Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོ་རེ་ཡ་ལྷོ་བྱང་གི་དམག་འཁྲུག

Posted on 2014-12-052014-12-06 By སྤོབས་པ་མཐའ་ཡས། 4 Comments on ཁོ་རེ་ཡ་ལྷོ་བྱང་གི་དམག་འཁྲུག

སྤོབས་པ་མཐའ་ཡས།

 
ཁོ་རེ་ཡའི་དམག་འཁྲུག་ནི་ཡུལ་དེ་ལྷོ་བྱང་གཉིས་སུ་བཅད་ནས་དམར་ཤོག་དང་དམར་ཤོག་མ་ཡིན་པའི་བར་གྱི་དྲག་པོའི་དམག་འཐབ་སྐྱི་གཡའ་བ་ཞིག་རེད། དམག་འཁྲུག་འདིའི་ཁྲོད་དུ་དམར་ཤོག་པའི་དབང་ཤུགས་འགོག་རྒོལ་གྱི་ཆེད་དུ་རྒྱལ་ཚོགས་མཉམ་འབྲེལ་གྱི་ཁོངས་གཏོགས་མང་པོས་འཐབ་རྩོད་རྒྱ་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་བྱས་ཡོད། ཡིན་ན་ཡང་ད་ལྟ་མི་མང་པོ་ཞིག་གིས་དམག་འཁྲུག་འདིའི་རྒྱུ་རྐྱེན་དང་། ངོ་བོ། མཇུག་འབྲས་བཅས་གསལ་པོ་ཞིག་ཤེས་ཀྱིན་མེད་པས་’བརྗེད་ཟིན་པའི་དམག་འཁྲུག་’ཀྱང་ཟེར་སྲོལ་ཡོད། ཁོ་རེ་ཡ་ལྷོ་བྱང་བར་གྱི་རྩོད་རྙོག་དེ་ནི་དུས་རབས་ཉི་ཤུ་པའི་ནང་གི་གདོང་ཐུག་མིན་པའི་དམག་འཁྲུག་གམ་གྲང་དམག་གི་གལ་ཆེ་བའི་གནད་རྩ་ཞིག་དང་། དམར་ཤོག་དང་དམར་ཤོག་མིན་པའི་བར་གྱི་ཛ་དྲག་གདོང་ཐུག་གི་ལྟེ་གནས་ཤིག གཅིག་བྱས་ན་མ་འོངས་པའི་འཛམ་གླིང་འཁྲུག་ཆེན་གསུམ་པའི་སྣ་འདྲེན་དུ་ཡང་འགྱུར་སྲིད་པ་ཞིག་རེད། ཁོ་རེ་ཡ་ཞེས་ལོ་རྒྱུས་རིང་བའི་སྤྱི་ཚོགས་ཤིག་དུམ་བུ་གཉིས་སུ་བགོས་ཏེ་རྩོད་རྙོག་བར་མ་ཆད་དུ་འབྱུང་བཞིན་པ་འདི་ནི་དམག་འཁྲུག་འདིའི་ཤུལ་བཞག་ཡིན་ནོ༎

 

༡༩༤༥ ལོའི་སྔོན་གྱི་ཁོ་རེ་ཡ།

ཁོ་རེ་ཡ་ཞེས་པའི་ཡུལ་འདི་ནི་ཤར་ཨེ་ཤི་ཡའི་རི་རྒྱུད་མང་བའི་གླིང་སྣེ་རིང་ཚད་ལ་ཀི་ལོ་མི་ཏྲར་༩༧༠ ཙམ་དང་ཞིང་ཚད་ཆེ་སར་ཀི་ལོ་མི་ཏྲར་༣༢༠ ཙམ་ཡོད་པ་ཞིག་རེད། ཡུལ་དེའི་བྱང་མཐའ་རྒྱ་ནག་གི་ཏོང་པའེ་དང་འབྲེལ་ཞིང་ཤར་མཐའ་ཨུ་རུ་སུ་དང་འབྲེལ། ཡུལ་དེར་ཡེ་ཤུའི་འདས་ལོ་༦༦༨ ནས་༩༣༥ ཙམ་བར་དུ་བྱུང་བའི་ཤི་ལ་རྒྱལ་རབས་ཀྱི་སྐབས་སུ་ཚོ་བ་དང་རྒྱལ་ཕྲན་ཁག་གཅིག་ཏུ་བསྡུས། དུས་ཡུན་རིང་པོར་ཁོ་རེ་ཡས་རྒྱ་ནག་དང་མཐུན་འབྲེལ་བྱས་ཤིང་བྱང་ཕྱོགས་ཀྱི་སོག་རིགས་ཇག་དམག་འགོག་རྒོལ་དང་། དུས་རབས་བཅུ་དྲུག་པའི་ནང་དུ་ཉི་ཧོང་གིས་བཙན་འཇུལ་བྱས་པ་ཡང་རྒྱ་ནག་གི་རོགས་རམ་ལ་བརྟེན་ནས་ཕྱིར་འབུད་ཐུབ་པ་བྱུང་། མན་ཇུའི་རྒྱལ་རབས་མཇུག་སྒྲིལ་ལ་ཉེ་སྐབས་སུ་རྒྱ་ནག་གི་ཆབ་སྲིད་སྟོབས་ཤུགས་ལ་ཉམས་རྒུད་ཐེབས་པའི་གོ་སྐབས་དང་བསྟུན་ནས་༡༩༠༥ ལོ་ནས་ཉི་ཧོང་གིས་བཙན་འཛུལ་བྱས་ཤིང་༡༩༡༠ ལོར་ཉི་ཧོང་གི་དབང་འོག་ཏུ་ཚུད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་མ་དྲིལ་བར་དུ་ཉི་ཧོང་གི་དབང་འོག་ཏུ་ལུས།

 

ཁོ་རེ་ཡའི་དམག་འཁྲུག་གི་འབྱུང་རྩ།

༡༩༤༥ ལོར་ཨུ་རུ་སུ་མཉམ་འབྲེལ་གྱིས་ཡུལ་དེའི་ཉི་ཧོང་གི་དབང་ཤུགས་ལ་འགོག་རྒོལ་ཆེད་དུ་ཁོ་རེ་ཡའི་བྱང་རྒྱུད་ནས་རིམ་པར་ཤུགས་རྐྱེན་སྤེལ་མགོ་ཚུགས། རྐྱེན་དེས་ཨ་མེ་རི་ཁར་ཁོ་རེ་ཡའི་ཡུལ་དེ་ཨུ་རུ་སུ་དམར་ཤོག་མཉམ་འབྲེལ་གྱི་ཁོངས་གཏོགས་སུ་འགྱུར་སྲིད་པའི་ཞེད་སྣང་ཞིག་སླེབས། ཨ་མེ་རི་ཁའི་སྲིད་འཛིན་ཧན་རེ་ཁྲི་རུ་མན་Harry Trumanགྱིས་ཨུ་རུ་སུའི་ཤུགས་རྐྱེན་སླེབས་ཟིན་པའི་བྱང་རྒྱུད་ནས་མར་བརྒལ་མི་ཆོག་པའི་རེ་སྐུལ་བྱས། འཕྲེད་ཐིག་སོ་བརྒྱད་མ་ཟེར་བའི་གནས་སྐབས་ཀྱི་ས་མཚམས་ཕྱེས། རྐྱེན་དེས་ཁོ་རེ་ཡའི་བྱང་རྒྱུད་ནི་ཨུ་རུ་སུ་དང་ལྷོ་རྒྱུད་ནི་ཨ་མེ་རི་ཁའི་ཤུགས་རྐྱེན་ཅན་གྱི་ཡུལ་ཁག་གཉིས་སུ་གྱུར། ཡུལ་གྲུ་དེ་གཉིས་གཅིག་ཏུ་བསྒྲིལ་བར་ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་བློ་ཁ་མ་མཐུན། དོན་རྐྱེན་དེ་རྒྱལ་ཚོགས་མཉམ་འབྲེལ་ལ་ཞུ་གཏུགས་བྱས། རྒྱལ་ཚོགས་མཉམ་འབྲེལ་གྱི་སྐུ་ཚབ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག་ཏུ་ཡུལ་དེའི་སྲིད་གཞུང་འོས་འདེམས་ལ་ཨུ་རུ་སུས་ངོས་ལེན་མ་བྱས་པས་འོས་འདེམས་དེ་ལྷོ་ཁོ་རེ་ཡ་ཁོ་ནར་བྱེད་དགོས་བྱུང་།

༡༩༤༨ ལོའི་ཟླ་༨ པའི་ཚེས་༡༥ ཉིན་ཨ་མེ་རི་ཁའི་དམག་གིས་ལྷོ་ཁོ་རེ་ཡའི་སྲིད་དབང་ཆ་ཚང་ཁོ་རེ་ཡ་སྤྱི་མཐུན་ཟེར་བའི་སྲིད་གཞུང་གསར་པའི་མགོ་འཛིན་སན་མིན་རིས་ལ་རྩིས་སྤྲད། ལོ་དེའི་ཟླ་༩ པའི་ཚེས་༩ ཉིན་བྱང་ཁོ་རེ་ཡའི་དམར་ཤོག་ཚོགས་པས་མི་མང་གི་དམངས་སྐྱོང་སྤྱི་མཐུན་ཁོ་རེ་ཡ་ཞེས་པའི་སྲིད་གཞུང་གསར་པ་བཙུགས། ལོ་དེའི་མཇུག་ཏུ་ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཆར་གྱི་དམག་དཔུང་ཚང་མ་ས་ཁུལ་དེ་ནས་ཕྱིར་འཐེན། དེ་ལྟར་ལྷོ་བྱང་གཉིས་སུ་ལམ་ལུགས་མི་འདྲ་བའི་སྲིད་གཞུང་གཉིས་བྱུང་ནས་འཕྲེད་ཐིག་སོ་བརྒྱད་མ་ནི་གཏན་འཇགས་ཀྱི་ས་མཚམས་སུ་གྱུར། དེ་ལྟར་ཁག་གཉིས་སུ་གྱུར་ཕྱིན་ནས་ཀྱང་འཐབ་འཁྲུག་ཆུང་ཙག་དང་། དཀྲོག་གཏམ་འདྲ་མིན་སྤེལ་བ། ཕན་ཚུན་གྱི་ས་མཚམས་བརྒལ་ཏེ་སིམ་འཛུལ་བྱས་པ་སོགས་ཕོག་ཐུག་བྱུང་རྐྱེན་གྱིས་བྱང་ཁོ་རེ་ཡས་དྲག་ཤུགས་ཀྱིས་གཅིག་གྱུར་བྱེད་ཆེད་དུ་༡༩༥༠ ལོའི་ཟླ་༦ པའི་ཚེས་༢༥ ཉིན་འཕྲེད་ཐིག་སོ་བརྒྱད་མ་བརྒལ་དེ་ལྷོ་ཁོ་རེ་ཡར་དཔུང་འཇུག་བྱས།

 

ཁོ་རེ་ཡའི་དམག་འཁྲུག་གི་འཕེལ་རིམ།

བྱང་ཁོ་རེ་ཡའི་བྱེད་སྟངས་དེར་རྒྱལ་ཚོགས་མཉམ་འབྲེལ་གྱིས་སྐྱོན་བརྗོད་བྱས། སྐབས་དེར་རྒྱལ་ཚོགས་མཉམ་འབྲེལ་གྱི་ནང་གི་ཨུ་རུ་སུའི་སྐུ་ཚབ་ལ་འཛམ་གླིང་ཞི་བདེ་དང་བརྟན་ལྷིངས་ཀྱི་འགན་བཀལ་ཡང་ཁོ་པས་རྒྱ་དམར་རྒྱལ་ཚོགས་མཉམ་འབྲེལ་གྱི་ནང་དུ་མ་ཚུད་པར་ངོ་རྒོལ་བྱས་ཏེ་ཁོ་རེ་ཡའི་སྐོར་གྱི་འགན་ཁུར་རོགས་མ་བྱས། ༡༩༥༠ ཟླ་༦ པའི་ཚེས་༢༧ ཉིན་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ལྷོ་ཁོ་རེ་ཡའི་ས་ཁོངས་སུ་དྲག་སྤྱོད་འགོག་པར་རོགས་རམ་གང་དགོས་བྱེད་པར་ཐག་བཅད། ཨ་མེ་རི་ཁར་མཚོན་ན་༡༩༤༩ ལོར་རྒྱ་ནག་ཡོངས་རྫོགས་དམར་ཤོག་པའི་དབང་བསྒྱུར་འོག་ཏུ་ཚུད་པར་བརྟེན་ཁོ་རེ་ཡ་ཡོངས་རྫོགས་ཀྱང་དམར་ཤོག་པའི་འོག་ཏུ་ཚུད་སྲིད་པའི་དོགས་པ་ཆེ་རུ་སོང་ཡོད་སྟབས། ལྷོ་ཁོ་རེ་ཡའི་ཁོངས་སུ་བདེ་སྲུང་དམག་དཔུང་གང་མགྱོགས་ཀྱིས་གཏོང་བར་ཐག་བཅད་ཅིང་ལོ་དེའི་ཟླ་༦ པའི་མཇུག་ཙམ་ལ་ཨ་མེ་རི་ཁའི་དམག་དཔུང་ཡུལ་དེར་དངོས་སུ་འབྱོར། དེ་ནས་རིམ་གྱིས་རྒྱལ་ཚོགས་མཉམ་འབྲེལ་གྱི་ཁོངས་གཏོགས་ཡུལ་གྲུ་གཞན་ནས་ཀྱང་དམག་དཔུང་ཡུལ་དེར་གཏོང་མགོ་ཚུགས།

སྐབས་དེར་བྱང་ཁོ་རེ་ཡའི་དམག་དཔུང་མྱུར་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ་ལོ་དེའི་ཟླ་དགུ་པའི་ནང་དུ་ལྷོ་ཁོ་རེ་ཡའི་རྒྱལ་ས་སོལ་Seoul དུ་ཡོད་པའི་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་དཔུང་ཕྱིར་ཕུད་ནས་རྒྱལ་ས་ཁོ་ཚོས་བཟུང་། རིམ་གྱིས་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་དཔུང་རྣམས་བྱང་མཐའི་མཚོ་འགྲམ་གྲོང་ཁྱེར་ཕུ་སན་Pusan བར་དུ་བདས། 
མི་རིང་བར་རྒྱལ་ཚོགས་མཉམ་འབྲེལ་གྱི་དཔུང་ཚོགས་ཕོན་ཆེན་ཞིག་ལྷོ་ཁོ་རེ་ཡའི་རྒྱལ་ས་དང་ཁད་ཉེ་བའི་ལེན་ཆོན་Incheon ཞེས་པའི་ས་གནས་སུ་འབབ་ཐུབ་པ་བྱུང་བས་བྱང་ཁོ་རེ་ཡའི་དམག་གི་རྒྱབ་གནོན་བཀག་སྟེ་བྱང་ཁོ་རེ་ཡའི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་ཕོག རིམ་གྱིས་རྒྱལ་ཚོགས་མཉམ་འབྲེལ་དང་ལྷོ་ཁོ་རེ་ཡའི་དམག་གིས་བྱང་ཁོ་རེ་ཡའི་ཁོངས་སུ་དཔུང་འཇུག་བྱས་ཤིང་ལོ་དེའི་ཟླ་༡༠ པའི་ནང་ལ་བྱང་ཁོ་རེ་ཡའི་རྒྱལ་ས་ཡང་བླངས། འོན་ཀྱང་ལོ་དེའི་ཟླ་༡༢ པའི་ནང་རྒྱ་ནག་གི་དམག་གིས་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་དཔུང་རྣམས་བྱང་ཁོ་རེ་ཡའི་ས་ཁོངས་ནས་ཕྱིར་ཕུད།

 

འཇིགས་ཟིལ་ཆེ་བའི་གཡུལ་འགྱེད་ཁག་གཅིག



༡༩༥༠ ལོའི་ཟླ་༡༢ པའི་ཚེས་༥ ཉིན་བྱང་ཁོ་རེ་ཡའི་ས་ཁོངས་ཕག་ཆོན་Pakchon དུ་གཡུལ་ཆེན་པོ་བཀྱེས། ཟླ་དེའི་ཚེས་༢༣ དང་༢༤་ ཉིན་ཁོ་ནར་ཡང་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་མི་༣༠༠༠ ཙམ་ཤི་སྐྱོན་དང་བོར་བརླགས་སུ་སོང་ནས་ཕམ་ཉེས་སྡུག་ཤོས་ཤིག་བྱུང་། ལྷོ་ཁོ་རེ་ཡའི་རྒྱལ་ས་སོལ་seoul དུ་ཡང་ཚ་ཟིལ་ཆེ་བའི་གཡུལ་འགྱེད་ཐེངས་དུ་མར་བྱས། དེ་ཡང་ཐོག་མར་བྱང་ཁོ་རེ་ཡའི་དམག་དཔུང་ས་དེར་སླེབས་པའི་ཉིན་གསུམ་པ་ལ་རྒྱལ་ས་ཡོངས་རྫོགས་ཁོ་ཚོས་བླངས། ༡༩༥༠ ལོའི་ཟླ་བཅུ་པའི་ནང་རྒྱལ་ཚོགས་མཉམ་འབྲེལ་གྱིས་དམག་གིས་བྱང་ཁོ་རེ་ཡའི་དམག་གི་ལག་ནས་འཕྲོགས། ༡༩༥༡ ལོའི་ཟླ་༡ པོའི་ནང་རྒྱ་ནག་གི་དམག་གིས་རྒྱལ་ཚོགས་མཉམ་འབྲེལ་གྱི་ལག་ནས་འཕྲོགས། སླར་ཡང་༡༩༥༡ ལོའི་ཟླ་༣ པའི་ནང་ལ་རྒྱལ་ཚོགས་ཀྱི་དམག་དཔུང་གི་ལག་ཏུ་ཐོབ་པ་བཅས་སོ༎ ༡༩༥༣ ལོའི་ཟླ་༧ པའི་ཚེས་༢༣ཉིན་རྒྱ་ནག་ གིས་ཚབས་ཆེའི་དཔུང་ངོམ་བྱས་པར་བརྟེན་ཡུལ་གཉིས་ཀྱི་ས་མཚམས་དང་ཁད་ཉེ་བའི་ས་མི་ཆོན་Samichon ཞེས་པའི་གཙང་པོའི་འགྲམ་དུ་གཡུལ་འགྱེད་ཆེན་པོ་བྱུང་ཞིང་རྒྱ་དམག་༢༠༠༠ ནས་༣༠༠༠ ཙམ་བསད།

 

རྒྱ་ནག་གི་ཐེ་གཏོགས།

དེ་ཡང་༡༩༥༠ ལོའི་ཟླ་༩ པའི་ནང་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་དཔུང་ལེན་ཆོན་དུ་བབས་རྗེས་སུ་ལྷོ་ཁོ་རེ་ཡའི་རྒྱལ་ས་བླངས་པ་སོགས་རྒྱལ་ཁ་ཆེན་པོ་ཐོབ། བྱང་ཁོ་རེ་ཡའི་དམག་མི་སྟོང་ཕྲག་མང་པོ་འཛིན་བཟུང་དང་ལྷོ་ཁོ་རེ་ཡའི་ས་ཁོངས་ནས་ཕྱིར་འབུད་བྱས། དོན་དངོས་སུ་སྐབས་དེ་ནས་དམག་འཁྲུག་མཚམས་ཆོད་ཟིན་པ་ལྟ་བུ་ཡིན་ཡང་ཨ་མེ་རི་ཁའི་སྤྱི་ཁྱབ་རུ་འདྲེན་པ་སྒྲག་ལ་སི མག་ཨར་ཐོར་douglas MacArthor ལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁག་གིས་ཁོ་རེ་ཡ་ཡོངས་རྫོགས་གཅིག་གྱུར་བྱེད་པའི་བཀའ་འཁྲོལ་ཐོབ་སྟེ་ཁོང་གིས་སྣེ་ཁྲིད་པའི་དམག་དཔུང་གིས་བྱང་ཁོ་རེ་ཡའི་ཁོངས་སུ་དཔུང་འཇུག་དང་རྒྱལ་ཁ་ལེན་རིམ་བཞིན་ཡ་ལུ་གཙང་པོའི་རྒྱུད་དུ་འབྱོར། ཡུལ་དེ་ཁོ་རེ་ཡ་དང་རྒྱ་ནག་གི་ས་མཚམས་ཡིན་པར་བརྟེན་རྒྱ་ནག་གིས་རང་གི་ས་ཁོངས་བརྟན་སྲུང་ལ་འཇིགས་སྐུལ་བྱས་པར་བསྙད་ནས་གླེང་རྙོག་གླེང་སློང་མགོ་ཚུགས།
ལོ་དེའི་ཟླ་བ་༡༡ པའི་ནང་དུ་རྒྱ་ནག་གི་དམག་དཔུང་བྱང་ཁོ་རེ་ཡའི་དཔུང་རོགས་སུ་འབྱོར་ཏེ་མི་འགྱངས་བར་རྒྱལ་ཚོགས་མཉམ་འབྲེལ་གྱི་དམག་དཔུང་རྣམས་བྱང་ཁོ་རེ་ཡའི་ས་ཁོངས་ནས་ཕྱིར་ཕུད། སྤྱི་ཁྱབ་རུ་འདྲེན་པ་སྒྲག་ལ་སི མག་ཨར་ཐོར་Douglas MacArthor གྱིས་རྒྱ་ནག་ནང་དུ་དཔུང་འཇུག་གིས་ཏོང་པའེ་ཁུལ་དུ་ཡོད་པའི་རྒྱ་དམག་གི་རྟེན་གཞི་རྣམས་ལ་གཏོར་རྒོལ་བྱ་རྒྱུའི་འཆར་གཞི་བཏིང་ཡང་༡༩༥༡ ལོར་ཨ་མེ་རི་ཁའི་སྲིད་འཛིན་Harry Truman གྱིས་རུ་འདྲེན་པ་དེ་གོ་གནས་ལས་ཕབ་རྐྱེན་གྱིས་རྒྱ་ནག་ལ་དཔུང་འཇུག་བྱ་རྒྱུའི་ལས་དོན་དེ་ལམ་ལྷོངས་མ་བྱུང་། དེ་ལྟར་རྒྱ་ནག་གིས་མེ་འགོག་ཁྲོ་རོགས་༼མེ་གོ་བ་འགོག་པ་དང་ཁྲོ་ཤན་ལ་རོགས་སྐྱོར་བྱེད་ཅེས་པའི་དོན༽ཟེར་བའི་ཐ་སྙད་འོག་ཏུ་མི་ཤུགས་རྒྱུ་ཤུགས་ཕངས་མེད་བཏོན་ནས་༡༩༥༨ ལོའི་བར་ཡུལ་དེར་དམག་དཔུང་སྡོད་འཛུགས་བྱས།

 

དམག་འཁྲུག་མཇུག་བསྒྲིལ།

དེ་ལྟར་ལོ་ལ་ལོ་མཐུད་དེ་འཇིགས་ཟིལ་ཆེ་བའི་དམག་འཁྲུག་བསྟུད་མར་བརྒྱབ་ཅིང་ཕྱོགས་གཉིས་ཀས་གཅིག་གིས་གཅིག་ལ་རྒྱལ་ཁ་སྟེར་འདོད་མེད་པ་གསལ་བོ་ཡིན་སྟབས་མང་ཚོགས་ཀྱི་འདོད་འདུན་དེ་དམག་འཁྲུག་དང་རྒྱབ་འགལ་དུ་ཕྱིན། ༡༩༥༡ ལོའི་ཟླ་༦ པར་ཨུ་རུ་སུ་མཉམ་འབྲེལ་གྱི་སྐུ་ཚབ་ཇ་ཁོབ་མ་ལིག་གིས་Jacob Malik གིས་དམར་ཤོག་སྤྱི་ཚོགས་ཀྱི་ཚབ་ལྟ་བུ་བྱས་ནས་ཁོ་རེ་ཡའི་དམག་འཁྲུག་སྐོར་ལ་ཞི་བའི་གྲོས་མོལ་བྱེད་པའི་བསམ་འཆར་བཏོན། ལོ་དེའི་སྤྱི་ཟླ་བདུན་པའི་ནང་དུ་གྲོས་མོལ་མགོ་བཙུགས། གྲོས་མོལ་ཞིབ་ཆ་བྱེད་སྐབས་རྩོད་གླེང་མང་པོས་འགོག་རྐྱེན་ཐེབས། དེ་ཡང་དཔེར་ན་ས་མཚམས་སོ་བརྒྱད་མའི་ས་ཁུལ་དུ་ཕྱོགས་གཉིས་ཀས་དམག་དཔུང་མི་འཇོག་པར་ཞི་བའི་ས་ཁུལ་བྱེད་མིན་དང་། ལྷོ་ཁོ་རེ་ཡའི་ས་ཁོངས་སུ་རྒྱ་ནག་དང་བྱང་ཁོ་རེ་ཡའི་དམག་མི་ཕོན་ཆེན་ཞིག་འཛིན་བཟུང་བྱས་ཡོད་པ་རྣམས་ཕྱིར་སློག་མིན་བཅས་ལ་རྩོད་པ་ཆེན་པོ་བྱུང་། ལྷག་པར་ཡང་གྲོས་མོལ་མགོ་ནམ་བཙུགས་སུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་ཚོས་དཔུང་ཤུགས་ངོམ་རེས་ཀྱིས་རང་ཕྱོགས་ལ་ཆག་ཡངས་ཡོང་ཐབས་བྱེད་པ་སོགས་དཀའ་རྙོག་ཆེན་པོ་བྱུང་།

༡༩༥༢ ལོའི་ཟླ་༡༡ པར་སྐུ་ཞབས་སྒྲི་ཝའེ་ཁྲི ཨ་ཟེན་ཧོ་ཝེDwight Eisenhower ཨ་མེ་རི་ཁའི་སྲིད་འཛིན་དུ་བདམས་རྗེས་ཁོང་གིས་ཁོ་རེ་ཡའི་རྩོད་རྙོག་སེལ་ཐབས་བྱེད་པའི་ཁས་ལེན་བྱས། ༡༩༥༣ ལོར་ཁོང་གིས་མངོན་གསལ་མིན་པའི་སྒོ་ནས་གལ་སྲིད་རྒྱ་ནག་དང་བྱང་ཁོ་རེ་ཡའི་ཕྱོགས་ནས་ཞི་མོལ་ལ་ཉན་འཇོག་མ་བྱས་ཚེ་ཨ་མེ་རི་ཁའི་ཕྱོགས་ནས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱ་སྲིད་པའི་ཉེན་བརྡ་བཏང་བར་བརྟེན་སླར་ཡང་ཞི་མོལ་མགོ་བཙུགས་ཐུབ་པ་བྱུང་། ཐ་མ་དམར་ཤོག་པ་ཚོས་ཀྱང་ས་མཚམས་འཕྲེད་ཐིག་སོ་བརྒྱད་མའི་ཁུལ་དུ་དམག་དཔུང་སྡོད་འཛུགས་མི་བྱེད་པ་དང་ལྷོ་ཁོ་རེ་ཡའི་ཁོངས་སུ་བཟུངས་བའི་རྒྱ་ནག་དང་བྱང་ཁོ་རེ་ཡའི་དམག་མི་རྣམས་ཀྱང་ལྷོ་ཁོ་རེ་ཡའི་ཡུལ་དུ་སྡོད་པའམ་ཕྱིར་རང་ཡུལ་དུ་ལོག་པ་གང་བྱེད་རང་རང་གི་འདོད་མོས་བཞིན་བྱ་ཆོག་པར་ངོས་ལེན་བྱས། ༡༩༥༣ ལོའི་ཟླ་༧ པའི་ཚེས་༢༧ ཉིན་དམག་འཁྲུགས་མཚམས་འཇོག་པའི་ཡིག་ཆར་མིང་རྟགས་བཀོད་ནས་དམག་འཁྲུག་དེ་མཇུག་བསྒྲིལ།

 

༡༩༥༣ རྗེས་ཀྱི་ཁོ་རེ་ཡ།



གོང་དུ་བཤད་མ་ཐག་པའི་དམག་འཁྲུག་མཚམས་འཇོག་གི་ཡིག་ཆར་མིང་རྟགས་བཀོད་པ་ཙམ་ལས་ཡུལ་གྲུ་གཉིས་བར་དུ་ཞི་བདེའི་གྲོས་ཆོད་ཅིག་འཇོག་ཐུབ་མེད། དམག་འཁྲུག་ཆེན་པོ་མཇུག་སྒྲིལ་ཡང་འཐབ་འཁྲུག་ཆུང་ཙག་ཡང་ཡང་བྱུང་བ་དང་། ཉེ་ཆར་ཡང་ལྷོ་ཁོ་རེ་ཡའི་དམག་གྲུ་ཞིག་མཚོར་བྱིངས་བ་དེ་བྱང་ཁོ་རས་ཡས་ཆེད་དུ་བྱས་པ་ཡིན་པའི་ཉེས་འཛུགས་བྱས་ཡོད། བྱང་ཁོ་རེ་ཡ་འདི་དམར་ཤོག་ཚོགས་པ་དང་ཁེམ་སུང་Kim Il-sung གི་དབང་བསྒྱུར་འོག་ཏུ་གནས། ༡༩༩༤ལོར་ཁེམ་སུང་Kim Il-sung ཤི་རྗེས་སུ་ཁོའི་བུ་ཁེམ་ཇུང་ཨིལ་Kim Jong il གིས་སྲིད་དབང་བཟུང་ཞིང་། སྤྱི་ལོ་༢༠༡༡ ལོའི་ཟླ་༡༢ པའི་ཚེས་༢༩ ཉིན་ནས་དེའི་བུ་ཁེམ་ཇོང་ཨུན་ལ་སྲིད་དབང་གཏད། མི་རབས་གསུམ་གྱི་དབང་བསྒྱུར་དེ་ལ་ཀེམ་རྒྱལ་རབས་ཀྱང་ཟེར་སྲོལ་ཡོད། སྤྱི་ལོ་༢༠༡༣ ལོའི་ཟླ་༣ པའི་ཚེས་བདུན་ཉིན་་ཁེམ་ཇོང་ཨུན་གྱིས་ཨ་མེ་རི་ཁའི་སྟེང་ལ་རྡུལ་ཕྲན་མཚོན་ཆས་རྒོལ་རྡུང་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བསྒྲགས་གཏམ་སྤེལ་ནས་འཛམ་གླིང་སྤྱི་ཚོགས་ལ་དོགས་འདྲོགས་ཆེན་པོ་བསླངས།

ལྷོ་ཁོ་རེ་ཡ་ཡང་༡༩༦༠ ནང་དུ་དམག་ཤུགས་ཀྱི་དབང་བསྒྱུར་འོག་ཏུ་ཚུད་ཀྱང་༡༩༨༠ ནང་ལ་དམངས་སྐྱོང་སྲིད་གཞུང་བསྐྱར་འཛུགས་ཐུབ་པ་བྱུང་། ༡༩༩༠ ནང་ནས་ཡུལ་གྲུ་གཉིས་བར་གྱི་མཐུན་འབྲེལ་གོང་དུ་སྤེལ་བར་འབད་ཅིང་༢༠༠༠ ལོ་ཙམ་ལ་འབྲེལ་ལམ་བཟང་བའི་རྩེར་སོན། ༢༠༠༣ ལོ་ནས་ལྷོ་ཁོ་རེ་ཡའི་ལྟ་སྐོར་ལྗོངས་རྒྱུ་བ་རྣམས་བྱང་ཁོ་རེ་ཡའི་ཁོངས་སུ་གཏོང་མགོ་ཚུགས། དེ་ལྟར་འབྲེལ་ལམ་གོང་དུ་འཕེལ་བ་བྱུང་མོད་ད་དུང་ཡང་ཕན་ཚུན་བར་ལ་རེ་དོགས་འགལ་འབྲེལ་གྱི་ཚོར་སྣང་ཧ་ཅང་ཆེ། ཕྱོགས་གཉིས་ཀས་དམག་ཤུགས་རྒྱ་བསྐྱེད་ལ་འགྲོ་གྲོན་ཕངས་མེད་དུ་གཏོང་བཞིན་པ་དེར་ཡང་ཕྱི་ནང་གང་ས་ནས་སྐྱོན་བརྗོད་བྱེད་མཁན་མང་། ལྷག་པར་ཡང་བྱང་ཁོ་རེ་ཡས་རྡུལ་ཕྲན་མཚོན་ཆ་བཟོ་བའི་ལས་གཞི་མཚམས་འཇོག་འདོད་མེད་པ་དེས་འཛམ་གླིང་གི་སྤྱི་ཚོགས་མང་པོ་ཞིག་ལ་འཇིགས་སྣང་འབྱུང་བཞིན་ཡོད།

 

དམག་འཁྲུག་དེའི་རྐྱེན་གྱིས་མི་སྲོག་ཤོར་བའི་གྲངས་འབོར།

ལྷོ་ཁོ་རེ་ཡའི་མི་གྲངས་༡༣༧༨༩༩ 
བྱང་ཁོ་རེ་ཡའི་མི་གྲངས་༢༡༥༠༠༠ 
རྒྱ་ནག་གི་དམག་མི་ཤི་བའི་གྲངས་འབོར་དེ་སྔོན་ཆད་རྒྱ་ནག་གཞུང་གི་ཡིག་ཆར་༡༤༨༠༠༠ དང་ཉེ་ཆར་༡༨༠༠༠༠ ཞེས་ཀྱང་བཤད་འདུག་མོད་ཨ་མེ་རི་ཁས་གྲངས་འབོར་བཏོན་པ་དེར་༤༠༠༠༠༠ ཞེས་གསལ། 
ཨུ་རུ་སུ་དམར་ཤོག་མཉམ་འབྲེལ་གྱི་མི་གྲངས་༢༨༢ 
ཨ་མེ་རི་ཁའི་མི་གྲངས་༣༦༥༡༠ 
དབྱིན་ཡུལ་གྱི་མི་གྲངས་༡༡༠༩ 
ཨ་སི་ཁྲི་རལ་ལི་ཡའི་མི་གྲངས་༣༣༩ 
ཏུར་ཁེའི་མི་གྲངས་༧༢༡ 
ཁ་ན་སྒྲའི་མི་གྲངས་༥༡༦ 
ད་དུང་ཡུལ་གཞན་གྱི་དམག་མི་བསད་པའི་གྲངས་འབོར་ཞིབ་དུ་འདུག་རུང་རགས་རིམ་ཞིག་འདི་ཙམ་གྱིས་འཐུས་པར་བྱས། ཁྱོན་བསྡོམས་མི་གྲངས་༧༧༨༠༥༣ བསད་འདུག དམག་མི་རྨས་པའི་གྲངས་འབོར་དེ་འདིར་བྲིས་མེད། དེ་ནི་འཐབ་འཛིངས་པ་བསད་པའི་གྲངས་འབོར་ཙམ་རེད། མི་མང་དཀྱུས་མ་ཤི་རྨས་སུ་སོང་བ་ནི་ཚོད་རྩིས་བྱས་ན་བྱེ་བ་གཉིས་དང་འབུམ་ལྔ་ཙམ་ཡིན་ཟེར།

 



མིང་ཚིག་བསྒྱུར་སྟངས་དོགས་གཞི་ཅན་འགའ་ཞིག

འཕྲེད་ཐིག་སོ་བརྒྱད་མ། 38th Parallel

ཁེམ་སུང་Kim Il-sung 
ཁེམ་ཇུང་Kim Jong il

ཨུ་རུ་སུ་དམར་ཤོག་མཉམ་འབྲེལ། The Soviet Union

རྒྱལ་ཚོགས་མཉམ་འབྲེལ། The United Nations

ཁོ་རེ་ཡ་སྤྱི་མཐུན། Republic of Korea

མི་མང་གི་དམངས་སྐྱོང་སྤྱི་མཐུན་ཁོ་རེ་ཡ Democratic People’s Repulic of Korea

ཁོ་རེ་ཡའི་དམག་འཁྲུག་གི་ལོ་རྒྱུས་འདི་འཛམ་གླིང་དེང་རབས་ལོ་རྒྱུས་ཤེས་བྱའི་ནང་ནས་གལ་གནད་ཆེ་བའི་ལེ་ཚན་ཞིག་ཡིན་སྟབས་རང་གིས་གང་ཤེས་ཤིག་གླེང་གཞི་ཙམ་དུ་ངོ་སྤྲོད་བྱས་ཁུལ་ཡིན། དེ་ཡང་ངེད་ཚོའི་འཛིན་གྲྭའི་ནང་གི་སྦྱོང་ཚན་ལྟ་བུར་དམག་འཁྲུག་འདིའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་འགར་ལྟ་རྟོག་བྱེད་དགོས་བྱུང་སྐབས་ཀྱི་ཟིན་ཐོ་རྣམས་ལས་གནད་འགག་ཆེ་གྲས་འགའ་ཞིག་བོད་ཡིག་ཏུ་ཕབ་པ་ཙམ་ཡིན། གླེང་གཞི་འདི་རྒྱ་ཆེ་དྲགས་པ་དང་སྤྱིར་ངའི་མཐོང་ཐོས་ཀྱི་རྒྱ་ཁྱོན་ཁབ་མིག་ལས་དོག་པ་དང་ཆེད་དུ་འདིའི་སྐོར་གྱི་ཞིབ་འཇུག་ལྟ་བུ་རྒྱ་ཆེར་བྱས་མེད་སྟབས་བཤད་ཚུལ་ཕྱོགས་གཅིག་པའི་དབང་དུ་སོང་བ་དང་། ཕྱིའི་མིང་ཚིག་བོད་ཡིག་གི་ཐོག་ཏུ་འགོད་སྟངས་མ་ཤེས་པ། བཀླགས་ཉེས་དང་འབྲི་ནོར་གྱིས་གནས་ཚུལ་མ་དག་པ་སྤེལ་བ་སོགས་ཡོད་ངེས་པས་འདི་ཀློག་མཁན་རེ་ཡོད་ན་དེ་ཚོས་ཀྱང་དེ་ལུགས་ཀྱི་བླང་དོར་དགག་སྒྲུབ་ཀྱི་འདུ་ཤེས་བཟུང་སྟེ་ཀློགས་ཤིག ཆོངས་ཤིག གཞན་ལ་སྟོན་ཅིག ཅེས་པ་ཡང་མཇུག་ཏུ་གླེང་བའི་སྙིང་གཏམ་དུམ་བུ་ཞིག་གོ །

གནས་ཚུལ་གྱི་འབྱུང་ཁུངས་ཡིག་ཆ་ཁག་གཅིག་ངོ་སྤྲོད།
☸The Koean War, by Brian Catchpole

☸countries of the world: south Korea, by Johanna Masse(Times Editions)

☸The Korean War: history and Tactics, edited by David Rees(Orbis)

☸koean War by Michael Dugna(/macmillan Library)

☸Remembering Korea, by George Odgers(Landsdowne)

ངོ་སྤྲོད།

Post navigation

Previous Post: གཉན་ནད་ཨེ་ཙི་སྐོར་གྱི་སྒྲུང་ཐུང་གློག་བརྙན། (གཅིག)
Next Post: ཤུགས་ལྡན་འབྲུག་ལ་བསླེབས་ཡོད་སྐད།

Comments (4) on “ཁོ་རེ་ཡ་ལྷོ་བྱང་གི་དམག་འཁྲུག”

  1. ཨ་ནུ་ཐང་བསོད་ནམས། says:
    2014-12-06 at 5:37 am

    ལྷོ་བྱང་གི་དམག་འཁྲུག་སྐོར་བྲིས་བ་ནི་ཧ་ཅང་གི་ཡག་པོ་བྱུང་། ངས་བུགས་ཐེངས་གཅིག་ལ་བཀླགས་ཟིན་སོང་། ཐུགས་རྗེ་ཆེ། མ་གཞི་ཁེམ་ཁྱིམ་རྒྱུད་ཀྱི་ལག་ཏུ་བྱང་གི་སྲིད་དབང་ཐོབ་པ་དང་མཉམ་དུ་ཁོངཚོས་ལྷོ་ཀོ་རི་ཡ་བཙན་འཛུལ་བྱས། ཨ་རི་གཙོ་བོ་གྱུར་བའི་མང་གཙོའི་རྒྱལ་ཁབ་ཚོས་ཡུལ་དེར་དམར་ཕྱོགས་སུ་བསྒྱུར་བ་འདོད་ནས་ལྷོ་ལ་དམག་རོགས་ཀྱིས་བྱང་དམག་ཕམ་ཉེས་བཏང་བ་མ་ཟད། རྒྱ་ནག་གིས་རོགས་སྐྱོར་མ་བྱས་བ་ཡིན་ན། ཁེམ་ཕམ་ཉེས་བྱུང་ཞིང་ལག་ཏུ་ཡོད་པའི་བྱང་ཀོ་རི་ཡའང་ཤོར་ངེས་རེད། ཡིན་ཡང་། རྒྱ་ནག་དང་ཁོ་གཉིས་དམར་ཕྱོགས་གཅིག་ཁར། དེ་སྔོན་གུང་ཁྲན་གྱིས་རྒྱ་ནག་ནང་སྲིད་དབང་མ་ཐོབ་པའི་སྔོན་དུ། ཁེམ་གྱི་མོའོ་ལ་རོགས་རམ་རྒྱ་ཆེན་བྱས་བའི་རྒྱུ་མཚན་གཅིག་རེད། རྒྱུ་མཚན་གཉིས་པ་ནི་དམར་ཕྱོགས་པ་ཡིན་པ་གཅིག་པ། ལྐོག་གྱུར་གྱི་རྒྱུ་མཚན་གསུམ་པ་ནི་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱེད་འདོད་ཡོད་དུས། ཆེད་མངགས་ཀྱིས་ཀོ་རི་ཡའི་དམག་འཁྲུག་ཛ་དྲག་ཏུ་བཏང་ཞིང་། རྒྱ་སྤྱིའི་དོ་སྣང་འདྲེན་ས་སོགས་བསྒྱུར་བའི་བྱེད་ཐབས་སོགས་ཀྱིས་རྒྱ་ནག་གིས་ལྷོ་བྱང་དམག་འཁྲུག་ལ་མི་རྒྱུ་གཉིས་ཀྱིས་མགོ་འཇུག་བར་གསུམ་དུ་རྒྱབ་སྐྱོར་བྱས་ཚུལ་གྲགས་འདུག་ལ། ཕྱིས་སུ་དམག་རོགས་དངོས་སུ་གནང་ནས་ཤི་ལ་ཉེ་བའི་ཁེམ་གྱི་སྲིད་དབང་སྐྱོབ་པའི་ཡོངས་གྲགས་ཀྱི་གནས་ཚུལ་དེ་རེད། དམག་ལ་ཞུགས་ནས་མོའོ་ཡི་བུ་ཡང་བསད་པ་སྐད། དེ་ལྟར་བསམ་ན། ལྷོ་ལ་བྱང་གིས་བཙན་འཛུལ་བྱེད་ཡ་དེ་རྒྱ་ནག་དང་གསང་གྲོས་ཡོད་པ་སྨོས་མེད་དུ་སེམས། གཅིག་བྱས་ན་དམག་རྒྱབ་ཅེས་ནས་སྐུལ་མ་བཏང་མཁན་རྒྱ་ནག་ཡིན་སྲིད།

    ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ནང་བོད་ཀྱི་ཤར་ཕྱོགས་པ་མང་པོ་ཕྱིན་མྱོང་འདུག རྒྱུ་མཚན་ནི། སྐབས་དེ་དུས་ནས་བོད་པ་མང་པོ་རྒྱ་དམག་ཁྲོད་ཞུགས་ཚར་འདུག དེའི་སྐོར་ལ་གནས་ཚུལ་རྒྱས་བ་ཤེས་འདྲ་ཡོད་ན་གསུངས་བའི་རེ་བ་ཡོད།

  2. ཇུས་ཏོག says:
    2014-12-06 at 6:42 am

    ཧ་ཧ་རྒད་མོ་ཤོར་སོང་རང་གི་འགྲོ་སྟངས་མ་ཤེས་་མིའི་ཇུས་ཏོག་་འཇོན་པོ་ཡོད་
    ན་བོད་རང་བཙན་ལེན་ཤོག་་དང་་སོ་སོའི་རྒྱལ་ཁབ་མིའི་ལག་་པ་བཞག་ནས་་
    རང་དབང་ཡོད་པའི་ལུང་པའི་ཆབ་སྲིད་ལ་ཇུས་ཏིག་ཧ་ཧ་

  3. སྐལ་ཚེ། says:
    2014-12-06 at 8:22 am

    ཡག་པོ་བྲིས་འདུག

  4. རང་བྱུང་རིག་པའི་རྡོ་རྗེ says:
    2014-12-06 at 8:56 pm

    སྤོབས་པ་ལགས། ཉེ་ཆར་ཁྱོད་ཀྱིས་སྤེལ་བའི་ཁ་བརྡའི་རྩོམ་ནང་ཞིག་ཏུ། འཇིག་རྟེན་འདིའི་མི་ཕལ་མོ་ཆེས་སྤྱོད་ཚུལ་ཐམས་ཅད་སྨྱོན་པའི་རང་བཞིན་ཅན་ཞིག་ཏུ་མཐོང་གི་ཟེར་བ་དེ་ཐོས་ནས་ཅུང་ཟད་ཅིག་ཡ་མཚར། ད་ཁྱོད་རང་དངོས་གནས་སྨྱོས་ཚར་འདུག སྨྱོན་པ་ཚོས་མི་བསད་རེས་བྱས་པའི་ལོ་རྒྱུས་ཤིག་བྲིས་པ་འདི་ཁྱོད་ཀྱི་དུས་ཚོད་ཆུད་ཟོས་མ་ཡིན་ནམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme