Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོའི་ཕ་རྒན་སུ་ཡིན།

Posted on 2014-02-112014-03-11 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 35 Comments on ཁྱོའི་ཕ་རྒན་སུ་ཡིན།

རིག་འབྱུང་དོན་གྲུབ་བཀྲ་ཤིས།

ང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་བཅུ་བཞི་ལྷག་འགྲོ་གི་འདུག ལོ་ངོ་བཅུ་གྲངས་འདིའི་རིང་ལ་རྒྱུན་དུ་སེམས་ལ་དྲན་པ་དང་འཁོར་བ་ནི། རང་གི་ཕ་མ་དང་སྤུན་མཆེད། ཆུང་དུས་ཀྱི་རྩེད་གྲོགས་བཅས་རེད། ང་ཚོར་ཡིག་ཐོག་གི་འབྲེལ་བ་མ་གཏོགས་ཐུག་འཕྲད་ཀྱི་གོ་སྐབས་མེད། ཐུག་འཕྲད་ཀྱི་གོ་སྐབས་ཤིག་ཡོང་ན་བསམ་པ་དེ་ངའི་རྨི་ལམ་ཡིན། རྨི་ལམ་དེ་ལ་སྣེ་གཉིས་ཡོད་ཅིང་སྣེ་གཅིག་ཏུ་ངའི་ནང་མི་དང་སྣེ་གཞན་དུ་ང་ཡོད་། ངའི་རྨི་ལམ་དེ་དུས་ནམ་ཞིག་ལ་མངོན་འགྱུར་ཐུབ་མིན་ངས་ཀྱང་བཤད་དཀའ།

བོད་ཀྱི་སྐུ་གཤེགས་རྩོམ་པ་པོ་མདའ་ཚན་པ་མགོན་པོ་ཚེ་རིང་གིས་ལོ་ངོ་གསུམ་ཙམ་གྱི་གོང་དུ་། ངའི་ཕ་རྒན་སུ་ཡིན་ཞེས་ང་ལ་སྐད་ཆ་དྲིས་མྱོང་། རྒྱུ་མཚན། ངའི་ཕ་རྒན་གྱིས་དགེ་རྒན་བྱས་མྱོང་སའི་བྲག་དམར་སློབ་ཆུང་དུ་འདས་པོ་ཁོང་གིས་ཀྱང་དེ་སྔོན་དགེ་རྒན་བྱས་མྱོང་འདུག ཡིན་ན་ཡང་། ངའི་ཕ་རྒན་དང་ཁོང་གཉིས་དགེ་གྲོགས་རེད་མི་འདུག ལོ་ངོ་བཅོ་ལྔ་འདིའི་ནང་དུ་། ངའི་ཕ་རྒན་ནི་བོད་ཡིག་དགེ་རྒན་ཞིག་ནས་སློབ་གྲྭའི་སློབ་སྤྱི། སློབ་སྤྱི་ནས་ལས་འཁྱུར་ངལ་གསོ་བ། ལས་འཁྱུར་ངལ་གསོ་བ་ནས་ལག་ཏུ་ཕྲེང་བ་འཛིན་མཁན་གྱི་རྒད་པོ་ཞིག་ཆགས་ནས་འདུག ཕ་རྒན་དང་མཉམ་དུ་ག་དུས་གླེང་མོལ་བྱས་ན་ཡང་། རྟག་དུ་ང་ལ་འདྲི་བ་ནི་ “ཁྱོད་ག་དུས་ཕ་ཡུལ་དུ་ཡོང་ཐུབ་རྒྱུ་རེད་དམ། ཁྱིམ་མི་ཚང་མས་ཁྱོད་ལ་སྒུག་ནས་ཡོད་ནི་རེད་།”ཟེར་བ་འདི་རེད་། ངས་ཕ་ཡུལ་དུ་ཁ་པར་གཏོང་ཐེངས་རེར། ངའི་སེམས་སུ་ཡང་ཕ་རྒན་གྱིས་སྐད་ཆ་དེ་བསྐྱར་དུ་འདྲི་གི་རེད་བསམ་པ་དྲན་གི་ཡོད་།

ངའི་ཕ་རྒན་ནི་བྱིས་བ་ཚོའི་མིག་ལམ་དུ་སྨྲ་བ་ཉུང་ཞིང་གདོང་ལ་འཛུམས་མདངས་མང་པོ་མེད་མཁན་ཞིག་ཡིན། ད་དུང་ཁོང་ཁྲོ་ལངས་སླ་བ་དང་བསམ་གཞིགས་མང་པོ་གཏོང་མཁན་ཞིག་ཀྱང་ཡིན། ང་ཚོའི་ཁྱིམ་དུ་སྤུན་སྲིང་དྲུག་ཡོད་ཅིང་གལ་སྲིད་ང་ཚོ་གཅིག་གིས་ནོར་འཁྲུལ་འདྲ་ཤོར་ཚེ། ཕ་རྒན་གྱིས་བཀའ་བཀྱོན་གཏོང་གི་རེད་། ཡང་མིན་ན་ཅི་ཡང་མི་སྨྲ་བར་ངོ་གདོང་གནག་ནས་འདུག་གི་རེད་། ཁོང་གིས་ཁྱིམ་ཚང་གི་གནད་དོན་རྐྱང་རྐྱང་བཀའ་མོལ་གནང་བ་མ་གཏོགས་ང་ཚོ་སྒེར་གྱི་མཉམ་དུ་ལྷོད་ལྷོད་བྱས་ནས་བཀའ་མོལ་གནང་སྲོལ་མེད་། དཔེར་ན། ང་བོད་དུ་ཡོད་དུས་ངས་ཕ་རྒན་དང་ལྷན་དུ་གླེང་མོལ་དུས་ཚོད་གཅིག་ལྷག་བྱས་བའང་དྲན་གི་མི་འདུག ཡིན་ན་ཡང་། ང་ཕྱི་ལ་ཐོན་རྗེས་ངེད་གཉིས་ཀྱི་བར་ལ་གླེང་མོལ་བྱེད་རྒྱུ་མང་དུ་ཕྱིན། གལ་སྲིད་ངས་ཟླ་གཅིག་ལྷག་རིང་ཕ་ཡུལ་དུ་ཁ་པར་མ་བཏང་ཚེ། ཁོང་གིས་ཕུ་བོ་གཉིས་ཀྱི་གང་རུང་ལ་སྐད་བཞག་ནས་ཕ་ཡུལ་དུ་ཁ་པར་ཐོངས་ཟེར་གི་རེད་། ཕལ་ཆེར་ང་ཚོ་ཆུང་ཆུང་ཡིན་དུས་ཁོང་གིས་གླེང་མོལ་མང་པོ་མི་བྱེད་པ་ནི། ང་ཚོ་གཅུན་པའི་སླད་དུ་ཡིན་པ་འདྲ།

ང་རང་ཆུང་ཆུང་ཡིན་དུས་ཕ་རྒན་གྱི་འདས་དོན་དག་ལ་ཉན་པར་སྤྲོ། ཁོང་གིས་སོ་སོའི་འདས་དོན་རྣམས་མང་པོ་མི་གླེང་མོད་། རེ་གཉིས་གླེང་བ་དེ་ཚོ་ད་ལྟ་ཡང་ངའི་སེམས་སུ་གསལ་ལྷེང་ངེར་འདུག ཁོང་གིས་ང་ཚོ་སྤུན་སྲིང་རྣམས་ལ་བསླབ་བྱ་རྒྱག་དུས་ཁོང་གི་འདས་དོན་དག་གླེང་གི་རེད་། “ང་ཁྱེད་ཚོ་ནང་བཞིན་སློབ་གྲྭར་འགྲོ་བའི་གོ་སྐབས་ཡག་པོ་ཞིག་འཐོབ་ཡོད་ཚེ། ང་མཁས་བ་ཞིག་ཆགས་ཡོད་། ཁྱེད་ཚོར་ཁྱིམ་གྱི་བཀག་འགོག་སོགས་སྣ་གཅིག་མེད་པར་སློབ་གྲྭར་སྐྱེལ། ད་དུང་སློབ་སྦྱོང་མ་གཏོགས་ཅི་ཡང་བྱེད་མི་དགོས་ཞེས་ཕ་མ་གཉིས་ཀྱིས་རེ་བ་བྱེད་བཞིན་པ་འདི་ཁྱེད་ཚོའི་བསོད་ནམས་རེད་།” ཁོང་གིས་བསླབ་བྱ་འདི་ང་ཚོར་ཐེངས་མང་ལ་བརྒྱབ་མྱོང་།

ངའི་ཕ་རྒན་སློབ་གྲྭར་འགྲོ་བའི་གོ་སྐབས་ཡག་པོ་འཐོབ་མེད་། ཁོང་གིས་གང་ཤེས་བ་དེ་གཙོ་བོ་རང་སྦྱོང་ལ་བརྟེན་པ་རེད་། ཁོང་ལོ་ན་བཅོ་བརྒྱད་ལ་སླེབས་དུས་ཁོང་ལ་ངའི་ཨ་མ་མནའ་མར་བླངས་འདུག དེ་དུས་ངའི་ཨ་མ་ལོ་ན་བཅུ་གསུམ་རེད་ཟེར། ཁོང་གིས་ཁྱིམ་མི་སུ་གང་ལ་ཡང་མ་ལབ་པར་རྨ་ལྷོ་ཟློས་གར་ཚོགས་པར་རྒྱུགས་སྤྲད་འདུག རྒྱུགས་ཀྱང་འཕྲོད་འདུག ཡིན་ན་ཡང་། ཨ་མྱེས་དང་ཨ་ཡེ་གཉིས་ཀྱིས་ཁོང་བཏང་མི་འདུག ཨ་མྱེས་ཀྱིས་ཁོང་ཁྱིམ་ལ་ཉར་ནས་མགར་བསླབས་འདུག ངའི་ཨ་མྱེས་མགར་བ་ཞིག་ཡིན། རེབ་གོང་ཁུལ་གྱི་ཡུལ་མི་དག་གིས་ཁོང་ལ་དོར་ཉིན་མགར་བ་ཟེར་ནས་འབོད་། ངའི་ཕ་རྒན་གྱིས་མགར་ལས་སྦྱངས་ཞོར་དུ་། ཐོན་སྐྱེད་རུ་ཁག་གི་ར་རྫི་དང་ལུག་རྫི་བྱས་འདུག བསྐྱར་དུ་། ཁོང་གིས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲད་འདུག རྒྱུགས་འཕྲོད་འདུག སློབ་གྲྭས་ཁོང་ལ་སློབ་ཞུགས་མ་བྱས་སྔོན་ལ་གཟུགས་པོའི་འཕྲོད་བསྟེན་ལ་བརྟག་དཔྱད་བྱེད་དུ་ཡོང་དགོས་བའི་བརྡ་འབྱོར་བཏང་འདུག ཨ་མྱེས་ཀྱིས་དེ་ཤེས་འདུག སློབ་གྲྭར་སོང་ནས་”ང་ཚོའི་ཁྱིམ་དུ་བུ་གཅིག་མ་གཏོགས་མེད་། ཁོང་ལ་མནའ་མ་ཡང་བླངས་ཚར་ཡོད་། ཁོང་སློབ་ཞུགས་བྱེད་རྒྱུའི་འདོད་པ་ང་ཚོར་མེད་”ཟེར་ནས་སློབ་གྲྭའི་འགོ་འཁྲིད་ལ་ཞུས་འདུག ཕ་རྒན་གྱིས་སེམས་སུ་ཡང་མི་ཚེ་འདིར་སློབ་གྲྭར་འགྲོ་བའི་རེ་ཐག་ཆད་སོང་བསམ་ནས་གྲོང་གསེབ་ཀྱི་དམངས་སྒྲུབ་དགེ་རྒན་བྱས་འདུག དམངས་སྒྲུབ་དགེ་རྒན་གྱི་ཞོར་ནས། ཁོང་ལ་ཉ་ལུང་གོང་ཧྲེ་ཟེར་བ་དེའི་ཚོང་ཁང་དང་རྒྱང་བསྒྲགས་ཀྱི་ལས་ཀ་རག་འདུག ལོ་འགའི་རྗེས་སུ་དམངས་ཁྲོད་ནས་ལས་བྱེད་བསྡུ་བའི་བརྡ་ཐོ་ཞིག་འབྱོར་འདུག ཁོང་སྡོད་མ་ཚུགས་ནས་དེ་ལ་ཚོད་ལྟ་བྱས་འདུག དེ་ལ་ཚུད་འདུག སྟབས་ཡག་ནས་ཨ་མྱེས་དང་ཨ་ཡེ་གཉིས་ཀྱིས་ཀྱང་ཁོང་བཀག་མི་འདུག

ང་ཚོ་བུ་སྤུན་གསུམ་ཆུང་ངུའི་དུས་ནས་ཕ་རྒན་གྱིས་འཁྲིད་དེ་མ་ལྷོ་སོག་རྫོང་ན་ཡོད་པའི་བྲག་དམར་སློབ་ཆུང་དུ་ཕྱིན། ངའི་ཕ་རྒན་གྱིས་དེ་རུ་བོད་ཡིག་གི་དགེ་རྒན་བྱས། ང་ཚོ་སྤུན་གསུམ་གྱིས་ཀྱང་དེ་རུ་སློབ་སྦྱོང་བྱས། ངའི་སྤུན་ཆེ་བ་གཉིས་ཀྱིས་སློབ་ཆུང་དང་སློབ་འབྲིང་གཉིས་ཀ་དེ་མ་ལྷོ་སོག་རྫོང་དུ་འགྲིམས། ངས་ཀྱང་སློབ་ཆུང་དེ་རུ་འགྲིམས། ང་ཚོར་ཟ་མ་སྐོལ་བ་དང་ང་ཚོའི་གོན་པ་བཀྲུ་བ། ཁྱིམ་ལ་གཙང་སྦྲ་བྱེད་པ། ང་ཚོའི་རང་སྦྱོང་ལ་བལྟ་བ་སོགས་ཀྱི་འགན་འཁྲི་ཚང་མ་ཕ་རྒན་གྱི་ཕྲག་ལ་ལྷུང་། ང་ཚོ་སྐྱེས་སའི་རེབ་གོང་གི་གྲོང་གསེབ་དུ་ཁྱིམ་གྱི་ཟོག་ལུག་ལ་བལྟ་སྐྱོང་དང་ཞིང་ལས་ཀྱི་འགན་འཁྲི་ཚང་མ་ཨ་མས་འཁུར་དགོས་བྱུང་། ང་ཚོ་བྱིས་བ་རྣམས་ཀྱི་སློབ་སྦྱོང་དང་མདུན་ལམ་གྱི་ཆེད་དུ་། ངའི་ཕ་མ་གཉིས་ལོ་ངོ་མང་པོར་དབྱར་གནང་དང་དགུན་གནང་ལ་མ་གཏོགས་མཉམ་དུ་སྡོད་ཁོམ་བྱུང་མི་འདུག རྗེས་སུ་ཕ་རྒན་ལས་འཁྱུར་ངལ་གསོ་བྱས་རྗེས་ད་གཟོད་ཕ་མ་གཉིས་གཞི་ནས་ལྷིང་འཇགས་ངང་མཉམ་དུ་བསྡད་འདུག ད་ལྟ་བསམ་ན་དེ་ནི་ལོ་ངོ་མང་པོའི་རྗེས་སུ་རེད་།

ངའི་སློབ་ཆུང་ལོ་རིམ་དང་པོ་ནས་ལྔ་བ་དབར་གྱི་བོད་ཡིག་གི་དགེ་རྒན་ཡང་ངའི་ཕ་རྒན་ཡིན། ངའི་ཕ་རྒན་གྱིས་སློབ་འཁྲིད་བྱེད་དུས་སྐད་གདངས་མཐོ། སྐད་གངས་མཐོ་བ་དེས། གཅིག་ནས་ང་ཚོས་ཁོང་གིས་གང་གསུངས་བ་གསལ་བོར་གོ་ཐུབ་པ་དང་གཉིས་ནས་དེ་ང་ཚོའི་དོ་སྣང་གཞན་ལ་མ་གཡེངས་བའི་སླད་དུ་ཡིན་པ་འདྲ། ཁོང་གིས་སློབ་མ་སུ་ཞིག་གིས་མིང་ཚིག་གི་གོ་དོན་ཚགས་མེད་དུ་འགྲེལ་ཐུབ་པ་དང་སློབ་ཚན་གྱི་བརྗོད་སྙིང་བློ་ལ་ངེས་ཐུབ་ན་དེ་ལ་གཟེངས་བསྟོད་བྱེད་པ་མ་ཟད་། རྒྱུན་དུ་སློབ་ཕྲུག་རེ་གཉིས་གྲལ་འགོར་སྐད་བཏང་ནས་སློབ་ཚན་ཁྲོད་ཀྱི་དུམ་མཚམས་རེ་གཉིས་སློབ་ཕྲུག་གཞན་དག་ལ་འགྲེལ་བཤད་བྱེད་དུ་འཇུག གལ་སྲིད་སློབ་ཕྲུག་དེས་འགྲེལ་བཤད་ཡག་པོ་མ་འཁྱོངས་ཚེ། ཁོང་གིས་བསྐྱར་དུ་སློབ་ཚན་དེ་ཀློག་ནས་འགྲེལ་བཤད་བྱེད་། སློབ་ཕྲུག་ཚོ་མིང་ཚིག་་གང་རུང་གི་ནང་དོན་ལ་བློ་དོགས་བྱུང་ཚེ། ཁོང་གིས་མིང་ཚིག་དེའི་མཆན་འགྲེལ་ནག་པང་དུ་འབྲི་བ་མ་ཟད་། མིང་ཚིག་དེ་ལ་དཔེ་བརྗོད་བཞག་ནས་གོ་དོན་དེ་སློབ་ཕྲུག་ཚོའི་བློ་ལ་ངེས་པར་བྱེད་། ཁོང་གིས་མིང་ཚིག་བློར་འཛིན་དེ་གཙོ་བོར་མི་འཛིན། མིང་ཚིག་གི་གོ་དོན་དེ་སེམས་ལ་ངེས་རྒྱུ་གཙོ་བོར་འཛིན། ལྷག་པར་དུ་སློབ་ཚན་གྱི་བརྗོད་སྙིང་སེམས་ལ་ངེས་རྒྱུ་དེ་གལ་ཆེ་ཤོས་སུ་བརྩི། འདི་ནི་ཁོང་གི་སློབ་ཁྲིད་བྱེད་ཐབས་གཙོ་བོ་དེ་ཡང་ཡིན།

ད་དུང་། ཁོང་གི་ཡིག་གཟུགས་ཧ་ཅང་ཡག དེའི་རྒྱུ་མཚན་གྱིས། བྲག་དམར་སློབ་ཆུང་གི་དུས་ཆེན་དང་མཛད་སྒོ་ཁག་གི་ཡིག་གཟུགས་འབྲི་མཁན་ཁོང་ཡིན། ཁོང་གི་ཡིག་གཟུགས་དེས་ཀྱང་སློབ་ཕྲུག་ཚོར་བོད་ཡིག་སྦྱངས་འདོད་ཀྱི་སྐུལ་མ་ཐེབས་ཡོད་། སྐབས་དེར་ང་ཚོའི་འཛིན་གྲྭ་དེར་སློབ་གྲྭ་ཁྱོན་ཡོངས་ནས་ཡིག་གཟུགས་ཡག་ཤོས་ཀྱི་སློབ་བུ་གསུམ་བྱུང་ཡོད་། ངས་ཕ་རྒན་ལ་ཡིག་གཟུགས་དེ་སུའི་རྩ་ནས་སྦྱངས་བ་ཡིན་ནམ་ཞེས་སྐད་ཆ་དྲིས་མྱོང་། ཁོང་གིས་ལན་དུ་། “ངས་ཡིག་གཟུགས་དེ་དགེ་རྒན་དང་མཁས་བ་དེ་འདྲའི་རྩ་ནས་སྦྱངས་བ་ཅང་མ་རེད་། སྔོན་ཆད་གྲོང་གསེབ་དུ་ཨ་མྱེས་ལ་མགར་ལས་རོགས་བྱེད་དུས་། ཟོར་བ་དང་གྲི་ཤུབས་སོགས་རྡུང་གི་ཡོང་མཁན་ཚོ་རེབ་གོང་གི་གྲོང་གསེབ་འདྲ་མིན་ནས་རེད་། ཁོང་ཚོའི་ཁྲོད་ན་སློབ་གྲྭར་འགྲོ་མྱོང་མཁན་དེ་འདྲ་འདུག དེ་ཚོར་ཡིག་གཟུགས་སྐོར་ཕར་སྐད་ཆ་དྲིས། ཁོང་ཚོས་གང་ཤེས་བ་དེ་ང་ལ་བྲིས། ངས་དེ་ཚོད་ལྟ་མང་པོ་བྱས། རིམ་བཞིན་རིམ་བཞིན་ཡག་པོ་ཆགས་པ་དེ་འདྲ་རེད་།” ཞེས་གསུངས། ཁོང་གི་ཡིག་གཟུགས་དང་བོད་ཡིག་འཁྲིད་ཐབས་གཉིས་ལེགས་པའི་རྐྱེན་གྱིས། བྲག་དམར་སློབ་ཆུང་གི་བོད་ཡིག་ཡག་པོ་དང་ཡིག་གཟུགས་ལེགས་པའི་སློབ་བུ་རྣམས་ཁོང་གི་འཛིན་གྲྭ་ནས་ཐོན་ཡོད་། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། ཁོང་གིས་ང་ཚོར་། “བོད་ཡིག་སྦྱངས་དུས་དྲེད་མོང་གིས་བྱི་བ་འཛིན་སྟངས་ལྟར་བྱེད་མི་ཉན། ད་ལྟ་གང་སྦྱངས་བ་དེ་མ་འོངས་པར་འཁྱེར་ནས་འགྲོ་རྒྱུ་ཡོད་པ་ཞིག་གལ་ཆེ་” ཞེས་ཡང་ནས་ཡང་དུ་གསུངས་མྱོང་།

དེ་ཡང་། ང་སློབ་ཆུང་འཛིན་རིམ་ལྔ་བ་ཡིན་པའི་ཞོགས་པ་ཞིག་ལ་ཁ་བ་བབས་ནས་སློབ་གྲའི་ཁོར་ཡུག་ཀུན་དཀར་ཐིང་ངེར་བཟོས་འདུག འཛིན་ཁང་གི་ཕྱི་རོལ་ན་ཁ་བ་ལེབ་མོ་ལེབ་མོ་བྱས་ནས་རླུང་གིས་འཁྱེར་བཞིན་འདུག ཞོགས་པའི་རང་སྦྱོང་གི་དྲིལ་བརྡ་བཏང་བ་དང་སློབ་གྲོགས་ཚོ་འཛིན་ཁང་ཏུ་འཛོམས། ང་ཚོ་རང་གི་འདུག་སྟེགས་སུ་བསྡད། ང་ཚོས་རང་སྦྱོང་དགེ་རྒན་ཡོང་བར་སྒུག་བཞིན་ཡོད། སྐར་མ་ལྔ་ལ་སྒུག སྐར་མ་བཅུ་ལ་སྒུག རང་སྦྱོང་དགེ་རྒན་སླེབས་མ་སོང་། སློབ་གྲོགས་འགས་ངའི་གདོང་ལ་བལྟས། རང་སྦྱོང་དགེ་རྒན་ངའི་ཕ་རྒན་ཡིན། ཞོགས་པ་དེར་ངའི་ཕ་རྒན་གྱིས་ཁྱིམ་ན་ཞོགས་ཟས་ཤིག་སྐོལ་བཞིན་ཡོད། ངས་ཕ་རྒན་རང་སྦྱོར་བལྟ་བར་མི་ཡོང་བ་ཤེས། འོན་ཀྱང་། ངས་འཛིན་གྲྭའི་པན་ཀྲང་དང་སློབ་གྲོགས་ཚོར་མ་ལབ། ངའི་སེམས་སུ་དགའ་སྣང་དང་འཚེར་སྣང་གཉིས་ཀ་སྐྱེས། དགའ་སྣང་ནི་ཕ་རྒན་གྱིས་ཁྱིམ་དུ་ང་ལ་ཞོགས་ཟས་སྐོལ་གི་ཡོད་པས་ཡིན། འཚེར་སྣང་ནི་སློབ་གྲོགས་རྣམས་ལ་ཕ་རྒན་རང་སྦྱོང་ལ་བལྟ་གི་ཡོང་གི་མིན་པ་དེ་ལབ་མ་སྤོབས་པས་ཡིན།

འཛིན་ཁང་དཀྱིལ་གྱི་ལྕགས་ཐབ་དེའི་ནང་ན་མེ་ལྕེ་དམར་ལྷོག་ལྷོག་ཏུ་འབར་བཞིན་འདུག ཕལ་ཆེར་ལྕགས་ཐབ་ནང་དུ་རིལ་མ་བླུགས་ཡོད་པ་འདྲ། རྒྱུ་མཚན། ཨོང་བ་ལས་རིལ་མ་འབར་ཤུགས་ཆེ། དགུན་ཁར། ང་ཚོའི་འཛིན་ཁང་གི་གསུམ་ཆ་གཅིག་དེར་ཨོང་བ་དང་རིལ་མས་ཁེངས་ནས་ཡོད། ཨོང་བ་རྣམས་བརྩིགས་ནས་ཡོད། རིལ་མ་རྣམས་སྒྱེ་ཁུག་ནང་ལ་བསྡམས་ནས་ཡོད། ལྷག་མ་གསུམ་ཆ་གཉིས་དེ་སློབ་མ་རྣམས་སྡོད་སའི་སྒྲོགས་ཙེ་དང་རྐུབ་སྟེགས་ཡིན། ཅུང་ཙམ་ནས། འཛིན་གྲའི་པན་ཀྲང་གིས། “ན་ར་ལ་ས་དྲག་མཐར་ཏེ།། ད་དེ་ག་ང་བ་མ་འ།།” ཞེས་ཀློག་འདོན་འགོ་བཙུགས་སོང་། ང་ཚོས་ཀྱང་། “ན་ར་ལ་ས་དྲག་མཐར་ཏེ།། ད་དེ་ག་ང་བ་མ་འ།།” ཞེས་པན་ཀྲང་གི་རྗེས་སུ་འབྲངས། སྐར་མ་བཅུ་ཕྱིན། ཉི་ཤུ་ཕྱིན། པན་ཀྲང་གི་སྐད་མགོ་དམའ་རུ་ཕྱིན་སོང་། ང་ཚོའི་སྐད་མགོ་ཡང་དམའ་རུ་ཕྱིན། འཛིན་ཁང་ཁུ་སིམ་མེར་གྱུར། ཕྱི་རོལ་ན་སྔར་བཞིན་ཁ་བ་འབབ་བཞིན་འདུག ག་ལེར། པན་ཀྲང་རང་གི་འདུག་སྟེགས་ནས་ལངས་སོང་། པན་ཀྲང་འཛིན་ཁང་དཀྱིལ་གྱི་ལྕགས་ཐབ་རྩ་ལ་ཕྱིན་ནས་རང་གི་ལག་པ་མེ་ལ་དྲོ་འགོ་ཚུགས་སོང་། སློབ་གྲོགས་རྣམས་ཀྱང་། གཅིག་རེ་གཉིས་རེ་བྱས་ནས་ལྕགས་ཐབ་རྩ་ལ་བཅར། ང་ཚོས་ལྕགས་ཐབ་ཀྱི་མཐའ་ནས་བསྐོར། ལྕགས་ཐབ་ནང་གི་མེ་ལྕེ་དེའི་འབར་ཤུགས་ལ་བལྟས། སློབ་གྲོགས་གཅིག་གིས། ལྕགས་ཐབ་ཀྱི་ཁ་གཅོད་སྒང་ལ་མར་རྡོག་རྡོག་ཅིག་གཡུགས། སློབ་གྲོགས་གཞན་ཚོས་སོ་སོའི་རུམ་གྱི་ཅོང་རྡོག་བླངས་ནས་མར་ལ་བསྣུན། གཅིག་གིས་བསྣུན། གཉིས་ཀྱིས་བསྣུན། གསུམ་གིས་བསྣུན། མར་རྫོགས་། མར་རྫོགས་ཤུལ་ན་ཅོང་རྡོག་ལྕགས་ཐབ་ངོས་སུ་འབྱར་བ་རྣམས་ཚིགས་བཞིན་འདུག ཞོགས་པའི་རང་སྦྱོང་གྲོལ་བའི་དྲིལ་བརྡ་བཏང་། སློབ་གྲོགས་ཚོ་ཕྱི་ལོགས་སུ་རྒྱུགས། ཁ་བའི་ནང་དུ་རྩེད་མོ་རྩེ་བར་རྒྱུགས། ང་ཡང་ཕྱི་ལོགས་སུ་རྒྱུགས། རང་གི་ཁྱིམ་ལ་ཞོགས་ཇ་འཐུང་བར་རྒྱུགས། ཕ་རྒན་གྱིས་ཁྱིམ་དུ་ང་ལ་སྒུག་ནས་ཡོད་།

ངས་མཁས་པ་དང་བླ་མ། དགེ་བའི་བཤེས་གཉེན་ཆེན་མོ་དེ་འདྲའི་ཞབས་ལ་གཏུགས་ནས་བོད་ཡིག་སྦྱངས་མ་མྱོང་། ངས་བོད་ཡིག་འབྲི་ཀློག་རང་རྐྱ་འཕེར་བ་འདི་ཕ་རྒན་གྱི་བཀའ་དྲིན་ལ་བརྟེན་ནས་ཡིན། ཁོང་གིས་ངེད་ཀྱི་རྒྱུད་ལ་བོད་ཡིག་གི་རྨང་གཞི་ཧ་ཅང་ཡག་པོ་ཞིག་བཏིངས་འདུག་སྙམ། ཚོར་བ་འདི་དེ་རིང་སང་ཉིན་ངའི་སེམས་སུ་ཡང་ནས་ཡང་དུ་སླེབས། ཁོང་གིས་ངའི་བོད་ཡིག་གཙུགས་ཆེན་ལ་འཛིན། གལ་སྲིད་འཛིན་གྲྭའི་ནང་གི་སློབ་བུ་གཅིག་གིས་བོད་ཡིག་རྒྱུགས་འབྲས་ང་ལས་མཐོ་བ་བླངས་ཚེ། ཁོང་གིས་ངེད་ཀྱི་བོད་ཡིག་ཡག་པོ་མི་འདུག་ཟེར་ནས་སྐྱོན་བརྗོད་ཀྱང་བྱེད་། ང་སློབ་ཆུང་འཛིན་རིམ་བཞི་པ་ཡིན་དུས་ང་ཚོས་ལེགས་བཤད་ལྗོན་བཟང་བློར་འཛིན་རྒྱུ་འགོ་ཚུགས། ལོ་རིམ་ལྔ་པའི་དབྱར་གནང་གི་སྐབས་སུ། ཕ་རྒན་གྱིས་ང་ལ་དཀའ་གནད་གསལ་བའི་མེ་ལོང་ཡང་བློར་འཛིན་དུ་བཅུག སྤྱིར་བཏང་བྱས་ན་དཀའ་གནད་གསལ་བའི་མེ་ལོང་དེ་འཛིན་རིམ་དྲུག་པའི་སློབ་ཕྲུག་ཚོས་བློར་འཛིན་གི་ཡོད་།

ངས་ཆུང་ངུའི་སྐབས་སུ་རང་གི་ཕ་རྒན་མཁས་བ་ཞིག་རེད་ཡང་བསམ་མྱོང་། རྒྱུ་མཚན། ངེད་ཚང་ན་བོད་ཡིག་གི་དཔེ་སྒྲོམ་གཉིས་ཡོད་། དེ་གཉིས་ཀར་སྒོ་ལྕགས་བརྒྱབ་ནས་ཡོད་། ངའི་སེམས་སུ་ཕ་རྒན་གྱིས་དཔེ་སྒྲོམ་དུ་ཡོད་པའི་དེབ་ཆ་ཚང་བཀླགས་པའམ་བྱང་ཆུབ་ཡོད་རེད་དྲན། ཕ་རྒན་གྱིས་ངེད་ཀྱི་ཕུ་བོ་གཉིས་ལ་ཡང་དཔེ་སྒྲོམ་ནང་གི་དཔེ་ཆ་དག་ལ་བལྟ་ཀློག་བྱེད་བཅུག་པ་ངས་མཐོང་མ་མྱོང་། ཡིན་ན་ཡང་། ང་འཛིན་རིམ་ལྔ་བ་ཡིན་དུས་ཕ་རྒན་གྱིས་དཔེ་སྒྲོམ་གྱི་ཁ་ཕྱེས་ནས་ངས་བལྟ་འདོད་པའི་དཔེ་ཆ་ལག་ཏུ་འཇོག་གི་རེད་། ཕ་རྒན་གྱི་བྱེད་སྟངས་དེས་ངའི་སེམས་སུ་དགའ་བ་ཚད་མེད་བསྐྲུན་མྱོང་། ངས་བོད་ཡིག་ལ་བཟུང་བའི་སྤྲོ་སྣང་དེ་ཡང་ཤུགས་ཆེ་རུ་ཕྱིན། དཔེ་སྒྲོམ་ནང་དུ་ཡོད་པའི་དཔེ་ཆ་ཁག་ནས་ངེད་ཀྱི་དྲན་ངོར་ཡོད་པ་དག་ནི། ཆུ་ངོགས་གཏམ་རྒྱུད་དང་གེ་སར་སྒྲུང་གླུ ཐོག་ཁང་དམར་པོའི་རྨི་ལམ། མཚོ་སྔོན་མང་ཚོགས་སྒྱུ་རྩལ། ཐང་སན་བླ་མའི་རྣམ་ཐར། མི་ལ་རས་པའི་རྣམ་ཐར་་སོགས་རེད་། ངའི་ཕ་རྒན་གྱིས་དེབ་དེ་ཚོའི་སྐོར་ལ་འདི་འདྲ་ཞིག་གསུངས། “ང་ཆུང་ཆུང་ཡིན་དུས་ནས་དཔེ་ཆ་ལ་ཧ་ཅང་དགའ། དཔེ་ཆ་ཀློག་མ་ཐུབ་རུང་ལག་ཏུ་བཟུང་ན་ཡང་སེམས་དེ་སྐྱིད་། ང་བྲག་དམར་སློབ་ཆུང་དུ་དགེ་རྒན་ཡིན་དུས་། རྫོང་ཐོག་ན་བོད་ཡིག་གི་དཔེ་ཁང་གཅིག་མ་གཏོགས་མེད་། དཔེ་ཁང་དེ་ལ་ཟླ་བ་བཞི་ལྔ་རེའི་བར་མཚམས་སུ། བོད་ཡིག་གི་དཔེ་ཆ་གསར་བ་གཅིག་རེ་བཙོང་རྒྱུ་ཡོད་། དཔེ་གོང་ཡང་མི་ཆེ། ངས་ཀྱང་དཔེ་ཆ་གསར་བ་ག་དུས་སླེབས་ན་ཉོས། ཉོས་བ་དེ་ཚོ་བོར་བརླགས་སུ་མ་བཏང་བར་དཔེ་སྒྲོམ་ནང་ཉར་བ་ཡིན།”

ལས་གནས་ཀྱི་ངོ་བོའི་ཐོག་ནས་ངའི་ཕ་རྒན་བོད་ཡིག་དགེ་རྒན་ཞིག་ཡིན་པ་མ་གཏོགས། ཁོང་ལ་ཡོད་པའི་ལྷན་སྐྱེས་ཀྱི་འཇོན་ཐང་དང་རྣམ་དཔྱོད་གཉིས་དེ་ལས་བརྒལ་ནས་ཡོད་། ཁོང་ལ་ཤིང་བཟོ་བ་དང་འཇིམ་བཟོ་བྱེད་པ། འཚེམ་བཟོ་བཅས་ཀྱི་ལག་རྩལ་ཡང་ཡག་པོ་ཡོད་། ང་ཚོ་སྤུན་སྲིང་དྲུག་གི་བོད་ལྭ་དག་ཁོང་གིས་བཙེམས་པ་མ་ཟད་ཨ་ཅེར་མག་པ་ལེན་དུས་ཀྱང་། ཨ་ཅེར་ཡོད་པའི་ཚར་ལྭ་དང་གོས་ལྭ། རས་ལྭ། ཕྲུག་ལྭ་བཅས་ཚང་མ་ཁོང་གིས་བཙེམས་པ་རེད་། ཁོང་གིས་དབྱར་གནང་དང་དགུན་གནང་གི་དུས་ཚོད་དག་བེད་སྤྱོད་བཏང་ནས་ལྭ་བ་དག་བཙེམས་པ་རེད་། དཔེར་ན། ད་ལོའི་དབྱར་གནང་གི་སྐབས་སུ་བཙེམས་མ་ཚར་ན། དེའི་འཕྲོ་དགུན་གནང་གི་སྐབས་སུ་བཙེམ་གི་རེད་།

ངེད་ཀྱི་ཕ་རྒན་ལས་འཁྱུར་ངལ་གསོ་བྱས་ནས་ཡུན་རིང་སོང་ཞིང་། ཁོང་གིས་དུས་ཚོད་ཕལ་ཆེ་བ་ཁ་བཏོན་དགེ་སྦྱོར་གྱི་སྒང་ལ་གཏོང་གི་ཡོད་ཟེར། ངས་དྲན་ཐོ་ཐུང་ཐུང་འདིའི་འགོ་མ་བསླངས་སྔོན་དུ་ཕ་རྒན་ལ་ཁ་པར་བཏང་བ་ཡིན། དེ་དུས་། ངའི་ཕ་རྒན་དང་ཨ་མ་གཉིས་ཕུ་བོ་འབྲིང་བ་དང་ལྷན་དུ་ནག་ཆུ་ན་མེ་འཁོར་ལ་བསྡད་དེ་ལྷ་སར་ཟླ་གཉིས་རིང་གི་མཆོད་མཇལ་ལ་འགྲོ་གི་ཡོད་ཟེར། ཁོང་གིས་བསྐྱར་དུ་། “ཁྱོད་ཕ་ཡུལ་དུ་ག་དུས་ལོག་ཐུབ་གི་རེད་དམ་”ཞེས་དྲིས་བྱུང་།

ཟུར་མཆན།
གོང་ཧྲེ། སྤྱི་ཁང་།
པན་ཀྲང་། འཛིན་གྲྭའི་རྒན་བདག
སྤྱི་ལོ་༢༠༡༤ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཨ་རིའི་ནེའུ་ཡོག་ཏུ་མཇུག་གྲུབ།

དྲན་ཐོ།

Post navigation

Previous Post: ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།
Next Post: ཨེ་མ་ཧོའི་གླིང་ཁ་ལ་ཕུལ་བ་དྲང་སྲོང་བདེན་ཚིག་ཅེས་བྱ་བ།

Comments (35) on “ཁྱོའི་ཕ་རྒན་སུ་ཡིན།”

  1. ཚེ་བཀྲ says:
    2014-02-11 at 1:05 am

    རྩོམ་ཡག་ཞིག་བྲིས་འདུག མུ་མཐུད་དུ་་་་་་

  2. གནམ says:
    2014-02-11 at 1:31 am

    ཅོང་རྡོག་གི་དོན་མ་གོ་ཐལ། ཚང་མ་བཀླགས་ཡིན། ཕའི་མྱི་གཤིས་དང་རྣམ་དཔྱོད་གཉིས་ཀ་གསལ་སོང་།

  3. ཀ་ཁའི་རྫི་བོ། says:
    2014-02-11 at 1:32 am

    རྩོམ་ཡིག་ཚོར་བ་སློང་སྤྱད་ཅིག་བྲིས་འདུག ཐུགས་རྗེ་ཆེ། གང་མགྱོགས་ཁྱེད་ཕ་བུ་ལྷན་འཛོམས་ཡོང་བར་སྨོན།

  4. གནམ says:
    2014-02-11 at 1:40 am

    སེམས་སུ་གསལ་སོང་། ཨོ། རེད། དངོས་གནས་བོད་ལ་ཅིག་འགྲོ་དགོས་རེད་ད། ཨ་རི་ཚང་ལ་སྐུ་མཁྱེན་ཞུ་ཤེས་ན་ཐུགས་སུ་བཟུང་བ་དེ་འདྲ་གོ་མྱོང་། ལམ་འགྲོ་རྒྱུག་པར་བཀྲ་ཤིས་བདེ་ལེགས་ཡོད།

  5. བོད་ཞེན་པ་ནས། says:
    2014-02-11 at 2:07 am

    དགའ་པོ་བྱུང། ངེད་ཀྱི་ཆུང་ངུའི་དུས་ཀྱི་མི་ཚེ་དེའང་དྲན་གསོ་ཞིག་བྱུང་། གཅིག་འབྲི་དགོས་བསམ་ཡང་དུས་ཚོད་མི་འདུག ད་ལས་ཀར་འགྲོ་རན་སོང་།

  6. དགའ་སྐུ་ says:
    2014-02-11 at 3:21 am

    ཁྱེད་ཀྱི་ཕ་རྒན་གཙོས་ནང་མི་རྣམས་གང་མྱུར་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 3:27 am

    ང་ལ་ནི།
    ཁྱོའི་ཕ་རྒན་སུ་ཡིན།
    ལས།
    ཁྱོད་ཀྱི་ཕ་རྒན་སུ་རེད།
    འདི་དག་པར་མཐོང་སོང་།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 3:38 am

    ལ་དྭགས་པ། ལ་དྭགས་པ། ལ། དག་ས་པ། ཞེས་ཀློག

    ཟངས་དཀར་པས། ཟངས་དཀར། ལ། ཟང་སས་དཀར། ཞེས་ཀློག

    གར་ཞ་པས། སྦྲང་ས། ལ། ས་བ་རང་ས། ཞེས་ཀློག་པར་གོ

    འདི་དག་བདེན་ན། རྒན་འཇམ་དཔལ་ལགས་ཀྱིས་གསུངས་པ་ལྟར། སྔར་ཐུ་མིའི་སྐབས་ནས། ཀློག་དང་སྦྱོར་འདྲེས་མའི་ཀློག་སྟངས་ཅིག་ཡོད་པར་ངེས་ཤིང་། སྒྲ་གདངས་དེས། དག་ཆ་འབྲི་སླ་བ་ལ་ཕན་པ་ཅིག་ཡོད་ངེས་ཀྱང་། དིང་གི་ཀླད་གསར་ཧོལ་རྒྱུག་ཅན་ལ་ཇི་ལྟར་ཕན་ཐུབ་བམ། ལགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 3:40 am

    ཀློག་པར་གོ ཞེས་པ་འདི། འདི་དག་གི་ཁ་སྐད་ལ་འདུག་ཞེས་པའོ་དོན་ནོ།།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 3:44 am

    ཀློག་དང་སྦྱོར་འདྲེས་མའི་ཀློག་སྟངས་
    འདི།
    ཀློག་དང་སྦྱོར་ཀློག་འདྲེས་མའི་ཀློག་སྟངས་

  11. གནམ says:
    2014-02-11 at 4:41 am

    ཀརྡོ་ལགས། སྲིད་སྐྱོང་གི་ཁྱད་ཁྲིད་ཀྱི་འོག་ལ་མཆན་ཞིག་བཞག་ཡོན། དེ་ལ་ལན་ཁུར་ཤོག།

  12. གནམ says:
    2014-02-11 at 4:57 am

    བོད་ཞེན་པའི་ཁ་ནང་ན་དེ་འདྲ་ཞིག་མ་གཏོགས་ཅི་ཡོད། ལས་ངན་འདི་ལ་ཁ་ངན་པ་འདི་འདྲ་ཡོད་པ་རེད། ད་དུང་མྱིང་ལ་བོད་ཞེན་ཡིན་ན་ཅིག། ཚོགས་མ་བསགས་རྒྱོ་རང་རེད། ཧ་ཧ་ཧ། ཁ་འདུག་མ་ཐུབ་ན། ངས་ནི་འདི་འདྲ་བཤད་རྐྱང་ཡིན། ཁ་རྒོད་ཁོག་ཡང་ཞིག་མིན་དུས། ཁྱོད་འདྲ་མོ་སྨྱོ་ན་ཐང་ཡ། ཧ་ཧ་ཧ།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 8:54 am

    གནམ་ལགས།
    དམ་སྒྲག་དང་དམ་དྲག་གཉིས་ཀྱི་སྐོར་ལ་ཚིག་མཛོད་དག་པར་ཅིག་ལ་སྤྱན་ཟུར་ཅིག་གཟིགས་དང་།

  14. གསར་བུ། says:
    2014-02-11 at 8:56 am

    སྤྱིར་བཏང་བཤད་ན་བརྗོད་བྱ་འདི་ལྟ་བུ་ཧ་ཅང་འབྲི་དགོས་བའི་རིགས་ཤིག་རེད། ཡིན་ཡང་ད་དུང་ཚིག་སྦྱོར་གྱི་ཆ་ནས་མི་འདང་ས་མང་གི

  15. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2014-02-11 at 5:15 pm

    ཁྱེད་ཚོ་རེ་གཉིས་ལ་ངེད་ཀྱི་ཕ་རྒན་སྐོར་གྱི་དྲན་ཐོ་འདི་ཀློག་སྤྲོ་བོ་བྱུང་བར་བཀའ་དྲིན་ཆེ། དྲན་ཐོ་གཞན་པ་འགའ་ཡང་ཡོད་ཅིང་དེ་ཚོ་མ་འོངས་པར་ག་ལེར་ག་ལེར་འབྲི་གི་ཡིན། འུ་ཚོ་ཚང་མར་དྲན་ཐོ་ཡོད་ཅིང་། དྲན་ཐོ་དེ་དག་ཡིག་ངོར་ཕབ་རྒྱུ་ཧ་ཅང་གལ་ཆེར་མཐོང་། བོད་ཀྱི་དེང་རབས་རྩོམ་རིག་ལ་ཡང་དྲན་ཐོ་ཟེར་བ་འདིའི་ཕྱོགས་ན་སྟོང་ཆ་ཆེན་པོ་ལྷག་ནས་འདུག (འདི་ང་སྒེར་གྱི་བསམ་ཚུལ་ཡིན)
    ཞོར་ནས་ངེད་ཀྱི་ཚིག་སྦྱོར་སྤེལ་སྟངས་ནི།
    ༡)བརྗོད་པ་ཐུང་བ།
    ༢)ཀློག་མྱུར་བ་དང་གོ་བདེ་བ།
    ༣) དོན་འདུས་བ་བཅས་ཡིན།

  16. གནམ says:
    2014-02-11 at 9:53 pm

    ཅོང་རྡོག་གི་དོན་མ་གོ་ཐལ། ཅི་རེད། འགྲེལ་ཞིག་རྒྱོབས་དང་།
    དྲིས་རྒྱོ་མི་བཤད་པར། མ་དྲིས་རྒྱོས་ངོམ་སོ་བྱེད་ཁུལ་བྱས། ཅི་རེད། འོན་པ་ཟིག་མིན་ནི་ཨ། ལན་ཞིག་ཤོད།

  17. གཞོན་ནུ་ཟླ་མེད says:
    2014-02-11 at 10:58 pm

    བྲིས་པ་དང་དྲན་ཚུལ་ཚང་མ་ཡག་པོ་འདུག ནང་མི་ལྷན་འཛོམས་ཀྱི་སྐྱིད་སྣང་དེ་གང་མགྱོགས་ཤར་བར་ཤོག

  18. ཀརྡོ་གཉེར་ཕྱག་པ་ says:
    2014-02-12 at 1:02 am

    ངས་བྱས་ན།

    ང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་བཅུ་བཞི་ལྷག་འགྲོ་གི་འདུག
    འདི།
    ང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་བཅུ་བཞི་ལྷག་འགྲོ་བགྱིད་འདུག

    ཁྱོད་ག་དུས་ཕ་ཡུལ་དུ་ཡོང་ཐུབ་རྒྱུ་རེད་དམ།
    འདི།
    ཁྱོད་ག་དུས་ཕ་ཡུལ་དུ་ཡོང་ཐུབ་བགྱི་རེད། ་་ག་དུས་ཞེས་པའི་དྲི་ཚིག་་་་་ ཡོད་ཙང་་་་ དམ་སྒྲ་འདི་མི་དགོས།

    ཁྱིམ་མི་ཚང་མས་ཁྱོད་ལ་སྒུག་ནས་ཡོད་ནི་རེད་།
    འདི།
    ཁྱིམ་མི་ཚང་མས་ཁྱོད་ལ་སྒུག་ནས་སྡོད་བགྱིད་ཡོད་རེད།

    བསམ་འཆར་ཙམ་རེད།

  19. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-02-12 at 3:04 am

    ཅོང་རྡོག་ནི་ད་ལྟ་ང་ཚོས་ཏྲེན་མོག་ཅེས་འབོད་བཞིན་པའི་གྲོ་ཕྱེའི་ཟས་རིགས་དེ་རེད། བོད་ཀྱི་ས་ཁུལ་འདྲ་མིན་དུ་འདི་ལ་འབོད་སྟངས་སྣ་ཚོགས་ཤིག་ཡོད་པ་འདྲ། ངའི་ཕ་ཡུལ་དུ་དེ་ལ་ཕྱེ་ཐོ་ཞེས་སུ་འབོད།

    ལོ་མང་བོར་ཅོང་རྡོག་ཟེར་བ་དེ་ངས་སྐད་རིགས་གཞན་ནས་ཟུར་ཆགས་པ་རེད་དྲན་མྱོང་། འོན་ཀྱང་། རྗེས་མ་བཀའ་འགྱུར་ཀྱི་འདུལ་བའི་གླེགས་བམ་ནང་དུ་དགེ་འདུན་པའི་བཟའ་བཏུང་རིགས་ཀྱི་སྐོར་གསུངས་སྐབས་ཅོང་ཞེས་པའི་ཚིག་དེ་ཡང་ཡང་སླེབས་བཞིན་འདུག་ལ་དེའི་ནང་དོན་ཡང་ཏྲེན་མོག་གི་དོན་རེད།

  20. གནམ says:
    2014-02-12 at 7:11 am

    ཨ་ལེ། ང་ཚོའི་ས་ནས་རླངས་བཙོས་ཟེར། ཅོང་རྡོག། ཕྱེ་ཐོ། དབྱངས་ཅན་དགྱེ་བློ་ལགས། ལྷག་དུ་བཀའ་འགྱུར་ནང་ལ་བཀོལ་ཡོད་ནི་ཟིག་ཡིན་ན། ༼ལ་དྭགས་རྒན་དགའ་པོ་ཞེ་པོ་བྱེད་སྲིད་པ་རེད་ལེགས།༽ ཧ་ཧ་ཧ། ཐུགས་རྗེ་ཆེ། ཨམ་སྐད་ཡིན་ན་ཨ་མདོ་བས་མ་གོ་ན། ངོ་ཚ་བོ་ཡོད་ཀི་ཡ།

  21. གཞོན་ནུ་ཟླ་མེད says:
    2014-02-12 at 7:47 am

    ཏྲེན་མོག ཡི་གེ་འདི་མ་དག་པ་རེད། ཕྲུ་མོག་ཟེར་དགོས། རྣམ་འགྲེལ་རྩ་བ་བོད་ལ་བསྒྱུར་སྐབས། ཕྲུ་བའི་འབྲས་ནི་ཚོས་པ་བཞིན།། ཞེས་གསལ།

  22. གཞོན་ནུ་ཟླ་མེད says:
    2014-02-12 at 7:49 am

    ཕྲུ་བ་ནང་དུ་བཙོས་པའི་འབྲས་ལ་ཕྲུ་བའི་འབྲས། ཕྲུ་བ་ནང་དུ་བཙོས་བའི་མོག་མོག་ལ་ཕྲུ་མོག ཟེར་དགོས་ས་རེད་སྙམ།

  23. གཞོན་ནུ་ཟླ་མེད says:
    2014-02-12 at 7:53 am

    ཀརྡོ་འདིས་བརྡ་སྤྲོད་སྐོར་ལ་བཀའ་སློབ་མང་ཙམ་གསུངས་ཐུབ་ན་ཡག་ས་རེད། དེ་མིན་ཁ་ཤས་ཀྱི་མ་ཤེས་པར་འབྲི་བ་དང་། ཡང་ཁ་ཤས་ཀྱིས་ཤེས་ན་ཡང་ངན་པ་རྒྱུན་འབྱམས་སུ་སོང་ནས་འབྲི་མཁན་མང་ཙམ་འདུག་གོ

  24. གཞོན་ནུ་ཟླ་མེད says:
    2014-02-12 at 7:55 am

    རིག་འབྱུང་གི་རྩོམ་ཡིག་འདི་འདྲ་མང་ཙམ་འབྲི་ཐུབ་ན་ཡག་ས་རེད། འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་རྩོམ་ཡིག་མང་བོ་མཐོང་རྒྱུ་ཡོད་ན་ཡག་པོ་འདུག

  25. གནམ says:
    2014-02-12 at 8:00 am

    མིང་འདི་ད། རོ་གྲེ་ཡིན་ན་ཅིག་ཟེར་བ་དེ་ནས་ཡོང་བ་ཡིན་པ་འདྲ། ཕྱེད་རྒྱ་གར་སྐད་༼གྲེ༽་དང་ཕྱེད་བོད་སྐད་༼མོག༽་གཉིས་སྦྱར་བ་ཡིན་པ་འདྲ་བསམ་སོང་། གཞོན་ནུ་ཟླ་མེད་ལགས། རོ་ཕྲུ་ཟེར་ན་ཐང་། ངའི་ཧིན་དི་ཆག་རྒྱོའི་སྒྲ་ལ་རོ་གྲེ་འདྲ་ཟིག་ཐོན་གི།

  26. གཞོན་ནུ་ཟླ་མེད says:
    2014-02-12 at 8:11 am

    རྒྱ་གར་གྱི་རོ་གྲེ་རླངས་བཙོས་མིན་པ། འབྲས་རླངས་པ་ལ་བཙོས་པ་ཡོད་པ་རེད་ལ་ཆུ་ལ་བཙོས་པ་ཡང་ཡོད་པ་རེད། རོ་གྲེ་ནི་ཆུ་བཙོས་དང་རླངས་བཙོས་གང་ཡང་མིན་པ། གནམ་ཐུང་ཀྲི

  27. གནམ says:
    2014-02-12 at 8:22 am

    གོ་ནོར་སྤྲད་འདུག། རོ་གྲེ་ནི་གོ་རེ་འམ་འཁུར་བ་ལ་གོ་བས། གོ་རེ་མོག་མོག་གམ། འཁུར་བ་མོག་མོག། འཁུར་མོག། གོ་མོག། གྲེ་མོག། བསམ་ཚུལ་ཙམ་ཞུས་པ་ཡིན། གཞོན་ནུ་ཅོ་ཧྲི་ལགས།

  28. ཀརྡོ་གཉེར་ཕྱག་པ་ says:
    2014-02-12 at 9:56 am

    ཕྲུ་མོག་རང་དག་པ་འདུག

  29. ཉི་རྒན says:
    2014-02-12 at 10:09 am

    བོད་ཞེན་པ་ལགས་ཁྱེད་ཆུང་ངུའི་དུས་ཀྱི་མི་ཚེ་དེ་འདྲ་རང་ཨ་ཡིན་ན།

  30. གསར་བུ། says:
    2014-02-12 at 1:24 pm

    རིག་འབྱུང་གིས་ད་དུང་མང་པོ་ཞིག་དྲན་པའི་ངོས་སུ་མེད་པ་འདྲ། ངའི་རོགས་པ་ཞིག་གིས་བཤད་ན་ཁྱོད་གྲྭ་ལོག་ཅིག་ཡིན་ནི་རེད་ཟེར་གི དེ་ངོ་མ་བདེན་ན་སྒར་དགོན་པ་ནས་ཅིག་ཅིག་ཉིག་ཉིག་བྱས་པ་མང་པོ་མང་པོ་ཞིག་འདིར་མི་འདུག ཡིན་ཡང་ཐེངས་རྗེས་མའི་ནང་ཡོང་གི་རེད་ལྦ།

  31. རིག་འབྱུང་དོན་གྲུབ་བཀྲ་ཤིས says:
    2014-02-12 at 4:27 pm

    དང་པོ།
    ཅོང་རྡོག་གི་སྐོར་དེ་ལ་གཞོན་ནུ་ཟླ་མེད་སོགས་ཀྱིས་བསམ་ཚུལ་ལྷུག་པོ་གནང་འདུག་པས་ང་ལ་ཞུ་རྒྱུ་དམིགས་བསལ་མི་འདུག དེའི་སྐོར་ལ་ཁོང་ཚོ་ང་ལས་མཁྱེན་རྒྱ་ཡངས་བ་དང་ཤེས་བྱ་མང་བ་འདུག

    གཉིས།
    བརྡ་སྤྲོད་ཀྱི་ཕྱོགས་ལ། ཀརྡོ་གཉེར་ཕྱག་པར་བསམ་ཚུལ་ཡོད་ཡོད་པ་འདྲ་ཞིག་རེད། སྔོན་ཆད་ནས་དེ་ལྟར་རེད། ཉིད་ཀྱི་བསམ་ཚུལ་ལ་གུས་ཞབས་ཡོད། འོན་ཀྱང་། མོས་མཐུན་མེད།

    གསུམ།

    ང་ཚོ་སློབ་གྲྭ་བ་རྣམས་ལ་གྲྭ་ལོག་རེད་ཟེར་མཁན་གྱི་རྒྱང་གི་གྲོགས་པོ་གསར་བུ་སོགས་ལ་ཅང་ཞུ་རྒྱུ་ལྷག་མི་འདུག

  32. འདྲེ་རྐང་ཐོ། says:
    2014-02-13 at 2:14 am

    གཞོན་ཟླ་ལགས་་་ཕྲུ་བའི་དོན་ཅི་རེད་དམ་་་ཉིད་ཀྱིས་དྲངས་པའི་རྣམ་འགྲེལ་རྩ་བ་བོད་ལ་བསྒྱུར་སྐབས། ཕྲུ་བའི་འབྲས་ནི་ཚོས་པ་བཞིན།། ཞེས་པའི་ཚིག་ཟུར་ལ་བལྟས་ན་ཅ་དངོས་ཤིག་མིན་འགྲོ་བསམ་བསམ་ཞིག་བྱུང་་མ་ཤེས་ནས་དྲིས་པ་ཡིན།
    རིག་འབྱུང་བའི་རྩོམ་ཡིག་དཔེ་ཡག་པོ་འདུག་་་བཀའ་དྲིན་ཆེ་་་

  33. གཞོན་ནུ་ཟླ་མེད says:
    2014-02-13 at 1:13 pm

    འདྲེ་རྐང་ཐོ། ཕྲུ་བའི་དོན་ནི་ཚིག་མཛོད་ཆེན་མོ་ན་འདི་ལྟར། རྫ་སྣོད། མིང་གི་རྣམ་གྲངས་ལ་ཁོག་མ་དང་། ཁོལ་མོ། བཙོ་རྫ། ཟན་རྫ། གཡོ་སྣོད་བཅས་སོ། ཟེར་ནས་གསལ་འདུག་པ་དེ་ལྟར་རོ།

  34. གཞོན་ནུ་ཟླ་མེད says:
    2014-02-13 at 1:19 pm

    རྟགས་རིགས་ཀྱི་ནང་དུ་ལྷག་ལྡན་མ་ངེས་པའི་གཏན་ཚིགས་ཟེར་བ་ཞིག་ཡོད། དེ་འགོད་སྐབས། ཕྲུ་བ་གཅིག་གི་ནང་དུ་བཙོས་པའི་འབྲས་ལྷག་མ་རྣམས་ཆོས་ཅན། ཚོས་བ་ཡིན་ཏེ། ཚོས་བའི་འབྲས་དེ་དང་ཕྲུ་བ་གཅིག་གི་ནང་གི་ནང་དུ་བཙོས་པའི་ཕྱིར་ཟེར་ནས་ཕྱི་རོལ་བས་རྟགས་འགོད་པར། རྣམ་འགྲེལ་རྩ་བ་ལས། ཕྲུ་བའི་འབྲས་ནི་ཚོས་བ་བཞིན།། གསུངས་ཡོད། དེ་རང་ལུགས་ལ་རྟགས་ཡང་དག་མ་ཡིན་པར་ལྷག་ལྡན་མ་ངེས་པ་ཡིན་པར་སྟོན་པ་ལ་རྣམ་འགྲེལ་རྩ་བར། ཡུལ་ལ་སོགས་པའི་ཁྱད་པར་ལས།། རྫས་ལ་ནུས་པ་ཐ་དད་སྣང་།། གསུངས་ཡོད། ད་ཁྱོད་ཚོ་ལ་གཞུང་གི་དོན་ལ་རེ་བ་མེད་ཀྱང་། བརྡ་གསར་རྙིང་གི་དོན་ལ་ཅུང་ཟད་རེ་བ་ཡོད་འདྲེ་རྐང་ཐོ་ལགས།།

  35. གཞོན་ནུ་ཟླ་མེད says:
    2014-02-13 at 1:22 pm

    རིག་འབྱུང་གི་མགོ་དེ་གྲྭ་མགོ་འདྲ་ཙུག་རེད་མ་གཏོགས། གྲྭ་བ་ཡིན་ནི་མ་རེད་ཀོ་ཨ་རོགས་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme