།
མཐོ་རིས་ཡུལ་གྱི་ཚ་བའི་གདུང་པ་སེལ།།
 
བྱ་རྒྱལ་རྒོད་པོས་ཉིན་མཚན་བགྲོད་དཀའ་བའི།།
འཇིགས་སུ་རུང་བའི་གྲོག་རོང་མང་པོའི་མཐིལ།།
ཉལ་འགྲོ་བུ་མོའི་ཤེལ་གྱི་སྒྲོམ་བུའི་ནང་།།
ཉ་མོ་མང་པོ་ཆུ་ལ་རྩེད་བཞིན་མཆིས།།
        
གཡའ་མའི་གོ་ཁྲབ་ཅན་གྱི་རྫ་རིའི་རྩེ།།
སུམ་རྩེན་བུ་ག་བརྟོལ་བའི་མདུང་རྩེ་ལ།།
བརྒྱ་བྱིན་སྐྲག་སྟེ་དམག་དུང་བུས་མོད་ཀྱང་།།
མཁའ་ལ་སྙེགས་པའི་ས་འཛིན་རྩེ་མོ་ཡིན།། 
      
འཇིགས་རུང་གཅན་གཟན་མང་པོའི་མཆེ་བ་བཞིན།།
གཡང་གཟར་བྲག་རི་མང་པོ་ཕྲེང་སྒྲིགས་པས།།
བགྲོད་དུས་སྐྱི་གཡའི་བ་སྤུ་གཡོ་ན་ཡང་།།
གདོང་དམར་དཔའ་རྟུལ་མང་པོའི་བགྲོད་ལམ་ཡིན།།
      
ཁུ་བྱུག་སྔོན་མོ་ནོར་འཛིན་བུ་མོའི་ཁྱིམ།།
མ་བོས་མགྲོན་དུ་སླེབས་པའི་དཔྱིད་ཀྱི་དཔལ།།
རྨ་བྱའི་སྒྲོ་གུར་ཐང་ལ་བཏང་འདྲའི་སྟེང་།།
སྤྲིན་གྱི་མེ་ཏོག་ལྷ་ལས་བབས་པའི་ཚེ།།
གཡུ་ལོ་བཀོད་པའི་ཞིང་གཞན་མ་མཆིས་ཀྱང་།།
འགྲོ་བའི་ཡུམ་གཅིག་རྗེ་བཙུན་ཏྰ་རེ་མ།།
འཁྲུལ་བ་མེད་ཀྱང་ཡིད་གཉིས་འཁྲུངས་བར་སྙམ།།
   
རྨ་སྒྲོའི་སྟེང་གི་དྲི་ཞིམ་ཆུན་པོ་ལ།།
རྐང་དྲུག་གཞོན་ནུས་གླུ་གཞས་ལེན་ཞོར་དུ།།
སོར་མོའི་རེག་ཙམ་བྱས་ཏེ་ཁ་ཕྱེ་བས།།
པད་མའི་གཉེན་ཡང་ཕྲག་དོག་ཅིའི་མི་སྐྱེས།།
 
ཕྱོགས་བཞིའི་མཐའ་མཚམས་རི་ཡི་རྩེ་མོ་རུ།།
ཡིག་དྲུག་རི་མོ་ཅན་གྱི་དར་ལྕོགས་ཀྱིས།།
གངས་ལྗོངས་ས་གཞི་ཆེན་མོ་ཡིན་ནོ་ཞེས།།
མཐའ་སྲུང་དམག་བཞིན་འགྲེངས་ཏེ་གཡབ་མོ་བྱེད།།
 
ས་འཛིན་གཡོ་མེད་མང་པོའི་ལ་རྩེ་རུ།།
བཙན་པོ་དམག་གི་མདའ་མཚོན་ཕྱོགས་སྤུངས་ཏེ།།
གདོང་དམར་དམག་གིས་ཀྭི་སྒྲ་སྒྲོགས་པ་ཡིས།།
སྲིན་པོ་དམག་གི་སྙིང་རྩ་འདར་བྱེད་ཅིང་།།
ཙི་ནའི་གནམ་བསྐོས་རྒྱལ་བོ་ཞེས་བ་ཡང་།།
གསེར་གྱི་ཁྲི་ལས་གཞོལ་ཏེ་བྲོས་པ་ནི།།
སྙན་ངག་མཁན་པོས་བྲིས་པ་མ་ཡིན་པར།།
ལོ་རྒྱུས་རྡོ་རིང་རྒྱ་ཡི་ཡུལ་ན་མཆིས།།
 
ཆར་ལྡན་སྤང་རིའི་གཡུ་ཡི་མཎྟལ་ལ།།
བྱུ་དཀར་མང་པོས་ཕྲ་རྒྱན་བཏབས་པ་ལྟར།།
དྲི་ཟའི་བུ་མོའི་མགུལ་རྒྱན་མུ་ཏིག་སྤུན།།
གཡང་དཀར་ལུག་གིས་ཡོངས་སུ་སྐོར་ནས་ཡོད།།
 
རྫི་བོའི་ལ་གཞས་གདངས་སུ་གྱེར་བ་ལ།།
ལྷ་མོ་ཨུ་མའི་སྐྱོ་བ་སངས་བའི་ཚེ།།
སྤྲིན་དཀར་རས་གཞིའི་གསེབ་ནས་ཉན་པ་ལ།།
ཆགས་ལྡན་དབང་ཕྱུག་མིག་ཟུར་མདའ་མོ་འཕེན།།
  
འབྲོང་གཡག་རྒོད་པོ་མང་པོའི་ངུར་སྒྲ་ཡིས།།
གཡུ་འབྲུག་སྔོན་མོའི་སྐད་ལ་སྐྱེངས་པ་སྟེར།།
འབྲོང་ཁྱུ་རུ་དམར་འཁྱུགས་པའི་རྭ་རྩེ་ཡིས།།
མཁའ་ལྡིང་ཁྱུང་ཆེན་སྲོག་དབང་འཕྲོག་ལ་འཇིགས།།
 
ཁུ་བྱུག་སྔོན་མོས་གླུ་གཞས་ལེན་པའི་ཚེ།།
གླ་བ་སྔོན་མོ་བྲོ་གར་འཁྲབ་པ་ལ།།
དྲི་ཟའི་རྒྱལ་བོའི་བུ་མོ་གར་མཁན་རྣམས།།
ངོ་ཚའི་འཁུམས་ཏེ་ངལ་གསོའི་ཁྱིམ་དུ་འཛུལ།།
 
ཁྱུང་ཆེན་རྒོད་པོ་མཁའ་ལ་རྒྱུ་བའི་དུས།།
ཅང་ཤེས་རྟ་མཆོག་རྐྱང་རྒོད་འདྲེས་བའི་ཚེ།།
གཤོག་ཐོག་རྟ་རྐྱང་འགྲན་པའི་བང་རྩལ་ལ།།
བྱ་རྒྱལ་རྒོད་པོ་སྐྱེངས་ཏེ་ཚང་ལ་བྲོས།།
 
འབྲས་ལྡན་ལྗོན་པའི་ཤིང་གི་རྩེ་མོ་རྣམས།།
ལང་ཚོ་རྫོགས་པའི་མཛེས་ལྡན་བུ་མོ་ཞིག།
མགོ་བོ་དུད་དེ་བག་མར་འགྲོ་བ་བཞིན།།
བྱུ་དམར་བཞིན་གྱི་སིལ་ཏོག་ཐུར་དུ་དཔྱངས།།
འདོད་རྒུ་འཁྱིལ་བའི་གསེར་གྱི་གཞོང་བའི་མཐིལ།།
མཁོ་རྒུ་གཡང་དུ་ལྷུན་གྱིས་གྲུབ་པ་བཞིན།།
འབྲུ་སྣ་སྨིན་པའི་ཞིང་ཁའི་མཚར་སྡུག་ནི།།
པུར་ཐོག་སྟོང་གིས་བྲིས་བའི་མཛེས་རྒུ་བཞིན།།
འབྲུ་དྲུག་སྙེ་མ་རླུང་གིས་བསྐྱོད་བཞིན་མཆིས།།
 
གསེར་གྱི་མེ་ཏོག་བཀྲམས་པའི་ཐང་ཆེན་དུ།།
སྨན་ཆུང་བུ་མོས་བཞོ་དབྱངས་འཐེན་ཞོར་དུ།།
འབྲུ་མོ་བཞོ་བའི་འོ་མའི་ཟེགས་མ་ཡིས།།
སྤང་ལ་མགུལ་རྒྱན་མུ་ཏིག་འཐོར་དང་མཚུངས།།
 
ཀྱེ་ཀྱེ་བདག་གི་ཕོ་ཉ་ཆུ་འཛིན་ལགས།།
དཔག་ཚད་མང་པོ་བསྐྱོད་དེ་ངལ་བའི་ཚེ།།
གསེར་ཆེན་ཐང་གི་སྦྲ་ནག་གཡང་ཁྱིམ་རུ།།
ངལ་གསོ་གྱིས་དང་ངོ་མཚར་ལྟད་མོ་ཡོད།།
རྒྱུས་མེད་ཐག་རིང་མགྲོན་པོ་སུ་ཡིན་ཡང་།།
སྨན་ཤར་བུ་མོས་འཛུམ་གྱིས་མགྲོན་དུ་བསུ།།
 
འོ་ཇ་དཀར་པོར་འབྲུ་མར་ཁ་རྒྱན་གྱི།
འབྲུག་དཀར་ཕོར་བ་ལག་ཟུང་བདར་དེ་ཕུལ།།
སྤྲིན་དཀར་འདབ་མ་རླུང་གིས་གཡོ་བ་ལྟར།།
རབ་དཀར་ཞོ་གསར་སྣོད་དུ་འགུལ་བ་འབུལ།།
སྦྲང་དཀར་རྩམ་པ་འབྲུ་མར་སེར་པོའི་ནང་།།
རྫིས་བའི་ཕྱེ་མར་ནས་རྩམ་ལམ་རྒྱགས་སྟེར།།
རྒྱལ་ཁམས་མང་པོའི་གྲོང་ཁྱེར་འགྲིམས་ན་ཡང་།།
རྒྱུས་མེད་མགྲོན་པོ་བསུ་ལུགས་འདི་འདྲ་བ།།
གོ་ལ་ཟླུམ་པོར་ཐེངས་བརྒྱར་བསྐོར་ན་ཡང་།།
གདོང་དམར་ཡུལ་ལས་གཞན་ཞིག་ག་ལ་མཆིས།།
 
ཀ་ཡེ་བདག་གི་ཕོ་ཉ་སྙིང་སྟོབས་ཅན།།
གངས་རིའི་ལྗོངས་སུ་སླེབས་ནས་ཡོད་ན་ཡང་།།
གདོང་དམར་མཐོང་ཚད་ཀུན་གྱི་རྣ་བར་ལ།།
བདག་གི་སེམས་འཕྲིན་བརྗོད་ཡུལ་ག་ལ་ཡིན།།
 
སྐར་ལྔའི་དར་དམར་འོག་གི་དཔོན་ངན་འགའི།།
དངུལ་ལོའི་སེམས་ཀྱིས་བདེན་པའི་གཏམ་ལ་ཡང་།།
གཡོ་ཁྲམ་ལྕེ་རྩེ་གློག་དམར་དགུ་སྒྲིགས་ཀྱིས།།
གཞི་བྱེས་མཉམ་འཛོམས་འགལ་རྐྱེན་སྐྲུན་བཞིན་ཡོད།།
  
དམར་པོའི་ལུགས་ཀྱིས་ཀླད་པ་ཁྲུས་ཟིན་པའི།།
ས་གཞི་ཡོད་ཚད་དམར་པོ་མཐོང་མཁན་གྱི།།
རང་རློམ་མཁས་པ་འགའ་ཡི་ལྕེ་རྩེ་ནས།།
རང་གི་རིགས་ལ་རྒོལ་བའི་ཐོག་མདའ་འཕེན།།
 
གྲོང་དང་གྲོང་ཁྱེར་གང་དུ་ངལ་གསོ་དུས།།
སོ་ལྟའི་རྣ་དབང་ཁྱེད་ལ་གཏད་ནས་ཡོད།།
འགའ་ཞིག་དངུལ་ལོ་ཁོ་ནའི་རྗེས་འབྲངས་ཏེ་།།
འདྲིས་བའི་གྲོགས་ཀྱང་བཙོན་དུ་འཇུག་ཕོད་ལ།།
ཁྱོད་ནི་སྲིན་པོའི་ལག་ཏུ་འཇོག་སླ་བས།།
ཚུལ་གསུམ་རིག་པའི་དཔྱད་པའི་སོར་མོ་ཡིས།།
གཡོ་སྒྱུ་རྫུན་གྱི་རས་གཞི་མ་རལ་བར།།
བདག་གི་སེམས་ཀྱི་འཕྲིན་ཆུང་བུ་མོ་འདི།།
བག་མར་བསྐྱལ་སའི་ཡུལ་དུ་བསྐྱོད་དགོས་པས།།
འབྲུ་མར་སེར་བོའི་ནང་དུ་བརྫིས་བ་ཡི།།
སྨན་ཆུང་བུ་མོས་བྱིན་པའི་བྲོ་རྩམ་དེ།།
རུམ་ལ་བཅུགས་ཏེ་ལ་ལུང་ཤུགས་ཀྱིས་བགྲོད།།
   
གངས་ཅན་ཁ་བའི་ལྗོངས་ཀྱི་རྒྱལ་ཁམས་སུ།།
བཙན་པོ་དམག་གི་དཔུང་རོགས་མཐུ་རྩལ་ཅན།།
སྲིད་པ་ཆགས་པའི་ལྷ་ཆེན་དགུ་བོ་ཡིས།།
འབྲུག་དང་འབྲུག་སྐད་འགྲོགས་ལྟར་སྲུང་ནས་ཡོད།།
  
ཡན་ལག་བརྒྱད་ལྡན་གཙང་བོ་རྣམ་བཞི་ལ།།
ཁ་འབབ་བཞི་ཞེས་གངས་ཆབ་སྔོན་མོ་རྣམས།།
རང་རློམ་མཁས་པ་རྣམས་ཀྱིས་འདོད་ཚུལ་ནི།།
ཤྭ་བོ་རྩྭ་གཟན་སྟག་སེང་ཤ་གཟན་བཞིན།།
མཐུན་པའི་ཚིག་གཅིག་འགའ་ཡང་མ་མཆིས་ཀྱང་།།
 
གངས་དཀར་ཏི་སིའི་ཤར་གྱི་ཕྱོགས་ངོས་ནས།།
རྟ་མཆོག་འཚེར་བའི་འཁྱགས་རོམ་ཚེམས་ཕྲེང་ལས།།
འབབ་པའི་ཉལ་འགྲོའི་བུ་མོའི་བདུད་རྩི་ལ།།
རྒྱ་གར་ཡུལ་དུ་ཆུ་བོ་གངྒྰ་ཞེས།།
དབང་ཕྱུག་གཙུགས་ཀྱི་རལ་བའི་ཐོར་ཅོག་ལས།།
བཞུར་བའི་ལྷ་ཆབ་སྔོན་མོ་བྱིན་ཅན་བརྩི།།
འཕགས་པའི་ཡུལ་གྱི་ཚ་སྐོམ་གདུང་བ་སེལ།།
 
གངས་རྒྱལ་ཏི་སིའི་ལྷོ་ཡི་ཕྱོགས་ངོས་ནས།།
རྨ་བྱ་སྔོན་མོས་དབྱར་རྔ་སྒུགས་པའི་དུས།།
མགྲིན་པ་སྔོན་མོ་དགུང་དུ་བཏེགས་འདྲ་ལས།།
འབབ་པའི་ཆུ་ཀླུང་ཆེན་མོའི་བཞུར་རྒྱུན་ལ།།
འཕགས་པའི་ཡུལ་དུ་པཀྴུ་ཆབ་རོལ་འབོད།།
 
གངས་དཀར་ལྷུན་པོའི་ནུབ་ཀྱི་ཕྱོགས་རོལ་དུ།།
གླང་ཆེན་དཀར་པོ་འགྱིང་འདྲའི་སྣ་ཤགས་ལས།།
འབབ་པའི་ཆུ་ཀླུང་ཆེན་པོའི་བཞུར་རྒྱུན་ལ།།
འཕགས་པའི་ཡུལ་དུ་སིན་ནྔྷུ་གཙང་བོ་སྟེ།།
རྒྱལ་ཁམས་མང་པོའི་ཚ་བའི་སྐོམ་གདུང་སེལ།།
 
ནོར་འཛིན་ལྷ་མོའི་གཙུགས་རྒྱན་གངས་དཀར་གྱི།
བྱང་གི་ཕྱོགས་སུ་གངས་སེང་དཀར་མོ་ཡིས།།
གད་རྒྱངས་སྒྲོགས་པའི་གདེངས་ཀའི་མཆེ་བར་ལས།།
འབབ་པའི་གངས་ཆབ་སྔོན་མོའི་བཞུར་རྒྱུན་ལ།།
རྒྱ་གར་སོགས་ཀྱིས་སི་ཏྰ་གཙང་བོ་འབོད།།
 
རྨ་རྒྱལ་སྤོམ་རའི་ཤེལ་གྱི་ཕོ་བྲང་ནས།།
རྨ་གཡང་ཕྱུགས་མོར་འབབ་པའི་ཆུ་ཀླུང་གིས།།
མདོ་ཁམས་གཡར་མོ་ཐང་གི་ནོར་འཛིན་ལ།།
གཡུ་འབྲུག་སྔོན་མོས་སྐ་རག་བཅིངས་པ་ལྟར།།
བཞུར་བའི་གངས་ཆབ་སྔོན་མོ་འདི་ཡིས་ནི།།
ཙི་ནའི་ཡུལ་གྱི་གྲོག་ཚང་བརྡོལ་བ་ཡི།།
རྐང་གཉིས་རྣམས་ཀྱི་ཚ་སྐོམ་སེལ་ན་ཡང་།།
དྲིན་དུ་མི་ཚོར་སྲིན་པོའི་རིགས་ཅན་གྱི།།
ས་གཞི་དེ་ནས་ཤར་གྱི་རྒྱ་མཚོར་འབབ།།
 
གདང་ལ་རི་བོ་དགེ་ལ་བསྟན་སྟོང་ལས།།
འབབ་པའི་འབྲི་ཆུ་སྔོན་མོ་གཡུ་ཕྲེང་གིས།།
ཆོལ་གསུམ་ས་གཞི་ཡོངས་ལ་ཁྲུས་བྱས་ཏེ།།
ཙི་ནའི་གྲོང་ཁྱེར་མང་པོ་བརྒྱུད་པའི་མཐར།།
གཙང་ལག་མང་པོའི་མཉམ་དུ་རྒྱ་མཚོར་ལྷུང་།།
 
གདང་ལ་རི་བོའི་ལྷོ་ཡི་ཕྱོགས་མཚམས་ནས།།
ཤེས་རབ་རྒྱལ་མོ་རྔུལ་བའི་ཆུ་ཆེན་འབབ།།
མདོ་སྟོད་ཆོལ་ཁའི་གྲོང་ཁྱེར་མང་པོ་བརྒྱུད།།
འབར་མ་བརྒྱུད་དེ་ཧིན་ངྷིའི་རྒྱ་མཚོར་འབབ།།
འཕགས་པའི་ཡུལ་དུ་ཡྰ་མུ་ན་རུ་འབོད།།
 
ཁ་བའི་ལྗོངས་སུ་གྲགས་པའི་མཚོ་ཆེན་བཞི།།
དབུས་གཙང་ཆོས་ཀྱི་ཆོལ་ཁའི་གྲོང་ཁྱེར་གྱི།།
འདམ་གཞུང་རྫོང་གི་ནུབ་ཀྱི་ཕྱོགས་རོལ་ན།།
གཡུ་ཡི་མེ་ལོང་གནམ་མཚོ་ཕྱུག་མོ་ཡོད།།
 
ཡར་ཀླུང་གཙང་ཆབ་སྔོན་མོའི་ལྷོ་རྒྱུད་དང་།།
སྣ་དཀར་རྩེ་ཡི་བྱང་གི་ཕྱོགས་མཚམས་སུ།།
དཔལ་གྱི་ལྷ་མོའི་བེེཊྱིའི་མེ་ལོང་ཞིག།
ཡར་འབྲོག་གཡུ་མཚོ་ཞེས་པ་དེ་རུ་འཁྱིལ།།
 
མངའ་རིས་སྤུ་ཧྲེང་ཁུལ་གྱི་ཤར་ཕྱོགས་སུ།།
གཡང་ཊི་སྔོན་མོའི་ཀ་དོ་ར་ཡི་ནང་།།
གཡུ་ལོ་བཀོད་པའི་ཞིང་ནས་བབས་པ་ཡི།།
བདུད་རྩི་སྔོན་མོ་མ་ཕམ་གཡུ་མཚོ་ཡོད།།
 
མདོ་ཁམས་གཡར་མོ་ཐང་གི་རྒྱལ་ཁམས་སུ།།
གནམ་སྔོན་ཐང་ལ་ལྷུང་འདྲའི་ཆབ་སྔོན་སྟེ།།
ཁྲི་ཤོར་རྒྱལ་མོ་གྲགས་པའི་མཚོ་ཆེན་ཞིག།
སེང་ལྕམ་འབྲུག་མོའི་གཡུ་ཡི་མེ་ལོང་ཡོད།།
 
འདི་འདྲའི་སྣོད་བཅུད་ཕུན་ཚོགས་སྡེ་བཞི་ཡི།།
སྐབས་གསུམ་ལྷ་ཡི་ནོར་འཛིན་འཕོས་འདྲ་བའི།།
ས་ལའི་སྨན་ལྗོངས་གངས་རིའི་རྒྱལ་ཁམས་ལ།།
ཨེ་མ་ཧོ་ཞེས་ཀུན་གྱིས་བསྟོད་ཡུལ་གྱུར།།
 
ཀྱེ་ཀྱེ་ཕོ་ཉ་ཆུ་འཛིན་དཀར་པོ་ལགས།།
བདེ་སྐྱིད་སྲོག་ལྡན་ཡོངས་ལ་སྨོན་མཁན་གྱི།
སྙིང་རྗེ་ཆུ་ཡིས་བརླན་པའི་མི་རིགས་ཞིག།
འཇིག་རྟེན་ཟླུམ་པོར་ཅི་ལྟར་བཙལ་ན་ཡང་།།
ཐུ་བྷོད་མི་རིགས་འདི་ལས་གཞན་མ་མཆིས།།
 
འདི་འདྲའི་སེམས་ཀྱི་གཏེར་མཆོག་ལྡན་པ་ཡི།།
གངས་ཅན་ལྗོངས་ཀྱི་བདག་གི་སྤུན་གསུམ་ནི་།།
གཅེན་པོ་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡི།།
མི་གཤིས་འཇམ་ཞིང་དད་པའི་སོར་མོ་རྣམས།།
ཟླ་ཟེར་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན།།
སྙིང་གར་སྦྱར་ཞོར་གཏམ་ལྕེ་ཤིན་ཏུ་བདེ།།
 
རང་གཤིས་དྲང་ཞིང་དཔའ་ངར་ལྡན་པ་ཡི།།
སྤུན་འབྲིང་མདོ་སྟོད་མི་ཡི་ཆོལ་ཁ་ནི།།
འབྲུ་དྲུག་སྙེ་མ་རླུང་གིས་གཡོ་བ་ལྟར།།
གླུ་གར་རྒྱ་མཚོའི་ཀློང་ན་རབ་ཏུ་རྩེན།།
 
མདོ་སྨད་རྟ་མཆོག་ཅང་ཤེས་ཆོལ་ཁ་ནི།།
ཤེས་རབ་འབར་ཞིང་བློ་གྲོས་ལྡན་པ་ལ།།
མདོ་སྨད་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས།།
སྙན་པའི་རྒྱལ་མཚན་བ་དན་ཀུན་ཏུ་གྲགས།།
 
ལྷ་རྗེ་སྟོང་གིས་བཅོས་བར་མི་ནུས་ཞིང་།།
གསེར་སྲང་སྟོང་གིས་ཉོ་བར་མི་ནུས་བའི།།
རིག་གསར་མཁན་པོ་རྣམས་ཀྱིས་སྨོན་པའི་ཡུལ།།
འཛམ་བུ་གླིང་གི་གཅེས་ནོར་གྱུར་བ་ཡི།།
དབྱངས་གསལ་སོ་བཞིའི་གསེར་གྱི་ཕྲེང་བ་ལ།།
རྒྱུས་བའི་གསེར་གྱི་གླེགས་བམ་མགུལ་རྒྱན་དུ།།
བཏེགས་ཏེ་རིག་པའི་དཔའ་བོའི་ལོངས་སྤྱོད་ཀྱི།
གཞན་ཕན་རིག་པའི་གཞུང་ལུགས་ལྡན་པའི་ཡུལ།།
ཐོ་ཟོར་མཚོན་ཆའི་བཙོན་དུ་བཅུགས་ནས་ཡོད།།
ཐོ་ཟོར་མཆོན་ཆ་བཟུང་བའི་དམག་གཤིས་ནི།།
བཀྲེས་ཚེ་ས་འབུ་གྲོག་མ་ཡན་འདབ་དང་།།
སྲོག་ལྡན་ཡོད་ཚད་ཟས་སུ་ཟ་བ་ཡི།།
མི་ཡི་གདོང་ཅན་སྲིན་པོའི་རིགས་ཅན་གྱི།
ཙི་ན་ཞེས་བའི་ནད་འབུ་འབྱུང་བའི་གནས།།
གཡོ་སྒྱུ་རྫུན་གྱི་འཕྲུལ་འཁོར་བསྐོར་མཁས་ཞིང་།།
སྙིང་རྗེ་སྣུམ་ཐིག་བྲལ་བའི་སྙིང་ཁམས་ཀྱིས།།
ཡིག་དྲུག་གདངས་སུ་གྱེར་བའི་རྒྱལ་ཁམས་སུ།།
གཤིན་རྗེ་མཚོན་ཆའི་འཁོར་ལོ་རབ་བསྐོར་ཏེ།།
མྱ་ངམ་ཐང་དུ་བསྒྱུར་བའི་སྡུག་བསྔལ་ལ།།
གངས་རིའི་སྤུན་གསུམ་སྙིང་སྟོབས་རབ་རྒྱས་ཏེ།།
ཞུམ་མེད་སེམས་ནས་འབར་བའི་མེ་ལྕེ་ཡིས།།
རང་ལུས་བསྲེགས་པ་བརྒྱ་ཕྲག་བརྒལ་བའི་ཤུལ།།
ལུས་བའི་སྙིང་གི་སྤུན་གསུམ་འདི་ལྟར་བརྗོད།།
 
རང་ལུས་འབར་བའི་སྙིང་སྟོབས་མེ་ལྕེ་ཡིས།།
རྒྱལ་སྤྱིའི་མིག་གི་དངུལ་ལོ་མ་བསྲེགས་པར།།
བྱེས་ཀྱི་སྲིད་སྤྱིའི་གཡོ་ཁྲམ་སྡོང་སྐམ་དང་།།
ཆོལ་ཞེན་དུག་གི་ཚེར་ཕུང་འབར་བ་ལ།།
མེ་ཤོར་ནགས་ཚལ་རླུང་གིས་རམས་འདེགས་ལྟར།།
དོལ་འདྲེ་དམ་ཉམས་སྐྱབས་སུ་བཟུང་བ་ཡི།།
དྲིན་ཆེན་དྲིན་དུ་མི་ཚོར་བླུན་ཚོགས་ཀྱིས།།
ཆོལ་ཞེན་དུག་གི་ཤིང་ལ་སྣུམ་བྱུགས་ཏེ།།
སྲིན་པོ་ལག་དམར་བརྐྱངས་ཏེ་མེ་སྒྲོན་པས།།
གླེན་པ་ལྕགས་ཀྱི་གདོང་ཅན་མང་པོ་འབར།།
 
དབང་ནོར་ཁྲག་ལ་རྔམས་པའི་སྲིད་སྐྱོང་དང་།།
 ཆོལ་ཞེན་དུག་གི་ལོ་ཆང་འཐུང་མཁན་གྱི།
གྲོས་འཐུས་ཁོག་སྟོང་མང་པོ་ཚིངས་བ་ནི།།
དྲི་ཆེན་སྟེང་ལ་སྦྲང་ནག་འཁོར་དང་མཚུངས།།
 
བཙུན་པ་ཆོས་རྒོད་མནའ་མ་རི་ཤོར་དང་།།
རྐུན་པོ་ལུག་རྫི་ལ་སོགས་རྒྱུས་མེད་ཡུལ།།
འགྲིམས་ཏེ་མཁས་བའི་ཆོ་ལོ་བླུན་པོ་ཚོས།།
སྦྱིན་སྟེ་རང་རློམ་མཁས་པའི་ཚོགས་རྣམས་ནི།།
གང་ལ་གཏད་སོ་མེད་ཀྱང་འཕྲུལ་སྣང་གིས།།
སྲིད་ཀྱི་དོན་དུ་གྲོས་ཁ་བསྡུར་ན་ཡང་།།
ཚ་གྲང་བཞིན་དུ་འགལ་ཟླའི་འཁོར་ལོ་སྐོར།།
 
ཁོག་རུལ་ལྗོན་ཤིང་བཞིན་གྱི་སྲིད་སྤྱིའི་བར།།
ཞེན་འཁོན་ཅན་གྱིས་དཀྲོགས་གཏམ་རྔ་བོ་ལ།།
གཡོ་ཅན་ཚོགས་ཀྱིས་དབྱུགས་པས་རྡུང་བའི་ཚེ།།
རི་བོང་ཅལ་འདྲོགས་བཞིན་གྱི་བླུན་ཚོགས་འཁྲུགས།།
 
དགྲ་གཉེན་མི་ཤེས་བླུན་པོ་འུ་ཚུགས་ཀྱིས།།
རང་གིས་རང་ལ་ཕམ་པར་བྱེད་མཐོང་ཚེ།།
གཞི་ལུས་བདེ་སྡུག་སྟོང་པའི་མཁའ་དབྱིངས་ལ།།
ཚིག་གི་མེ་ཏོག་བྲིས་དང་མཚུངས་སོ་ཞེས།།

སྙན་ངག

Post navigation

Previous Post: གཉིད་མ་སད་ཀྱི་ཉིན་ཐོ།
Next Post: དབྱིན་ཇི་རྒྱལ་སྲསPrince Philipལགས་ཀྱི་དུར་མཇུག་ཉིན་མོར་མི་སེར་ལག་ཁྱེར་ཐོབ་ཚུལ། (ཉིན་ཐོ།)

Comments (2) on “གངས་རིའི་སྤུན་གསུམ་ལ་སྤྲིངས་བའི་བར་སྣང་སྤྲིན་གྱི་ཕོ་ཉ།”

  1. ནམ་མཁའ says:
    2021-04-18 at 3:10 am

    ཡོ་རུབ་གླིང་གི་འཁྱམས་པོའི་སེམས་ཀྱི་འཕྲིན།།
    སྤྲིངས་པའི་གཏམ་ལ་ཚིག་གིས་མ་བསླད་པར།།
    བདག་གི་སྤུན་གསུམ་དེ་ལ་དྲང་པོར་བརྗོད།།

    དེ་ལྟ་མོད་ཀྱང་གཞི་ཡི་སྨྱུ་གུ་ལ།།
    འབྲས་བུ་སྨིན་ལ་ཞུམ་མེད་སྙིང་སྟོབས་ཅན།།
    ཁམས་གསུམ་འགྲོ་དྲུག་འཁོར་ལས་སྒྲོལ་བའི་ཕྱིར།།
    ཟས་གཙང་སྲས་བོ་གཅིག་བུས་ཤིང་མཆོག་དྲུང་།།
    འཇིགས་རུང་ཉོན་མོངས་རྒོལ་ལ་དཀའ་སྤྱད་བཞིན།།
    ལུགས་གཉིས་ཁ་ལོ་བསྒྱུར་བའི་མི་ཡི་རྗེ།།
    སྙིང་རྗེ་ལྷ་མཆོག་ཕྱག་ན་པད་མོ་ཡིས།།
    ཕྱག་ཟུང་ཐལ་མོས་རྒྱལ་ཁམས་བསྐོར་བའི་འབྲས།།
    ཐུགས་ཀྱི་བཞེད་དོན་འགྲུབ་ལ་ཐག་མི་རིང་།།

    རང་སེམས་གཙང་མའི་ཤོག་བུ་དཀར་པོའི་ངོས།།
    དབྱངས་གསལ་སོ་བཞིའི་མུ་ཏིག་ལ་རྒྱུས་ཏེ།།
    རྫུན་གྱི་རས་གཞི་རལ་བའི་དྲང་གཏམ་ལ།།
    ལྟ་ངན་མུན་པ་འཐིབས་པའི་སྨག་རུམ་ཁྲོད།།
    རང་སྡེ་བཅོམ་ན་དཔའ་བོ་མཐོང་བ་ཡི།།
    བླུན་པོ་བརྟུལ་ཞུགས་ཅན་གྱི་ཁུ་ཚུར་དང་།།
    དྲང་གཏམ་སྨྲ་ལ་མི་དགའ་དམར་པོའི་ལུགས།།
    རྫུན་དང་གཡོ་སྒྱུའི་གཏམ་གྱི་རྗེས་འགྲོ་བའི།།
    རང་རློམ་མཁས་བའི་བླུན་པོའི་ཚོགས་རྣམས་ཀྱིས།།
    གངས་རིའི་ལྗོངས་སུ་ཅིས་ཀྱང་འཁྱོལ་བར་ཤོག།
    ཚིག་གི་མཚོན་ཆའི་སྒྱོགས་རྡོ་འཕངས་ཀྱང་ཆོག།
    སྙན་ངག་མཁན་པོ་རྣམས་ཀྱིས་ཁྲེལ་དགོད་དང་།།
    ཁོག་སྟོང་སྲིད་སྤྱིས་ཀུ་ཅོ་སྒྲོགས་པ་སོགས།།
    ཕྲག་དོག་ཅན་གྱིས་སྣ་གཉེར་གང་བྱས་ཀྱང་།།
    «30/1/2021ལ་ཡོ་རུབ་ནས་ནམ་མཁས་བྲིས།
    ཁ་བརྡ་རྩོམ་སྒྲིགས་པ་ལགས། དྲ་ཐོག་ཏུ་བཀོད་པ་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་གོང་དུ་བཀོད་པའི་ཚིགས་བཅད་འདི་དག་ཆད་འདུག་པས། དེ་བཞིན་དགོངས་འཇགས་འཚལ།

  2. ནམ་མཁའ says:
    2021-04-18 at 3:13 am

    གངས་རིའི་ལྗོངས་སུ་ཅིས་ཀྱང་འཁྱོལ་བར་ཤོག། ཟེར་བའི་ཚིགས་བཅད་འདི་མཐའ་འཇུག་ཡིན་མོད། འོན་ཀྱང་སྐུར་དུས་འཁྲིགས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme