Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་མཆུ་ཨང་ ༢༠ པ་དང་དགའ་ལྡན་ཕོ་བྲང་།

Posted on 2019-12-262019-12-26 By ཁ་བརྡ་ 7 Comments on ཁ་མཆུ་ཨང་ ༢༠ པ་དང་དགའ་ལྡན་ཕོ་བྲང་།

སྐལ་བཟང་རྡོ་རྗེ།

དེང་སང་སྤྱི་ཚོགས་ནང་དགའ་ལྡན་ཕོ་བྲང་ཁ་མཆུ་ཨང་ ༢༠ པ་དང་འབྲེལ་བ་ཆགས་ཀྱི་ཡོད་མེད་སྐོར་གླེང་སློང་བྱེད་ཀྱི་ཡོད་པ་དང་། མི་ཁག་ཅིག་གིས། སྤེན་པ་ཚེ་རིང་འཕོ་འགྱུར་གཏོང་མཁན་༸གོང་མཆོག་ཡིན་པ་ལས་བཀའ་ཤག་མིན་པས། དགའ་ལྡན་ཕོ་བྲང་གིས་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ཐོག་ལ་གསལ་བཤད་གནང་དགོས་ཀྱི་ཡོད་མདོག་ཤོད་ཀྱི་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གཏན་འཁེལ་བའི་གནས་ཚུལ་ཡོངས་བསྒྲགས་བྱུང་བ་ལྟར། དེའི་སྔ་ནུབ་ཏུ། བོད་མིའི་ཆིག་སྒྲིལ་ཚོགས་པ་ཟེར་བའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བུད་མེད་ཅིག་གིས་སང་ཉིན་གཏམ་བཟང་གོ་རྒྱུ་ཡོད་ཅེས། ཧ་ལམ་༸གོང་ས་མཆོག་གིས་ཉིན་དེར་ཁ་མཆུའི་བཅད་ཁྲ་ཐོག་གསལ་བཤད་གནང་གི་ཡོད་ཤག་ལྟ་བུའི་གནས་ཚུལ་ཆེད་བསྒྲགས་བྱས་པ་དང་། སེར་སྨད་བློ་དགའ་ཟེར་བའི་གྲ་ལོག་ཅིག་གིས་མི་བཅུ་གྲངས་ཙམ་སྐུལ་སློང་བྱས་ཏེ་གནམ་འོག་གི་བོད་རིགས་སྤུན་ཟླ་ཟེར་བའི་མིང་ཐོག་ནས་དགའ་ལྡན་ཕོ་བྲང་ལ་ཐད་ཀར་ཡི་གེ་ཕུལ་ཏེ། ཁ་མཆུ་ཨང་ ༢༠ པའི་ཐོག་དགའ་ལྡན་ཕོ་བྲང་ནས་གསལ་བཤད་བྱེད་དགོས་སྐོར་ཞུས་པས་མཚོན། སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་འདྲ་མིན་སྣ་ཚོགས་ཤིག་ད་དུང་ཁྱབ་འཕེལ་འགྲོ་གི་འདུག

གཅིག

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསར་འགོད་པར་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་བའི་སྐོར་གསར་འགོད་པར་གསལ་བཤད་གནང་སྐབས། ཐོག་མར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེ་ལག་ལེན་གྱི་བརྒྱུད་རིམ་གང་འདྲ་ཞིག་གི་འོག་ནས་ཁོང་རང་སྐུ་ཚབ་དོན་གཅོད་ལ་ཐོག་མར་བསྐོ་གཞག་བྱས་ཡོད་པ་བཅའ་ཁྲིམས་དོན་ཚན་དེ་ག་དང་ལག་བསྟར་བརྒྱུད་རིམ་དེ་ག་རང་གི་ཐོག་ནས་ད་རེས་ལས་འགན་འཕོ་འགྱུར་གཏོང་རྒྱུ་དེའང་གཅིག་པ་གཅིག་རྐྱང་གི་ཐོག་ནས་གནང་བ་ཞིག་རེད་ཅེས་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་ཡིན་པ་ཐོག་མ་ཉིད་ནས་འདི་ལྟར་གསུངས་པར་བརྟེན། སྤྱི་ཚོགས་ནང་གླེང་གཞི་དེ་རིགས་ཡོང་བའི་ས་བོན་བཏབ་ཡོད།

(བཀའ་ཤག་གི་ཞུ་ལན་དུ)ཞུ་སྦྱོར་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་བཏང་བ་དེའང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ཐག་གཅོད་གནང་ཡོད་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཤག་ལ་བསྩལ་བའི་ཕྱག་བྲིས་ལས་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་ཡིན་པས། (དཔང་རྟགས་ཨང་ ༦། ཡིག་ཆ།)  ༼བཅད་ཁྲའི་ཤོག་གྲངས་ ༡༠ པ།༽ཞེས་དང་།

དེའི་ཁ་སྣོན་དུ། (བཀའ་ཤག་གི་ཞུ་ལན་དུ) དེ་དང་འབྲེལ་བའི་གལ་ཆེའི་དཔང་རྟགས་སུ་གསང་གནས་ཀྱི་ངོ་བོར་ཕུལ་ཡོད་པ། (དཔང་རྟགས།  ཨང་། ༨། གསང་གནས།) ཡིག་ཆ་དེའི་ནང་དོན་དེ་ཉིད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་རྒྱུ་མཚན་རྩ་བ་དེ་ཡིན་ལ། གཞན་གསལ་བཤད་དོན་ཚན་བཅུ་ཅན་སོགས་རྩ་བས་རྒྱུ་མཚན་དེའི་ཡན་ལག་ཡིན་ན།ཞེས་བྲིས་འདུག༼ཤོག་གྲངས་ ༡༠ ནས་ ༡༡ བར།༽

སྐབས་འདིར་བཀའ་ཤག་གིས་དཔང་རྟགས་ཨང་ ༦ པས་ཁུངས་སྐྱེལ་བྱ་རྒྱུའི་གནད་དོན་ནི། དོན་གཅོད་འཕོ་འགྱུར་བཏང་བ་དེ་༸གོང་ས་མཆོག་གི་དགོངས་དོན་ལྟར་ཐག་གཅོད་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཤག་ལ་བསྩལ་བའི་ཕྱག་བྲིས་ལས་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་ཡིན་ཞེས་བཀོད་ཡོད་པ་དང་།

དཔང་རྟགས་ཨང་ ༨ པས་ཁུངས་སྐྱེལ་བྱ་རྒྱུའི་གནད་དོན་ནི། ཁ་མཆུ་འདི་དང་འབྲེལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཇི་ཕེབས་དཔང་རྟགས་སུ་འདོན་རྒྱུ་དང་། དོན་གཅོད་འཕོ་འགྱུར་བཏང་བའི་རྒྱུ་མཚན་རྩ་བ་དེ་ཡིན་ལ། གཞན་གསལ་བཤད་དོན་ཚན་བཅུ་ཅན་སོགས་རྩ་བས་རྒྱུ་མཚན་དེའི་ཡན་ལག་ཡིན་ཞེས་རྩོད་གཞི་གཙོ་བོའམ་རྩ་བ་དེ་༸གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་དོན་གཅོད་འཕོ་འགྱུར་བཏང་བ་དེ་ཡིན་པ་ལས། འཕོ་འགྱུར་བཏང་བའི་རྒྱུ་མཚན་གསལ་བཤད་དོན་བཅུ་གསལ་བསྒྲགས་བྱས་པ་དེ་ཡན་ལག་ཡིན་ཞེས་བྲིས་པ་དེས། སྤེན་པ་ཚེ་རིང་གིས་རྒྱུ་མཚན་གྱི་རྩ་བ་ལ་ཁ་མཆུ་མ་བཙུགས་པར། ཡན་ལག་ལ་ཁ་མཆུ་བཙུགས་པ་རེད། ཁྲིམས་ཞིབ་ཁང་གིས་སྤེན་པ་ཚེ་རིང་གིས་རྒྱུ་མཚན་གྱི་རྩ་བར་ཁ་ཡ་མ་བྱས་པར་ཡན་ལག་ལ་ཐག་གཅོད་བྱས་པ་རེད་ཅེས་རྩོད་པ་བརྒྱབ་འདུག

གཉིས།

བཀའ་ཤག་གིས་དགའ་ལྡན་ཕོ་བྲང་ནས་བསྩལ་བའི་ཕྱག་བྲིས་དང་། ༸གོང་ས་མཆོག་གིས་བཀའ་སློབ་ཇི་ཕེབས་དཔང་རྟགས་སུ་ཕུལ་ནས། དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་ཡིན་པ་ལས། བཀའ་ཤག་མིན་ཚུལ་སྒྲུབ་ཐབས་པའི་ཐོག་བཅད་ཁྲའི་ཤོག་གྲངས་ ༦༡ པར། ག་༡༣༌༢། དཔང་རྟགས་ཨང་ ༦ དང་།  ཤོག་གྲངས་ ༩༧༨ པར། ཇ་༡་༡། དཔང་རྟགས་ཨང་ ༨ ཕྱིར་སློག་བྱས་སྐོར་གསལ་བ་ལས། དེ་དག་གི་ནང་དོན་ཇི་ཞིག་བཀོད་ཡོད་མེད་གསལ་གྱི་མི་འདུག་ནའང་། བློ་བཟང་གྲགས་པར་ཁྱད་གསོད་ཀྱི་ཆད་འགེལ་བཀའ་ཁྱབ་བཏང་བའི་ནང་།

༡        དཔང་རྟགས་ཨང་ ༦ བཀའ་དྲུང་ཡིག་ཚང་གིས་དགའ་ལྡན་ཕོ་བྲང་ལ་(དངོས་གྲུབ་ཚེ་རིང་བྱང་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་རྒྱུར་སྤྱི་མོས་བྱུང་བའི་སྐོར་ནང་གནས་དེ། ཐོག་མའི་ཡིག་དངོས་ཐོ་གཞུང་ཁོངས་སུ་ནང་གནས་ཞེས་བཀོད་ཡོད་པ་དང་། ཕྱིས་སུ་སྤྱིར་བཏང་དཔང་རྟགས་ཁོངས་སུ་བཞག་ཡོད།)ཕུལ་བའི་ཕྱག་བྲིས་ ༢༠༡༧།༡༡།༦ འཁོད་པ་དང་།

༢        དགའ་ལྡན་ཕོ་བྲང་གི་བཀའ་ཡིག་ ༢༠༡༧།༡༡།༦ འཁོད་པ་(སྐུ་ཚབ་ཀྱི་མཚན་གནས་བསྩལ་འཐུས་ཀྱི་ནང་གནས་)བཅས་་་་ཕྱིར་སློག་བྱས་པ་ཡིན་ཞེས་གསལ་འདུག

དཔང་རྟགས་ཨང་ ༦ པའི་ནང་དོན་འདི་ཙམ་ལས་མེད་ན། དེ་ནི་བཀའ་ཤག་གིས་དངོས་གྲུབ་ཚེ་རིང་དོན་གཅོད་ལ་སྤྱི་མོས་ཀྱིས་བསྐོ་གཞག་གནང་བ་དེར། ༸གོང་ས་མཆོག་གིས་སྐུ་ཚབ་ཀྱི་མཚན་གནས་བསྩལ་འཐུས་མོས་མཐུན་གནང་བ་ཙམ་མ་གཏོགས། འདིས་དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་ཡིན་པ་དང་། ཡང་ན་༸གོང་ས་མཆོག་གིས་འཕོ་འགྱུར་གཏོང་དགོས་པའི་བཀའ་སློབ་གནང་ཡོད་པའི་ཁུངས་སྐྱེལ་ཐུབ་ཀྱི་མི་འདུག་པ་དང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གི་ཁྲིམས་རྩོད་པར་ཁྱད་གསོད་ཀྱི་བཀའ་ཁྱབ་བཏང་བའི་ནང་། དགའ་ལྡན་ཕོ་བྲང་དང་འབྲེལ་བའི་ཡིག་ཆ་ཕྱིར་སློག་སོང་བ་གོང་གསལ་གཉིས་(༥ དང་ ༦)མ་གཏོགས་མེད་ནའང་། དགའ་ལྡན་ཕོ་བྲང་དང་འབྲེལ་བའི་ཡིག་ཆ་ཆ་ཚང་རྩིས་མེད་བཏང་ཡ་ཞེས་དཔང་རྟགས་ཀྱི་ནུས་ཚད་ལོན་པའི་ཡིག་ཆ་མང་པོ་ཡོད་མདོག་མདོག་ཧམ་རྫུན་བཤད་པ་དང་། ཁྲིམས་ཞིབ་ཁང་ནས་བླང་བྱར་རུང་བའི་འབྲེལ་ཆགས་དཔང་རྟགས་ཚང་མ་རྩིས་མེད་བཏང་བ་ལྟ་བུའི་སྐད་ཆ་ཁ་བསྒྱུར་ནས་ལོག་བཤད་བྱས་ཡོད་ཅེས་བཀའ་བཀྱོན་ཕེབས་སྟངས་ལ་བལྟས་ན། དེས་ཀྱང་དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་ཡིན་པའི་བཀའ་ཤག་གི་སྐད་ཆ་དེར་སྒྲུབ་བྱེད་གཞི་རྩ་གང་ཡང་ཡོད་བཟོ་མེད་པ་གསལ་སྟོན་བྱས་འདུག

དཔང་རྟགས་ཨང་ ༨ པ་གསང་གནས་དེའི་ནང་དོན་བཅད་ཁྲའི་ནང་བཀོད་མེད་པ་མ་ཟད།  བློ་བཟང་གྲགས་པར་ཁྱད་གསོད་ཀྱི་བཀའ་ཁྱབ་བསྩལ་བའི་ནང་དུའང་། གྱོད་ཡ་ཕྱོགས་གཅིག་གི་བརྗོད་པ་བཀོད་པའི་གསང་གནས་ཟེར་བ་དེ་ཁ་མཆུ་ལ་འབྲེལ་མེད་ཆགས་ཡོད་པས། འབྲེལ་མེད་ཀྱི་ཡིག་ཆ་ཞིག་ཁྲིམས་ཞིབ་ཁང་ནས་དཔང་རྟགས་སུ་བླང་བྱར་མི་རུང་བ་ཡིན་པའི་ཁྲིམས་ཡིག་གི་ཆ་རྐྱེན་ལ་སྡིག་པ་མིག་བཙུམ་དང་། ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གསལ་སྟོན་གནང་ཟིན་པར་ལྟོས་མེད་ཀྱིས། མཐའ་ན་གསང་གནས་ཡན་ཆོད་ནས་རྩིས་མེད་བཏང་ཡ་དང༌། ཞེས་གསང་གནས་ཟེར་བ་དེ་ཚད་ལོངས་ཀྱི་དཔང་རྟགས་ཡིན་ཚུལ་འུར་སྒྲོགས་དང་ཞེས་པ་ཙམ་ལས་གསལ་ཁ་བཏོད་མི་འདུག་ཀྱང་། དེར་དཔྱད་ཞིབ་བྱས་པ་ཡིན་ན། གསང་གནས་དེ།

༡        གྱོད་ཡ་ཕྱོགས་གཅིག་གི་བརྗོད་པ་ཡིན་པ་སྟེ། ཁ་མཆུ་ལ་གདོང་ལེན་བྱེད་མཁན་གྱོད་ཡ་བཀའ་ཤག་ཕྱོགས་གཅིག་གིས་བཟོས་པའི་ཡིག་ཆ་ཞིག་ཡིན་པ་དང་།

༢        ཚད་ལོངས་ཀྱི་དཔང་རྟགས་ཡིན་ཚུལ་འུར་སྒྲོགས་ཞེས་ཕེབས་སྟངས་ལ་བལྟས་ན། ཡིག་ཆ་དེ་ཚད་གཞི་ལོངས་པའི་དཔང་རྟགས་ཤིག་དང་། ཁྲིམས་ཞིབ་ཁང་ནས་བཞེས་རུང་བ་ཞིག་མིན་པའི་གོ་དོན་སྟེར་གྱི་འདུག

གསུམ།

བཤད་ཡམས་མང་ཤོས་ཀྱི་གསང་གནས་དེའི་སྐོར་བཀའ་ཤག་གི་ཞུ་ལན་ནང་བརྗོད་བྱ་ཇི་ཡིན་འཚོལ་ཞིབ་རགས་ཙམ་བྱས་ན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཇི་ཕེབས་དཔང་རྟགས་སུ་མི་འདྲེན་ཐབས་མེད་གྱུར་སོང་བས་༼ཤོག་གྲངས་ ༡༢༽ཞེས་དང་།

གོང་གསལ་སྲིད་སྐྱོང་མཆོག་ལ་༸གོང་ས་མཆོག་ནས་བཀའ་སློབ་ཇི་ཕེབས་ཀྱི་བྱུང་རིམ་རྣམས་ཁྲིམས་ཞིབ་ཁང་ལ་མི་ཞུ་ཐབས་མེད་ཆགས་སོང་།  ད་དུང་ཁ་མཆུའི་བྱ་རིམ་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་མང་པོ་དགོངས་བསྡུར་མི་ཞུ་ཀ་མེད་འབྱུང་སྲིད་པས་༼ཤོག་གྲངས་ ༡༢ ནས་ ༡༣༽

རྩོད་ལན་པ་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གཞིར་བཞག་ཞུ་སྦྱོར་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་གཏོང་རྒྱུར་ཐག་གཅོད་གནང་བ་ཞིག་རེད།   (དཔང་རྟགས། ཨང་། ༨། གསང་གནས། ཡིག་ཆ།) ༼ཤོག་གྲངས་ ༡༣༽

ཐག་གཅོད་དེའི་རྒྱུ་མཚན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་བཀའ་ཤག་ནང་བཀའ་བསྡུར་རིམ་བརྒྱུད་དང་འབྲེལ་ ༼ཤོག་གྲངས་ ༡༥༽ ཞེས་བཀོད་སྟངས་ལ་བལྟས་ན།

༡        ༸གོང་ས་མཆོག་གིས་དོན་གཅོད་འཕོ་འགྱུར་གྱི་སྐོར་ལ་བཀའ་སློབ་གནང་ཡོད་པ་དང་།

༢        བཀའ་སློབ་གནང་ཡུལ་སྲིད་སྐྱོང་ཡིན་པ་དང་།

༣       བཀའ་ཤག་ནང་དེ་སྐོར་བཀའ་བསྡུར་རིམ་པ་བརྒྱུད་པ།

༤       བཀའ་སློབ་གཞིར་བཞག་གིས་འཕོ་འགྱུར་བཏང་བ་ཡིན་པ་བཅས་སྟོན་ཐབས་བྱས་འདུག

གལ་སྲིད། ༸གོང་ས་མཆོག་གིས་དོན་གཅོད་འཕོ་འགྱུར་གྱི་སྐོར་སྲིད་སྐྱོང་ལ་བཀའ་སློབ་གནང་ཡོད་པ་དང་། བཀའ་ཤག་གིས་བཀའ་སློབ་གཞིར་བཞག་གིས་འཕོ་འགྱུར་བཏང་བ་ཡིན་པ་བདེན་ན།

༡        སྲིད་སྐྱོང་གིས་སྤེན་པ་ཚེ་རིང་གི་སྐོར་༸གོང་ས་མཆོག་ལ་སྙན་སེང་ག་རེ་ཞུས་ཡོད་སྲིད་དམ།

༢        སྲིད་སྐྱོང་གིས་གསལ་བཤད་དོན་ཚན་ ༡༠ ལས་ལྷག་པའི་གནས་ཚུལ་གཞན་སྙན་སེང་ཞུས་ཡོད་སྲིད་དམ།

༣       སྲིད་སྐྱོང་གིས་༸གོང་ས་མཆོག་གི་བཀའ་སློབ་ཇི་མ་ཇི་བཞིན་བཀའ་ཤག་ལ་གསུངས་ཡོད་དམ།

༤       སྲིད་སྐྱོང་གིས་བཀའ་ཤག་ནང་བཀའ་བསྡུར་བྱུང་བའི་གནས་ཚུལ་ངོ་མ་༸གོང་ས་མཆོག་ལ་སྙན་སེང་ཞུས་ཡོད་དམ།

༥        སྲིད་སྐྱོང་གིས་དོན་གཅོད་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་སྤྱི་མོས་བྱུང་ཡོད་ཚུལ་༸གོང་ས་མཆོག་ལ་སྙན་སེང་ཞུས་པ་ཡིན་ན། དེ་འགྲིག་གི་མ་རེད་གསུང་ཤེས་ཀྱི་རེད་དམ།

༦       སྲིད་སྐྱོང་གིས་སྤེན་པ་ཚེ་རིང་གི་སྐོར་ལ་སྤྱི་ཚོགས་སྟེང་ཡིག་ཐོག་ནས་སྐྱོན་འཛུགས་དོན་ཙན་བཅུ་བྱེད་ཕོད་ཀྱི་ཡོད་ན། ༸གོང་ས་ཆེན་པོ་མཆོག་ལ་གནས་ཚུལ་གཞན་ཞུ་ལོག་འབུལ་སྲིད་ཀྱི་རེད་དམ།

༧       སྲིད་སྐྱོང་དང་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་དབང་ཆ་བཀའ་ཤག་ལ་ཡོད་པ་ལས། ༸གོང་ས་མཆོག་ལ་མེད་པ་མཁྱེན་གྱི་མེད་པ་ཡིན་ནམ།

༨        སྲིད་སྐྱོང་གིས་༸གོང་ས་མཆོག་ལ་ནང་མོལ་ཇི་བྱུང་གི་གནས་ཚུལ་འདི་རིགས་སྤྱི་ཚོགས་སྟེང་ག་རེ་བྱས་ནས་བཀྲམ་གྱི་ཡོད་རེད་ཅེས་སོགས་དྲི་བ་མང་དག་ཅིག་ཡོང་ངེས་རེད།

བཞི།

ཁྲིམས་ཞིབ་ཁང་ནས། ཞུ་རྩའི་དོན་ཚན་ ༡་༢ ནང་། བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད་ཅེས་དང་།   ཞུ་ལན་གྱི་དོན་ཚན་ ༣།༢༠ ནང་། སྐུ་ཚབ་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་གཏོང་རྒྱུ་གཉིས་ཀ་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཞེས་བཀོད་འདུག་པས། སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག་ཅེས་༼ཤོག་གྲངས་ ༢༩༽ཐག་གཅོད་གནང་འདུག་པ་དང་།

བཅད་ཁྲའི་ཤོག་གྲངས་ ༡༠༢༤ ནས་ ༡༠༢༥ བར། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པར་འགྲེལ་བཤད་གནང་བའི་ནང་།

༡)       བཅའ་ཁྲིམས་དང་འདེམས་ལྷན་སྒྲིག་གཞི་གཉིས་སུ་བསྐོ་གཞག་བྱེད་མཁན་བཀའ་ཤག་ཡིན་པ་གསལ་པོ་ཡིན་ལ།

༢)       བཀའ་ཤག་གིས་དོན་གཅོད་དུ་བསྐོ་འཛུགས་ཟིན་པའི་སྐྱེ་བོ་དེར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་ཞུ་བ་ལ། བཀའ་ཤག་ནས་དེ་དོན་༸གོང་ས་མཆོག་ལ་སྙན་གསན་ཞུ་དགོས་པ་ཡིན་པ་ལས།

༣)      བསྐོ་འཛུགས་བྱེད་མཁན་ནས་ཁྲིམས་སྒྲིག་ཕན་ཚུན་བསྒྲེས་ནས་འཛིན་སྐྱོང་ཐག་གཅོད་ཀྱི་འགན་ཁུར་༸གོང་ས་མཆོག་ལ་དཀྲི་ཐབས་བྱེད་ས་མེད་ལ།

༤)      བཀའ་ཤག་ལ་བཅའ་ཁྲིམས་དོན་ཚན་ ༡ ནང་གསལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རང་ཆས་སུ་ཡོད་པའི་སྐུ་དབང་ལུང་འདྲེན་དང་། འགྲེལ་བཤད། ཁྱབ་བསྒྱུར་བྱ་རྒྱུའི་དབང་ཚད་མེད།

༥)      དེས་ན་བཀའ་ཤག་ནས་སླད་སྐུ་ཚབ་དོན་གཅོད་བསྐོ་གཞག་འཕོ་འགྱུར་དང་འབྲེལ་བའི་འཛིན་སྐྱོང་གི་འགན་ཁུར་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཀྲི་སྤུངས་ཀྱི་འགྲེལ་ལོག་བྱེད་མི་ཆོག་ཅེས་གསལ་འདུག

ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ནང་། དོན་གཅོད་འཕོ་འགྱུར་ཀྱི་དབང་ཚད་ཐོག་ལ་གྱོད་ཡ་གཉིས་ཀར་རྩོད་གཞི་མེད་པ་དང་། བཀའ་ཤག་ནས་སྐུ་ཚབ་དོན་གཅོད་བསྐོ་གཞག་འཕོ་འགྱུར་དང་འབྲེལ་བའི་འཛིན་སྐྱོང་གི་འགན་ཁུར་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཀྲི་སྤུངས་ཀྱི་འགྲེལ་ལོག་བྱེད་མི་ཆོག་པ་འདི་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་མ་བཏང་གོང་ནས་ཐག་གཅོད་གནང་ཟིན་པ་ཞིག་རེད་འདུག

དེར་བརྟེན། ཁ་མཆུ་འདིའི་ཐོག་༸གོང་ས་མཆོག་གི་མཚན་ཡང་ཡང་དྲུད་ནས་ཡོང་བ་ནི་ཁྲིམས་དང་གནས་ལུགས་ཀྱི་བདེན་པ་ཁས་མི་ལེན་པའི་འུ་ཐུག་གི་བྱེད་སྟངས་ཧ་ཅང་ཚད་དམའ་པོ་ཞིག་རེད། ཤོད་སྟངས་འདི་དག་གིས་རྒྱ་ཆེའི་མང་ཚོགས་གླེན་ལྐུགས་ཁྱུ་གཅིག་གི་ཚོད་དུ་བཞག་སྟེ། གནས་ལུགས་དང་རྒྱུ་མཚན་མི་རྩོད་པར། ཧམ་ཤེད་དང་དཀྲོག་གཏམ་འགྲོ་གང་རྒྱུགས་བྱེད་ཀྱི་ཡོད་པའི་ཚོར་བ་ཞིག་སླེབས་ཀྱི་འདུག

ད་ནི་ངས་ཀྱང་ཚོར་བའི་སྐད་ཆ་ཞིག་བཤད་ན། གལ་སྲིད་ད་དུང་༸གོང་མཆོག་ཁ་མཆུ་ཨང་ ༢༠ དང་འབྲེལ་བ་ཡོད་པ་དང་། ཁྲིམས་ཞིབ་ཁང་གི་བཅད་ཁྲ་དྲང་པོ་བྱུང་མེད་པའི་གླེང་གཞི་མུ་མཐུད་དེ་སློང་འདོད་ན།

༡        བཀའ་ཤག་གི་ཞུ་ལན་དུ་གསལ་བ་དང་། རྩོད་ལན་པའི་ཁྲིམས་རྩོད་པས་གསལ་ལམ་ཁག་ཏུ་བཤད་པ་ལྟར། ཁ་མཆུ་ཨང་ ༢༠ པའི་རྩོད་གཞི་ངོ་མའམ་རྒྱུ་མཚན་རྩ་བ་ནི། དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་དང་། བཀའ་ཤག་གཉིས་ལས་སུ་ཞིག་ཡིན་མིན་དེ་ཡིན་པ་ལས། བཀའ་ཤག་གི་གསལ་བཤད་དོན་ཚན་ ༡༠ དེ་རྩོད་གཞིའི་ཡན་ལག་ཙམ་ཡིན་ཞེས་རྩོད་པ་རྒྱབ་ཐུབ་དགོས་པ་དང་།

༢        དོན་གཅོད་བསྐོ་གཞག་འཕོ་འགྱུར་དང་འབྲེལ་བའི་འཛིན་སྐྱོང་ཐག་གཅོད་ཀྱི་འགན་ཁུར་༸གོང་ས་མཆོག་གིས་ཀྱང་བཀའ་ཤག་མཉམ་དུ་བཞེས་དགོས་པ་དང་། བཀའ་ཤག་ལ་བཅའ་ཁྲིམས་དོན་ཚན་དང་པོ་ནང་གསལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རང་ཆས་སུ་ཡོད་པའི་སྐུ་དབང་ཁྱབ་བསྒྱུར་བྱ་རྒྱུའི་དབང་ཚད་ཡོད་དགོས་པས། བཅད་ཁྲའི་ནང་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་ཀྱི་གོ་དོན་དེ་ལ་འགྲེལ་ལོག་བྱས་འདུག་ཅེས་རྩོད་པ་བྱེད་ཐུབ་དགོས།

༣       བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་པའི་དབང་ཚད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྤྲད་ཡོད་པ་དེར་ངོས་ལེན་མེད་ཅེས་རྩོད་པ་བྱེད་ཐུབ་དགོས།

༤       ཁྲིམས་ཞིབ་ཁང་ནས་བཀའ་ཤག་གི་ཁྲིམས་རྩོད་པར་ཁྱད་གསོད་ཀྱི་བཀའ་ཁྱབ་བསྩལ་བའི་ནང་དཔང་རྟགས་ ༦ པའི་ནང་དོན་འགྲེལ་བཤད་བྱས་པ་དེ་བདེན་པ་མ་རེད། ཕྱག་བྲིས་དེའི་ནང་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་མཁན་༸གོང་ས་མཆོག་ཡིན་སྐོར་གྱི་སྒྲུབ་བྱེད་ཁུངས་འཕེར་ཡོད་ཅེས་དགག་པ་བྱེད་ཐུབ་དགོས།

༥        གསལ་བཤད་དོན་ཚན་ ༡༠ ཡོངས་བསྒྲགས་གནང་བ་དེ་དགའ་ལྡན་ཕོ་བྲང་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་གནང་བ་ཡིན། དེའི་དཔང་རྟགས་སུ་ཁྲིམས་ཞིབ་ཁང་ལ་གསང་གནས་ཕུལ་ཡོད་ཅེས་རྩོད་པ་བྱེད་ཐུབ་དགོས།

༦       ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་བཀའ་ཤག་གིས་དགོངས་སེལ་ཞུ་དགོས་ཀྱི་ཡོད་ན། དགའ་ལྡན་ཕོ་བྲང་གིས་ཀྱང་དེ་མཚུངས་ཀྱི་འགན་བླངས་ཏེ་སྤེན་པ་ཚེ་རིང་ལ་དགོངས་སེལ་ཞུ་དགོས་ཞེས་རྩོད་པ་བྱེད་ཐུབ་དགོས།

༧       ཁ་མཆུ་ཨང་ ༢༠ པའི་ཞུ་གཏུག་འགོ་བཙུགས་པ་ནས་བཟུང་། སྲིད་སྐྱོང་གིས་སྤྱི་འཐུས་གྲོས་ཚོགས་ནང་དང་། མང་ཚོགས་ལ་གསུང་བཤད་གནང་སྐབས་དུ་མར། ༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཤིག་དུར་ཁྲོད་ལ་ཁྱེར་རྒྱུ་མ་གཏོགས་བཤད་ཀྱི་མིན་སྐོར་གསུངས་པ་དེ་ཁ་མཆུ་ཨང་ ༢༠ པའི་ཐོག་ལ་གསུངས་པ་རེད་ཅེས་རྩོད་པ་བྱེད་ཐུབ་དགོས།

དེ་མིན། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་ནས་འཕྱིད། །ཅེས་རྒྱུ་མཚན་མེད་པར་གཞན་ལ་ཁ་འཕངས་ལག་ཕྱིས་བྱེད་པ་ནི་བོད་ཀྱི་ལུགས་ལ་མ་རབས་ཀྱི་ལས་སུ་བརྩི་བ་དང་། ད་དུང་རྩོད་པ་སློང་བའི་འདུན་པ་ནོན་མི་ཐུབ་པ་རེ་ཡོད་ཚེ། རྩོད་གཞི་འབེབས་ས་ཡོད་པ་བཟོས་ནས་རྩོད་པ་རྒྱོབས་དང་། དེ་ནས་ང་ཚོ་ལྟ་ཉན་བྱེད་མཁན་གྱི་ངོས་ནས་ཀྱང་བརྩད་རྒྱུ་ཞིག་འདུག་དང་མི་འདུག་ལྟ་འདོད་ཡོང་གི་རེད། །

ངོ་སྤྲོད།

Post navigation

Previous Post: ཕི་ལའེ་ཊོ་ཡི་མཚན་ཉིད་རིག་པའི་བྲག་ཕུག
Next Post: ཁྲག་ཤེད་མཐོ་བའི་ནད་ཀྱི་སྔོན་འགོག་གི་རྒྱུན་ཤེས།

Comments (7) on “ཁ་མཆུ་ཨང་ ༢༠ པ་དང་དགའ་ལྡན་ཕོ་བྲང་།”

  1. དམར་ཁ་ཚ། says:
    2019-12-26 at 5:24 am

    བོང་བུས་སྤྱང་མདོག་བསྟན་ནས་ཉལ་སྟངས་བཅོ་བརྒྱད་བསྟན་སོང་།།
    ཨ་ཕོ་བདེན་པའི་བུ་ལ་སློང་སྟངས་གཅིག་ལས་མི་འདུག།
    རྒྱལ་ཁྲིམས་གསེར་གྱི་ལྕག་ཚན་གནམ་ལ་འཕྱར་བ་གཅིག་པུ།།
    དྲང་བདེན་ཆོལ་གསུམ་མི་ལ་དེ་ག་རང་གིས་ཆོག་ག།

  2. Kongtul says:
    2019-12-26 at 6:40 am

    བཀྲིས་བདེ་ལེགས་སྲིད་དོན་ལ་ང་དགའ་པོ་མེད་ཡིན་ནའི་གྲྭ་ཆས་གྱོན་ནས་སྲིད་དོན་ཁྲབས་མཁན་སྲིད་དོན་མགོ་བ་འདི་ཚོ་དངོས་གནས་བསྟན་ཞབས་འདྲེན་རེད་འདུག་གང་ཡིན་ཞེ་ན་ཕུང་དཀྲུག་སློང་བ་གྲྭ་ཆས་གྱོན་ནས་བཞན་ལ་འཇིགས་བསྐུལ་བྱེད་པ་སོགས་མ་རབ་ཐལ་ཤལ་སྐྱེ་བོ་མི་ནག་པས་ཀྱང་མི་བྱེད་སྐྱུག་བྲོ་བའི་བྱ་ངན་བྱས་དང་བྱེད་བཞིན་པ་དེས་རེད་དེའི་ན་ནམ་ཡང་དེའི་རིགས་ལ་དགག་པ་རྒྱོབས།

  3. Kongtul says:
    2019-12-26 at 6:59 am

    མཆན་འགོད་ས་ཅུང་ནོར་ཞག་བཀའ་ཤག་གི་ལམ་བཟོ་བ་ཞེས་པའི་ཐད་དེར་གོ་རོགས།

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-12-26 at 7:55 am

    དགའ་ལྡན་ཕོ་བྲང་ཁ་མཆུ་ཨང་20 ནང་མ་བྲུད་རོགས་གནང།

  5. སྐལ་བཟང says:
    2019-12-26 at 10:13 am

    ཁ་གསལ་བོ་དང་གོ་བདེ་བོ་རྒྱུ་མཚན་ལྡན་པ་ཞིག་མེད་ན་དེང་སང་གི་མི་ལ་འདི་འདྲའི་ཉ་ཉོག་མང་པོས་ཅང་མི་ཕན་ཡ་ཡ་་་

  6. བོད་པ་ says:
    2019-12-26 at 11:36 am

    ཆོས་སྐྱོང་སྲུང་མས་བཀའ་བཅད་ཕོག་པའི་གང་་ཟག་དེས་རྗེས་ལ་ཆོས་སྐྱོང་གི་ཅི་གསུང་མ་སྒྲུབ་ན་བྱ་བ་ཐམས་ཅད་ལམ་འགྲོ་མི་ཡོང་བ་སོགས་ཀྱི་ལྟས་ངན་མང་དག་སྨིན་རྒྱུ་ཡིན་པ་ནི་ཐེ་འཚོམས་སྤུ་ཙམ་ཡང་མེད་དོ།།

  7. བསྷན་པ་ལེགས་ཚོགས། says:
    2019-12-26 at 1:29 pm

    ༄༄། སྐལ་བཟང་རྡོ་རྗེ་ལགས་ནས་ཐོས་བསམ་དཔྱད་ཞིབ་ཀྱིས་དགོང་འཆར་གནང་བ་མ་ཟད་བཅད་ཁྲའི་དགོང་དོན་ལུང་འདྲེན་བྱས་པ་འདིས་བློ་དོགས་ཡོད་པའི་མི་མང་པོར་ཕན་ཐོག་ཡོང་ངེས་ལ་ཐུགས་རྗེ་ཆེ་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme