Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་མཐུན་ཐོག་ཁྲིམས་གཏུགས་བྱེད་ཀྱི་ཡིན།

Posted on 2015-03-152015-03-15 By ཁ་བརྡ་ 43 Comments on ཁྲིམས་མཐུན་ཐོག་ཁྲིམས་གཏུགས་བྱེད་ཀྱི་ཡིན།

རིག་པའི་རྡོ་རྗེ།

 
འདི་ནས་བརྩིས་པའི་མི་ལོ་སུམ་བརྒྱ་ལྷག་གི་ཡར་སྔོན་དུ། ང་ཚོས་བཙན་གནོན་འོག་ཁྲག་དྲི་བྲོ་བའི་སྡུག་སྦྱོང་མནར་གཅོད་མྱངས་པ་ཉུང་ཉུང་མིན་ལ། ད་དུང་དབང་བསྒྱུར་གྲལ་རིམ་གྱི་ནག་ཁུང་ནང་དུ་མི་འདོད་བཞིན་དུ་གནས་ཡོད། དེ་ཙམ་མ་ཟད། བཙན་བྱོལ་མི་ལོ་བཅུ་ཕྲག་ལྔ་ལྷག་གི་དུས་ཡུན་ཀྱག་ཀྱོག་དེའི་ནང་དུ་ཡང་། ཕྱོགས་ཞེན་དང་རིས་གཅོད་ཀྱི་དཀའ་ངལ་མྱངས་པ་ཁ་གྲངས་རྩི་ཐུབ་པ་ཞིག་གཏན་ནས་མིན། དེར་བརྟེན་རྒྱལ་བ་ཇོ་ནང་བ་ཚང་གིས་མི་ལོ་ཧྲིལ་བོ་བཅོ་བརྒྱད་རིང་། བཙན་བྱོལ་བོད་གཞུང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་འབོད་སྐུལ་ཞུས་ནས་དེ་རིང་བར་ལྷག་ཡོད་པ་རེད། ཡིན་ན་ཡང་། འདི་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་རང་གཞུང་ལ་བརྩི་འཇོག་དང་མཐོང་ཆེན་བྱས་པ་ལས། དེ་ལས་གཞན་པའི་བྱེད་ཐབས་ཡོད་པ་མ་ཤེས་པ་གཏན་ནས་མིན།

གང་ལྟར་ད་ལན་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཚོགས་དུས་དགུ་བའི་ཐོག  ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དང་། ཇོ་ནང་བ་རྣམས་བོད་གྲལ་དུ་འཇོག་པའི་རེ་བ་དང་ཡིད་ཆེས་བྱས་ཡོད། འདི་ཇོ་ནང་གཞིས་བྱེས་གཉིས་ཀྱི་ཆེས་མཐའ་མཇུག་གི་རེ་བ་དང་། བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་དུ་མེ་ལྕེའི་ཀློང་དུ་བསྟིམས་པའི་ཇོ་ནང་སེར་སྐྱ་ཕོ་མོ་མི་ཉུང་བ་ཞིག་གི་རྣམ་ཤེས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཀྱང་རེད། དེར་བརྟེན་ད་ཐེངས་རེ་བ་ལྟར་དོན་འབྲས་དངོས་སུ་སྨིན་པའི་ཡིད་ཆེས་ཡོད།

གལ་ཏེ་དེ་ལྟར་མ་བྱུང་བ་ཡིན་ན། ཁོ་བོ་ཅག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར། ཐོག་མར་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ལ། བརྟག་པ་མཐའ་བཟུང་བྱས་ན། དེ་ནས་ཁྱི་སྤྱང་ངན་འབྲེལ་གྱིས་ངོས་ལེན་མ་བྱས་པའམ། ཡང་ན་ཁྲིམས་ཐག་དྲང་བོར་མ་བཅད་པའི་གནས་ཚུལ་བྱུང་བ་ཡིན་ན། གནས་ཡུལ་རྒྱ་གར་གཞུང་དང་། དེ་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་སྒོར་སྦྱོར་དགོས་བྱུང་ཡང་ཐེ་ཚོམ་དང་སོམ་ཉི་སྤུ་ཙམ་མེད།

ཁོ་བོ་ཅག་གི་ཤ་གསེང་རུས་གསེང་ན་བཞུར་བཞིན་པའི་ཁྲག་རྒྱུན་དམར་པོ་འདི་ཡར་དེད་ན། ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་། བོད་ཀྱི་བཙན་པོ་རིམ་བྱུང་གི་སྐུ་ཁྲག་དམར་པོའི་བཞུར་རྒྱུན་ཆད་མ་མྱོང་བ་ཞིག་ཡིན་པས། ང་ཚོས་སྤྱི་འབངས་ཀྱི་ཐོབ་ཐང་ཁྲིམས་ལུགས་ལྟར་ཁྲིམས་གཏུགས་བྱེད་དགོས་ལ། དེ་བྱེད་རྒྱུའི་དབང་ཚད་ཀྱང་ཆ་ཚང་ཡོད།

འོ་ན་ཁྱེད་ཅག་ལ་དེའི་དབང་ཚད་ཇི་ལྟར་ཡོད་སྙམ་ན།  
གཅིག  ང་ཚོ་བོད་གངས་ཅན་པའི་མི་རྒྱུད་དག་མ་ཞིག་ཡིན།  
གཉིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དགུ་བར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་ཚུལ་མཚུངས་པར། སྐྱེ་བོ་སུ་ཡིན་ཡང་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཚུལ་བཀོད་ཡོད། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། “དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ། བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།”ཞེས་བཀོད་འདུག  འདི་ང་ཚོར་ཁྲིམས་གཏུགས་བྱེད་རྒྱུའི་དབང་ཚད་ཆ་ཚང་བ་ཡོད་པའི་བདེན་དཔང་ཡིན།

ཡང་གཅིག་བཤད་ན། ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལག་ལེན་གཉིས་ཀྱི་བར་གྱི་སྟོང་ཆ་ཆེན་པོ་དེ་ངེས་པར་དུ་ཁ་བསྐང་བྱེད་ན་འདོད་ཡོད། ང་ཚོས་ཆོས་བརྒྱུད་རིས་མེད་བཅའ་ཁྲིམས་གཙང་མའི་འོད་སྣང་ཞིག་རྡ་སའི་རི་རྩེ་ནས་སྒྲོན་ན་འདོད་ཡོད། ང་ཚོས་བོད་ཀྱི་ཡུལ་མི་ཚང་མ་དོན་དམ་པར་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པའི་བདེན་དཔང་བྱེད་ན་འདོད་ཡོད། ང་ཚོས་བོད་གཞུང་བཀའ་ཤག་གི་དམ་བཅའ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་གཞུང་ལུགས་ལ་ཕན་ངེས་ཀྱི་ཞལ་འདེབས་ཕུལ་ན་འདོད་ཡོད།

ད་དུང་། རྡ་སའི་ཁོར་ཡུག་གི་གངས་རི་དང་བྲག་རི་ཐམས་ཅད་ཀྱི་རྩེ་ནས་བདེན་པའི་ངར་སྒྲ་སྒྲོག་པའི་ཡིད་ཆེས་ཡོད། རྡ་སའི་ལུང་གཞུང་གི་ཆུ་བོ་ཆུ་ཕྲན་ཡོད་ཚད་ཀྱིས་གནས་ལུགས་ཀྱི་གླུ་དབྱངས་ལེན་པའི་རེ་བ་ཡོད། རྡ་སའི་ཡུལ་ལྗོངས་ཀྱི་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་བདེན་པའི་རྒྱབ་ལངས་བྱེད་པའི་ཆོད་སེམས་ཡོད། རྡ་སའི་བོད་མི་ཡོད་དོ་ཅོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ལག་ལེན་བར་གྱི་སྟོང་ཆ་ཆེན་པོ་གཉིས་གསལ་བོར་ཤེས་པའི་སྤོབས་པ་ཡོད།
བདེན་དོན་རྒྱལ་ལོ།།
ཇོ་ནང་བ་རྒྱལ་ལོ།།

བོད་རྒྱལ་ལོ་ ༢༡༤༢ མཆུ་ཟླའི་དམར་ཕྱོགས་རྫོགས་པ་གཉིས་པའི་ཉིན།

ངོ་སྤྲོད།

Post navigation

Previous Post: ༢༠༡༥ ལོའི་དམིགས་བསལ་སློབ་ཡོན་རོགས་དངུལ་གསལ་བསྒྲགས།
Next Post: གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།

Comments (43) on “ཁྲིམས་མཐུན་ཐོག་ཁྲིམས་གཏུགས་བྱེད་ཀྱི་ཡིན།”

  1. མངོན་སུམ་སྨྲ་བ། says:
    2015-03-16 at 12:49 am

    ཇོ་ནང་བའི་མཁན་པོ་རིག་པའི་རྡོ་རྗེའམ་ངག་དབང་རྡོ་རྗེ་ལ་དྲི་བ་གཉིས་དང་རེ་སྐུལ་གཅིག་ཡོད་།

    ༡)
    ཇོ་ནང་བོད་ཀྱི་ཆོས་བརྒྱུད་མ་རེད་ཟེར་ནས་སུས་གང་དུ་ལབ་འདུག་གམ། ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་། བླ་མའི་རྣམ་ཐར་སོགས་ཚང་མ་ན་བཀའ་གདམས་པ་དང་ཇོ་ནང་སོགས་བོད་ཀྱི་ཆོས་བརྒྱུད་ཡིན་པ་ཁས་ལེན་གཅིག་གྱུར་ཡོད་། ཡིན་ན་ཡང་། ཆོས་བརྒྱུད་ཆེ་བའི་གྲས་མ་རེད་། དཔེར་ན། རྙིང་མ་དང་ས་སྐྱ། བཀའ་རྒྱུད་། དགེ་ལུགས་བཅས་དང་བསྡུར་ན་ཇོ་ནང་ཆུང་ཆུང་རེད་། ཆུང་ཆུང་རེད་ཟེར་དོན་ཡང་ལྟ་སྒོམ་སྤྱོད་གསུམ་གྱི་སྒང་ནས་མིན་པར་གྲངས་འབོར་གྱི་སྒང་ནས་རེད་། འདི་བདེན་པ་མིན་ན་ལན་གནང་རོགས།

    གཉིས་པ།
    འདི་རུ་ཇོ་ནང་བོད་ཀྱི་ཆོས་བརྒྱུད་ཁོངས་སུ་འཇུག་དགོས་ཟེར་ནས་རྩོད་པ་བྱེད་བཞིན་པ་འདིའི་ཕུགས་ཀྱི་དམིགས་ཡུལ་ངོ་མ་དེ་ཇོ་ནང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་ཀྱི་རྐུབ་སྟེགས་དགོས་ཟེར་གྱི་ཡོད་པ་དེ་རེད་། ལྷག་པར་དུ་། ལོ་ཤས་ཀྱི་གོང་དུ་མཁན་པོ་ངག་དབང་རྡོ་རྗེ་གཙོ་བྱས་ནས་ཇོ་ནང་གི་མཁན་པོ་དང་མཁས་པ་འགས་མཚན་རྟགས་བརྒྱབ་ནས་ཇོ་ནང་པར་སྤྱི་འཐུས་ལྷན་ཚོགས་སུ་རྐུབ་སྟེགས་དགོས་པའི་སྐོར་ལ་ཡི་གེ་བྲིས་པ་ད་དུང་ཡང་དྲ་ཐོག་ན་འདུག
    ཡིན་ན་ཡང་། སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་ནས་མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་རྩོམ་ཡིག་སྤེལ་མྱོང་བ་རེད་། གང་ལྟར། ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་ཆེད་དུ་ཇོ་ནང་བོད་པའི་མི་རྒྱུད་ཡིན་མིན་གྱི་རྩོད་པ་བྱས་ན་འདི་ཡ་མཚན་རེད་། མདོར་ན། མཁན་པོ་ངག་དབང་རྡོ་རྗེ་ཇོ་ནང་པའི་སྤྱི་འཐུས་བྱེད་ན་འདོད་ནི་ཨེ་རེད་དམ།

    (རེ་སྐུལ། གལ་སྲིད་ཇོ་ནང་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་མ་རེག་ཚེ། མཁན་པོ་ངག་དབང་རྡོ་རྗེས་འགོ་འཁྲིད་ནས་རྡ་ལམ་ས་ལའི་སྒྲིག་འཛུགས་ལ་དམག་མ་རྒྱག་རོགས་གནང་།)

  2. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-16 at 1:04 am

    ད་དངོས་གནས་སེམས་པ་སྐྱོ་ཡ་རེད་འདུག འདི་འདྲའི་སྡུག་སྐད་རྒྱག་དགོས་དོན་ག་རེ་འདུག ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་ཤིག་ཐོབ་ནས་དགོས་པ་གང་ཡོད། སོ་སོས་ཉམས་ལེན་གང་ཐུབ་མི་བྱེད་པར་ཐོབ་ཐང་ཞིག་ལ་འབད་བརྩོན་བྱེད་བཞིན་པ་འདི་འདྲའི་ཁ་ཐབས་སྐྱོ་བ་ལ། ཕྲན་རང་ལ་ཆ་བཞག་ན་ཇོ་ནང་ལ་མ་དགའ་བ་གཏན་ནས་མིན་པར་མ་ཟད། ཇོ་ནང་འདི་སྒྲུབ་པ་ཉམས་ལེན་གཙོར་བཟུང་གི་ཆོས་བརྒྱུད་ཡག་པོ་ཞིག་ལ་བརྩི་བཞིན་ཡོད། འོན་ཀྱང་ཐོབ་ཐང་ཞིག་དགོས་པ་དང་། གལ་ཏེ་མ་ཐོབ་ན་ཁྲིམས་གཏུག་བྱ་རྒྱུ་ཟེར་བ་ནི་ཇོ་མོ་ནང་བའི་བསྟན་པ་རྫོགས་ཚར་བའི་མངོན་རྟགས་གསལ་པོ་རེད། xxx སོ་སོའི་ས་ནས་ཁུ་སིམ་མེ་སྒྲུབ་པ་ཉམས་ལེན་ཇི་ལྟར་བྱེད་མི་ནུས། གལ་ཏེ་མ་ནུས་ན་ཁྱོད་ཀྱི་ཆོས་བརྒྱུད་རྫོགས་ཚར་བ་རེད། ཧ་གོ་སོང་ངམ། སྤྱིར་ཆོས་བརྒྱུད་ཚང་མའི་སྤྱི་འཐུས་མེད་པ་བཟོ་དགོས་རེད། ཆོས་བརྒྱུད་ལ་སྤྱི་འཐུས་ཤིག་ནམ་ཡང་དགོས་གལ་མེད། སྔོན་ཆད་ཡོད་པ་ཞིག་མེད་པར་བྱེད་རྒྱུ་སྟབས་བདེ་ཞིག་མིན་ནམ། ཡང་ན་བོད་གཞུང་གི་ལས་བྱེད་ཚོས་ཆོས་བརྒྱུད་ཀྱི་འཐུས་མི་གལ་ཆེན་དུ་མཐོང་བ་ཡིན་ནམ། ངས་བལྟས་ན་བོད་གཞུང་འདི་དམངས་གཙོ་ལམ་ལུགས་འཛིན་མཁན་བྱིས་པ་ལོ་ཆུང་ལྟ་བུ་ཞིག་རེད་འདུག་པས། རྗེས་སོར་ལོ་ན་སོན་སྐབས་མི་དགོས་པའི་འཐུས་མི་རྣམས་མེད་པ་བཟོ་ངེས་རེད་སྙམ། །

  3. ཁྱུང་སེ། says:
    2015-03-16 at 1:17 am

    ཁྲིམས་གཏུག་བྱེད་རྒྱུ་ནི་ལས་འགན་རེད་ཐོབ་སྟངས་རེད་ལོས་རྩོད་ཆོག ཉམས་ལེན་བྱས་ནས་བསྡད་ན་འོ་ན་བོད་མི་ཡོད་དོ་ཅོག་ཉམས་ལེན་བྱས་ནས་བསྡད་ན་འགྲིག་གི་འདུག ཅིའི་ཕྱིར་རྒྱ་ནག་གཞུང་ལ་ཆོས་ལུགས་ཆོས་དད་རང་མོས་དགོས་ཟེར་ནས་རྩོད་པ་བྱེད་ཀྱི་ཡོད་དམ།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-16 at 1:31 am

    ་་་་་་་་་་་ ཕྲན་རང་ལ་ཆ་བཞག་ན་ཇོ་ནང་ལ་མ་དགའ་བ་གཏན་ནས་མིན་པར་མ་ཟད། ཇོ་ནང་འདི་སྒྲུབ་པ་ཉམས་ལེན་གཙོར་བཟུང་གི་ཆོས་བརྒྱུད་ཡག་པོ་ཞིག་ལ་བརྩི་བཞིན་ཡོད། འོན་ཀྱང་ཐོབ་ཐང་ཞིག་དགོས་པ་དང་། གལ་ཏེ་མ་ཐོབ་ན་ཁྲིམས་གཏུག་བྱ་རྒྱུ་ཟེར་བ་ནི་ཇོ་མོ་ནང་བའི་བསྟན་པ་རྫོགས་ཚར་བའི་མངོན་རྟགས་གསལ་པོ་རེད། ་་་་་་་་་་

  5. ཨ་ར་དཀར་པོ says:
    2015-03-16 at 1:51 am

    ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བ་དེ་མེད་པ་བཟོ་དགོས། གྲ་བཙུན་ཚོས་འོས་གཉིས་རེ་འཕེན་པའི་ཐོབ་ཐང་མེད་པ་བཟོ་དགོས། སྔར་ཡང་གྲ་བཙུན་ཚོར་དབང་ཆ་ཆེ་དྲགས་ནས་བོད་སིལ་བུར་འཐོར་བ་རེད། ཆོས་སྲིད་ཟུང་འབྲེལ་མཇུག་སྒྲིལ་ཚར་བ་རེད། ཆོས་ལུགས་དང་འབྲེལ་བའི་གནད་དོན་གང་ཡིན་ཡང་ཆོས་དོན་ལས་ཁུངས་ཀྱིས་འགན་ཁྱེར་དགོས། བོད་མི་ཚང་མར་ཁ་ཙམ་མིན་པར་ཐོབ་ཐང་འདྲ་མཉམ་དགོས།

  6. གངས་ཕྲུག། says:
    2015-03-16 at 2:06 am

    གནས་ཚུལ་འདི་ནི་ཇོ་ནང་ཆོས་ལུགས་སྐོར་ཐོབ་ཐང་རྩོད་པ་ཞིག་གཏན་ནས་རེད་མི་འདུག། ཇོ་ནང་གི་སྲིད་ཀྱི་ཐོབ་ཐང་རྩོད་རྒྱུ་ཡིན་པ་འདྲ། ཆོས་ལུགས་ཀྱི་མིང་ཐོག་ནས་འཇིག་རྟེན་པའི་སྲིད་ཀྱི་ཐོབ་ཐང་རྩོད་པ་ནི་ཆོས་སྲིད་གཉིས་ཆ་མེད་རླག་ཏུ་གཏོང་རྒྱུ་ལས་འོས་མེད།

  7. ཆོས་འཕེལ་དར་རྒྱས་ says:
    2015-03-16 at 2:47 am

    བདག་སྟོང་གཞན་སྟོང་གི་རྩོད་པ་གསར་བ་ཞིག་ཡང་སླེབ་འདུག། ད་རྟ་རྒྱུག་གཤོངས་ནས་བྱོས་དང་ལྟད་མོ་རི་ནས་ལྟ་ཡོང་།

  8. ཆུ་ཐིགས་སྔོན་མོ says:
    2015-03-16 at 3:29 am

    ཡང་གསར་པ་ཞིག་ཐོན་སོང་བ་་་་ད་འུ་ཚང་ལ་རྙོག་གླེང་མང་གི་ཡ་་་་རྗེས་མར་ལུང་ཚན་དང་ཁྱིམ་ཚང་རེ་རེས་ཀྱང་འདི་ལྟར་ཐོབ་ཐང་རྩོད་ནས་ཡོང་ས་རེད་་་་སྤྱིར་བཏང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཤིག་དངོས་པ་མཐོང་གི་མི་འདུག་་་་གྲྭ་བ་ཚང་མ་ཆོལ་ཁ་སོ་སོའི་ཁོངས་སུ་ཡོད་པས་ཆོལ་ཁའི་འོས་ཤིག་དང་ཆོས་རྒྱུད་ཀྱི་འོས་ཤིག་བླུགས་རྒྱུའི་ཐོབ་ཐང་སྤྲད་པ་ནོར་འཁྲུལ་རེད་་་་ཡིན་ནའང་འུ་ཚང་གི་དཔོན་པོ་དང་སྐུ་ངོ་ཚོར་སྐད་ཆ་བཤད་ས་མེད་པས་ཐབས་ཤིག་མི་འདུགཡ

  9. ཆོས་འཕེལ་དར་རྒྱས་ says:
    2015-03-16 at 3:41 am

    སྐུ་ངོ་དེ་ཚོ་རྫོགས་རྗེས་བོད་ལ་ལོག་འགྲོ། སྒྲུང་རྫོགས་པར་བྱ། ད་ཡིན་ལ་མིན་ལ་ཡོད་ལ་མེད་ལ་བྱས་ནས་མི་དམངས་དཀྱུས་མ་ཚོར་མྱང་བཅུག་མ་བཅུག་མེད་གི། ཧ་ཧ་ཧ།

  10. བོད་ཀྱི་བུ་ says:
    2015-03-16 at 4:16 am

    ཇོ་ནང་པ་ཚོར་དངོས་གནས་ཁག་མེད་ཡ། སྔ་མོ་ཡང་ལོ་རྒྱུས་ནང་ཐུབ་ཚོད་ཁྱད་བསོད་བྱས་ཏེ་རྩ་མེད་བཟོས་པ་ཐུའུ་བཀན་གྲུབ་མཐའ་སོགས་ནང་ལྟོས་དང་ཤེས་ཡོང་། དེང་སང་ཡང་མི་ལོ་དེ་ཙམ་མང་པོར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་བརྩད་པ་གཏན་ནས་ངོས་ལེན་བྱས་མེད། ༧རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་གསུང་ཆོས་སྐབས་ས་དགེ་བཀའ་རྙིང་བོན་པོ། ཇོ་ནང་དང་བཅས་པ་ཞེས་གསུང་བསྡད་པའི་བཀའ་དྲིན་མ་གཏོགས། ཆོས་རིག་ལས་ཁུངས་དང་སྤྱི་འཐུས་དེ་ཚོས་ཧ་ལམ་ཕྱི་རོལ་པ་ལའང་མ་རྩིས་ཙམ་རེད་དོ།།
    དེ་འདྲ་ཡིན་ཙང་ཐོབ་ཐང་ངེས་པར་དུ་རྩོད་དགོས་པ་རེད་ད། ཆོས་བརྒྱུད་ཅིག་ཕར་བཞག་སྟེ་མི་གཅིག་གི་ཐོབ་ཐང་ཡིན་ཡང་རྩོད་དགོས་པ་རེད་ད། དཔེར་ན།རྒྱལ་ཁབ་ཅིག་གི་མི་ཚང་མར་ཡོད་པའི་ཐོབ་ཐང་མི་གཅིག་ལ་མ་སྤྲད་ན། མི་དེས་ཐོབ་ཐང་བརྩད་ན་འོས་འཚམས་ཡིན་དང་ཡིན།
    དེ་མ་གཏོགས་ཐོབ་ཐང་བརྩད་པ་སྤྱི་ལ་བསམ་བློ་མ་བཏང་བ་དང་ཉམས་ལེན་མེད་མདོག་བཤད་པ་ནི། ཉམས་ཆུང་གི་སྙིང་རྩ་ནས་ཁྲག་བརྡོལ་བའི་སྐད་ཆ་རེད་ད། དེས་ན་ས་དགེ་བཀར་རྙིང་བོན་དང་བཅས་པར་ཐོབ་ཐང་དེ་འདྲ་ཅིའི་ཕྱིར་དགོས་པ་རེད། ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་དེ་ཚོར་ལྷ་གསོལ་ཀླུ་གསོལ་རྟག་པར་ག་རེ་བྱས་ནས་གཏོང་དགོས་རེད།
    ལར་ནས་རྒྱ་ནག་གཞུང་ལ་བོད་གཞུང་གིས་རྟག་པར་ཆོས་དད་རང་དབང་རྡོག་རོལ་བཏང་སོང་། ང་ཚོར་ཆོས་ལུགས་རང་དབང་དགོས་ཞེས་གསུང་བསྡད་པའང་ཐོབ་ཐང་བརྩད་པ་རེད་ད། དེ་ཚོས་ཀྱང་བྲག་ཁུངས་ནང་ཉམས་ལེན་བྱས་ཏེ་བསྡད་ན་སུས་ཀྱང་བྲིད་འགྲོ་གི་མ་རེད། ཇོ་ནང་བར་བོད་གཞུང་གིས་ཐོབ་ཐང་མི་དགོས་ན། རྒྱ་ནག་གཞུང་གིས་བོད་ལ་ཆོས་དད་ཐོབ་ཐང་དེ་བས་ཀྱང་མི་སྤྲད་པར་རྒྱུ་མཚན་ཡོད་པ་རིགས་པས་གྲུབ།

  11. རྨུ་ཐག་གི་བུ་རྒྱུད། says:
    2015-03-16 at 5:59 am

    འོ་ད་ཡིན་ན་སུས་རྩོད་ནའང་རྩོད། བོད་བཙན་བྱོལ་བ་འདི་ཚོ་ནང་ཁུལ་ལ་རྩོད་དགོས་ན་རྣམ་དཔྱོད་དང་སྤོབས་པ་གཉིས་འཛོམས་རེད། དོལ་རྒྱལ་བསྟེན་མི་བསྟེན། རང་བཙན་རྩོད་མི་རྩོད། སྤྱི་འཐུས་སྤྲོད་མི་སྤྲོད། ད་རྩོད་ཨ། ། ཁོང་ཚོས་རང་ཡུལ་ནས་རང་སྲོག་འདོར་གྱིན་འདུག ཁྱོད་ཚོས་གཞན་ཡུལ་ནས་ནང་འཁྲུག་རྒྱོབས་ཨ།

  12. མགོན་པོ says:
    2015-03-16 at 6:43 am

    བཙན་བྱོལ་ཟེར་བ་དེ་སྔ་ཕྱི་མ་གཏོག་འཐོར་ངེས་བས་སྒུག་ཤུགས

  13. ལུང་རྟོགས། says:
    2015-03-16 at 7:58 am

    འོ། རྩོད་རྩོད་བོད་རྩ་རྫོགས་མ་ཐུབ་བར་དུ་རྩོད་ཤོག དེ་ནས་སུ་ལ་རྒྱལ་ཁ་ཐོབ་སོང་ལྟ། ལུང་པ་ཆུས་ཁྱེར་ན་རྡོ་ལེབ་སྐམ་པོ་ལུས་ཨེ་སོང་ལྟ།

  14. རིག་པའི་རྡོ་རྗེ། says:
    2015-03-16 at 8:43 am

    ཆེས་བཀུར་བར་འོས་པའི་དྲ་གྲོགས་མངོན་སུམ་སྨྲ་བ་ལགས།

    སྐུ་ཉིད་ཀྱིས་དབུས་དྲང་ལྡོག་གཉིས་ཀྱི་ཕྱོགས་ནས་ཞབས་མཆན་འགོད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ།  ཁྱེད་རྣམ་པ་ཚང་མ་བདེན་པའི་རྒྱབ་ལངས་གནང་མཁན་ཡིན་པར་ངོས་འཛིན་བྱས་ཡོད།

    གཙོ་བོ་མངོན་སུམ་སྨྲ་བ་ལགས་སུ།  
༡) ལན།  ཆོས་བརྒྱུད་ཆེ་ཆུང་ཟེར་བ་མི་གྲངས་ཀྱི་སྒང་ནས་ཐག་གཅོད་བྱེད་ཀྱིན་ཡོད་མ་རེད།  དེ་ནི་ལྟ་སྒོམ་སྤྱོད་གསུམ་གྱི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་ཡོད་མེད་ཀྱི་སྒང་ནས་ཐག་གཅོད་བྱེད་ཀྱིན་ཡོད་རེད།  གལ་ཏེ་མི་གྲངས་ཀྱི་ཐོག་ནས་ཨུ་ཚུགས་བྱེད་ན་ཡང་།  བོད་ནང་དུ་མཚོན་ན་ཇོ་ནང་བར་དགེ་འདུན་ཉིས་ཁྲི་ལྷག་དང་།  སྡེ་མི་གཅིག་འབུམ་ལྷག  དགོན་སྡེ་གཉིས་བརྒྱ་ཙམ་ཡོད་པ་མ་ཟད།  དེ་དག་གི་ཕྱི་འཛུགས་སྐྲུན་དང་།  ནང་གི་འཆད་ཉན་སོགས་གང་ཅིའི་ཐད་ནས་ཆོས་བརྒྱུད་གཞན་དང་དཔུང་བ་མཉམ་བཤིབས་བྱས་ནས་བཞུགས་ཡོད།  འོན་ཀྱང་ཆོས་བརྒྱུད་ཀྱི་ཆེ་ཆུང་དེ་རྒྱ་གར་བཙན་བྱོལ་ཁྲོད་ཀྱི་མི་གྲངས་ཁོ་ནའི་སྒང་ནས་འཇོག་གིན་ཡོད་ན་ནི་དེར་ཟད།  ཡིན་ན་ཡང་ང་ཚོ་ཇོ་ནང་གཞིས་བྱེས་གཉིས་ཀྱིས་བཙན་བྱོལ་གཞུང་འདི་བོད་སྤྱིའི་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་བྱས་ཡོད།
    ༢) ཇོ་ནང་བས་བོད་གཞུང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་འབོད་སྐུལ་ཞུ་བཞིན་ཡོད་པ་ལས།  དམིགས་སུ་བཀར་ནས་ཇོ་ནང་སྤྱི་འཐུས་བསྐོ་བཞག་བྱེད་དགོས་ཞེས་ཟུར་ཙམ་ཡང་ཞུས་མེད།  ཁོ་བོ་སྒེར་ལ་མཚོན་ན་ཡང་།  ཨ་རིའི་ཀུན་གླེང་བརྙན་འཕྲིན་དང་།  ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་སུ་སྐད་ཆ་བཤད་རྒྱུའི་གོ་སྐབས་ནམ་བྱུང་སྐབས།  ཇོ་ནང་བས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རྩོད་བཞིན་ཡོད་པ་ལས།  ཇོ་ནང་བར་སྤྱི་འཐུས་ཀྱི་རྐུབ་སྟེགས་དགོས་ཞེས་ནམ་ཡང་ཤོད་ཀྱིན་མེད་ཅེས་གསལ་བོར་ཞུས་ཡོད།  
    དེ་ཙམ་མ་ཟད།  ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་ཤིག་ཏུ།  རང་རེའི་སྲིད་སྐྱོང་མཆོག་ཨ་རིར་ཕེབས་སྐབས།  ཁོ་བོ་ཁོང་བསུ་རུ་གནམ་ཐང་དུ་བཅར་བ་མ་ཟད།  རླངས་འཁོར་ནང་མཉམ་དུ་དུས་ཚོད་གཉིས་རིང་བཀའ་མོལ་གནང་བཞིན་ཡོང་བ་ཡིན།  དེ་དུས་ཀྱང་ཁོ་བོས་ཇོ་ནང་བས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་ཞུ་བཞིན་ཡོད་པ་ལས།  ཇོ་ནང་བར་སྤྱི་འཐུས་དགོས་ཞེས་ཞུ་ཡི་མེད་ཅེས་གསལ་གསལ་ཐང་ཐང་དུ་ཞུས་ཡོད།  ད་དུང་དེ་སྔོན་ཀུན་གླེང་བཅར་འདྲི་ཞིག་གི་སྐབས།  ཁོ་བོས་གལ་ཏེ་བོད་གཞུང་ནས་ང་ཚོ་ཇོ་ནང་བ་བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་དུ་བཞག་ནས།  ནམ་རྒྱུན་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་དྲུག་ཞེས་གསུངས་པ་ཡིན་ན་ཆོག་ཞེས་བཤད་མྱོང་།  ད་དུང་ཡིན་ན་ཡང་དེ་བཞིན་ཡིན།  ང་རང་སྒེར་ངོས་ནས།  ནམ་རྒྱུན་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བ་དེ་མི་དགོས་པ་ཞིག་རེད་ཅེས་ཤོད་བཞིན་ཡོད་ལ།  ཇོ་ནང་བར་དམིགས་བསལ་སྤྱི་འཐུས་དགོས་ཞེས་བཤད་མ་མྱོང་།  གཅིག་བྱས་ན་ཁྱེད་ཀྱིས་གསན་གཟིགས་གནང་རྒྱུ་ནོར་བ་ཡིན་སྲིད།  ངས་ནམ་རྒྱུན་རེ་བ་ཆུང་ཆུང་ཞིག་བརྒྱབ་བསྡད་ཡོད།  དེ་ནི་གོང་དུ་ཞུས་ཟིན་པ་ལྟར།  གཞུང་འབྲེལ་ཡིག་ཆ་སོགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་དྲུག་ཞེས་གསུང་ན་འདོད་པ་ཡོངས་སུ་ཚིམས་པ་ཡིན་ཞེས་ཤོད་མྱོང་ལ།  ད་དུང་ཡང་དེ་ལ་འགྱུར་བ་གང་ཡང་མེད་ཅེས་ཞུ་བ་ཡིན།  
    གལ་སྲིད་ད་ཐེངས་ཚོགས་དུས་དགུ་བའི་ཐོག་ཐག་གཅོད་གཙང་མ་མ་བྱུང་བ་ཡིན་ན།  ཐོག་མར་རྡ་སར་སོང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།  དེ་མིན་སྔ་ཕྱི་བར་གསུམ་དུ་བོད་ནང་ཁུལ་དང་།  ཆོས་བརྒྱུད་བར་ལ་དམག་དྲངས་ནས་དམར་གསོད་དང་དྲག་རྡུང་བྱེད་མཁན་དེ་ཇོ་ནང་བ་མ་རེད་ལ།  ཇོ་ནང་བས་ལོ་རྒྱུས་ཐོག་དེ་འདྲ་བྱེད་མྱོང་མེད་ཅེས་ཞོར་ལ་ཞུ་བ་ཡིན།  ཐུགས་རྗེ་ཆེ།

  15. བསྟན་འཛིན། says:
    2015-03-16 at 11:34 am

    ཉ་དང་ཉུང་མ་མ་བསྲེས་ན་བཟང་། ཆོས་ལུགས་ཀྱི་འཐུས་མི་མེད་ན་བཟང་། ཆོས་བརྒྱུད་བཞིའམ་ལྔའམ་དྲུག་ལ་སོགས་ཅི་ཙམ་ཡོད་ཀྱང་། ཆོལ་ཁའི་ཁོངས་སུ་མ་འདུས་པ་མེད། ཆོས་ལུགས་ཀྱི་མིང་འཁྱེར་ནས་འོངས་པའི་འཐུས་མི་སེར་མོ་བ་དེ་ཚོ་རླུང་ཚ་བ་ལ་དཔེ་རེད། ཧཧཧཧ

  16. བོད་ཀྱི་བུ་ says:
    2015-03-16 at 12:25 pm

    བཀུར་འོས་ཁ་བརྡ་རྩོམ་སྒྲིག་པ་མཆོག་གང་དེར།
    ཕྲན་གྱི་དྲ་མིང་དང་གཅིག་པ་ཡིན་པ་བོད་ཀྱི་བུ་ཟེར་བ་ཅིག་ནས་གོང་དུ་ཚངས་དབྱངས་རྒྱ་མཚོ་ལགས་དང་ཤར་ཕྱོགས་ཁུག་རྟ་ལགས་གཉིས་སུ་སྐྱོན་འཛུགས་མང་པོ་བྱས་འདུག་པས།མི་དེ་ཕྲན་དང་མི་གཅིག་པ་གཏན་ནས་མིན་པ་དང་།ངེད་གཉིས་བསམ་ཚུལ་ཡང་ཤིན་ཏུ་ཐ་དད་པར་སོང་ཕན་ཚུན་འཁྲིག་ཐེབས་གཞིར་གྱུར་ཙམ་ལས་མ་འདས་སྟབས།ཁྱེད་ཁ་བརྡ་ཚང་གིས་རབ་ཡིན་ན་ངེད་གཉིས་ཀའི་དྲ་མིང་དེ་མེད་པར་བཟོ་རོགས་གནོང་།ཡང་མིན་ན་ངེད་གཉིས་ནས་གཅིག་གི་དྲ་མིང་གསལ་བཤད་དང་བཅས་མེད་པ་བཟོ་རོགས།།སྐུ་མཁྱེན།།

  17. ནུབ་ཕྱོགས་གངས་ཕྲུག says:
    2015-03-16 at 12:54 pm

    རྒྱ་གར་དུ་བཙན་བྱོལ་སླེབས་ནས། ཆོས་བརྒྱུད་བཞི་དང་ཆོལ་ཁ་གསུམ་ཟེར་བ་བཟོས་ཡོད་ས་རེད། དངོས་ནས་བྱས་ནབོད་ལ་ཆོས་བརྒྱུད་བཞི་ལས་མང་བ་ཡོད། ཇོ་ནང་། བོ་དོང་། བཀའ་གདམསཔ། ཞི་བྱེད། ཤངས་པ་བཀའ་བརྒྱུད། ༼འདི་མར་མི་དྭགས་པོའི་བཀའ་བརྒྱུད་དང་ལོགས་སུ་ཡིན༽ གཞན་ཡང་ཡོད་སྲིད། མི་གྲངས་ཀྱི་ཆ་ནས་རྒྱ་གར་ནང་ཆོས་བརྒྱུད་བཞི་དང་བོན་པོ་དང་བཅས་པ་མང་བ། འདི་དག་གི་བླ་ཆེན་རྣམས་ཀྱང་རྒྱ་གར་ཕེབས་ཐུབས་པའི་རྐྱེན་གྱི་ཡིན་སྲིད། ཆོལ་ཁ་གསུམ་ཟེར་བ་དེ་ཡང་དངོས་ཡོད་བོད་པའི་ལོ་རྒྱུས་དང་འདོན་ཆོག་རྣམས་སུ། སྟོད་ན་མངའ་རིས་བསྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཟེར་སྲོལ་ཡོད། ཆོལ་ཁ་གསུམ་ནང་མ་འདུས་པའི་ལུང་ཚན་འགའ་ཤས་ཡོད། དཔེར་ན་མངའ་རིས། ནག་ཆུ་སོགས་བྱང་རིགས་ཧོར་འཚོ། ཉིང་ཁྲི་ཀོང་པོ་དང་སྤོ་བོ་སོགས་ཀྱང་ཆོལ་ཁ་གསུམ་གང་ཡང་ནང་མི་འདུ།

  18. དད་པ་རྒྱལ་པོ། says:
    2015-03-16 at 1:43 pm

    མི་ལོ་སུམ་བརྒྱ་ལྷག་གི་བོད་ཀྱི་ལོ་རྒྱུས་ཙམ་ལའང་དོ་སྣང་མི་སྤྲད་པར་དམག་དང་ནང་འཁྲུག་ཅེས་པའི་ཞྭ་མོ་ནག་པོ་དེ་ཇོ་ནང་པ་ལ་འགེབས་མི་རུང་།
    བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ཐ་སྙད་ལྗིད་པོ་ཞིག་གི་འོག་ཏུ། ཆིག་སྒྲིལ་དང་རེ་ལྟོས། དཀའ་ལས་གནང་མཁན། རང་མི་རིགས་ཀྱི་གལ་ཆེའི་སྤྱི་ཚོགས་ཤིག་ལ། རྐུབ་ཀྱག་ཅིག་རག་མིན་ཞེས་ཆེད་གསོད་བྱེད་མི་རུང་།
    འདས་སོང་གི་ལོ་རྒྱུས་ཁྲོད། ད་ལྟའི་སྤྱི་ཚོགས་ཁྲོད། དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་ཐུ་འོག་གི་མི་བུ་གཅིག་གིས་ཀྱང་བོད་གངས་ཅན་ལྗོངས་ནས་མཆེད་པའི་བསྟན་པ་དང་། དེའི་མི་རིགས་ཀྱི་བླ་བཙོང་བའི་ཆེས་ཐ་ཤལ་གྱི་ལས་ངན་གསོག་མཁན་མི་སྣ་གཅིག་བགྲེང་རྒྱུ་ཨེ་ཡོད། མེད་ན། ཅིའི་ཕྱིར། དཔལ་ལྡན་རྒྱལ་བ་ཇོ་ནང་པ་དོལ་ཚོགས་ཀྱི་གྲལ་དུ་བསྡུ་ཐབས་བྱེད་པ་ཡིན།

    སྐད་ཆ་སེམས་ནས་ཤོག རྩམ་པ་བལྡད་ནས་མིད།

    མཐའ་དོན། ཇོ་ནང་པས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་རྩོད་ཀྱི་ཡོད་པ་བདེན་པ་རེད། འདི་༧གོང་ས་༸་མཆོག་གི་དགོངས་པ་དང་། སྲིད་སྐྱོང་རིན་པོ་ཆེས་སྣེ་ཁྲིད་པའི་སྒྲིག་འཛུགས་འོག་གི་བཅས་ཁྲིམས་དང་འགལ་མེད།

    སྤྱི་ཚོགས་དྲ་ཚིགས་ཁག་གི་སྨྲ་བརྗོད་རང་དབང་གི་ཁེ་བཟང་ལེན་བཞིན་ཡོད། ཁེ་བཟང་འདིས། སྤྱི་སྒེར་གྱི་ཕྱོགས་རེས་སྙིང་ལ་བརྣགས་ནས་ཚིག་མཚོན་གྱི་མདའ་མོའི་ཆར་བ་འབེབ་ཀི་མེད།

    སླར་ཡང་། བོད་མིའི་བདེ་སྡུག ཐོབ་ཐང་འདྲ་མཉམ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་སྨྲ་བརྗོད་ལས་གཞན་ཅི་གང་མེད་དོ།། །།

  19. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-16 at 3:09 pm

    འདི་ཨེ་ཡིན་ན། སྐད་ཆ་སེམས་ནས་ཤོག རྩམ་པ་བལྡད་ནས་མིད།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-03-16 at 3:33 pm

    ་་་་་་་་་་་་ ཆོལ་ཁ་གསུམ་ཟེར་བ་དེ་ཡང་དངོས་ཡོད་བོད་པའི་ལོ་རྒྱུས་དང་འདོན་ཆོག་རྣམས་སུ། སྟོད་ན་མངའ་རིས་བསྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཟེར་སྲོལ་ཡོད། ཆོལ་ཁ་གསུམ་ནང་མ་འདུས་པའི་ལུང་ཚན་འགའ་ཤས་ཡོད། དཔེར་ན་མངའ་རིས། ནག་ཆུ་སོགས་བྱང་རིགས་ཧོར་འཚོ། ཉིང་ཁྲི་ཀོང་པོ་དང་སྤོ་བོ་སོགས་ཀྱང་ཆོལ་ཁ་གསུམ་གང་ཡང་ནང་མི་འདུ། ་་་་་་་་་་་་་་་

  21. དད་པ་རྒྱལ་པོ། says:
    2015-03-16 at 3:51 pm

    སྐད་ཆ་སེམས་ནས་ཤོག རྩམ་པ་བལྡད་ནས་མིད། ཡང་ན་སྐད་ཆ་བསམ་ནས་ཤོད་སོགས་དོན་དུ་གཅིག་ལ་སེམས་ཡོད།

  22. ཅོ་རི་ཉི་མ། says:
    2015-03-16 at 4:49 pm

    ཇོ་ནང་ཚང་ལ་རྒྱབ་སྐྱོར་ཡོད། ངེས་པ་ཏུ་ཐོབ་ཐང་གི་ཆེད་དུ་ཁྲིམས་གཏུག་བྱ་ཐུབ་དགོས་པ་རེད། ཇོ་ནང་ལ་ཡང་སྤྱི་འཐུས་ཀྱི་ཐོབ་ཐང་ལོས་དགོས། གཅིག་ལ་དགོས་ནས་སྤྲད་ཡོད་པ་དང་གཅིག་ལ་བཀག་པ་འདི་དྲང་བདེན་མ་རེད། དྲང་བདེན་མེད་པའི་སྤྱི་ཚོགས་ནང་དུ་རང་དབང་མེད། རང་དབང་མེད་ན་བདེ་སྐྱིད་མེད། ཐོབ་ཐང་རྩོད་ལེན་བྱེད་མ་ཐུབ་ན་དམངས་གཙོ་ལ་ལོངས་སྤྱོད་མ་ཐུབ་པ་རེད། དྭང་བླང་བྲན་གཡོག་ཆགས་སོང་བ་རེད།

  23. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-16 at 5:33 pm

    དད་པ་རྒྱལ་པོ་ལགས་བདེན་པར་འདུག གང་ལྟར་དོན་དག་གཅིག་ལ་ཁེལ་འདུག
    སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མིད། བཤད་བྱའི་གང་ཞིག་བསམ་བློ་སྔོན་ཏུ་བཏང་ནས་བཤད་དགོས་པའི་དོན་རེད་འདུག །

  24. གངས་བུ་འཁྱམས་པོ། says:
    2015-03-16 at 5:58 pm

    གཞི་བྱས་ཇོ་ནང་བ་ཡོངས་རྫོགས་ཀྱིས་བདེན་དོན་དང་དྲང་བདེན་གྱི་འཇུག་འབྲས་ལ་རེ་ཞིང་སྒུག་ཡོད།

  25. འདྲེ་རིག་ལྡན། says:
    2015-03-16 at 6:23 pm

    ད་ཐེངས་རིག་པའི་རྡོ་རྗེས་རང་གི་སེམས་ནང་གི་མངོན་འདོད་གསལ་བོར་བཏོན་ནས་སྐད་ཆ་ཁ་གསལ་བོར་བཤད་པ་ཡག་པོ་རེད། འདི་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད། དཔལ་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་མཚན་གནས་ཙམ་མ་ཟད། དེའི་རྗེས་འབྲེལ་གྱི་སྤྱི་འཐུས་ཐོབ་ཐང་ཡང་དགོས་པ་རེད། འདིའི་འགན་གཙོ་བོ་མདོ་སྨད་སྤྱི་འཐུས་ཚོར་ཡོད། མདོ་སྨད་སྤྱི་འཐུས་ཚོས་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་ཡིད་ཆེས་དང་། གོང་བཀུར་བྱེད་པའི་སྒོ་ནས་ཁ་ཞེ་གཉིས་མེད་ཐོག་ཇོ་ནང་གི་ཐོབ་ཐང་རྩོད་དགོས། སྤྱི་འཐུས་ཚོའི་ལས་འགན་གཙོ་བོ་བཅའ་ཁྲིམས་ཚད་གཞིར་འཛིན་པའི་སྒོ་ནས། རང་རང་ལ་འོས་ཤོག་འཕེན་མཁན་ཚོའི་མངོན་འདོད་སྒྲུབ་རྒྱུ་དེ་ཁོ་ན་ཡིན།

    རིག་པའི་རྡོ་རྗེ་ལགས་ཀྱིས་དེ་སྔོན་ངོ་དེབ་སོགས་ཀྱི་སྟེང་་་་དགེ་ལུགས་པ་་་་ཞེས་ཟུར་ཏུ་བཏོན་ནས་མཛུབ་མོ་བཙུགས་པ་དང་། བཙན་བྱོལ་སྒྲིག་འཛུགས་ཟེར་ནས་དམའ་འབེབ་བྱས་པ་འགའ་མཐོང་བ། སྐབས་འཕྲལ་དགག་པ་བྱས་ཡོད། ཇོ་ནང་ས་དགེ་བཀའ་རྙིང་བོན་པོ་སོགས་གང་ཞིག་ཡིན་རུང་། ཚང་མ་བོད་ཀྱི་ཆོས་ལུགས་རེད། དངོས་ཡོད་ལག་ལེན་གྱི་ཁྲོད་ནས་ད་བར་འདི་དག་གང་གིས་ཀྱང་བོད་གནོད་མ་གཏོགས་ཕན་ཐོགས་མྱོང་མེད་ལ། ད་ལྟའང་མེད། ཕྱིས་ཀྱང་ཆོས་ལུགས་ཀྱིས་ང་ཚོ་སྐྱོབ་འགྲོ་བསམ་པའི་རེ་བ་སྟོང་པ་ནམ་ཡང་མེད། ཡིན་ན་ཡང་། ཡིད་ཆེས་བྱེད་མཁན་ཚོའི་བསམ་བློར་བརྩི་བཀུར་བྱེད་བཞིན་ཡོད། འདི་ཞོར་འཕྲོས་ཙམ་ཡིན།

    དོན་སྙིང་རྡོག་རྡོག་བཤད་ན། ཆོས་བརྒྱུད་གཞན་ལ་གང་ཐོབ་པ་དེ་ཇོ་ནང་ལ་ཡང་རང་བཞིན་གྱིས་ཐོབ་དགོས་པས། ཐོབ་ཐང་རྩོད་པ་འདི་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཡོད།

  26. ལྡོང་གསེར་མིག says:
    2015-03-16 at 11:18 pm

    ཇོ་ནང་ཚང་གིས་ཆོས་ལུགས་སྤྱི་འཐུས་ཀྱི་ལྐུབ་སྟེགས་རྩོད་པར་དགག་བྱ་མེད། ཡིན་ན་ཡང་། སྤྱི་འཐུས་ཀྱི་ཐོབ་ཐང་མ་སྤྲད་ན་རྒྱ་ནག་གཞུང་ལ་མགོ་སྒུར་གྱི་ཡིན་པའི་བཟོ་ཞིག་ལོ་ཤས་སྔོན་ནས་ཚགས་ཤོག་སོགས་ཀྱི་སྟེང་བཀྲམས་པ་རེད། དེ་རིང་སང་ཉིན་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་གྱོད་གཏུག་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་གྱི་ཚིག་སྣང་བར་མ་འགྲོ་བ་དེ་འདྲ་བེད་སྤྱོད་གཏོང་གི་འདུག དེ་འདྲ་མ་བྱེད། དེ་ལས་ཉམ་ཆུང་ས་ནས་རང་ས་བརྩད་ན་ཡག་གི་རེད་ལ་རེག་ཀྱང་སྲིད་ཀྱི་རེད། གང་ལྟར་ཁྱོད་ཚོར་རྒྱབ་སྐྱོར་ཡོད།

  27. གངས་ལྡོམ། says:
    2015-03-16 at 11:23 pm

    ཆོས་རྒྱུད་བར་ལ་དབྱེ་བ་བཟོས་ན་ཡག་པོ་མིན་འདུག ཐོབ་ཐང་བརྩད་ཆོག་གི་རེད་ལ། ཐོང་ཐང་རྩོད་པའི་དབང་ཆ་ཡང་ཡོད་རེད། སྒྲིག་འཛུགས་ཡིན་ནའང་འདྲ། ཆོས་རྒྱུད་ཁག་ཡིན་ནའང་འདྲ། འདྲ་མཉམ་ཡིན་དགོས་ལ། དྲང་པོ་ཡང་ཡིན་དགོས།

  28. ལྡོང་གསེར་མིག says:
    2015-03-17 at 1:28 am

    རིག་པའི་རྡོ་རྗེ་ལགས་ལ་དྲི་བ་ཁག་ཅིག་ཡོད། དང་པོ། ད་བར་ཇོ་ནང་བས་ཆོས་ལུགས་སྤྱི་འཐུས་ཀྱི་གོ་གནས་བརྩད་དེ་ས་བསྒྲགས་གནམ་བསྒྲགས་ལུང་པ་གང་བྱས་ཀྱང་། ༧གོང་ས་མཆོག་གིས་དེའི་སྐོར་ལ་བཀའ་སློབ་ཚིག་རྡོག་གཅིག་ཀྱང་ཕལ་ཆེར་གནང་མེད་པ་འདྲ་བས་རྒྱུ་མཚན་ཅི་ལ་ཐུག་གམ། ཁོང་གིས་དེའི་སྐོར་མ་མཁྱེན་པ་རེད་དམ། ཡང་ན་རྒྱུ་མཚན་གཞན་ཞིག དེའི་སྐོར་ཨེ་ཤེས་ཐལ། གཉིས་པ། བཙན་བྱོལ་ནང་གྲྭ་བཙུན་སྔགས་གསུམ་ལ་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་ཀྱི་འོས་ཤོག་གཉིས་རེ་བླུག་པའི་ཐོབ་ཐང་ཡོད་པ་རེད། ད་བར་ཇོ་ནང་ཕྱོགས་ནས་ཆོས་ལུགས་སྤྱི་འཐུས་ཀྱི་འོས་ཤོག་བླུགས་མྱོང་ཡོད་དམ། གསུམ་པ། ཁྱེད་ཀྱིས་ཇོ་ནང་བས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་པ་ལས་སྤྱི་འཐུས་ཀྱི་ཐོབ་ཐང་རྩོད་པ་མིན་ཟེར། དེས་ན་ཆོས་བརྒྱུད་ལྔ་དང་གཡུང་དྲུང་བོན་ཞེས་པའི་མིང་ཞིག་རྡ་སའི་སྤྱི་ཚོགས་ཚོགས་ཁང་ནས་གྲགས་པའི་ཚེས་པ་རེ་ཤར་སྲིད་ན་སྐབས་དེར་སྤྱི་འཐུས་མི་དགོས་པའི་རྣམ་འགྱུར་བསྟན་ཏེ་མི་མཐུད་ནས་ཁྱེད་ཚོ་བཞུགས་ཐུབ་བམ། ཐུབ་ཀྱི་མ་རེད་བསམ་གི། དེ་ནི་གནས་སྐབས་ཀྱི་ཁ་གཡར་ས་ཙམ་མ་རེད་དམ། ཞོར་འཕྲོས། ལོ་ཤས་གོང་ནས་ཇོ་ནང་བས་བོད་ཀྱི་བླ་ཆེན་ཚོའི་མདུན་ནས་ཕྱག་ཡིག་ཞུས་ཏེ་ཆོས་བརྒྱུད་དམ་སྤྱི་འཐུས་ཀྱི་ཐོབ་ཐང་རེག་པའི་རྒྱབ་གཉེར་བཙལ་བ་རེད། སྐབས་དེའི་རྒྱབ་གཉེར་ཡིག་ཆ་རྣམས་སྤྱི་ཚོགས་ཐོག་འགྲེམ་ན་དགེ་མཚན་ཆེ་བའི་དུས་ལ་བབ་འདུག་གོ།

  29. ལྡོང་གསེར་མིག says:
    2015-03-17 at 1:29 am

    བཅོས། སྤྱི་འཐུས་ཚོགས་ཁང་

  30. ཆོས་འཕེལ་དར་རྒྱས་ says:
    2015-03-17 at 2:12 am

    སྒང་བ་ཚང་གིས་ཆོས་ཆོས་ཆོས་ཟེར་བ་འདི་མཐར་དེད་ན་རྒྱ་གར་བ་ཞིག་གིས་རྒྱལ་ཁྲི་མ་ནོན་པར་བཙུན་མོ་སྲས་དང་བཅས་བ་བྲལ་ནས་སྤྱི་ཚོགས་ཀྱི་འགན་མ་ཁུར་བར་རང་གཅིག་པོ་ཤིང་ནགས་ཁྲོད་ལ་ཉུལ་བ་པོ་དེ་མ་རེད་པས། དེ་ནས་ཨབགྷ་ནས་མྱི་འཁྱར་ཞིག་གིས་རྒྱ་གར་བའི་ཆོས་འཁྱར་དེ་བོད་ལ་ཁུར་ནས་བཙན་པོ་དག་གི་ཕོ་བྲང་ནས་ཆོ་ལོག་ཁྲབ་བསྡད་པ་ཙམ་གཞན་ཨེ་ཡོད། ད་གཉིད་སད་རན་རེད། ཨ་སྒང་བའི་གླེན་རྒན་ཆ་བོ།

  31. དད་པ་རྒྱལ་པོ། says:
    2015-03-17 at 3:09 am

    ལྡོང་གསེར་མིག་ལགས་ཀྱི་བདེན་པའི་རྒྱབ་ལང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་ནས་ཞུ་ཡ་ཞིག་ལ། སྤྱི་བྱེའི་སྐོར་ལ་ཐུགས་བསམ་བཞེས་མེད་པ་འདྲ།

  32. བཙན་པོ། says:
    2015-03-17 at 3:29 am

    ཇོ་ནང་ཚང་གིས་རྩོད། མུ་མཐུད་ནས་རྩོད། རྩོད་པའི་དུས་ཚོད་ཀྱང་ནོར་མི་འདུག རྒྱ་གར་ཁྲིམས་ཐོག་ནས་ཐག་གཅོད་མ་བྱུང་ན་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར། ༧གོང་ས་མཆོག་གཙོ་བྱས་བཀའ་བློན་རྣམས་པ་དང་སྤྱི་འཐུས་རེ་རེ་བཞིན་ཁྲིམས་ལ་སྦྱོར། ཁྱོད་ཚོ་ཁྲིམས་ཁ་ནས་ཐོབ་སོང་ན་ད་གཟོད་རྡ་ས་ནས་རྩ་དང་རྩི་ཤིང་ཡན་ཆད་ནས་རྒྱལ་ཁའི་གླུ་དབྱངས་ལེན་ངེས། མདོར་དེད་ན་ཁྱོད་ཚོའི་འཐབ་རྩོད་ཀྱང་དེ་ག་ལས་མེད་པ་འདྲ།

  33. མངོན་སུམ་སྨྲ་བ། says:
    2015-03-17 at 3:41 am

    རིག་པའི་རྡོ་རྗེ་ཟེར་བ་མ་གཏོགས་རིག་པ་དེ་རྡོ་རྗེ་འདྲ་བོ་མི་འདུག་ག

    ༡)
    “ཇོ་ནང་བས་བོད་གཞུང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་འབོད་སྐུལ་ཞུ་བཞིན་ཡོད་པ་ལས། དམིགས་སུ་བཀར་ནས་ཇོ་ནང་སྤྱི་འཐུས་བསྐོ་བཞག་བྱེད་དགོས་ཞེས་ཟུར་ཙམ་ཡང་ཞུས་མེད།” ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་ན་ག་རེ་རེད་དམ། ཐོབ་ཐང་ག་རེ་དགོས་ཟེར་གི་ཡོད་དམ།

    ༢)
    མ་འོངས་པར་ཇོ་ནང་དེ་ཆོས་བརྒྱུད་ཆེན་པོ་ལྔའི་གྲས་སུ་བཅུག་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཇོ་ནང་པར་ཆོས་བརྒྱུད་རྐུབ་སྟེགས་མི་དགོས་ཟེར་ནས་ཁྱེད་ཚོས་ད་ལྟ་ནས་མཚན་རྟགས་རྒྱག་ཐུབ་བམ།

    ༣)
    ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་སྤྲད་ན་བཙན་བྱོལ་བོད་གཞུང་རྒྱལ་སྤྱིའི་ཁྲིམས་སྒོར་སྐྱེལ་གི་ཡིན་ཟེར་ན། བྱེད་སྟངས་འདི་ཡ་མཚན་ཞིག་མ་རེད་དམ། ད་ལྟ་ཚུན་ལ་ཆོས་ཀྱི་མིང་ཐོག་ནས་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་ཁྲིམས་ལ་སྐྱེལ་མཁན་དེ་ཤུགས་ལྡན་ཚོགས་པ་རེད་ལགས།

    ༤)
    ཇོ་ནང་པར་བོད་གཞུང་ནས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་དེ་མ་སྤྲད་ན། ཇོ་ནང་པའི་བསྟན་པ་བཙན་བྱོལ་དུ་ཉམས་འགྲོ་གི་ཡོད་པ་རེད་དམ། ཇོ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་ལ་བོད་གཞུང་ནས་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་ཞིག་མ་སྤྲད་ན་མ་འགྲིག་པ་རེད་དམ།

    ༥)
    དོན་དངོས་སུ། རིག་པའི་རྡོ་རྗེ་ལགས་ཀྱིས་ཇོ་ནང་པའི་བསྟན་པ་ལ་ཐུགས་བསམ་བཞེས་གི་ཡོད་དམ་ཆབ་སྲིད་ཀྱི་ཐོབ་ཐང་ལ་རྩོད་པ་བྱེད་ཀྱི་ཡོད་དམ།

  34. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-17 at 4:17 am

    ཇོ་ནང་ཚང་གིས་ཆབ་སྲིད་ཀྱི་གོ་ཐོབ་རྩོད་ཀྱི་མེད་ན། ད་ཅི་ཞིག་རྩོད་ཀི་ཡོད། ཆོས་ཕྱོགས་ནས་ཇོ་ནང་ལ་ཅི་ཞིག་མ་ཐོབ་པ་རེད། ༸གོང་ས་མཆོག་གིས་གནངས་པའི་གསོལ་རས་གྲྭ་བཙུན་ཚོར་ཟླ་ཕོགས་དེ་མ་ཐོབ་པ་རེད་དམ་གང་ཞིག་མ་ཐོབ་པ་རེད། ཇོ་ནང་ཚང་སྡུག་སྐད་མ་རྒྱག ཅུང་ཞིག་སྒུག་དང་། ང་བློ་སེང་གི་རྗེས་ནས་སྲིད་སྐྱོང་ལ་འགྲོ་རྒྱུའི་གྲལ་སྒྲིག་ཡོད། གལ་ཏེ་སོང་ན་ཆོས་བརྒྱུད་ཚང་མའི་སྤྱི་འཐུས་མེད་པ་བྱེད་ཀྱི་ཡིན། དེ་དུས་མེད་པ་བྱེད་མ་དགོས་པར་སྔར་ནས་མེད་ན་བཟང་གི་ཡ། རྙོག་དྲ་མི་དགོས་ས་ནས་རྙོག་དྲ་རེད། དྲང་མོར་བཤད་ན་བོད་ཀྱི་ཆོས་ལུགས་ཡོངས་རྫོགས་རྣམ་དག་ཅིག་ཡོད་པ་མ་རེད། ལྷ་ཁང་འདུ་ཁང་གང་རྫིགས་བཞེངས། གསེར་ཟངས་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་བཞེངས། ཕོ་བྲང་པོ་ཏཱ་ལ་ལྟོས་དང་། འཛམ་གླིང་གི་རྒྱལ་པོའི་ཕོ་བྲང་ཨང་གཉིས་པ་འགྲོ་བཞིན་ཡོད་པ་རེད། བོད་འདི་འཛམ་གླིང་གི་དཔལ་འབྱོར་སྐྱོོ་ཤས་ཆགས་ཡོད་པ་རེད། ལུང་བ་སྐྱོ་བོ་ཞིག་ནས་ཕོ་བྲང་རྫིག་པོ་འདི་འདྲ་བཞེངས་ན་ཞབས་འདྲེན་རེད་དང་མ་རེད། ལྐོག་ཟ་རུལ་སོང་ཟེར་བ་དངོས་གནས་དེ་འདི་རེད། བོད་ཀྱི་བླ་ཆེན་ཕལ་ཆེར་རུལ་སོང་རེད། ཁོང་ཚོར་ལྐོག་ཟའི་མིང་ཐོབ་ཀྱི་མ་རེད། ཁོང་ཚོས་དངོས་སུ་མི་མང་གི་རྒྱུ་ནོར་ཟ་བཞིན་ཡོད་པ་རེད། བླ་མ་རེ་གཉིས་ཚད་ལྡན་རེད། མང་ཆེས་པ་རུལ་སོང་རེད།
    ད་མང་པོ་མི་བཤད། བཤད་ན་ཁ་བརྡ་ཚང་གི་ཡང་འགོག་གི་རེད། །

  35. འཇམ་དཔལ་བཞད་སྒྲ་ says:
    2015-03-17 at 7:36 am

    ད་ལྟའི་ཆོས་བརྒྱུད་ལ་སྤྱི་འཐུས་དགོས་མིན་གྱི་གནད་དོན་ལ་གཞིག་ན། བཙན་བྱོལ་གྱི་སྤྱི་ཚོགས་ནང་ལ་ཆོས་བརྒྱུད་ཁག་ཕན་ཚུལ་ལ་ཕྱོགས་རིས་ཞེན་གོག་ཚད་ལ་འདས་པ། མངོན་པ་གསལ་བའི་སྒོ་ནས་དང་། མངོན་པ་མི་གསལ་བའི་སྒོ་ནས་ཡོད་སྡད་པའི་རྩ་བ་གཞུང་གི་སྲིད་ཇུས་ནོར་འཁྲུལ་གྱིས་བཟོས་ཡོད་པའི་ཟོལ་རེད། དཔེར་ན་ཇོ་ནང་ལ་སྤྱི་འཐུས་དགོས་མིན་གྱི་སྐད་ཆ་འདི་ཐོན་ནས་བཟུང་། ཇོ་ནང་དང་ས་སྐྱའི་ནང་ཁུལ་ལ་ཡང་ཕྱོགས་རིས་འཐེན་འཁྱེར་དེ་སྔོན་ལོ་རྒྱུས་ནང་ལ་བྱུང་མ་མྱོང་བ་ཞིག་བྱུང་སྡད་ཀྱི་འདུག འདས་པའི་ལོ་རྒྱུས་ལ་ཞིབ་གཟིགས་བྱས་ན། ཇོ་ནང་དང་དགེ་ལུགས་གཉིས་ཆར་གྱི་དང་པོ་བླ་མ་དང་མར་འཕྲོས་ས་དེ་ས་སྐྱ་ཡིན་པ་མཚུངས་ནའང་། ཇོ་ནང་གི་ཆོས་སྡེ་དག་དགེ་ལུགས་དང་གཏན་ནས་མ་འདྲ་བ། ཇོ་ནང་པའི་ཆོས་ཀྱི་སྣེ་ཁྲིད། སྲིད་ཀྱིས་འཛིན་སྐྱོང་ཤུགས་ཆེར་ས་སྐྱའི་གདན་ས། ལྷག་པར་ས་སྐྱ་གོང་རང་ནས་གནང་ནས། དཔེར་ན་དཔལ་ལྡན་ས་སྐྱ་པའི་གདུང་རབ་ལས་ཧ་ཅང་གི་སྙན་གྲགས་ཆེ་བ་ཙམ་དུ་མ་ཟད། ས་བཀའ་རྙིང་གསུམ་གྱི་མཁས་གྲུབ་ཡོངས་ཀྱི་ངོར་ཚད་མར་གྲགས་ཤིང་གྲུབ་པའི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལྟ་བུ་ཞིག་ལ་མཚོན་ནའང་། ཇོ་ནང་པའི་བསྟན་པ་འཛིན་པའི་སྲོག་ཤིང་དུ་ཆགས་ཡོད་པས་མཚོན། འབྲེལ་འདྲིས་ཐུན་མིན་ཟབ་ནའང་། དེང་སྐབས་ས་ཇོའི་བར་ལ་གནམ་སའི་ཁྱད་པར་ཡོད་མདོག་གིས་ཆབ་སྲིད་ཀྱི་གོ་གནས་ཤིག་འཚོལ་སྟངས་འདིས། ཇོ་ནང་གི་བསྟན་པར་ཐུགས་ཁུར་ཆེར་བཞེས་མ་ཡིན་པ། ཆབ་སྲིད་ཀྱི་རྐུབ་སྟེག་ཆེད་དུ་ཡིན་པ་གསལ་བ་འདིས་ཞལ་གྲགས་ཡོད། ཆབ་སྲིད་རྐུབ་སྟེག་ལ་ཆོས་བརྒྱུད་ཀྱི་རྐུབ་སྟེག་སོ་སོར་བཞག་པ་འདིས། ཆོས་བརྒྱུད་ཁག་གི་ནང་ཁུལ་ལ་ཁྱད་པར་ཤུགས་ཆེན་ཡོད་པ་ལྟ་བུ་ཞིག་བཟོས་ཡོད་ལ། བཟོས་པ་ལྟར་མངོན་ཡང་ཡོད་པ་རེད། དོན་ལ་ཆོས་བརྒྱུད་ཁག་གི་ལོ་རྒྱུས་ལ་ཞིབ་གཟིགས་ཤིང་གནང་དང་། གསེར་གྱི་ཨ་ལོང་གི་ཐག་པ་ལྟར་ཕན་ཚུན་མ་འབྲེལ་བ་གཏན་ནས་མེད། ཁྱད་པར་འདི་འདྲ་བཙན་གྱིས་ཕྱེས་པ་འདི་འང་ཕུག་གཏུག་ན། རང་ལུགས་མཆོག་འཛིན་གྱིས་ལྟ་ངན་གྱིས་སླད་ནས་བཟོས་པ་རེད་འདུག དེས་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་གཏན་ནས་མེད་པར་བཟོས་ན། ནུབ་ཕྱོགས་པའི་ཆོས་དང་མ་འདྲེས་པའི་སྲིད་ཇུས་ངོ་མའི་ཐོག་ལ་སླེབས་ཐུབ། གཞན་དུ་ན་ནུབ་ཕྱོགས་ཆབ་སྲིད་ཀྱི་མིང་། ཆེད་དུ་ནོར་བསྒྱུར་དུ་རིས་མེད་ཨམ་ཞིག་བྱས་པ་འདི་དང་། རིས་སུ་བཅད་ནས་སྤྱི་འཐུས་སོ་སོར་བཟོས་པ་འདི་ལས་འགལ་བ་ཚབ་ཆེན་ཅི་ཡོད།

  36. དད་པ་རྒྱལ་པོ། says:
    2015-03-17 at 7:46 am

    ད་སྐབས་བཙན་བྱོལ་ནས། ཇོ་ནང་པ་ལ་གཞུང་འབྲེལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྣ་གཅིག་མེད། དེའི་ཕྱིར། ནད་བརྒྱ་སྨན་གཅིག་གིས་འཐུས་པར་གྱིས་ཤིག ཁྱེད་ཚོ་ལས་མེད་ཚོའི་ཁ་ཡ་མི་འདང་གི། བཞུགས་གདན་འཇགས་དགོ

  37. ཁྲི་རལ་པ་ཅན་ says:
    2015-03-17 at 8:52 am

    ཆོས་བརྒྱུད་དེ་ཚོར་ཐོབ་དབང་རྩོད་པ་བྱུང་ཚེ་གོ་ཐོབ་འདྲ་མཉམ་པོ་བྱས་ཏེ།ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་གནང་དགོས་པ་རེད།དེ་མ་གཏོགས་རྒྱ་དམར་གཞུང་དང་གཅིག་པ་གཅིག་རྐྱང་ཕར་དེད་ན་དེ་ལས་ཀྱང་སྡུག་ཆགས་ཡོད་པ་རེད།

  38. ས་མཐའི་མིག་ཆུ། says:
    2015-03-17 at 12:45 pm

    མཁས་གྲུབ་ཆེན་པོ་ཡུག་མོ་མི་བསྐྱོད་རྡོ་རྗེས་ཡུན་རིང་བྱིན་གྱིས་བརླབས་པའི་གནས་ལ་ལྟེ་ཁྲག་བོར་བའི་གུས་པ་ལྟ་བུར་མཚོན་ན་རྒྱལ་བ་ཇོ་ནང་པའི་བསྟན་པར་དད་གུས་ཆེན་པོ་ཞུ་བཞིན་ཡོད། འོན་ཀྱང་སྤྱི་འཐུས་ཀྱི་རྐུབ་བཏེགས་དེ་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ས་ཞིག་ཡིན་པས། དེ་ཐོབ་ན་ལྟ་སྒོམ་སྤྱོད་གསུམ་ལ་རྒྱ་ཆེན་པོ་སློབ་ཐུབ་པ་ཞིག་དང་། དེ་མ་ཐོབ་ན་བསྟན་པ་ཉམས་ཉེས་སུ་གྱུར་པ་མིན་པས་ང་ཚོར་ཆོས་ལུགས་ཀྱི་སྤྱི་འཐུས་ངེས་པར་དུ་དགོས་གལ་མེད་པས་ཆོས་ལུགས་སྤྱི་འཐུས་ཚང་མ་མེད་པ་བཟོ་དགོས་པ་ཡིན།

  39. གཡག says:
    2015-03-17 at 5:30 pm

    སྤྱིར་འདས་པའི་བྱུང་རབས་ཀྱི་ལོ་རྒྱུས་ནང་དུ་བོད་ལ་ཆོས་རྒྱུད་ཆེན་པོ་བཞི་ཞེས་པ་ཞིག་ལས་ཆོས་རྒྱུད་ཆེན་པོ་ལྔ་ཞེས་པ་ཞིག་མཐོང་རྒྱུ་མེད། བོན་པོ་ནི་དམིགས་གསལ་གནའ་བོའི་སྐབས་ནས་དར་བའི་ཆོས་ལུགས་ཞིག་རེད། གཅིག་དེ་ཡིན། མི་ལོ་འགའ་ཤས་རིང་ནས་ཇོ་ནང་པའི་ཆོས་རྒྱུད་ཞེས་པའི་སྤྱི་འཐུས་ཀྱི་རྐུབ་སྟེག་དགོས་པའི་རྩོད་གཞི་འོག་ད་ལྟའི་རྙོག་གླེང་འདི་བྱུང་བ་རེད། དེར་བརྟེན་བཙན་བྱོལ་དུ་གང་ཟག་སྒེར་འགའ་ཞིག་གི་ཆབ་སྲིད་ཀྱི་གོ་གནས་ལ་སྲེད་ནས་ཐབ་ཐང་འདི་རྩོད་བཞིན་ཡོད་མེད་གང་ཡིན་རུང་། ཅི་སྟེ་ཇོ་ནང་པར་སྤྱི་འཐུས་ཀྱི་རྐུབ་སྟེགས་ཞིག་སྤྲོད་དགོས་ན་ཇོ་ནང་དང་འདྲ་བའི་བོད་ལ་དཀའ་རྒྱུད་པའི་ནང་དུ་ཡང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཞིག་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པ་དངོས་ཡོད་གནས་ཚུལ་ཞིག་ཡིན། མ་ཟད་བོད་ལ་ཁ་ཆེ་ཆོས་བྱེད་མཁན་དང་དེ་བཞིན་ཡེ་ཤུའི་ཆོས་ལ་དད་མཁན་མང་པོ་ཞིག་ཡོད་པས་དེ་དག་ལའང་སྤྱི་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་ངེས་པར་དུ་སྤྲོད་དགོས།

  40. འཇམ་དཔལ་བཞད་སྒྲ says:
    2015-03-17 at 8:22 pm

    ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་ཆབ་སྲིད་ཀྱི་རྐུབ་སྟེག་འདིས་བཙན་བྱོལ་གྱི་སྤྱི་ཚོགས་ནང་ལ་ཆོས་བརྒྱུད་རིས་སུ་བཅད། དེའི་ཤུགས་རྐྱེན་བོད་དུ་སླེབས་ནས་རྡོག་རྩ་གཅིག་སྒྲིལ་ཡོང་བར་གནོད་སྐྱོན་ཆེན་པོར་ཐེབས་ཀྱི་ཡོད། དེས་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པར་བཟོས་ན་འཚམས་པར་མཐོང་། ཆོས་བརྒྱུད་ཁག་ལ་སྤྱི་འཐུས་ཡོད་པ་དེས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོག་གང་ཞིག་ཡོད་པ་རེད་ཅེས་དྲིས་ན། དངོས་དོན་དང་མཐུན་པའི་ལན་ཞིག་མེད། ཆོས་བརྒྱུད་ཁག་ལ་སྤྱི་འཐུས་ཡོད་པ་དེས་གནོད་སྐྱོན་གང་ཞིག་ཡོང་གི་ཡོད་ཅེས་ན། བོད་བརྒྱུད་ནང་བསྟན་གྱི་ལམ་དང་ལུགས་སྲོལ་དང་འགལ་བའི་བུད་མེད་རྣམས་དགེ་སློང་སྡེ་སྣོད་འཛིན་པའི་གོང་ན་ཐེ་ཚོམ་མེད་པར་འཛེགས་རྐྱང་བྱེད་ཀྱི་འདུག སངས་རྒྱས་ཀྱི་བསྟན་པའི་ལམ་སྲོལ་དབུ་ནས་རྙོག་ན་དམངས་ལ་ཐུགས་ཁག་མེད་པ་ལྟ་བུ་རེད། དམངས་ནས་བཤད་ན་དེང་དུས་གྲྭ་ཆས་བསྣམ་མཁན་ལ་ནུས་མེད་སྤྲང་པོ་ཞིག་གི་བལྟ་སྟང་ལས་མེད་པར་གྱུར་ཡོད། ཞབས་བརྟན་རིམ་གྲོར་གདན་འདྲེན་དགོས་ན་རྒྱ་གར་དང་བལ་ཡུལ་གྱི་ཉིན་གླ་བ། ཀུ་ལིའི་རྣམ་པར་ངོས་འཛིན་བྱེད་རྒྱུ་དང་གཅིག དགོན་པ་གྲྭ་ཚང་ལ་ཡར་ཞབས་འདེབས་ཕུལ་བའི་ཚབ་ཏུ། བོད་པའི་སྤྱི་ཚོགས་ཆེ་ཆུང་ཀུན་གྱིས་དགོན་པ་གྲྭ་ཚང་ནི་ཞབས་འདེབས་ཚུར་སློང་སར་བརྩི་རྒྱུ་དང་གཉིས། ཡར་དགོན་པའི་གྲྭ་ཚང་དང་བླ་གྲྭ་ལ་དད་པ་དང་དག་སྣང་འཇོག་པའི་ཚབ་ཏུ། དངོས་ཤུགས་བརྒྱུད་ནས་དམའ་འབེབས་སྣ་ཚོགས་བྱེད་རྒྱུ་གསུམ། དགོན་པ་གྲྭ་ཚང་ནི་ཁྱིམ་ཚང་གིས་མ་ལོ་མ་ཉན་པའི་བུ་དང་བུ་མོ་དག་གཏོང་སར་ངོས་འཛིན་བྱེད་པ་སོགས་འདི་དག་འབྱུང་བཞིན་པ་རེད། དེས་ན་ཆོས་ཆོས་དང་སྲིད་སྲིད་བྱས་ན་ཆོས་ལ་དད་པ་གཙང་མ་གནས་པར་དགེ་མཚན་ཆེ་བར་མངོན། གལ་སྲིད་བསྟན་པ་བཤད་སྒྲུབ་གཉིས་ཀྱི་འཛིན་པའི་ཚབ་ཏུ། སྟོབས་དང་དབང་ཐང་གིས་འཛིན་པའི་ལམ་སྲོལ་ཞིག་བོད་ལ་བྱུང་དང་འབྱུང་བཞིན་པའི་ལས་འདི་དོར་མ་ནུས་ཤིང་། གནད་འགག་ཏུ་མཐོང་ན། ཆབ་སྲིད་ཀྱི་གོ་གནས་ཆོས་བྱེད་ཀྱི་མི་སྣས་ཟིན་རྒྱུ་དེ་ལ་རྒྱུ་མཚན་གཏན་གཏན་ཡོད་པར་མཐོང་།

  41. ལྡོང་གསེར་མིག says:
    2015-03-17 at 8:31 pm

    དྲང་པོ་བཤད་ན། ཇོ་ནང་ཙམ་མ་ཟད། བོད་པ་ཁ་ཆེ་དང་ཡེ་ཤུ་སོགས་ལའང་ཆོས་ལུགས་དང་སྤྱི་འཐུས་ཀྱི་གོ་ཐོབ་ཕུལ་ཏེ་བོད་ལ་སྤྱི་འཐུས་མང་དུ་བཏང་ན་སྐྱོན་ག་རེ་ཡོད་པ་རེད། བོད་གཞུང་ལ་ཟླ་ཕོག་མི་འདང་བའི་དཀའ་ངལ་ཡོད་རེད་དམ། གོང་དུ་མང་པོ་ཞིག་གིས་ཇོ་ནང་ལ་ཐོབ་ཐང་སྤྲོད་ན་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་ལའང་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་པའི་བསམ་འཆར་འདོན་མཁན་འདུག ངས་བལྟས་ན་ཅུང་མི་འདྲ་སྟེ། ཆེ་བཞི་ཆུང་བརྒྱད་ཚང་མར་ཤངས་པ་བཀའ་རྒྱུད་དང་དགས་པོ་བཀའ་རྒྱུད་སོགས་བཀའ་རྒྱུད་མིང་མཐར་བརྒྱན་ཏེ་བཀའ་རྒྱུད་པའི་ཁོངས་སུ་ཡོད་པ་གསལ་བོ་རེད། ད་ལྟའི་བཀའ་རྒྱུད་ཀྱི་སྤྱི་འཐུས་གཉིས་ཀའང་བཀའ་རྒྱུད་སྤྱིའི་སྤྱི་འཐུས་ཡིན་པ་ལས་ཀརྨ་བཀའ་རྒྱུད་དང་འབྲུག་པ་བཀའ་རྒྱུད་ལྟ་བུའི་ཆོས་རྒྱུད་ནང་ཚན་བྱེ་བྲག་པ་ཞིག་གི་སྤྱི་འཐུས་མ་རེད་པ། གནད་འགག་ཐུག་ས་དེ་ཇོ་ནང་ཚང་ས་སྐྱའི་ཁོངས་སུ་འདུས་ཡོད་མིན་གྱི་རྩོད་པ་དེ་རེད། ད་ལྟ་བར་ས་སྐྱ་བླ་རབས་དང་ལྷག་པར་ད་ལྟའི་སྒྲོན་ཕུན་ཁྲི་འཛིན་གཉིས་ཀྱིས་ཇོ་ནང་ས་སྐྱའི་ཁོངས་སུ་ཡིན་པའི་བདག་དབང་ངམ་སིམ་ལའི་ཇོ་ནང་དགོན་པ་དང་ཇོ་ནང་མི་སྡེ་ལྷ་སྡེ་ལ་རོགས་ཕན་སོགས་གནང་མྱོང་ཡོད་དམ། ཡང་ན། ལོ་ངོ་བཅུའི་གོང་དུ་ཇོ་ནང་གི་གྲྭ་བཙུན་སྔགས་གསུམ་གྱིས་ས་སྐྱའི་སྤྱི་འཐུས་ལ་འོས་ཤོག་བླུགས་མྱོང་ཡོད་དམ། ཡོད་ན་ས་སྐྱའི་ཁོངས་སུ་ཡོད་པ་ངོས་ལེན་ཞུས་ཟིན་པ་རེད། མེད་ན། ཤིམ་ལ་ཇོ་ནང་དགོན་པའི་གྲྭ་བ་ཚོ་བོད་གཞུང་འོས་བསྡུ་ལས་ཁུངས་ཀྱི་འགན་ཡོད་མི་སྣེའི་མིག་ལའང་ཤར་མ་མྱོང་བ་རེད། ཡ་མཚན་པ་ཞིག་མ་རེད་དམ།

  42. དཔལ་དོན། says:
    2015-03-18 at 12:49 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དགུ་བ་རྒྱབ་དཔུང་བྱས་ཚེ་རིག་པའི་རྡོ་རྗེ་ལགས་ཀྱིས་ཇོ་ནང་ཆོས་བརྒྱུད་ལ་བོད་ཀྱི་ཆོས་བརྒྱུད་གཞན་དག་དང་གཅིག་མཚུངས་ཀྱི་ཆབ་སྲིད་ཀྱི་གོ་ཐོབ་དེ་ལེན་མི་ཐུབ་པ་གཏན་འཁེལ་རེད། ཧ་ཧ་ཧ་་་་་་ལྷག་པར་དུ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཟེར་གྱི་ཡོད་པ་ལས་སྤྱི་འཐུས་དགོས་ཟེར་གྱི་མེད་ཅེས་གསལ་བཤད་གནང་གི་འདུག གསལ་བཤད་དེ་ཁྱད་མཚར་ལ། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཟེར་དུས་སྤྱི་འཐུས་ཀྱི་རྐུབ་སྟེགས་ཀྱང་དགོས་ཟེར་གྱི་ཡོད་པ་རེད་དམ། ཡང་མིན་ན་་་རིག་པའི་རྡོ་རྗེ་ལགས་ཀྱིས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ལས་སྤྱི་འཐུས་ཀྱི་རྐུབ་སྟེགས་ཕུད་པའི་གཞན་པ་ཡོད་ཚད་དགོས་གསུངས་ཀྱི་ཡོད་པ་རེད། ངས་བསམ་ན་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པ་དེ་ཆབ་སྲིད་དང་འབྲེལ་བའམ་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་ལས་གཞན་དམིགས་གསལ་ཇོ་ནང་ལ་དགོས་པ་ཅི་ཡང་ཡོད་པ་མ་རེད། སྒོམ་སྒྲུབ་ཉམས་ལེན་སོགས་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་དོན་ཡོད་ཀྱི་མ་རེད། དེ་ལ་དཀྱོགས་འཕེན་དགོས་དོན་འུ་ཡོད་ཀི། ཇོ་ནང་ལ་སྤྱི་འཐུས་ཀྱི་ས་མིག་གིས་མཚོན་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་ཆ་ཚང་དགོས་ཞེས་ཟེར་བཞག་ན་ཁ་གསལ་པོ་མ་རེད་དམ། ཁ་གསལ་ན་གོ་བདེ།། ནམ་གསལ་ན་འགྲོ་བདེ་ཟེར་བ་རེད།

  43. ཀརྡོ་གཉེར་ཕྱག་པ་ says:
    2015-03-18 at 1:40 am

    ་་་་་་་་་་་ # 41 ལྡོང་གསེར་མིག་ལགས་ཀྱིས་མཆན་བཏབ་པ།:
    March 17th, 2015 at 8:31 PM
    དྲང་པོ་བཤད་ན། ཇོ་ནང་ཙམ་མ་ཟད། བོད་པ་ཁ་ཆེ་དང་ཡེ་ཤུ་སོགས་ལའང་ཆོས་ལུགས་དང་སྤྱི་འཐུས་ཀྱི་གོ་ཐོབ་ཕུལ་ཏེ་བོད་ལ་སྤྱི་འཐུས་མང་དུ་བཏང་ན་སྐྱོན་ག་རེ་ཡོད་པ་རེད། བོད་གཞུང་ལ་ཟླ་ཕོག་མི་འདང་བའི་དཀའ་ངལ་ཡོད་རེད་དམ། གོང་དུ་མང་པོ་ཞིག་གིས་ཇོ་ནང་ལ་ཐོབ་ཐང་སྤྲོད་ན་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་ལའང་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་པའི་བསམ་འཆར་འདོན་མཁན་འདུག ངས་བལྟས་ན་ཅུང་མི་འདྲ་སྟེ། ་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme