Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱི་འཚོང་ཚང་།

Posted on 2011-08-282011-08-28 By ཁ་བརྡ་ 14 Comments on ཁྱི་འཚོང་ཚང་།

1-11
ཨ་རིག་དགེ་མཐོང་།

སྤྱིར་བཏང་ཁྱི་འཚོང་ཚང་ཞེས་པའི་ཁ་བྱང་འདི་ཏོག་ཙམ་བདེ་བོ་རང་མི་འདུག་མོད། བསམ་གཞིགས་ཅི་ཙམ་བཏང་ཡང་འདི་ལས་རན་པོ་ཞིག་མ་རྙེད་པའི་ཐ་སྙད་འདི་བེད་སྤྱད་པ་ལ་ཀློག་མཁན་ཚོ་ཐོག་མར་དགོངས་སེལ་ཞུ། ཁྱི་འཚོང་ཞེས་པའི་ཐ་སྙད་འདི་འདོགས་དགོས་པའི་རྒྱུ་མཚན་གཤམ་དུ་བཤད་རྒྱུ་ཡིན་པས་དོན་གཉེར་ཅན་དག་གིས་ཞིབ་གཟིགས་གནང་རོགས། སྔོན་མ་ཞེས་དུས་རབས་མང་བོ་གླེང་མི་དགོས་པར་དུས་རབས་བཅུ་དགུ་བ་དང་ཉི་ཤུ་བའི་མཇུག་ཏུ་བོད་པ་ཚང་ལ་མཚོན་ན་ཁྱི་ནི་རང་གི་སྒོ་ཟོག་སོགས་ལ་བདག་སྐྱོང་བྱེད་མཁན་ཞིག་དང་ཁྱིམ་མི་ལ་འདང་བརྩེ་ཡོད་པ་ཞིག་རེད་ལ། ད་དུང་ཁྱིམ་བདག་ཡ་རབས་ཅན་ཚོས་སྒོ་ཁྱི་དང་ནང་མི་ལ་ཟས་སྐལ་སོགས་ཐད་ནས་གཅིག་མཚུངས་བྱེད་མཁན་ཡོད་པ་ནི་ཁོ་བོས་ཀྱང་མཐོང་ཡོད།
ཁ་དཔེ་ལ། “སྤྲང་རུང་ཁྱི་མི་འཚོང་”། “ལྟོགས་རུང་རྟ་མི་བཤའ་”ཅེས་པའི་མེས་པོ་ཚོའི་ངག་རྒྱུན་དེ་ལས་བོད་ཁུལ་དང་ལྷག་པར་ཨ་མདོའི་འབྲོག་ཕྱོགས་ནས་ཁྱི་འཚོང་རྒྱུའི་ལུགས་སྲོལ་མེད་ལ་སྒོ་ཁྱི་འཚོང་རྒྱུ་ཕར་ཟད་སྟེར་རྒྱུའི་ལུགས་སྲོལ་ཡང་མེད། དུས་ཚོད་དང་སྟབས་བསྟུན་ནས་མིའི་རང་གཤིས་ཀྱང་འགྱུར་ཏེ་ད་ལྟ་འབྲོག་པའི་ས་ཁུལ་དུ་ཚོང་ལེགས་ཤོས་ཤིག་དང་འབད་བརྩོན་བསྟེན་མི་དགོས་པ་ནི་སྒོ་ཁྱི་བཙོང་རྒྱུ་དེ་རེད་ལ། ཕལ་ཆེར་བཙོངས་ནས་ཚར་ཡོད་ཚོད་རེད། འདི་ལྟར་བལྟས་ན་བོད་པ་ཚང་གི་ངོ་གདོང་འགྱུར་བཞིན་པ་ཚོར་ནུས། ད་དུང་དེང་གི་དུས་སུ་འཛམ་གླིང་ན་ཁྱི་འཚོང་མཁན་གྱི་ས་ཕྱོགས་དང་ཁྱི་ལེགས་ཤོས་རིགས་ཉོ་རྒྱུ་ཡོད་པ་ནི་བོད་ཁུལ་རེད་ཅེས་ཁུངས་ལྡན་གསར་ཤོག་དང་རླུང་བརྙན་འཕྲིན་དུ་བསྒྲགས་པས་སོ། །
ད་ནི་སྒོ ཁྱི་འཚོང་ནས་ཚར་བ་དང་ནང་མི་འཚོང་རྒྱུའི་མགོ་བརྩམས་འདུག མི་འཚོང་རྒྱུ་ལབ་ན་ཡང་བདེ་བོ་མེད་ཀྱང་དོན་དངོས་སུ་དེང་གི་དུས་མི་འཚོང་མཁན་ཇེ་མང་དུ་ཉིན་རེ་བཞིན་འགྲོ་གིན་འདུག མི་འཚོང་སྟངས་ནི་ཁྱད་པར་པ་ཞིག་ཡིན་ཏེ་འཚོང་རྒྱུའི་མི་དང་འཚོང་མཁན་གཉི་ག་གྲོས་མཐུན་བྱུང་བས་ལབ་ཡིན། འཚོང་སྟངས་ནི་འདི་ལྟར། ཕལ་ཆེར་སྒོར་མོ་དང་མིང་གྲགས་ཀྱི་སླད་དུ་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འགྲོ་འདོད་ཡོད་ལ། འགྲོ་འདོད་པ་ཙམ་གྱིས་འགྲིག་གི་མེད། དེ་ལྟར་འགྲོ་བ་ལ་ཚད་ལྡན་ལག་ཁྱེར་དགོས་པ་རེད། འོན་ཀྱང་། དེ་ལྟ་བུའི་ཚད་ལྡན་ལག་ཁྱེར་རག་རྒྱུ་ཕྱོགས་གང་ཐད་ནས་ཁག་པོ་རེད། དེའི་ཕྱིར་ཁྲིམས་འགལ་བྱས་ནས་འཚོང་བཞིན་ཡོད་པ་རེད། ཁྲིམས་དང་ལུགས་སྲོལ་ལ་མི་བསྟུན་པར་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་སྒོར་མོ་ལྐོག་ནས་སྤྲད་དེ་འགྲོ་ཐབས་དང་འདུག་ཐབས་བྱེད་ཀྱིན་ཡོད་རེད་ལ། “དེ་འདྲའི་སྒོར་མོའི་གྲངས་ནི་རྒྱ་གར་ལྟར་ན་ཡོ་རོབ་སོགས་ལ་འབུམ་དྲུག་བདུན་དང་། ཨ་རི་་དང་ཁེ་ན་ཌྲ་ལ་སྒོར་འབུམ་བཅུ་བཞི་བཅོ་ལྔ་རེད། རིན་གོང་མཐོ་སྐབས་རྒྱ་གར་གྱི་སྒོར་མོ་བདུན་རྒྱ་ནག་གི་སྒོར་གཅིག་རེད་ལ་བསམ་བློ་བཏང་ན་ཤེས་ནུས།” དེ་འདྲ་ཁག་ཅིག་རྒྱལ་ཁབ་ཀྱིས་ཀྱང་ཤེས་རྟོགས་བྱུང་ནས་ཉེས་ཁྲིམས་ལྕི་མོ་དང་ཚེ་བཙོན་བྱས་ཡོད་ནི་གྲངས་ལས་འདས། འདིའི་ཐད་ནས་ཀྱང་བོད་པ་ཚང་སྐད་གྲགས་ངན་པ་ཞིག་ཆགས་བཞིན་ཡོད་ལ། ལྷག་པར་ཕྱི་སྡོད་བོད་རིགས་ནང་དུ་མང་། མདོར་ན། བོད་པ་ཚང་གིས་མྱི་འཚོང་ཁྱི་འཚོང། རང་གཞན་གཉི་ག་འཚོང་་བས་རྒྱལ་སྤྱིའི་སྟེང་གི་ནག་ཉེས་པ་ཞིག་ཆགས་སྲིད་པས་ཐུགས་སྣང་མཛོད། ད་དུང་རྟ་བཤའ་མཁན་ཡོད་རབས་གོ་ཐོས་བྱུང་ལ་རྟ་བཤའ་ལབ་ན་རང་གིས་དངོས་སུ་བསད་པ་ལ་མི་གོ་བར་རང་གི་ཞོན་རྟ་སོགས་རྒྱ་ལག་ཏུ་བཞག་ནས་བཤའ་ནོ་ལབ་ཡིན།
གཤམ་གྱི་སྒོ་ཁྱི་འདི་དག་གི་པར་མཐོང་རྗེས་ཚོར་སྣང་ཡིག་ཐོག་ཏུ་ཕབ་པ་ཡིན་མོད། ཞོར་ནས་ན་ཟུག་གི་དབང་གིས་མྱི་འཚོང་རྒྱག་སྟངས་དང་རྟ་བཤའ་སྟངས་དེ་ཡང་ཏོག་ཙམ་གླེང་བ་ཁ་བྱང་དང་བརྗོད་གཞི་ལ་འབྲེལ་མེད་ལྟ་བུར་ཆགས་ན་ཡང་དོན་དུ་བསམ་བློ་ངེས་པར་གཏོང་དགོས་པའི་རིགས་ཡིན་པས་ཅི་སྐྱོན་སྙམ་ནས་བཞག་པ་ཡིན།
ཁྱི་འཚོང་ཐད་ནས་རྩོམ་པ་པོ་ཕུན་ཚོགས་རྒྱལ་གྱི་འབོལ་རྩོམ་བདེ་བོ་གནད་ལ་ཁེལ་བ་ཞིག་རང་གཤིས་གདུང་འབོད་ཅེས་པའི་དེབ་ནང་དུ་གསལ་མོད། དེབ་ལག་ཏུ་མ་བྱུང་བས་རྒྱུ་ཆ་ལེན་ཐབས་བྲལ། དེར་གཟིགས་ན་ཁྱི་འཚོང་སྟངས་ཀྱི་དུས་ཚིགས་དང་རིན་གོང་སོགས་ཤེས་ནུས་པས་དོན་གཉེར་ཅན་ཚོས་གཟིགས་པར་འཚལ།།

སྣ་ཚོགས།

Post navigation

Previous Post: ཡུལ་གྱར་པ་ཞིག་གི་གཏམ་རྒྱུད། སྟོད་ཆ།
Next Post: ཕ་སྐད་གཙང་མའི་སྔོན་འགྲོའི་གླུ་གཞས་འགྲན་ཚོགས།

Comments (14) on “ཁྱི་འཚོང་ཚང་།”

  1. རྩམ་དགའ། says:
    2011-08-28 at 6:08 am

    ཨ་ཁུ་ཚང་གི་རྩོམ་ཡིག་འདི་ལྷོད་ལྷོད་བྱས་ནས་བཀླགས་པ་ཡིན། ངོ་མས་བདེན་པ་རེད་་་་ཁྱི་འཚོང་འདི་དར་ནས་ཡུན་རིང་མགོར་མེད་ནའང་རོང་འབྲོག་གཉིས་ཀ་ན་དེང་སང་འབྲོག་ཁྱིའི་རིགས་ཞེ་དྲག་མི་འདུག་ཅེས་ཤོད་མཁན་མང་བོ་འདུག ལོ་ཤས་སྔོན་ལ་འབྲོག་ཁྱི་ཡག་པོ་ཞིག་ལ་རྒྱ་སྒོར་ཁྲི་མང་བོ་བྱིན་ནས་ཉོས་པའི་སྐད་ཆ་འདུག ཉོས་པའི་ཁྱི་དེ་དག་དོན་ངོ་མར་གང་ཞིག་ལ་ཁུར་གྱིན་ཡོད་མེད་དང་གང་ཞིག་ལ་བཀོད་སྤྱོད་གཏོང་གིན་པའི་སྐོར་གསལ་བོ་ཤེས་མཁན་ཉུང་ཉུང་རེད་འདུག །

  2. ཨ་རིག་དགེ་མཐོང་། says:
    2011-08-28 at 8:17 am

    ཁྱེད་ཀྱིས་ངའི་བཤད་འདོད་པའི་སྐད་ཆ་ལ་རྒྱབ་སྐྱོར་ལྟ་བུའི་ཚིག་ཅིག་སྨྲས་པ་དགའ་ཡོད། རྩམ་དགའ་ལགས།

  3. ཁྱུང་དཀར says:
    2011-08-28 at 10:12 am

    དགེ་མཐོང་ལགས་ཀྱི་ཁྱི་འཚོང་དང་མི་འཚོང་སྐོར་གྱི་གསལ་བཤད་ལ་དང་ག་ཞེ་དྲག་རང་བྱུང་མ་སོང་། རང་གིས་གཉོར་སྐྱོང་བྱས་པའི་སྒོ་ཕྱུགས་དང་འདེབས་ལས་བྱས་པའི་འབྲུ་སྣ་སོགས་རང་རང་གི་འཚོ་བའི་དགོས་མཁོ་ལྟར་བཀོལ་སྤྱོད་དང་ཚོང་བསྒྱུར་བྱེད་པ་སྤྱིར་བཏང་གི་ལས་ཀ་ཞིག་ཡིན་ན་སྒོ་ཁྱིའང་བཙོང་མ་ཆོག་པ་ག་ལ་ཡོད།
    ཁྱིའི་རིན་གོང་དེ་ལྟར་ཇེ་ཆེར་འགྲོ་གི་ཡོད་ན་སྤུས་ཀ་ཅན་གྱི་ཁྱི་རིགས་ལེགས་སྤེལ་བྱས་ནས་མུ་མཐུད་ཁྱི་ཚོགས་རྭ་བ་བཙུག་ན་མ་འགྲིག་པ་གང་ཡོད། ད་དུང་མི་འཚོང་ཞེས་པ་འདི་ཡང་ཁྲིམས་མཐུན་ཞིག་མིན་ནའང་ཉོ་བདག་དང་འཚོང་མཁན་གཉིས་ཀ་མོས་མཐུན་བྱུང་སྟེ་རང་རང་གི་འདོད་མོས་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་སར་འགྲོ་ཀི་ཡོད་ལ་དེས་བོད་ཀྱི་གནས་བབ་ལ་ཕན་ལས་གནོད་ཟེར་ན་ཕྱི་རྒྱལ་ཡུལ་གྲུ་སོ་སོར་གནས་པའི་བོད་པ་རྣམས་ཀྱིས་ཀྱང་སུམ་དུས་དང་སྐད་འབོད་ཁྲོམ་བསྐོར་སོགས་གཞི་རྒྱ་ཆེ་བའི་ལས་དེས་བོད་པའི་གནས་སྟངས་གང་ལ་གང་འཚམས་ཀྱིས་ཕན་ཐོག་མེད་པ་ཨེ་ཡིན། འདིའི་སྐོར་གྱི་མ་དངུལ་ཕོན་ཆེ་བཏང་ནས་ནུབ་ཕྱོགས་སུ་བསྐྱོད་མཁན་རིགས་ནི་མགྲོན་འབོད་ཙམ་གྱི་གནམ་གླ་ལས་ཤོར་མེད་པའི་མི་ཚོགས་དང་བསྡུར་ན་ལུས་སེམས་གཉིས་ཀ་ནས་དཀའ་ངལ་ཞེ་དྲག་ཆེ་ལ། གང་ལྟར་མཐོང་མཆན་ཉོས་ཡོད་མེད་གཉིས་ཀ་ཁྲིམས་མཐུན་མིན་པའི་ཐོག་ནས་ཕྱི་ཡུལ་དུ་གྱར་ཡོད་པའི་བོད་པ་མང་ཆེ་བ་ཁྲིམས་མཐུན་ཅན་དུ་གྱུར་ཡོད། གལ་སྲིད་ཉོ་འཚོང་གི་ལམ་ནས་འགྲོ་མ་ཐུབ་པ་ཡིན་ན་ནུབ་ཕྱོགས་སུ་བོད་པ་འདི་འདྲའི་མང་པོ་ཞིག་གང་ན་ཡོད།

  4. ཨ་རིག་དགེ་མཐོང་། says:
    2011-08-28 at 11:29 am

    ཁྱུང་དཀར་གྱི་སྐད་ཆའི་ནང་དུ་བདེན་དངོས་ཀྱི་ཆ་ཡོད་པས་དགའ་བསུ་དང་འབྲེལ་དང་ལེན་ལོས་བྱེད། འོན་ཀྱང་། ཁྱི་འཚོང་ཆོག་པའི་སྒྲུབ་བཤད་དུ་སྒོ་ཟོག་འཚོང་ཆོག་པར་བཀོད་པ་དེ་ནི་ཏག་ཏག་ཅིག་རེད་མི་འདུག་སྙམ། མ་གཞི་ཁྱི་སྒོ་ཟོག་ཡིན་མིན་བརྩད་ནས་ན་ནིང་གླེང་སློང་ཤུགས་ཆེན་བྱས་ཡིན། གུས་པའི་དུས་བབ་ཟིན་བྲིས་སུ་གསལ། དེ་ནི་མི་རང་རང་གི་ལྟ་ཚུལ་ལས་མཐའ་གཅིག་ཏུ་འདི་བདེན་ཞེས་ཐག་ཆོད་པ་དཀའ། འོན་ཀྱང་།ངའི་བསམ་ཚུལ་དེ་ཡང་རང་གི་བསམ་ཚུལ་ལས་གཞན་དུ་ངོས་འཛིན་རྒྱུ་ལས་རང་དང་མཐུན་པར་ནམ་ཡང་འཛིན་མི་རུང་ལགས།

  5. འདོད་ལྷ་ཁམས་པ། says:
    2011-08-28 at 2:17 pm

    ཨ་རིག་དགེ་སློང་གི་ཡག་པོ་འདུག དེ་ལ། ཁྱི་འཚོང་ཚང་གི་ཚབ་ལ་༼ཁྱི་ཚོང་བ་༽ཞེས་ཟེར་ན་ག་འདྲ་འདུག་ལགས།
    དེ་ནས་། རང་ལ་བདག་པའི་སྒོ་ཟོག་གང་རུང་ཞིག་བཙོང་ན་ཆོག་མིན་དེ་ཕལ་ཆེར་རང་གིས་རང་ལ་དྲིས་ན་ལན་འོས་འཚམ་ཞིག་རག་གི་རེད།
    དེ་ནས། ནུབ་ཕྱོགས་ལ་ཐར་བའི་བོད་པ་ཚུད་པའི་ཤར་ཕྱོགས་པ་དང་ཨ་ཧྥེ་རི་ཀ་བ། ད་དུང་། ནུབ་ཕྱོགས་པ་ནང་ཁུལ་ཕར་ཚུར་སྐྱབས་སོགས་ལ་འགྲོ་བསྐྱོད་བྱེད་པ་ནི་གྲངས་གིས་མི་ཟིན། དེ་ཚོ་ཚང་མ་རང་རང་གི་ཐབས་ཤེས་ལ་བརྟེན་ནས་འདོད་མོས་ཤ་སྟག་རེད། དེ་ཚོ་མི་གཞན་གྱིས་མི་གཞན་ལ་ཚོང་རྫས་ནང་བཞིན་བཀོལ་སྤྱོད་བྱེད་ཆོག་གིན་མི་འདུག དེ་ལ་འཚོང་ཟེར་ན་ཏག་ཏག་ཅིག་འཕྲོད་གི་ཡོད་ས་མ་རེད།
    ད་དུང་དེ་ཚོ་ཡུལ་ག་གེ་མོར་བསླེབས་རྗེས་ཕྱིར་རང་གི་མི་རིགས་སྤུན་ཟླ་དག་ལ་ཤ་ཚ་དང་ཕན་ཐོགས་ཆེན་པོ་བསྒྲུབས་གི་འདུག དེས་ན། ཕན་གནོད་གང་ཆེ་བལྟས་རྗེས་སྐད་ཆ་ཤོད་དགོས་པ་མི་ནམ།

  6. ཨ་རིག་དགེ་མཐོང་། says:
    2011-08-28 at 3:59 pm

    འདོད་ལྷ་ཁམས་པ་ལགས། སྤྱིར་བཏང་ཁྱི་འཚོང་ཟེར་དགོས་པ་དག་ཡིག་གི་འགྲོ་སྟངས་ཙམ་ལས་དམིགས་ཡུལ་གཞན་པ་མེད། ཕྱི་རྒྱལ་དུ་སོང་བ་ཙམ་གྱིས་ཁྲིམས་འགལ་དུ་བརྩི་གི་མེད་ལ། རྩོམ་གྱི་ནང་དུ་གསལ་བས་ལན་ཅིག་གཟིགས་པར་གནང་། སེམས་ཤུགས་ཅན་འགའ་རེ་ཡོད་པ་དེས་ཉེས་ཅན་ཚོ་ཐེར་འདོན་ནམ་ཡང་བྱེད་ཐབས་བྲལ། འདི་ནི་མཐའ་མའི་ལན་ཡིན།

  7. ལྷག་པ་ཡེ་ཤེས says:
    2011-08-28 at 7:50 pm

    འདི་ཡང་ཁྱོད་ཀྱིས་བཤད་པ་མིན་ནམ།
    བོད་པ་ཚང་ཚར་རྒྱུ་རེད་ཅེས་པའི་སྐད་ཆ་འདི་རྣ་བར་ལྷུང་དུས། ཀླད་རྙིང་དང་མཁྲེགས་འཛིན་ཅན་འགའ་རེས་འུར་བརྒྱབས་ཏེ་མངོན་ལྐོག་གང་རུང་ནས་དྲ་ འབུའི་སྐྱེ་བ་བླངས་ཏེ་ང་ལ་ངན་སེམས་འཆང་སྲིད། འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་ཚར་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།

    ད་ལྟ་སྲོལ་རྒྱུན་ཡོད་ཚད་རང་སྟེང་ནས་རྫོགས་ཏེ་འཁྲབ་སྟོན་རེ་བྱས་ནས་ཡོད་ལ། སྐད་ཡིག་ལ་རང་གཞན་གཉིས་ཀྱིས་ཐུབ་ཚོད་བཏང་སྟེ་དབུགས་ཆད་ལ་ཉེ། བོད་ཁུལ་ན་བོད་སྐད་གཙང་མ་བཤད་པར་ཁྲིམས་འཇོག་རྒྱུའི་ལུགས་སྲོལ་དར་བ་རེད། ཕར་བལྟས་ན་བོད་ཡིག་ལ་དུང་ཞེན་ཡོད་པའི་རྟགས་ཡིན་ལ་བོད་ཡིག་སྐད་གསོན་ཤུགས་རྒྱས་རྒྱུ་རེད་བསམ་སྲིད། བརྟགས་བརྟགས་ན་བོད་སྐད་ཡིག་བོར་སོང་བའི་དན་རྟགས་ཁོ་ན་རེད།

    སློབ་ཆེན་དགེ་རྒན་དང་སློབ་བུ་འགའ་རེས། ནང་ཆོས་དང་གྲྭ་བཙུན་ཚོ་མེད་ན་བོད་ལ་རེ་བ་ཆེ་ཚུལ་གླེང་ནས་མཐར་བསྐྱལ། ཡིག་ཐོག་ནས་སྤེལ། ངག་ཐོག་ནས་བསྒྲགས། དེ་དང་བྱེད་ལས་མཚུངས་པའི་གྲྭ་མིང་ཅན་འགའ་རེས་ཀྱང་རེད་རེད་བདེན་བདེན་གིས་ངོ་སོ་འཚོལ། ཆོས་ངོ་མ་དེ་ངོས་མ་ཟིན་པར་རྫུན་མ་རེ་ལ་མཛུབ་མོ་ཀེར་བཞིན་ཡོད།

    གྲྭ་བཙུན་ཁག་ཅིག་གིས་ཀྱང་སློབ་མ་ཚོའི་ལྟ་བ་ལོག་སོང་ཚུལ་དང་། བསྟན་བ་བཤིག་རབས་སྨྲས། ཡིག་ཐོག་ནས་བྲིས།ངག་ཐོག་ནས་ངར་ལངས་ཏེ་སྨྲས། དོན་དངོས་སུ་སུ་ཚང་ཚར་གི་ཡོད་བསམ་བློ་ཡེ་ནས་གཏོང་གིན་མེད་པར་སྐྱ་སེར་དང་གསར་རྙིང་བརྩད་ནས་འདུག

    འདི་ལྟར་བལྟས་ན་བོད་པ་ཚང་ཚར་རྒྱུ་རེད། འབྲོག་པའི་རྩྭ་ས་བཙོངས་ནས་རང་ས་ཤོར། རོང་བས་རོང་མོ་བསྐྱར་ནས་རྒྱ་མོ་འགྲོགས། རིགས་རྒྱུད་བརླགས། ཁོར་ཡུག་མེད་པ་བཟོས། ད་དུང་འབྲོག་པ་ཚོས་རང་བྱུང་གི་རྩྭ་ཐང་དང་རི་ཆུ་ནགས་གསུམ་གྱི་རིན་ཐང་མ་ཤེས། དེང་གི་འཛམ་གླིང་གི་མི་རིགས་གཞན་དག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་མཐོང་ནས་འགྲམ་ཆུ་ཤོར་གྱིན་ཡོད་མོད། འབྲོག་པོ་ཚོས་སུན་སྣང་ཡོད་ཡོད་མདོག་མདོག་གིས་རྫུན་མའི་ཞིང་གྲོང་ལ་དུང་། སྒོར་མོ་ལ་དགའ་བས་སྒོར་མོས་བསླུས། འདི་ལྟར་བལྟས་ན་བོད་པ་ཚང་ཚར་རྒྱུ་རེད།

    ལོ་རེའི་ལོ་སར་སྤྲོ་ཚོགས་ལ་ལྟོས་དང་རིག་གཞུང་དང་སྲོལ་རྒྱུན་གྱི་ཆ་མང་བོ་ཞིག་ག་ས་གང་ནས་རྫོགས་ཏེ་འཁྲབ་སྟོན་བྱེད་ཀྱིན་པ་དེས་མཚོན། མདོར་ན། དེ་ཚོ་ལ་མཚོན་དོན་གྱི་གཟུགས་རིས་ཙམ་ལས་ལྷག་མི་འདུག སྐད་ཡིག་བརླགས། རིག་གཞུང་མེད། སྲོལ་རྒྱུན་བོར་ན་མི་རིགས་དེ་དང་རྒྱལ་ཁབ་དེ་ཚར་བ་མ་རེད་དམ།

  8. ལྷ་མོ་སྐྱབས། says:
    2011-08-28 at 8:05 pm

    གནའ་སྔོན་མར་ཁྱི་གསོ་བ་ནི་སྒོ་སྲུང་དམག་མི་ཞིག་གི་ཚབ་ཡིན་ལ། ཕྱུགས་སྐྱོང་གཞི་བདག་ཅིག་གི་ཕོ་ཉའང་ཡིན། དེ་བས་སྒོ་ཁྱི་ངར་མ་ཞིག་ལ་བུ་འདང་མེད་ཀྱང་གྲོགས་འདང་ཡོད། དེང་སང་འཚོ་བའི་དགོས་མཁོ་དེ་དག་མེད་པར་གྱུར། (འོན་ཀྱང་ཕྱི་གླིང་ན་ཁྱི་དང་ཞི་མི་ནི་བུ་དང་བུ་མོ་མིན་ཡང་བཟའ་འདང་ཅན་ཧ་ཅང་མང།)
    མི་ཚང་མས་སྐྱིད་འཚོལ་གྱིན་ཡོད། སྐྱིད་ཀྱི་རྒྱུ་རྐྱེན་གཅིག་སྒོར་མོ་ཡིན་པར་འདོད། ངས་མ་རེད་ཟེར་མི་ཐུབ། སྐྱིད་ལ་མཐའ་མེད། སྐྱིད་ཆུང་བ་ནས་ཆེ་བ་འདོད། དུས་རྟག་ཏུ་་་ཚེ་གང་བོར་སྐྱིད་རྒྱག་པར་འདོད། ཧམ་སེམས་འདི་འགྱིག་གི་ཁུག་མ་རྐུབ་མེད་ཅིག་ཡིན། ཅི་ཙམ་བླུགས་ན་དེ་ཙམ་ཆེ།
    ད་དུང་མི་རྣམས་ལ་ཧམ་སེམས་ཀྱི་ཐོག་ལ་ཕྲག་དོག་དང་འགྲན་སེམས་ཆེ། ནང་ཅི་ཙམ་གྱིས་མ་སྨིན་པ་དེས་ཚོད་ཀྱིས་ཇེ་ཆེར་འགྲོ འདིས་སུ་ཡང་ལ་ཕོག་ཐུག་སློང།
    མདོར་ན། སྐྱིད་འདོད་ཀྱི་རེ་བ་དང་ཐོབ་འདོད་ཀྱི་ཧམ་སེམས། ད་དུང་སེམས་བྱུང་ནག་ཕྱོགས་པ་དེ་རིགས་ཀྱིས་སྲོལ་རྒྱུན་གྱི་ངོ་ཚ་དང་ཁྲེལ་ཟེར་བའི་ཡ་རབས་ཀྱི་བསམ་སྤྱོད་དེ་དག་འབུར་འཇོམས་བྱེད་ཀྱིན་ཡོད། དེས་ན་”བདེ་བ་འདོད་ཀྱང་གཏི་མུག་པས། རང་གི་བདེ་བ་དགྲ་ལྟར་འཇོམས”། དེ་བས”དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།”གསུངས་ཀྱང་གསུངས་ལ་བདེན་ཡང་བདེན།

  9. ཨ་རིག་དགེ་མཐོང་། says:
    2011-08-28 at 8:08 pm

    གྲོགས་པོ། འདི་ཟིན་བྲིས་གཞན་ཞིག་རེད།་དུས་ཚོད་རེ་དང་སྐར་ཆ་རེ་ལ་མིའི་བློ་དང་ལུས་བཅས་འགྱུར་འགྲོ་བཞིན་ཡོད་རེད་མོད། འོན་ཀྱང་། དེའི་ནང་དུ་གནོད་ཅིག་འདུག་གམ། ལྷག་པ་ཡེ་ཤེས་ལགས་སུ།

  10. གསེར་འབྲུག་སྡེར་ལྔ་ says:
    2011-08-28 at 10:40 pm

    ཨན་དགེ་ལགས།
    ངས་ཀྱང་བསམ་ཚུལ་ཉུང་ཉུང་ཞིག་ཞུ་འདོད་བྱུང་། ང་སྐྱེས་སའི་ས་དེ་ན་གནའ་སྔ་མོ་ནས་ཁྱི་ཚང་མ་འཚོང་བསྒྱུར་མི་བྱེད་ཀྱང་འབྲོག་ཁྱིའམ་འདོགས་ཁྱི་འཚོང་བྱེད་པའི་ལུགས་ཞིག་འདུག་ལ་ཁ་རྒྱུན་ལ་འབྲོག་ཁྱི་ཡག་པོ་དེ་ཚོར་རིན་གོང་ཡང་འབྲི་བེའུ་འཁྲིད་གནས་ཞེས་ལབ་སྲོལ་ཞིག་འདུག། དེས་ན་བོད་ཀྱི་ཁྱི་དོམ་པོའི་རིགས་མི་འདྲ་བ་མང་པོ་ཡོད་ལ་གླིང་གི་ཁྱི་བཞི་ཅེས་འབོད་སྲོལ་ཡང་འདུག། གླིང་གི་ཁྱི་བཞི་ནི་དོམ་པོའི་རིགས་གཅིག་པ་ཡིན་ཀྱང་ཁ་དོག་མི་འདྲ་བ་འདི་ལྟར་། གསེར་པོ་བྲ་ནག་དང་། རྒྱ་བོ་མིག་བཞི། ལྟག་དཀར་དོམ་ཕྲུག། དོམ་ནག་སྙིང་དཀར་ཞེས་བོད་ཀྱི་འབྲོག་པའི་འཚོ་བ་དངོས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།

    འོན་ཀྱང་ལོ་ཤས་སྔོན་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་ཁྱིའི་འགྲན་བསྡུར་ཞིག་ལ་བོད་ཀྱི་དོམ་པོ་ཞུགས་འདུག་ལ་འགྲན་རྩོད་མཐའ་མའི་རྒྱལ་ཁ་ཐོབ་པ་འདི་ལྟར། བོད་ཀྱི་དོམ་པོ་ནི་གཟུགས་སྟོབས་ཆེ་ལ་སྤུ་རིང་བ་རྫིག་ཉམས་དོད་པོ་རྫི་རྣོ་བ་ངར་ཤུགས་ཆེ་བ་བློ་ཁོག་ཆེན་པོ་ཡོད་པ་མ་ཟད་ད་དུང་འདམ་སེང་ལ་འཛིང་ནུས་མཁན་གྱི་ཁྱི་ཞིག་འཛམ་གླིང་ན་མེད་པར་གྲགས། དེས་ན་བོད་ཀྱི་དོམ་པོའི་མཚན་མཐོང་ནི་གང་སར་ཁྱབ་པ་དང་ཆབས་ཅིག་རིན་གོང་ཡང་འཕར་ཚད་ཧ་ཅང་མཐོ་ལ་ཧོང་ཀོང་དང་ཧྲང་ཧེའེ་སོགས་ཀྱི་ཕྱུགས་བདག་ཚོས་ཉོ་མགོ་ཚུགས་ལ་རིང་གོང་ལ་ཕངས་སེམས་མེད་པར་འདི་ལྟར། ཉེ་འཆར་རང་སུད་སི་རྒྱལ་ཡོངས་ཀྱི་ཚགས་པར་སྟེང་རྒྱ་ནག་གི་ཕྱུགས་བདག་གཅིག་གིས་བོད་ཀྱི་དོམ་པོ་ཡག་ཤོས་གཅིག་ལ་རིན་གོང་རྒྱ་སྒོར་སུད་སྒོར་ཛ་བསྒྱུར་བྱས་ནས་སུད་སྒོར་ས་ཡ་གཅིག་དང་ཕྱེད་ཀ་སྤྲད་ནས་ཉོས་པར་འཛམ་གླིང་ནང་ཁྱི་གོང་ཆེ་ཤོས་ཆགས་འདུག་ཅེས་བཀོད་འདུག། འོན་ཀྱང་དེ་འདྲའི་རིན་གོང་ཆེན་པོ་དེ་ཆ་ཚང་བོད་པར་རག་ཁག་པོ་རེད་ལ་བོད་པ་རང་ལ་ཉུང་ཉུང་ཞིག་མ་གཏོགས་མང་ཆེ་བ་རྒྱ་མི་འཚོང་པ་ཚོས་འཁྱེར་འགྲོ་བ་ནི་བརྗོད་མི་དགོས་པ་ཞིག་རེད་པ། མ་གཞི་དོམ་པོ་རང་ཉིད་ལ་མཚོན་ན་གནམ་གཤིས་གྲང་ངར་དེའི་ནང་འཛུལ་སའི་ཁང་པ་ཀོང་ཀོང་ཙམ་ཡང་མེད་པར་དབྱར་དགུན་སྟོན་དཔྱིད་མེད་པར་སྤང་ཐང་སྡེར་སྡེར་ཞིག་གི་སྟེང་དུ་འཚོ་དགོས་པ་དང་ལྟོ་དེ་ཡང་གྲོད་པ་རྒྱགས་ལ་མི་རྒྱགས་ལ་འཚོ་དགོས་པ་ལས། ཕྱུགས་བདག་ཚོའི་འོག་ལྟོ་ནི་ཤ་རྐྱང་རྐྱང་དང་འགྲོ་ན་མོ་ཏྲ་རྫིག་པོའི་ནང་གདན་དྲུམ་ཟེའེ་སྟེང་དང་སྡད་ན་ཁང་པའི་ནང་སྐྱིད་ཐག་ཆོད་མ་རེད་པས། ཨོའོ་ཧོ། རྒྱ་མི་རིགས་ཁ་ཤས་ཁྱི་ཤ་ཟ་མཁན་མ་རེད་པས། དེ་འདྲའི་རིགས་ཀྱི་སར་མ་སླེབས་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡིན་ད།

    དེ་ནས་ཨ་དགེས་བོད་པ་ནུབ་ཕྱོགས་ལུང་པ་དང་ཨ་རི་སོགས་ལ་རང་རང་སོ་སོའི་མདུན་ལམ་འཚོལ་བར་ཕྱིན་པ་ལ་མི་འཚོང་བྱས་པ་ཞེས་ལབ་ན་ཏག་ཏག་གཅིག་ཨེ་ཡིན། མི་འཚོང་ཞེས་ན་དེང་གི་དུས་འདིར་འཛམ་གླིང་ནང་ཇགས་པ་དང་འཇིགས་བསྐུལ་རིང་ལུགས་པ་ཚོས་མི་གང་བྱུང་དུ་འཇུ་བཟུང་བྱས་ནས་སྒོར་མོ་མང་པོ་ལེན་པ་དང་ཇག་རོགས་བཙོན་ནས་ཐར་ཐབས་ཀྱི་མི་འཚོང་བྱེད་པ་དང་། མ་ཟད་རྒྱ་ནག་ནང་བྱིས་པ་མངོན་སུམ་དུ་འཚོང་བྱེད་མཁན་ནི་མང་པོ་འདུག་དེ་ཚོའི་རིགས་ལ་མི་འཚོང་རེད་པས་ཡང་ན་ག་རེ་རེད། མ་གཞི་ཁྲིམས་མཐུན་གྱི་ལམ་ཁ་ཞེས་པ་དེ་སྐུ་དྲག་གི་ཁྱིམ་རྒྱུད་དང་བླ་མ་གྲྭ་པ་གཞུང་གི་ལས་བྱེད་མ་གཏོགས་ཕལ་ཆེར་མེད་པ་འདྲ་ཞིག་རེད་དེ་ཚོ་ནི་གཞུང་དང་དགོན་པ་མི་ཆེན་དཔོན་ཆེན་སོགས་ཀྱིས་རྒྱབ་བརྟེན་ཡོད་པ་ཤ་སྟག་རེད་པ། གསར་འབྱོར་བ་ཚོ་དང་གཞིས་མི་ཉམས་ཆུང་བ་ཚོ་ནི་ཁྲིམས་འགལ་གྱི་ལམ་ཁ་འདི་མ་གཏོགས་ནུབ་ཕྱོགས་སུ་་ཐར་ལམ་མེད་པ་ཞིག་ཡིན་པ་ནི་མངོན་གསལ་རེད། བྱས་ཙང་ཨ་དགེ་ཁྱོད་གྲྭ་པ་ཞིག་ཡིན་ཙང་དེ་ཚོའི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་པ་ཟུར་ཙམ་ཡང་མི་ཤེས་པ་ནི་ཁྱོད་ལ་ཐུགས་ཁག་མེད་ལ་གཅིག་བྱས་ན་ནམ་ཞིག་ཁྱོད་སྒོར་རྡོག་དོན་དུ་རྒྱུགས་དགོས་ཚེ་ཤེས་ངེས།
    མ་གཞི་བོད་པ་ཚོ་རྒྱ་གར་ནང་ཉིན་མ་འཁྱོལ་ལ་དང་མི་འཁྱོལ་ལ་སྡོད་པ་ལས་ཕྱི་རྒྱལ་ལུང་པར་འགྲོ་ཐུབ་ན་ག་ལེར་ཁྲིམས་མཐུན་ཆགས་ངེས་ལ་གནས་འདི་ན་སྐྱབས་བཅོལ་ངོས་ལེན་བྱས་ཚར་ན་སྐྱབས་བཅོལ་གྱི་འཐོབ་ཐང་ཆ་ཚང་འདུག་ལ་རང་དབང་ནི་ཡོད་ཡོད་པ་རེད་མ་ཟད་རྒྱ་ཆེ་སར་མི་ཕན་ཡང་ཐ་ན་རང་ཉིད་ཀྱི་ཉེ་འབྲེལ་ལྟོས་བཅས་ལ་རོགས་རམ་གང་ལེགས་ཞུ་ཐུབ།

  11. བརྩོན་རྒྱམ། says:
    2011-08-29 at 1:56 am

    དགེ་མཐོང་ལགས་ཀྱི་གསུང་པ་ལྟར་རེད།  ད་སྐབས་བོད་ཡུལ་དུ་གནས་སྟངས་འདི་འདྲ་ཞིག་ཆགས་པ་ཡོད་པ་དངོས་ཡོད་ཡིན་པར་མ་ཟད།   སྒོ་ཁྱི་དང་རྟ་སོགས་རང་ཉིད་ཀྱི་རྩ་ཆེན་འཛིན་གྱི་ཡོད་ཀྱང་གོང་ཚད་ཡག་པོ་རེག་ན་རང་ཉིད་ཀྱི་སྒོ་ཁྱི་བཙོངས་ཀྱི་ཡོད་པ་དང་ད་དུང་རྟ་སོགས་ཀྱི་ཁའི་སོ་ཆད་པ་དང་རྐང་ལག་སྐྱོན་ཅན་དུ་འགྱུར་བ་དང་མཉམ་དུ་བཤའ་ཁང་དུ་བཙོངས་ཀྱི་ཡོད་པ་སོགས་ཧ་ཀྱང་ཐབ་སྐྱོ་བོའི་གནས་སྟངས་མང་པོ་མཐོང་རྒྱུ་འདུག   འདི་ནི་འུ་ཚོ་ལས་འབྲས་ལ་ཡིད་ཆེས་བྱེད་མཁན་བོད་མི་ཞིག་གིས་བྱེད་རྒྱུའི་བྱ་བ་ཞིག་མ་ཡིན་པ་ཤེས་གལ་ཆེ་བ་བཅས།

  12. ཕུན་ཚོགས་ says:
    2011-08-29 at 2:08 am

    དྲ་གྲོགས་རྣམས་པ་ཚོ་ཁྱིའི་གོང་རྐུན་པོས་སྤར་་བ་རེད་
    ངའི་གོ་ཐོས་ལ་གསར་འགོད་པ་ཞིག་གིས་ཆེད་དུ་དེའི་རྒྱུ་མཚན་ཁྱི་འཚོང་མཁན་རྒད་པོ་ཞིག་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐུགས་བསམ་ཅི་ཡང་མ་བཏང་བར་ལམ་སེང་་་་འདི་ལོའི་ཁྱི་ གོང་འཕར་ཐག་ཆོད་རེད་ངའི་བསམ་པར་ཕྱི་ལོ་ཁྱི་གོང་དེ་བས་འཕར་ངེས་རེད་སྙམ་གྱི་འདུག་ གང་ཡིན་ཟེར་ན་ད་ལྟ་གང་སར་རྒྱ་མི་མང་དུ་འགྲོ་བཞིན་ཡོད་པས་མིག་སྔར་ཁྱི་ནི་ཁྱིམ་ཚང་ཀུན་ལ་མེད་ཐབས་མེད་པའི་སྒོ་སྲུང་གཙོ་བོ་ཞིག་ཏུ་གྱུར་ཡོད་ ཡིན་ནའང་ང་ཚོ་ཁྱི་འཚོང་མཁན་ལ་ཆ་མཚོན་ན་ཁྱི་གོང་སྤར་འདོདམེད་ཀྱང་ཁྱིའི་གོང་རྐུན་པོས་སྤར་བས་ང་ཚོའི་ཁྱི་འཚོང་མཁན་ལའང་ཐབས་ཤེས་མི་འདུག་ཅེས་འཁོད་འདུག་

  13. བཀྲ་ཤིས་སྒྲོལ་མ། says:
    2011-08-29 at 4:58 am

    དགེ་སློང་དགེ་མཐོང་གིས་བོད་ཀྱི་འབྲོག་ཁྱི་རྩ་སྟོང་ལ་འགྲོ་བཞིན་པར་སེམས་ཁུར་མཚོན་བྱེད་ཀྱི་རྩོམ་ཡིག་ཅིག་བྲིས་པར་རྒྱབ་སྐྱོར་ཡོད། ལོ་ཁ་ཤས་ཀྱི་གོང་ཞིག་ལ་བོད་ཀྱི་དུས་བབ་སྟེང་དུ་རྔ་བ་རྫ་བློས་བོད་ཀྱི་འབྲོག་ཁྱི་རྩ་སྟོང་ལ་འགྲོ་བཞིན་པའི་གནས་ཚུལ་ཞིག་བྲིས་ཡོད་པ་འདྲ་ཞིག་དྲན་གྱི་འདུག དག་དག་ཡིན་མིན་མི་ཤེས། གསལ་བོ་མི་འདུག

  14. གངས་ཆུང། says:
    2011-08-29 at 6:20 am

    ཨ་རིག་ལགས། ཐ་མ་ཞེས་འབྲི་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme