Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<ཁ་བ་སིབ་སིབ་>>ཀྱི་ནང་ཁྲོལ་ལ་ཁ་འཁོར་བ།

Posted on 2014-08-142014-08-14 By ཁ་བརྡ་ 5 Comments on <<ཁ་བ་སིབ་སིབ་>>ཀྱི་ནང་ཁྲོལ་ལ་ཁ་འཁོར་བ།

རས་པ།

—-གྲོགས་སྙན་ངག་པ་ཏཱ་ན་བློ་བཟང་ལགས་ཀྱི་སྙན་དེབ་<<ཁ་བ་སིབ་སིབ་>>བཀླགས་པའི་དྲན་ཐོ་ཞིག

ཁོ་རང་འགྲོ་ཁར་ངས་བྱིས་བློའི་དྭངས་གཙང་གི་སེམས་གཤིས་ཤིག་འཁྱེར་ཡོད་དེ། “ཁྱོད་ཀྱིས་ཡིག་ཆ་སོགས་གང་ཡང་མ་འཁྱེར་བར་ཐམས་ཅད་ཀྱི་དོན་ཡིད་ལ་བཟུང་ནས་སོང་། འཛིན་བཟུང་བྱས་ཀྱང་ཉེས་པ་ཆེན་པོ་འཕོག་གི་མ་རེད་”ཅེས་བཤད་པ་ཡིན། དེ་དུས་ཁོས་ཀྱང་ང་ལ་དེར་བརྟེན་གྱི་ལན་བཏབ་པའམ་ཡིད་ཆེས་བྱས་པ་གང་ཤེས་མོད། ངེད་གཉིས་དེ་ལྟར་ཁ་བྲལ་བ་ཡིན། ཁ་མ་བྲལ་སྔོན་དུ་ཁོས་དཀའ་རྙོག་ཧ་ཅང་ཆེ་བའི་དུས་ཚོད་ཅིག་ཏུ་ལས་ཀ་མང་པོ་བྱས་ཡོད། <<རྗེས་ལུས་ཀྱི་རྐང་རྒྱུགས་>>དང་། <<མེ་རུ་>>སོགས་ཀྱིས་རེབ་གོང་ཁོག་གི་བྱང་ཤར་མཚམས་ཤིག་འུར་ཟིང་ངེ་བཏང་བ་མ་ཟད། འཕྲེང་ཡར་ནང་གི་སྡེ་བ་ཚོ་བ་ཁ་ཤས་དང་། རེབ་གོང་སྟོད་ཀྱི་སྡེ་ཚོ་ཁ་ཤས་བཅས་སུ་རྒན་འཚོོགས་རྒྱབ་ནས་ཁོང་དང་ཁོ་ལྟ་བུའི་མི་མང་དག་ཅིག་ལ་བརྙས་བཅོས་མང་དུ་བྱས།
ཁོ་ཚོར་ཡང་ཁག་མི་འདུག་སྟེ་གདོན་མའི་རིག་གནས་ཀྱི་ཕ་ས་ལྟ་བུའི་ཡུལ་གྲུ་འདིའི་ས་ཨ་ལགས་དང་གནམ་ཨ་ལགས་ཡིན་ས་ཞིག་ཏུ་བླ་མས་དང་ལེན་བྱེད་མི་ཤེས་པའི་ནང་བའི་བཤད་སྒྲུབ་ཀྱི་སྡེ་ཞིག་ཇི་ལྟར་བཙུགས་ཆོག་ཨང་། ལྷག་པར་ཏུ་མཚན་ཉིད་རྩོད་པ་ནི་ཨ་མཆོད་ཅིག་ལ་དགོས་པ་ཅི་ཡོད། དེ་ཡིན་ཡང་། “ཐོན་མིའི་རྐང་འཛིན་ཚོགས་པ་”ནི་དེ་ལྟར་མིན་མོད། དེའང་ཨ་ལགས་ཚང་གི་ཐུགས་དང་ཡེ་ནས་འཕྲོད་མོ་རང་མ་བྱུང་བ་འདྲ་སྟེ། ཁོ་ཚོར་སྡེ་བའི་རྒད་པོ་ནས་སྲིད་གཞུང་གི་དཔོན་རིགས་ཚུན་ཆད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཁ་སུན་སྣ་སུན་མང་དུ་བཟོས་པ་ཁོ་བོས་ཡང་ཡང་ཚོར་རོ། །

གུས་པ་བོད་ན་ཡོད་དུས་ཁོང་གི་སྙན་ངག་ལ་རྒྱུན་པར་བལྟ་ཐུབ་ཀྱི་འདུག་པ་དང་། རྒྱ་གར་དུ་སླེབས་ནས་ཀྱང་ཁོང་གི་སྙན་ངག་ལ་ཡང་ནས་ཡང་དུ་བལྟ་ཐུབ་ཀྱི་འདུག དེ་རང་ཡིན་ཏེ། ཁོ་རང་རྒྱ་གར་དུ་སླེབས་ནས་ཧ་ཅང་འགྱུར་བ་ཆེན་པོ་ཞིག་བྱུང་འདུག་པ་ནི་གཟུགས་པོའི་ཆ་ནས་མ་ཡིན་པར་སྙན་ངག་གི་བསམ་བློའི་ཆ་ནས་རེད། གུས་པའི་དྲན་ཚོད་ལྟར་ན་དེ་སྔའི་སྙན་ངག་ནི་”འདི་ལ་སུན་”དང་”དེ་ཉིད་ནོར་”ལྟ་བུ་ཞིག་ཡིན་མོད། ད་ལྟ་ནི་ནོར་འཁྲུལ་དང་གཤིས་སྤྱོད་ངན་པ་དག་གི་འབྱུང་རྐྱེན་སྤྱི་ཚོགས་ཀྱི་འགྱུར་བའི་དབང་གིས་བྱུང་བར་བརྗོད་དེ། འགྱུར་བ་རེ་རེ་ངོས་འཛིན་བྱས་ཡོད་པ་མ་ཟད། བླ་མ་སྐྱ་སར་བབ་པ་དང་། དགེ་བཤེས་རྒྱུ་ལ་འཁོར་བ་ཡོད་ཚད་ཅིའི་ཕྱིར་ཇི་ལྟར་བྱུང་གི་ཡོད་པ་ཁོས་ཤེས་འདུག་ལ་བྲིས་ཀྱང་འདུག

ཡང་གཅིག་བཤད་ན་ཁོས་གང་ལ་སྦྱང་བ་བྱས་པའི་གཞུང་ལུགས་ཀྱི་བསམ་བློ་ཡིས་རང་ཉིད་ཀྱི་བལྟ་སྟངས་ཡོད་ཚད་ཟིན་འདུག་སྙམ་པ་བདག་ལ་སྐྱེས་ཤིང་། དེ་ལྟ་བུའི་བསམ་བློའི་དབང་གིས་སམ་མཐུན་རྐྱེན་ལ་བརྟེན་ནས་སྙན་ངག་ཡོད་ཚད་ཀྱི་ནང་དུ་རྩོམ་མཁན་གྱི་”བསམ་བློའི་གུ་ཡངས་”དེ་རྒྱུན་པར་ཚོར་གྱི་འདུག ལྷག་པར་ཏུ་ཁོའི་རྒྱུན་གྱི་བསམ་བློའི་ནང་དུའང་འདི་ལྟ་བུའི་གུ་ཡངས་ཤིག་གིས་ཁྱབ་ཡོད་པ་འདྲ་སྟེ། ངེད་གཉིས་རྒྱ་གར་ནས་ངོ་འཕྲད་ཅིང་ཁ་བརྡ་གློད་དུས་ཤིག་ལ་ངས་ཁོང་གི་འདས་པའི་གནས་ཚུལ་མང་དག་ཅིག་ལ་དྲན་གསོ་ཞུ་དུས་ཁོས་དེ་དག་ནི་ཕྲུ་གུའི་རྩེད་མོའི་ཚད་དུའང་འཇོག་གི་མི་འདུག

བསམ་བློའི་གུ་ཡངས་ཀྱི་ས་བོན་འདི་དང་མཉམ་དུ་ཁོའི་སྙན་ངག་ནི་ཡོངས་སུ་ཐད་ཀར་མ་ཡིན་པ་ཞིག་ཏུ་བརྩམས་འདུག་པ་དང་། གནའ་བོའི་སྐད་དུ་བྱས་ནས་”རིགས་འགྲོས་སྲིད་སྒྲུབ་”ཟེར་བ་འདྲ་སྟེ་དེང་གི་ནི་མཚོན་པ་ཅན་དང་། བསྡུས་བརྗོད་ཀྱིས་སྤེལ་འདུག་པས་སྙན་ངག་ལ་བློ་སྦྱོང་མེད་པའི་ཀློག་པ་པོ་མང་དག་ཅིག་ལ་ཡིད་སུན་དང་ངལ་བ་སྟེར་བ་ལ་ནི་ཐེ་ཚོམ་ཅི་ཡང་མི་འདུག ལྷག་པར་ཏུ་”ཆོས་པར་ཉམས་སྣང་ཤར་བའི་”་སྣང་བ་འདྲ་བ་མང་དག་ཅིག་གིས་རྩོམ་མཁན་ཁོང་གིས་སྙན་ངག་བཞེངས་བསྐྲུན་བྱས་འདུག་ཅིང་། དེ་ལྟ་བུའི་སྐབས་སུ་”ཚོར་བར་སྒེར་གཤིས་ཤུགས་ཆེ་དྲག་པས་”རྐྱེན་གྱིས་ང་ཚོས་དོན་གྱི་སྣེ་མོ་ཙམ་པོ་བ་ཟིན་པར་ཡང་དཀའ་ངལ་ཆེ་མོད། ཕྱིའི་དངོས་པོའི་གནས་ལུགས་ཕྲན་ཙམ་དང་། བྱ་བྱེའུ་འབའ་འབུ། གཅན་གཟན་སེམས་ཅན་ལྟ་བུའི་སྤྱོད་པ་ཅུང་རེར་ངེས་ཤེས་ཡོད་ཚེ་དཀའ་ངལ་དེ་དག་ལ་”རང་བསམ་གང་མོས་”ཀྱིས་ལྡེམ་པའི་གོ་བ་བླངས་མ་ཆོག་པའང་མི་འདུག་པས་མོས་པ་ཅན་ལ་སྐྱོན་དུ་གྱུར་མི་འདུག་གོ།

སྒྱུ་རྩལ་རྩོམ་རིག་ཡིན་པས་ཆ་ནས་ཁོས་བརྗོད་པ་གང་ཡང་ཐད་གར་བཤད་མེད་ཅིང་། རབ་རྟོག་གི་འདུ་ཤེས་བཟུང་ནས་བྱ་དངོས་མང་དག་ཅིག་བདེ་སྡུག་གི་ཚོར་བས་འགུལ་ཏུ་བཅུག་འདུག ཐ་ན་ཁོས་”རྒྱང་རིང་རྒྱང་རིང་གི་རི་སྒང་ལེབ་མོ། ། དམར་ཐག་ཉི་མ་དེའི་སྐྱོ་ཉམས་ཤོར་ས། །”ཞེས་ཟེར་ཞིང་། འདི་ལྟ་བུ་བཀླགས་པའི་སྐབས་སུ་ང་ཚོའི་དྲན་སྣང་དུ་ནུབ་ཁར་ཉི་མ་ཤར་བ་གཅིག་པུ་མ་ཡིན་པར་དེ་ལས་འཕར་མཆོངས་བྱས་ཏེ་ཉི་མར་བལྟ་བའི་མི་ཞིག་གི་སེམས་ཁམས་དེ་ཡིད་ཡུལ་གྱི་སྟེང་དུ་བཞག་ཡོད་ཅིང་། འཕྲོས་དེ་མ་ཐག་ཏུ་”མགྲོན་པོ་ཁེར་འགྲོ་ཚོའི་རྐང་ལག་བར་ན། ། རྔུལ་ཆུའི་ཐིགས་པ་དེའི་མུ་ཏིག་འཐོར་ཡོད། །”ཞེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་མཐོང་སྣང་དེ་འདྲ་མ་ཞིག་ཀྱང་བསྐྲུན་འདུག་ཨང་།
འདི་ལྟ་བུའི་མཚོན་ཐབས་རང་བཞིན་གྱི་བརྒྱུད་སྤྲོད་ཁྱད་ཆོས་<<ཁ་བ་སིབ་སིབ་>>ཀྱིས་ཐེག་ཚད་ཅིག་འཁུར་འདུག་མོད། རྩོམ་མཁན་གྱི་བསམ་བློ་མང་ཆེ་ཤོས་སམ་ཡོངས་སུ་མིའི་བྱ་སྤྱོད་ཀྱི་སྡུག་ས་ནས་ཡིད་ཆད་ཀྱི་རྣམ་པས་འདུག་ལ། མི་ཇུས་ཀྱི་འཐབ་རྩལ་ཐད་ནས་སྐད་ཆ་བཤད་པ་ཉུང་ཞིང་། སུན་སྣང་གིས་ཤུགས་ཆེན་པོ་བཟུང་ཡོད་པས་རྩོམ་རིགས་འདི་སྐྱོ་སྣང་ཆེན་པོ་རེད་འདུག

ཡང་གཅིག་བཤད་ན། ཁོའི་སྙན་ངག་གིས་འཇིག་རྟེན་ནི་ཡོངས་སུ་རང་དབང་མེད་པ་ཞིག་ཡིན་ལ། རང་དབང་མེད་པའི་འཚོ་བ་དེ་ནི་བརྩེ་བས་བསྐྱང་ཚེ་ད་གཟོད་འཇིག་རྟེན་འགྲོ་ལུགས་ཀྱི་རང་དབང་ཅན་དུ་འགྱུར་ཐུབ་པར་བརྗོད་ཡོད་པ་འདྲ་སྟེ་” སྲིད་པའི་འགྲོ་ལུགས་ཀྱི་རྟ་མཆོག་དཀར་པོ། ། བརྩེ་བ་ཆུང་ཆུང་དེའི་ཐག་པས་རྟོད་དགོས།།”ཞེས་ཟེར། ཨ་རིའི་རྩོམ་མཁན་ཐའོ་མེ་སི་ཕིན་ལགས་ཀྱིས། མི་རྣམས་ཀྱི་ཀུན་སྤྱོད་ཐ་ཤུལ་ཅན་དུ་འགྱུར་བ་ནས་སྲིད་གཞུང་དང་། སྒྲིག་གཞིའི་དགོས་མཁོ་བྱུང་བའི་ལྟ་ཚུལ་བཏོན་ཡོད་ལ། འཇིག་རྟེན་གྱི་སྲིད་ལུགས་གང་ལའང་དྲང་བདེན་དཀོན་པ་དང་རང་དབང་ཐད་བཀག་རྒྱ་ཡོད་པ་ནི་བཤད་ཅི་ལ་དགོས། ༸གོང་ས་མཆོག་གིས་ཀྱང་སྲིད་ལུགས་ལ་ལེགས་པོ་ཞིག་མེད་ཀྱང་མང་གཙོའི་ལམ་ལུགས་ནི་ལྟོས་བཅོས་ཀྱིས་ལེགས་པོ་ཡོད་པར་བཀའ་བསྩལ་ཡོད།
དེ་ལྟར་ན་རང་དབང་དང་། སྲིད་གཞུང་། སྒྲིག་གཞིའི་དགོས་མཁོ་ཡོད་ཚད་རྟ་མཆོག་དཀར་པོ་ཞིག་ཡིན་པས་དབང་དུ་བཏང་ཡང་དེ་ཉིད་ཚོད་མེད་དུ་གཏོང་ཆོག་པ་ཞིག་མིན་ལ། འགྲོ་ས་ཅི་ཡང་མེད་པ་ཞིག་ཀྱང་ཡིན་མི་རུང་སྟེ་དེ་དག་ཡོད་ཚད་ཀྱི་བཀོད་འདོམས་པ་ནི་བརྩེ་བ་ཡིན་དགོས། གཅིག་བྱས་ན་བསམ་བློ་འདི་ལྟ་བུ་ནི་ད་གཟོད་ཆོས་སྲིད་ཟུང་འབྲེལ་ཡིན་སྲིད། ཁོའི་སྙན་ངག་གིས་འདི་ལྟ་བུའི་ཀུན་ཁྱབ་སེམས་འཁུར་ཡང་འཁྱེར་འདུག་ལ། མི་སྒེར་གྱི་བསམ་བློའི་མཐོང་ཕྱོགས་ནས་གཞན་གྱི་བྱ་སྤྱོད་སོགས་ཅི་ཡང་བཤད་འདུག

སྤྱིར་ན་སྙན་ངག་ཅིག་ཀློག་པ་ནི་སྙན་ངག་ཅིག་གསར་རྩོམ་བྱེད་པ་དང་ཆ་འདྲ་བོ་ཡིན་ཞིང་། སྙན་ངག་གསར་རྩོམ་བྱེད་ཞོར་སྙན་ངག་གི་བསམ་བློ་དང་ཚོར་བ། སྒྱུ་རྩལ་མཚོན་ཐབས་སོགས་གསེད་བཀྲོལ་བྱེད་རྒྱུ་ནི་སེར་སྣ་ཆེན་པོ་སྐྱེས་དགོས་པ་ཞིག་ཀྱང་རེད་ཨང་། ལྷག་པར་ཏུ། སྙན་ངག་ནི་མང་མང་གིས་བཤད་བཞིན་པ་ལྟར་མི་གཞན་གཅིག་གིས་ཕུ་ཐག་ཆོད་པ་ཞིག་དཔྱད་ཞིབ་ཐུབ་ཚེ་མི་སེམས་ཡོངས་སུ་རྟོགས་ཚར་ཡོད་པས་དེ་ལ་སྙིང་པོ་ཅི་ཞིག་ཡོད། འཇིག་རྟེན་ནི་ཚོར་བས་མཐོང་སྣང་གིས་བསྐྲུན་པ་ཞིག་ཏུའང་ཇི་ལྟར་འགྱུར། དེ་ལྟ་བས་ན། ཏཱ་ན་བློ་བཟང་ལགས་ཀྱི་<<ཁ་བ་སིབ་སིབ་>>ཀྱང་ངས་བཀླགས་ནས་ཚར་མི་སྲིད་ལ། བཀླགས་ནས་ངོ་སྤྲོད་ཀྱང་བྱེད་ཐབས་ཡོད་པ་མ་རེད།

ངས་<<ཁ་བ་སིབ་སིབ་>>བཀླགས་ནས་ཚན་པ་ཐ་མར་སླེབས་དུས་ང་ལ་གདེང་ཚོད་མེད་པའི་ཚོར་བ་ཞིག་སླེབས་སོང་། གང་ཡིན་ཟེར་ན། ཁོའི་སྙན་ངག་གིས་རང་གི་རང་གཤིས་འཁྱེར་ཡོད་པ་མ་ཟད། རང་གི་མཚོན་ཐབས་དང་། རང་གི་བརྗོད་ཐབས་འདུག འདི་ལྟ་བུའི་སྒྱུ་རྩལ་རྩོམ་རིག་ཅིག་ངས་ཇི་ལྟར་གླེང་ནས་མཐའ་ལ་ཐུག་ཐུབ། དེ་ནི་དཔེ་མི་སྲིད་པ་ཞིག་རེད། ཡིན་ནའང་། ཁོའི་སྙན་ངག་གིས་མགོ་ནས་མཇུག་བར་དུ་བསམ་བློའི་བསྡུས་བརྙན་གྱི་གསོན་ཤུགས་བཟུང་ཡོད་ཅིང་། ཁྱད་མཚར་བའི་བརྗོད་ཐབས་ཀྱང་ཡོད་དེ། “ལྭ་བ་གྱོན་པའི་ཁྱེད་”ལྟ་བུ་བལྟས་མ་ཐག་གད་མོ་ཤོར་བ་དང་། བལྟས་ཀྱིན་བལྟས་ཀྱིན་ཀླད་པའི་ནང་ནས་མཚམས་མེད་པར་འགུལ་བསྐྱོད་བྱེད་པ་དེ་འདྲའང་འདུག སྤྱིར་ན། ངས་སྙན་ངག་གི་དེབ་འདིའི་མགོ་ནས་མཇུག་བར་གྱི་ཁྱད་ཆོས་དང་སྐྱོན་དུ་མཐོང་བ་རྣམས་རེ་རེ་བཞིན་ཅི་ནུས་ཀྱིས་བརྗོད་འདོད་ཡོད་མོད། <<ཁ་བ་སིབ་སིབ་>>ཀྱི་མཐའ་མའི་ལེ་ཚན་དུ་ངའི་བསམ་བློ་ཆ་ཚང་འགྱུར་བ་ཐེབས་པ་མ་ཟད། གོང་དུ་བྲིས་པའི་ཡིག་ཕྲེང་ཁ་ཤས་ཀྱང་བསུབ་དགོས་འཁེལ།

དེ་ཡིན་ཡང་། གུས་པས་ལྟ་ཚུལ་ལྟར་ན་<<ཁ་བ་སིབ་སིབ་>>ཀྱི་སྙན་ངག་འདི་དག་ཁ་ནང་དུ་ལྷུང་ཡོང་བའི་ཚིག་འགྲོས་བདེ་མོ་ཅན་མིན་པ་ནི་སྐྱོན་དུ་ཆེ་མོད། སྙན་ངག་འདི་དག་གི་སྒོ་མོ་ནི་ཉམས་མྱོང་གི་སྟེང་དུ་ཡོད་ཅིང་། སྙན་ངག་གི་ཚོར་བ་གང་ཡིན་པའི་བརྗོད་ཐབས་དེ་མཚོན་པ་ཅན་དུ་འདུག་ཕྱིར་བཀླགས་པའི་ཚེ་ན་ཚིག་གི་ངོ་གདོང་ནས་ཁ་ནང་དུ་ཕྱོགས་ཏེ་མང་དུ་བསམ་དགོས་པ་དེ་རེད། <<ཁ་བ་སིབ་སིབ་>>ཀྱིས་འདི་ལྟ་བུའི་གཤིས་ཀ་ཞིག་འཁུར་འདུག་སྟབས་ཁོ་བོ་ལྟ་བུ་ཞིག་གིས་ཚད་ཤིང་ཞིག་འཇོག་ཐབས་མི་འདུག་མོད། སྙན་ངག་ཅིག་གིས་མི་སེམས་ལ་ཚོར་འདུ་སྤྲོད་པའི་བརྒྱུད་རིམ་ཀྱི་ཆ་ནས་བཤད་ན་སྙན་ངག་ལ་ཡག་ཉེས་ཀྱི་རྣམ་གཞག་བརྗོད་ཀྱང་ཧ་ཅང་ཁག་པོ་འདུག་སྟེ། རིགས་འགྲོས་སྲིད་སྒྲུབ་ནི་རྩོམ་མཁན་དང་ཀློག་མཁན་གཉིས་ཆའི་ཐད་ཀྱི་རྣམ་རྟོག་དང་ཐད་ཀར་འགྲེལ་བ་ཆེན་པོ་འདུག་པས་སོ།།

ལྷག་པར་ཏུ། ངས་སྙན་ངག་འདི་དག་བཀླགས་ཀྱིན་བཀླགས་ཀྱིན་ཅི་ཡང་བཤད་ཤེས་ཀྱི་མི་འདུག་ལ། བཀླགས་ཀྱིན་བཀླགས་ཀྱིན་སྙན་ངག་གི་གསོན་ཤུགས་ཀྱང་ཆེ་རུ་ཆེ་རུ་འགྲོ་གི་འདུག དེའི་རྐྱེན་གྱིས་ཨ་ར་ཅན་གྱི་སྙན་ངག་གི་བཀླགས་ཐོ་འདི་ནས་མཇུག་བསྡུས་ཏེ་དགོངས་དོན་ཟབ་མོ་རྣམས་དང་འབྲེལ་བ་འཛུགས་ཐུབ་མེད་པའི་ཡིག་གེ་ཕྲན་ཙམ་བྲིས་པ་འདི་གྲོགས་པོ་འདང་བརྩེ་ཅན་གྱི་དེབ་ལ་བརྩེ་འཕྲིན་དུ་བྲིས་པའི་དོད་དུ་བྱའོ།།

ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༡༧ དགོང་མོར་རས་པས།

རྩོམ་རིག

Post navigation

Previous Post: རྒྱལ་དར་བསྒྲེངས་པའི་སྔ་རྗེས།
Next Post: ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་ཁང་གིས་སློབ་ཐོན་མཛད་སྒོ་སྤེལ་བ།

Comments (5) on “<<ཁ་བ་སིབ་སིབ་>>ཀྱི་ནང་ཁྲོལ་ལ་ཁ་འཁོར་བ།”

  1. རྡོ་རྗེ་སྐྱོབ་པ། says:
    2014-08-15 at 6:38 am

    ལྷག་པར་ཏུ། ལྷག་པར་དུ།
    ཡོད་པ་མ་ཟད། ཡོད་པར་མ་ཟད།
    བཀླགས་ཀྱིན་བཀླགས་ཀྱིན། ཀློག་གིན་ཀློག་གིན།
    ཡིག་ནོར་དཔེ་མང་པོ་འདུག
    ཡི་གེ་པ་ལས་དང་པོ་པ་ཞིག་ཡིན་བཟོ་འདུག་པས་རྗེས་མར་ཡིག་ནོར་ལ་གཟོབ།

    ཡག་སྟངས་བཤད་ནས་དྲངས་པའི་ཚིག་དེ་དག་ལྟ་བུ་ཡིན་ན། སྙན་ངག་ཡག་པོ་ཡོད་ས་མ་རེད།
    དེ་འདྲ་བཙན་བྱོལ་གྱི་ལག་ལ་སྨྱུ་གུ་ཐོགས་མཁན་ཆ་ཚང་གིས་འབྲི་ཐུབ་ཀྱི་རེད།
    རྡོག་རྡོག་རང་གི་གྲོགས་པོ་ཡིན་ཙང་བསྟོད་པ་འདྲ་བྱེད་ཐབས་བྱེད་ཀྱི་ཡོད་པ་འདྲ། དེ་ཡིན་ན་ནི་དངོས་གནས་སྐྱུག་བྲོ་བ་རེད། རྩོམ་རིག་རུལ་སོངས་སུ་གྱུར་པ་དེའང་འདི་ལྟ་བུ་དག་གི་ཉེར་ལེན་ལ་བརྟེན་ནས་བྱུང་བའོ།།

  2. རས་པ། says:
    2014-08-16 at 12:03 am

    རྡོ་རྗེ་སྐྱོབ་པ། ལས་དང་པོ་བ་ཞིག་ལ་ཡིག་ནོར་ཤོར་བར་ཧང་སངས་དགོས་དོན་མེད་ཀྱང་། མཁས་པ་ཁྱེད་ཉིད་ལྟ་བུས་ཡིག་ནོར་དུ་ཐག་གཅོད་སྟངས་དེའང་ངོ་མཚར་བ་ལ།

    ༼རང་གི་གྲོགས་པོ་ཡིན་ཙང་བསྟོད་པ་འདྲ་བྱེད་ཐབས་བྱེད་ཀྱི་ཡོད་པ་འདྲ་བ་༽ཟེར་བ་ཤིན་ཏུ་བདེན། ཁྱོད་ཀྱིས་མིག་ཕྱེས་ནས་ལྟོས་དང་། ངས་རང་གི་གྲོགས་པོའི་སྙན་དེབ་ལ་བརྩེ་འཕྲིན་དུ་བྲིས་པ་ཡིན་ཟེར་ནས་རྩོམ་མཇུག་བསྡུས་ཡོད། དེ་ལ་ཁྱོད་ཀྱིས་ཐག་མ་ཆོད་པ་བྱེད་མི་དགོས།

    ཡིག་ནོར་འབྲི་མི་སྲིད་པའི་མཁས་པ་ཁྱོད་ཀྱིས་རྩོམ་རིག་༼རུལ་སོངས་༽ཞེས་པའི་བརྡ་ཞིག་སྤྱད་འདུག་པའི་དོན་ཅི་ཡིན་གསལ་པོ་གོ་མ་སོང་། གལ་སྲིད་༼རུལ་སུངས་༽འབྲི་མ་ཤེས་པ་ཡིན་ན་ནི་ཐ་སྙད་འདི་སྤྱོད་རྒྱུ་ལན་པོ་ཡོད་པ་མ་རེད་ཅེས་ཁྱོད་ལ་བཤད་འདོད།

  3. རྡོ་རྗེ་སྐྱོབ་པ། says:
    2014-08-18 at 1:11 am

    བསྟོད་པ་རྐྱང་རྐྱང་ལ་མོས་པ་འདི་ཡང་རྒུད་པའི་ཕྱོགས་སུ་འགྲོ་བའི་རྟགས་ཤིག་རེད།
    རྩོམ་འདི་ཡིག་ནོར་གྱིས་ཁེངས་བསྡད་ཤག
    ངས་གཉིས་ཟུར་དུ་ཕྱུང་པ་གསལ་བཤད་ཙམ་ཡིན། ད་རུང་ཁ་ཤོམ་མཐོ་པ་ལ་ལྟོས་དང་།
    རང་ངོ་མི་ཤེས་མཁན་འདི་དག་རང་རིགས་རྒུད་པའི་རྐྱེན་ཁོ་ན་ཡིན་ནོ།།

  4. དཔལ་དོན། says:
    2014-08-18 at 1:59 am

    རྡོ་རྗེ་སྐྱོབ་པ། ཁྱོད་ཡིག་ནོར་ཤེས་ནི་ཅན་པོ་མ་རེད། རྒུད་མི་རྒུད་ལྷག་ཏུ་ཤེས་ས་འགྲོ་ནི་མ་རེད།

  5. དཔལ་དོན། says:
    2014-08-18 at 2:07 am

    ཀུ་རེ་ཡིན། མུ་མཐུད་དུ་རྩོད། ཧ་ཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme