Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་ངའི་སད་ལ་ཉེ་བའི་རྨི་ལམ་ཡིན།

Posted on 2015-08-032015-08-03 By ཁ་བརྡ་ 3 Comments on ཁྱོད་ངའི་སད་ལ་ཉེ་བའི་རྨི་ལམ་ཡིན།

unnamed-5—–ཁང་ཟླ་སྲས།

(བརྗོད་བྱ། ཉེ་ཆར་དབྱིན་ཇིའི་སྒྲུང་དེབ་བརྒྱ་བཀླགས་ཟིན་པའི་གྲོགས་པོ་ཞིག་གླེང་བ།)

དང་པོ། མཉམ་གཤིབས་ཀྱི་འཚོ་བ་ཕྱིར་དྲན།

གཞོན་སྐྱེས་རྩོམ་པ་པོ་སྨྲ་བའི་ཏོག་གམ། ཡོངས་གྲགས་སུ་ཀུན་དགའ་རིན་ཆེན་ནི། ལོ་མང་སྔོན་ནས་ས་སྐྱ་མཐོ་སློབ་ཏུ་ཡུན་རིང་མཉམ་གཤིབ་བྱས་པའི་སློབ་གྲོགས་རྙིང་པ་ཞིག་ཡིན། དེ་དུས་ནས་རིག་རྩལ་ཆེ་ཞིང་། རྟོག་འགྱུ་རྒོད་པས་ཁོང་གི་བྱ་སྤྱོད་མང་པོ་ཞིག་གི་ཐད་ཀུན་གྱི་དོ་སྣང་བྱེད་ཀྱི་ཡོད། ལྷག་པར་དུ་རྩེད་རིགས་ལ་དགའ་བར་མ་ཟད་སྟེགས་གྲུག་སྤོ་ལོའི་རྩེད་འགྲན་ཐད་ནས་ཁོང་ལ་དོ་ཟླ་ཧ་ལམ་མེད་པས། སློབ་གྲོགས་ཚོས་ཁོང་ལ་སྐུ་ཞབས་སྟེགས་གྲུག་སྤོ་ལོ་མཁན་ཞེས་འབོད་ཀྱི་ཡོད། དེ་སྐབས་ཤིག་ནས་ཁོང་ཤ་རྒོད་བཟོ་བར་དབྱིངས་ཞུགས་ཏེ་གུང་སེང་སྐབས་དཀའ་ངལ་ཆེན་པོས་རང་ཉིད་ཧོ་ལིའི་ཧོ་ཌའི་གློག་བརྙན་འཁྲབ་སྟོན་པ་ཚོ་དང་འདྲ་བའི་ཕོ་རྒོད་བརྗིད་ཉམས་ཅན་ཞིག་བཟོ་རྒྱུར་འབད་པ་ཆེན་པོ་བྱས་པས། དེ་སྐབས་ཀྱང་གྲུབ་འབྲས་ཀྱི་ཐད་ནས་སློབ་གྲོགས་ཚོས་ཁོང་ལ་སྐུ་ཞབས་ཨ་ནོར་ཞེས་འབོད་དགོས་བྱུང་བ་རེད།
ཡུན་རིང་མ་འགོར་བར་མཐོ་སློབ་ཏུ་བོད་ཀྱི་སྙན་ངག་པ་གྲགས་ཅན་རཀ་ར་སྤྲུལ་སྐུ་སྙན་ངག་འཆད་ཁྲིད་ཆེད་གདན་ཞུ་བྱས་པས། དེ་ནས་བཟུང་སྐུ་ཞབས་ཁོང་སླར་ཡང་སྙན་ངག་འབྲི་བར་དབྱིངས་ཞུགས་ཏེ་ཟ་ཞོར་འཐུང་ཞོར། ཐ་ན་སྤོ་ལོ་རྩེ་སར་ཡང་སྙན་དེབ་ཁུར་ནས་འགྲོ་བའི་དུས་ཚོད་ཅིག་བྱུང་བ་རེད། འདི་དག་ནི་ངས་ལོ་ཤས་རིང་མིག་མཐོང་ལག་ཟིན་ཏུ་གྱུར་པའི་གྲོགས་པོ་དེའི་རྒྱུན་སྤྱོད་ཀྱི་འཚོ་བའི་ཟུར་ཙམ་རེད། དེ་སྐབས་ཤིག་ནས་ཁོང་གིས་མཐོ་སློབ་ཀྱི་འཛིན་སྐྱོང་ཐད་རྒོལ་རྩོམ་ཡིག་ཅིག་བྲིས་པས་སྟབས་ཉེས་པ་ཤིག་ལ་དེ་ནས་བཟུང་ཁོང་མཐོ་སློབ་དང་ཁ་འབྲལ་དགོས་བྱུང་། འདི་དག་ནི་ངེད་གཉིས་མཐོ་སློབ་ཏུ་ཡོད་སྐབས་ཀྱི་འདས་དོན་ཕྱིར་དྲན་བྱས་པའི་སྣང་བརྙན་རེད།

 

གཉིས་པ། ཁོང་དང་། ཁོང་གི་བརྩམས་ཆོས།

ཕྱི་ལོ་ ༢༠༠༣། ལོར་དཔལ་རྫོང་སར་བཤད་གྲྭར་རིགས་གཏེར་དགུན་ཆོས་སྐབས་༧མཁན་རིན་པོ་ཆེ་ཀུན་དགའ་དབང་གིས་ཐུགས་དགོངས་བཞིན་ཆོས་རྗེ་ས་པཎ་གྱི་དགོངས་རྫོགས་ནུབ་མོར་རྩོམ་ཡིག་བཀླག་རྒྱུའི་སྐལ་བཟང་ཐོབ་པ་ནི། ང་ཚོར་མཚོན་ན། རང་གིས་བྲིས་པའི་རྩོམ་ཡིག་ཅིག་འདུས་པ་བརྒྱ་ཕྲག་མང་པོའི་དབུས་སུ་ཀློག་རྒྱུའི་གོ་སྐབས་ཆེས་ཐོག་མ་དེ་རེད། དེ་སྐབས་ང་ཚོ་ལོ་ན་ཆེན་པོ་མིན་ནའང་། ལྷན་སྐྱེས་ཀྱི་སྤོབས་པའི་ཐད་ནས་རང་ཉིད་ཅིག་ཡིན་སྙམ་པའི་རྨི་ལམ་གཏོང་སྐབས་རེད། མཚན་མོ་དེར་གྲོགས་པོ་ཁོང་གིས་ཀྱང་རྩོམ་ཡིག་ཅིག་བཀླགས་པ་ནི་ངས་ཁོང་གི་རྩོམ་ཡིག་གོ་བ་ཐོག་མ་དེ་ཡིན། དེ་རྗེས་གྲོགས་པོ་གང་གིས་ན་ཆུང་སློབ་མ་ཚོའི་ཆེད་དུ་བརྩམས་ཤིང་། སྒྱུ་རྩལ་རང་བཞིན་གྱི་རི་མོ་ཡང་གསར་འབྲི་གནང་སྟེ་ཆོས་རྗེ་ས་པཎ་གྱི་རྣམ་ཐར་ཞིག་དཔར་དུ་བཏབས་པ་དེ་བཙན་བྱོལ་ནང་བྱིས་པའི་བློ་རྩལ་ལ་དཔགས་པའི་རྣམ་ཐར་གྱི་བརྙན་རིས་རི་མོ་ཐོག་མའི་གྲས་ཤིག་ཏུ་བརྩི་ཆོག་པར་སྙམ།

ཁོ་བོ་ཡང་བརྩམས་ཆོས་དེ་དག་ལ་རོལ་མྱོང་བྱེད་རྒྱུ་བྱུང་བར་མ་ཟད། ངེད་སྡོད་གནས་ཁ་ཁར་གྱུར་ཟིན་པའི་རྗེས་དག་ཏུ་ཡང་རིག་གནས་ཀྱི་ངོས་ནས་ཕན་ཚུན་བར་བསམ་ཚུལ་བརྗེ་རིས་དང་། ངེད་གཉིས་ཀས་རང་རང་ས་ནས་རྩོམ་སྒྲིག་གི་ལས་དོན་གཉེར་བཞིན་པའི་ཆ་ནས་ཕན་ཚུན་བར་རྩོམ་ཡིག་བསྐུར་རེས་ཀྱང་བྱེད་མྱོང་། ལྷག་པར་དུ་ཕྱི་ལོ་ ༢༠༠༦། ལོར་གྲོགས་པོ་གང་གི་སྙན་དེབ་ཐོག་མ་ << དུང་སེམས་ཀྱི་རླབས་ཕྲེང་ >> མི་ཡུལ་དུ་ཐོན་པའི་སྔ་རྗེས་སུ་བཅད་ལྷུག་སྤེལ་མའི་རང་བཞིན་ཅན་གྱི་བརྩམས་ཆོས་སྣ་མང་ཞིག་སྤེལ་ཡོད། དེ་བས་ཀྱང་ཁོང་གིས་རྩོམ་སྒྲིག་བྱེད་བཞིན་པའི་ཟླ་འོད་གཞོན་ནུའི་གཞོན་ནུའི་དུས་དེབ་སྟེང་ནས་ཁོང་གི་མ་འོངས་པའི་རྩོམ་འབྲི་དམིགས་ཡུལ་གཙོ་བོ་བརྩམས་སྒྲུང་རིང་མོ་འགའ་འབྲི་རྒྱུའི་ཐད་འཛིན་བཞིན་པའི་ཚོར་བ་ཞིག་ཀྱང་ཁོ་བོར་བྱུང་མྱོང་། ད་དུང་ཁོང་ནི་དཔེ་ཀློག་དང་རྩོམ་འབྲིའི་ཞོར་ནས། རོལ་མོའི་རིག་པ་དང་། འཆར་ཡན་གྱིས་བློས་བླངས་བྱས་པའི་རི་མོ་འབྲི་བ། སྒྱུ་རྩལ་གྱི་པར་རྒྱག་པ་དང་། གློག་བརྙན་འཆར་འགོད་དང་། དཔེ་དེབ་དང་། དུས་དེབ་བཟོ་བསྐྲུན། སྒྲིག་སྦྱོར་སོགས་ཀྱི་ཐད་ཡུན་རིང་འབད་པས་སྦྱང་བའི་ཆད་ལས་པ་ཞིག་ལས་ཀྱང་ཁོང་ལེགས་པར་སྙམ་མྱོང་།

ལོ་ཤས་སྔོན་ཁོང་གིས་བཟོ་བསྐྲུན་བྱས་པའི་སྐར་མ་བཅུ་ཅན་གྱི་བརྙན་ཐུང་ཞིག་ཁོ་བོས་མཐོང་བས་དེ་ནི། བརྙན་གྱི་ཚོན་མདོག་སྒྲིག་སྟངས་དང་། འཁྲབ་གཞུང་གི་སྤྱི་ཁོག་བཤམས་སྟངས། སེམས་མཁན་མཚོན་པའི་བར་བཅུགས་རོལ་དབྱངས་སོགས་ནི་ངོ་མ་བསྔགས་བརྗོད་འོས་པའི་ཚད་དུ་འདུག མདོར་ན་ད་བར་ཁོང་གིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་དང་། འཆར་འགོད་དང་སྒྲིག་སྦྱོར་བྱས་པའི་གློག་བརྙན་དག་གྲངས་ཀའི་ཆ་ནས་ཧ་ཅང་མང་པོ་མིན་ནའང་། བརྗོད་བྱ་དང་། རྗོད་བྱེད་ཚིག་གི་སྤུས་ཚད་ཀྱི་ཆ་ནས་དེང་གི་མིང་དུ་གྲགས་པ་སུ་ལ་ཡང་འགྲམ་ཆུ་ལྡང་དགོས་པ་དེ་འདྲ་མེད་པར་མཐོང་། ད་བར་ཁོང་གིས་བྲིས་ཟིན་པའི་བརྩམས་ཆོས་ནི།

བརྙན་རིས་ཅན་གྱི་ས་པན་རྣམ་ཐར།
དུང་སེམས་ཀྱི་རླངས་འཕྲེང་།
སུམ་རྟགས་འགྲེལ་བ་ཆེ་ཆུང་གཉིས།
ལེགས་བཤད་ཀྱི་ཚོམས།
དབྱིན་ཡིག་སྦྱོང་ཐབས།
མཁས་འཇུག་དང་འབྲེལ་བའི་དཔྱད་བརྗོད་སོགས་བརྩམས་ཆོས་དེབ་ཕྲེང་དཔེ་སྐྲུན་ཟིན་པ་དང་མ་ཟིན་པ་ཁྱོན་བསྡོམས་བརྒྱད་ཡོད་དོ།

 

 

གསུམ་པ། རིག་གནས་འཚོལ་ཞིབ་དང་། ད་ལྟའི་འགན་འཁྲི།

གྲོགས་པོ་ཁོང་ནི་ལྷན་སྐྱེས་ཀྱི་རྣམ་དཔྱོད་འགྲན་ཟླ་བྲལ་བ་ཞིག་ཡིན་པས། ང་ཚོའི་བར་དུ་འཚོ་བའི་ཐད་ནས་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད། དེ་བས་ཀྱང་མི་བུ་སོ་སོའི་རིན་ཐང་གི་ལྟ་བ་མ་འདྲ་བའི་དབང་གིས་སྤྱི་ཚོགས་ལ་ངོས་འཛིན་དང་འཚོ་བ་སྐྱེལ་སྟངས་ཀྱང་མ་འདྲ་བ་ཡོད་པ་བཞིན། བོད་ཀྱི་མིང་དུ་གྲགས་པའི་རིས་མེད་ཀྱི་ཤེས་ཡོན་བསྟི་གནས་མང་པོར་སོང་སྟེ་ཐུན་མོང་རིག་གནས་དང་། ནང་བསྟན་གྱི་རྨང་གཞིའི་རྒྱུན་ཤེས་ཁག་ལ་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང་བྱས། ཁོང་ནི་སྒྲོབ་ཉམས་ཙམ་གྱིས་ཡིད་ཚིམ་དེ་མི་སྡོད་པར་རིག་པའི་གནས་གང་ལ་ཡང་སྤྲོ་སྣང་གིས་འཇུག་མཁན་ཞིག་ཡིན།
དེ་སྐབས་ཤིག་ལ་༧ ངོར་ཁྲི་བ་མཆོག་གིས་ཐུགས་རེ་བཞིན་༧ས་སྐྱའི་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཐུགས་བརྩེ་ཆེན་པོས་འདེམས་སྒྲིག་མཛད་པའི་རྒྱུད་དཔེ་པོ་ཏི་དགུ་བཅུ་ལྷག་གི་མཚན་བྱང་གཞིར་བཟུང་གིས་༧ངོར་ཁྲི་བ་མཆོག་གིས་གསང་ཆེན་རྒྱུད་གྲྭ་ནས་ << རྒྱུད་བཤད་ཀུན་བཏུས >> ་ཞེས་པའི་སྔགས་ཀྱི་དཔེ་ཚོགས་ཆེན་པོ་ཞིག་ཕྱོགས་བསྒྲིག་གནང་རྒྱུ་ཐུགས་གཏན་འཁེལ་བ་དེའི་རྩོམ་སྒྲིག་པར་བཀའ་འགུག་གནང་བ་ལྟར། ད་ལྟ་རྡ་སར་རྟེན་གཞི་བྱས་པའི་རྒྱུད་བཤད་ཀུན་བཏུས་རྩོམ་སྒྲིག་ཁང་དུ་ཕྱག་ལག་གནང་བཞིན་པ་དང་། ལོ་མང་རིང་གི་རླབས་ཆེན་གྱི་ལས་དོན་དེ་ད་ཆ་འགྲུབ་ལ་ཉེ་བའི་སྒང་ཡིན། ཞལ་བྱུང་དུ་བོད་ཀྱི་ཆབ་སྲིད་དང་། རིག་གནས་ཀྱི་རྟེན་གཞིར་གྱུར་པའི་གནས་མཆོག་རྡ་ས་ནས་དབྱིན་ཇིའི་རྩོམ་རིག་གཞུང་ལུགས་དང་། དམིགས་བསལ་བརྩམས་སྒྲུང་རིག་པ་དང་འབྲེལ་བའི་རྒྱུན་ཤེས་ཐད་བརྟུན་པ་སྐྱེད་བཞིན་ཡོད།
ཉེ་ལམ་ཁོང་གི་སྐད་འཕྲིན་དྲ་བར་དབྱིན་ཇའི་སྒྲུང་རྩོམ་བརྒྱ་བཀླགས་ཟིན་པའི་གསར་འགྱུར་ཞིག་སྤེལ་ཡོད་པ་དེ་གོ་བ་དང་། རང་སེམས་ལ་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཏེ་གྲོགས་པོ་ཁོང་ལ་དམིགས་བསལ་གྱི་འཚམས་འདྲི་བྱས་པ་ཡིན། བརྩམས་སྒྲུང་དེ་དག་བཀླགས་པའི་བརྒྱུད་རིམ་ཁྲོད་ནས་ནུབ་ཕྱོགས་པའི་བརྩམས་སྒྲུང་གི་འཇིག་རྟེན་གྱི་མཁའ་དབུགས་ཇི་ལྟར་ཡིན་པའི་ཟིན་ཐོ་ཞིག་ཀྱང་བོད་ཕྱི་ནང་གི་རྩོམ་རིག་སྨྲ་བ་ཚོའི་ཚོའི་བགོ་སྐལ་དུ་འབྲི་རྒྱུའི་རེ་སྐུལ་ཡང་བྱས་པ་ཡིན།

 

བཞི་པ། བོད་ན། དཔེ་དེབ་བརྒྱ་ཀློག་མཁན་ཅི་ཙམ་ཡོད་དམ།

འདས་པའི་ལོ་ཤས་རིང་བརྡ་འཕྲིན་གྱི་འུར་ཟིང་ཁྲོད་ནས་བོད་ཡིག་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་དང་། རྩོམ་ཡིག་ཀློག་མཁན་དེ་སྔོན་དང་བསྡུར་ན་རྦད་དེ་མང་དུ་སོང་ཡོད་པ་བཤད་མ་དགོས་པ་རེད། འོན་ཀྱང་། བོད་པ་རང་གི་ཁྲོད་ན་བོད་ཡིག་གི་དེབ་ཀློག་མཁན་དང་། བོད་ཡིག་གི་རྩོམ་འབྲི་མཁན་ག་ཚོད་ཡོད་དམ། དེ་བས་ཀྱང་དེའི་ཁྲོད་ན་དེབ་ལྔ་བཅུ་བཀླགས་ཟིན་མཁན་ག་ཚོད་ཡོད་དམ། ཞིབ་ཏུ་བསམས་ཤིང་བསམ་ན་ནི། ང་ཚོ་བོད་མི་ཚོའི་ཁྲོད་དུ་དཔེ་ཀློག་ལ་དགའ་མཁན་ག་ཚོད་ཡོད་དམ། དཔེ་དེབ་གཅིག་གི་ཤོག་ངོས་གཅིག་ཀྱང་མ་བཞག་པར་ཀློག་མཁན་ག་ཚོད་ཡོད་དམ།

འདི་དག་ཚང་མ་ངམ་ངམ་ཤུགས་ཤུགས་ཀྱིས་བཞུར་ཡོང་བའི་དྲི་བ་རྐྱང་རྐྱང་རེད། དྲི་བ་འདི་དག་གིས་རྐྱེན་པས། ངས་ད་གཟོད་གྲོགས་པོ་རིགས་པའི་རལ་གྲིའི་དཔེ་ཀློག་གི་མཛད་བརྩོན་པ་ལ་ཡི་རངས་དང་བསྔགས་བརྗོད་བྱེད་དགོས་བྱུང་། དེ་བས་ཀྱང་། བོད་མི་ཚོ་གཞན་ཡུལ་དུ་གྱར་ནས་མི་རབས་འགའ་འགོར་ཟིན་ནའང་། དུས་ཚོད་དེའི་རིང་དབྱིན་ཇི་དང་། ཧིན་དྷི་སོགས་ང་ཚོའི་ཉིན་རེའི་འཚོ་བའི་ནང་སྤྱོད་སྒོ་ཆེ་བའི་སྐད་ཡིག་དེ་དག་གི་སྟེང་ནས་དཔེ་ཀློག་ག་ཚོད་འཇོན་ཡོད་དམ། མི་ལོ་གསུམ་བཞིའི་རིང་དབྱིན་ཡིག་གི་ལམ་ནས་མི་ཚེའི་མདུན་ལམ་འཚོལ་བའི་མཐོ་རིམ་སློབ་མ་དག་གི་ཁྲོད་ན། དབྱིན་ཇའི་རྩོམ་དེབ་བརྒྱ་ཀློག་མྱོང་མཁན་ག་ཚོད་ཡོད་དམ།
ད་དུང་། བོད་ཀྱི་མཐོ་སློབ་ཝར་ནཱ་དང་། ས་རཱ། ནོར་གླིང་ལྟ་བུའི་བོད་ཡིག་གི་ཚན་ཁག་ཏུ་བོད་ཀྱི་རྩོམ་དཔེ་བརྒྱ་ཀློག་མཁན་ག་ཚོད་ཡོད་དམ། ཐ་ན་དགེ་རྒན་དག་གི་ཁྲོད་དུ་ཡང་ཅི་ཙམ་ཡོད་དམ།
ད་དུང་། ངའི་དྲི་བ་འདི། བོད་ཀྱི་སྲོལ་རྒྱུན་ཤེས་རིག་གི་བསྟི་གནས་སུ་གྱུར་པའི་གདན་ས་ཁག་ཏུ་ཡང་རང་ཤུགས་ཀྱིས་བཞུར་འགྲོ་སྟེ། དེ་དག་ན་ནང་བསྟན་གྱི་དཔེ་དེབ་བརྒྱ་ཀློག་མཁན་ཅི་ཙམ་ཡོད་དམ།

གཅིག་བྱས་ན། གནས་འདི་ནས་དོན་མཐུན་གྱི་ལན་འགའ་རེ་སྙེད་ན་ཐང་། དེ་མིན་རང་མཐོང་ཆེ་བའི་གངས་སྐྱིད་ཀྱི་ལས་བྱེད་པ་དག་དང་། ཕག་པ་ལྟར་ནམ་ཡང་སྐྱིད་ཉལ་ལ་དགའ་བའི་མེག་ལོའི་སྐྱ་མིན་སེར་མིན་དག་གི་ཁྲོད་ནས་ངས་ལན་དེ་སྙེད་པའི་རྨི་ལམ་གཏད་ནས་གཏོང་གི་མེད། མདོར་ན། ངས་བཤད་འདོད་པ་དེ། ང་ཚོ་དཔེ་ཀློག་ལ་མི་དགའ་བའི་མི་རབས་ཤིག་ཏུ་གྱུར་དང་འགྱུར་བཞིན་པའི་ཉེན་བརྡ་གཏོང་འདོད་པ་ཡིན་ལ། གནའ་བོའི་དམ་པ་ཚོའི་ངག་རྒྱུན་ནས་དཔེ་ཀློག་གིས་ང་ཚོ་སྤུས་ཚད་ཡོད་པའི་མི་ཞིག་ཏུ་བསྒྱུར་རྒྱུའི་ལེགས་བཤད་འགངས་ཆེན་དེའི་རང་བཞིན་ཁྱབ་སྤེལ་བྱེད་འདོད་པ་དེ་ཡིན། གཅིག་བྱས་ན། ང་ཚོ་བོད་ལ་སྒྲུང་དེབ་བརྒྱ་མེད་ནའང་ཐང་། འོན་ཀྱང་། མིག་སྔར་གང་ཡོད་པའི་སྒྲུང་དེབ་དག་ལ་དོ་སྣང་བྱེད་མཁན་ག་ཚོད་ཡོད་དམ། འདི་ནི་མི་རིགས་ཤིག་དང་། བསམ་བློ་ཞིག་འཆི་གསོན་གྱི་བར་མཚམས་ནས་ཐོན་པའི་ཨག་སྐད་དེ་རེད་ཨང་།

 

ལྔ་པ། ངའི་རྨི་ལམ་ཁྲོད་ཀྱི་ཁོང་།

ཁོང་ནི་མ་གཞི་ནས་མི་མཚར་བོ་ཞིག་སྟེ། སུ་ལ་ཡང་ཐད་ཀར་བདེན་ཁ་སྤྲོད་མི་འདོད་པའི་མི་གཤིས་གྱོང་ཞིག་རེད། འོན་ཀྱང་། མི་ཚེའི་བརྒྱུད་རིམ་ཁྲོད་ནས་ཁོང་གིས་བླངས་པའི་གྲུབ་འབྲས་ནི། ཁོང་གི་གཤིས་ཀ་གྱོང་པོ་དེ་དང་གཏན་ནས་མི་མཛའ་བར་འོད་ལམ་ལམ་དུ་འཕྲོ་བཞིན་པའི་མར་མེ་རྐང་གཅིག་གོ །ཁོང་ནི་གཞན་གྱིས་ཅི་བསམ་ལ་མི་བལྟ་བར་རང་གི་འདོད་པ་བརྗོད་ཐུབ་མཁན་ཞིག་རེད། འོན་ཀྱང་། ལས་འགན་གྱི་ཆ་ནས་རྩོམ་འབྲིའི་བྱ་གཞག་ལ་སྔར་དང་བསྡུར་ན། ཅུང་འཐུས་ཤོར་ཕྱིན་ཡོད་ནའང་། དགའ་ཕྱོགས་ཀྱིས་དབང་གིས་ཁོང་ནི་ནམ་ཡང་རང་གི་རྨི་ལམ་མིན་པའི་འཆར་སྣང་དག་གིས་ཕམ་པར་མི་བྱེད་དོ། བརྩམས་སྒྲུང་ལ་དགའ་བ་ནི་ཁོང་གི་གཤིས་ཀར་གྱུར་ཡོད་པས་རྡ་ས་ནས་ལས་ཁུངས་ཀྱི་དུས་ཚོད་གྲོལ་བ་དང་ཁོང་བརྩམས་སྒྲུང་གི་འཇིག་རྟེན་དུ་བཞུད་ཀྱི་ཡོད། དེ་མཚུངས་སུ། ཁོང་གི་རྨི་ལམ་ཡང་དབྱིན་བོད་གཉིས་ཀའི་ཐོག་བརྩམས་སྒྲུང་འབྲི་མཁན་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ནོ།
ཁོང་གི་འགྲུས་རྐྱེན་པའི་རྣམ་དཔྱོད་ཀྱི་དཀྱེལ་དང་། ཉམས་མི་སྲིད་པའི་བརྩོན་པ་དེའི་ངོགས་ནས། ཁོ་བོས་ནི། སྐྱེས་བུ་ཁོང་ཇི་སྲིད་བར་དུ་ང་ཚོའི་ཁོར་ཡུག་ན། རང་ཉིད་ཀྱི་དགའ་ཕྱོགས་ལ་བརྟུན་པ་བསྐྱེད་ཐུབ་པའི་མིག་དཔེ་གསོན་པོ་ཞིག་ཏུ་འདོད་ཀྱིན་ཡོད་ལ། བོད་ཀྱི་བརྩམས་སྒྲུང་གི་ལོ་རྒྱུས་ནང་བརྗེད་མི་ཐུབ་པའི་བརྩམས་ཆོས་ཀྱི་ལེའུ་འགངས་ཆེན་འགའ་མི་འགྱང་བར་སྤེལ་ཐུབ་པའི་རྨི་ལམ་ཡང་ཡང་གཏོང་བཞིན་པ་དེའོ། །

ཁང་ཟླ་སྲས་ཀྱིས་རྡོར་གླིང་རིམ་སྦིག་བཤད་གྲྭ་ནས།

དྲན་ཐོ།

Post navigation

Previous Post: ཀླུ་མཁར་བྱམས་ལགས་སྲིད་སྐྱོང་གི་འོས་མིར་བཞེངས་པ།
Next Post: ང་དང་སྤྱི་འཐུས། ཉལ་ཁའི་བསམ་གཞིག

Comments (3) on “ཁྱོད་ངའི་སད་ལ་ཉེ་བའི་རྨི་ལམ་ཡིན།”

  1. ཁྱུང་སེ། says:
    2015-08-03 at 1:28 pm

    དཔེ་དེབ་བརྒྱ་ཕྲག་བཅུ་ལ་ཉེ་བར་བཀླགས་མྱངས། དེ་ལ་ཅང་ཧ་ལས་རྒྱུ་འདྲ་མི་འདུག་བཀླགས་ནས་སེམས་ལ་ངེས་པ་དཔེ་དེབ་གཅིག་ཀྱང་མ་བྱུང། སེམས་ལ་ངེས་པ་ཅུང་ཙམ་བྱུང་མོད་ཡིག་ཐོག་ཏུ་བཀོད་ནས་བྲིས་པའི་དེབ་གཅིག་ཀྱང་ཕལ་ཆེར་མེད།། ཧཧཧཧ

  2. ཀླུ་སྨྱོན། says:
    2015-08-03 at 4:10 pm

    གྲོགས་པོའི་བརྩམས་ཆོས་སྟོན་རྒྱུ་མེད་པར་ངོ་བསྟོད་བྱེད་མི་རུང་ཞེས་བརྗོད་མི་ཐུབ་ཀྱང་། དང་པོར་བརྩམས་ཆོས་དེ་འདྲ་དྲ་སྟེང་དུ་བཞག དེ་ནས་རང་གིས་དཔྱད་བརྗོད་སྤེལ། དེ་ནས་སྤྱི་ཚོགས་ཀྱིས་གཙུབ་བརྡར་བྱེད་དུ་ཆུགས།

  3. ལོ་ཡག says:
    2015-08-04 at 12:52 am

    ཁོང་གི་རྡ་སའི་ཕྱག་དཔེ་དཔར་སྐྲུན་ཁང་དུ་ཉིན་ཤས་བཅར་པའི་དུས། ཁོང་ནི་དངོས་གནས་གཤིས་ལེགས་ཤིག་ཡིན་པའི་ཚོར་སྣང་བྱུང་། དེང་སང་ཕྱིའི་ཡི་གེ་ལྟ་ཅི་རང་གི་སྐད་ཡིག་ཀྱང་ཕུགས་འཕེར་བ་མི་འཁྱོངས་པའི་གྲྭ་བཙུན་མང་པོའི་ཁྲོད་ན། ཤིང་གི་ནང་གི་ཙན་དན་ལྟར། རང་གི་སྐད་ཡིག་སྨོས་མེད་ཐོག་དབྱིན་ཡིག་གི་རྨང་གཞི་ཡང་དེ་ལྟར་ལེགས་པའི་ཚད་དུ་སོན་པ་བདེན་ན་ནི། ཁོང་ནི་ས་པཎ་གྱི་རྗེས་འཇུག་དངོས་མའོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme