Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་སྨྱོན་རྒས་འདུག ཁོང་གི་སྨྱུག་གུ་ཡང་རྒས་ཀྱིན་འདུག

Posted on 2013-11-272013-11-27 By ཁ་བརྡ་ 11 Comments on ཀླུ་སྨྱོན་རྒས་འདུག ཁོང་གི་སྨྱུག་གུ་ཡང་རྒས་ཀྱིན་འདུག

ལོ་མ་རྒྱལ།
——༼མདང་དགོང་ཀླུ་སྨྱོན་ཝཱ་ཎར་སླེབས་ཏེ་རྩོམ་རིག་དང་འབྲེལ་བའི་གཏམ་བཤད་ཅིག་གནང་སོང་བས། དེ་ལ་རང་ཉིད་ཀྱི་ཇི་ལྟར་གོ་སྟངས་ཞིག་ཡིགས་ཚོགས་ཀྱི་ཕྲེང་བ་འདི་ལ་སྤེལ་བ་ལགས་སོ༽

དང་པོ།

སྤྱིར་རྩོམ་རིག་ནི་མིའི་རིག་པའོ་ཞེས་བརྗོད་པའི་སྣེ་མོ་འདི་ནས་གཞིགས་ན། ཀླུ་སྨྱོན་གྱིས་བརྗོད་པའི་སྐད་ཆ་དེ་དག་ནི་དང་ལེན་བྱེད་མི་ཐུབ་པ་གང་ཡང་མི་འདུག་སྟེ། རྩོམ་རིག་གིས་མི་ཡི་དགའ་སྐྱོ་ཆགས་སྡང་སོགས་སེམས་ཀྱི་འགྱུར་བ་དེ་ཇི་བཞིན་དུ་བརྗོད་ཐུབ་པ་ཡིན་ན་རྩོམ་རིག་གི་ལས་འགན་རྫོགས་པ་རེད། དེ་བས། ང་ཚོས་ཀླུ་སྨྱོན་གྱི་རྩོམ་ཡིག་ལ་ལྟ་མྱོང་རོལ་གསུམ་བྱེད་སྐབས། མིའི་རིག་པའི་མིག་དབང་སྤྱད་དེ་ལྟ་དགོས་པ་ལས། སྤྱི་ཚོགས་ལ་ཕན་ཐོགས་མིན་གྱི་སྤྱི་ཚོགས་རིག་པའི་ལམ་ནས་ལྟ་བར་མི་རུང་བ་ཞིག་རེད། འདི་ཡང་ང་ཚོ་བོད་ཀྱི་ཀློག་པ་པོ་ཚོས་སེམས་ན་འཛིན་དགོས་པའི་ལྡེ་མིག་ཅིག་ཡིན་ཏེ། རྩོམ་རིག་ལ་ལ་ཞིག་མིའི་རིག་པའི་སྒོ་ནས་ལྟ་དགོས་པ་དང་། ལ་ལ་ཞིག་སྤྱི་ཚོགས་རིག་པའི་སྒོ་ནས་ལྟ་དགོས་པ་དེའོ། དེ་ནས། ངཚོས་རྩོམ་རིག་ལ་ལྟ་བྱེད་ཀྱི་མིག་དབང་དེ་གཉིས་སྤྱད་དེ་རྩོམ་རིག་ལ་རོལ་བ་ཡིན་ན། རྩོམ་རིག་དེ་ལ་གདེངས་འཇོག་ཡག་པོ་ཞིག་བྱེད་ཐུབ་ལ། སྤྱི་ཚོགས་ལ་ཕན་ཐོགས་ཀྱི་མི་འདུག དེ་བས། རྩོམ་ཡིག་དེ་ཡག་པོ་མི་འདུག་ཅེས་པའི་ཆིག་རྐྱང་གི་གདེངས་འཇོག་དེ་འདྲ་དང་དགོས་མེད་ཀྱི་རྩོད་རྙོག་དེ་འདྲ་ཡང་བྱུང་མི་སྲིད་པ་ཞིག་རེད།

 

གཉིས་པ།

ཀླུ་སྨྱོན་གྱི་བསམ་བློའི་རང་དབང་དེ་ནི་ངོ་སོ་བསྟོད་པར་འོས་པ་ཞིག་རེད། སྤྱིར་མི་སུ་དང་སུ་ཞིག་ཡིན་ན་ཡང་ཚོགས་པ་དང་སྒྲིག་སྲོལ། རིག་གནས། སྲོལ་རྒྱུན་ལ་སོགས་ཀྱི་ར་སྐོར་ཞིག་གི་ནང་ནས་རང་ཉིད་ཀྱི་སེམས་ཚོར་དངོས་མ་ཞིག་དང་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་ཞིག་བཤད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད། ཡིན་ན་ཡང་། ཀླུ་སྨྱོན་ལ་ཆ་མཚོན་ན། ཁོང་གིས་རྩོམ་ཡིག་འབྲི་དུས། ཚོགས་པ་དང་ཆོས་ལུགས། ཆོལ་ཁ། ལྟ་གྲུབ། རིག་གནས། སྲོལ་རྒྱུན་ལ་སོགས་ཀྱི་བཀག་རྒྱའམ་ར་སྐོར་དེ་ལས་ཐར་ཏེ། རང་དབང་ངམ་རང་རྐྱ་འཕར་བའི་སྒོ་ནས་འབྲི་བཞིན་ཡོད་སྐད། དེ་བས། ཁོའི་སྨྱུག་ཁ་ནས་ཐོན་པ་དག་ནི་ཁོ་རང་ཉིད་ཀྱི་བདེན་པ་དང་རང་ཉིད་ཀྱི་མྱོང་བ། རང་ཉིད་ཀྱི་འཚོ་བ། ཡང་ན། རང་ཉིད་ཀྱི་བསམ་བློ་དང་འཚོ་བ་གཉིས་རྩུབ་བརྡར་ལས་བྱུང་བ་ཡིག་འབྲི་ཤ་སྟག་ཅིག་ཡིན་ཙ་ན། ཀླུ་སྨྱོན་ནི་ཁོང་གི་ཡི་གེ་དང་། ཁོང་གི་ཡི་གེ་ནི་ཀླུ་སྨྱོན་ནོ་ཞེས་བརྗོད་ན་ཡང་ཐལ་དྲགས་མེད་པ་འདྲ། ཟུར་འདི་ནས་ཅུང་ཙམ་འཕྲོས་ཏེ་བཤད་ན། གསར་གཏོད་དང་སྒྱུ་རྩལ་ཟེར་བ་ཡང་ལམ་བུ་འདི་ནས་བརྡོལ་བཞིན་པར་སྣང་། གཏན་ཚིགས་ནི་ང་ཚོ་བྱེ་བྲག་པ་རེ་རེ་གཞན་དང་མི་འདྲ་བར་ཁོ་ན་རེ་རེ་ཡིན་པས་སོ། ཡིན་ན་ཡང་། ང་ཚོས་རང་ཉིད་ཀྱི་ཁོ་ན་དེ་ངོས་མ་ཟིན་པའམ་མཐོང་ཆུང་གི་དབང་གིས་ང་ཚོ་ཕལ་མོ་ཆེ་ནི་ལད་ཟློས་བྱེད་མཁན་འབའ་ཞིག་ཏུ་གྱུར་ཡོད། སྤྱིར་མི་རེ་རེ་ཡིས་རང་ཉིད་ཅི་ལྟ་བུ་ཞིག་ཡིན་པ་དེ་ངོས་ཟིན་བྱུང་ནས་དེ་ཇི་བཞིན་དུ་སྟོན་ཐུབ་པ་ཡིན་ན། དེ་ནི་གསར་གཏོད་དང་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། ཡིན་ན་ཡང་། ལད་ཟློས་ཀྱིས་དེ་དག་དམར་གསོད་གཏོང་གི་ཡོད། མདོར་དྲིལ་ན། ཀླུ་སྨྱོན་གྱི་བསམ་བློའི་རང་དབང་གི་ཆ་དེ་ནི་སྨྱུག་ཐོགས་པ་ཀུན་པོས་བླང་བྱ་ཞིག་ཡིན་པས་འདོད་དོ།

 

གསུམ་པ།

ཀླུ་སྨྱོན་རྒས་འདུག ཁོང་གི་སྨྱུག་གུ་ཡང་རྒས་ཀྱིན་འདུག ཁོང་གིས་བརྗོད་ན་ན་ཚོད་མ་འདྲ་བའི་དབང་གིས་རྩོམ་རིག་ལ་ཕྱོགས་པའི་འདུ་ཤེས་འཛིན་སྟངས་དེ་ཡང་མ་འདྲ་མ་འདྲ་བ་ཡོད་པར་བརྗོད་དེ། ཁོ་རང་ཉིད་ཀྱི་ན་ཚོད་རྒས་ལ་ཕྱོགས་པ་དང་བསྟུན་ནས་རྩོམ་རིག་ལ་བཟུང་བའི་འདུ་ཤེས་དེ་ཡང་རྒས་ནས་འགྲོ་བཞིན་པ་དང་། རྩོམ་རིག་དང་ཁོ་རང་གི་བར་ཐག་དེ་ཡང་རིང་དུ་འགྲོ་བཞིན་པ་ཞིག་བརྗོད་སོང་། འདི་ཡང་། ཀླུ་སྨྱོན་རང་ངོས་ནས་རྩོམ་རིག་ལ་འཇུག་པའི་རང་ཉིད་ཀྱི་ཉམས་མྱོང་གཤའ་མ་ཞིག་ཡིན་པས། དེ་ལ་ཐིག་ཤིང་གཞན་ཞིག་གི་ཚད་ཐིག་འཇལ་ཏེ། ལེགས་ཉེས་དགེ་སྡུག་ལ་སོགས་ཀྱི་ཤན་འབྱེད་ནི་གཞར་ཡང་མི་བྱའོ།
སྤྱིར། ཤན་འབྱེད་བྱེད་པའི་དོན་བྱ་འདི་ནི་གཞུང་ལུགས་སམ་ལྟ་གྲུབ་ལ་སོགས་ཀྱི་ནང་རོལ་ཞིག་ནས་ཐག་གཅོད་བྱེད་པའི་ལས་ཀ་ཞིག་ཡིན། དེ་བས། ཁོང་གིས་བརྗོད་པ་དག་ནི་དེ་དག་ལས་བརྒལ་ཏེ། རྩོམ་རིག་གི་བདེན་པ་ནི་ཅི་ཞིག་ཡིན་མིན་དེ་ལྟ་གྲུབ་དང་གཞུང་ལུགས་གང་ལ་ཡང་ཐོ་མ་གཏུགས་པར་རང་ངོས་ནས་འཚོལ་ཞིབ་དང་མྱོང་བ། ལས་སུ་འཇུག་བཞིན་ཡོད་པས། དེ་ལྟར་ཤན་འབྱེད་ནི་བདག་གིས་མི་བྱའོ། གལ་ཏེ། བྱེད་པའི་དབང་དུ་བཏང་ན་ཡང་། གདེངས་འཇོག་དང་ཤན་འབྱེད་རན་པོ་འཚམ་པོ་ཞིག་ནི་མི་སྲིད་པ་ཞིག་རེད།
ཡིན་ན་ཡང་། ཀླུ་སྨྱོན་རྩོམ་རིག་ལ་ཨ་ཐང་ཆད་པའི་རྣམ་པ་དེ་མཐོང་ན། ང་ཚོས་ཀླུ་སྨྱོན་གྱིས་རྩོམ་རིག་ལ་འཛིན་པའི་ལངས་ཕྱོགས་དེར་ཕྱིར་རྟོག་ཅིག་བྱེད་དགོས་པ་འདྲ། ཡང་ན། ཁོང་གི་གསར་རྩོམ་མམ་གསར་གཏོད་ལ་ཕྱོགས་པའི་བློ་ཡི་རྔམ་ཁ་དེ་གཏིང་ཇེ་ཟབ་དང་ཁོད་ཇེ་ཡངས། རྒྱ་ཇེ་ཆེ་རུ་གྱུར་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན་པར་འཁུམས། གང་ལྟར། ཁོང་གི་རྩོམ་རིག་ལ་བཟུང་ཡོད་པའི་ལངས་ཕྱོགས་དེ་རབ་རིབ་ཅིག་ཏུ་གྱུར་ཡོད་པ་ཁོང་གི་ངག་སྒྲོས་ཀྱི་ཚིག་གི་ཟ་ཁ་ཟུར་ཁ་མང་པོ་ཞིག་ནས་རྡོ་འཇུར་འཇུར་དང་ས་འབུར་འབུར་གྱི་ངང་ནས་ཐོན་ཡོང་།

 

བཞི་བ།

རྩོམ་རིག་གིས་མིའི་བསམ་བློ་དང་སྤྱི་ཚོགས་ལེགས་བཅོས་བྱེད་ཐུབ་མིན་གྱི་ཐད་ལ་ཡང་ཁོང་གི་རྣམ་འགྱུར་དེ་ནི་ཤི་ལ་ཉེ་བའི་བགྲེས་སོང་ཞིག་གི་ངོ་གདོང་ལྟར་སྐྱ་ཟིལ་ཟིལ་ཞིག་ཏུ་སྣང་། ཁྱད་པར་དུ་བོད་དང་ཧི་མ་ལ་ཡའི་མི་དང་སྤྱི་ཚོགས་སུ་རྩོམ་རིག་གི་ནུས་པ་ཞིག་མངོན་འགྱུར་བྱེད་པ་དེ་ནི་ཧ་ཅང་ཁག་པོ་ཞིག་ཡིན་པར་བརྗོད་ཅིང་། རྩོམ་རིག་གི་ཚབ་ལ་ཆོས་ལུགས་ཀྱིས་ནུས་པ་ཐོན་ཐུབ་པར་བརྗོད་སོང་། སྐད་ཆ་འདི་ལ་ཐད་ཐད་དུ་ཅིག་ལྟོས་ན། ཅུང་བདེན་བདེན་དུ་སྙམ་པའི་སྣང་བ་བན་བུན་ཞིག་ཐོལ་ཐོལ་ལ་སྐྱེས་ཡོང་མོད་། མནོ་བསམ་ཞིབ་དུ་བགྱིས་ན། དེ་ལ་དོགས་པ་ཟ་ཟིལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སླེབས་ཡོང་ཏེ། བོད་དང་ཧི་མ་ལ་ཡི་མི་དང་སྤྱི་ཚོགས་དག་ལ་དོན་གྱི་ཆོས་ལུགས༼ནང་ཆོས། ༽་ཀྱིས་ནུས་པ་ཞིག་ཐོན་ཡོད་དམ། ནང་ཆོས་ཀྱི་གོ་བ་བློ་ལ་སྐྱེས་ཏེ་བསམ་བློ་ལ་ལེགས་བཅོས་ཤིག་ཐེབས་ཡོད་དམ། དེ་ཡིས་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་འགྱུར་བ་ཞིག་ཐེབས་ཡོད་དམ། ཡོད་ན། ནང་ཆོས་དང་བོད་མི་ཡི་བར་ན་དེ་འདྲའི་བར་ཐག་ཅིག་ཡོད་དོན་ཅི་ཡིན་ནམ། ནང་ཆོས་དང་བོད་ཀྱི་སྤྱི་ཚོགས་གཉིས་ཀྱི་བར་ན་དེ་འདྲའི་ཧེ་བག་ཅིག་ཡོད་དོན་ཅི་ཡིན་ནམ།
སྤྱིར་རྩོམ་རིག་དང་ཆོས་ལུགས་གཉིས་ལ་མཚུངས་རྟགས་རྒྱག་མཁན་ཡང་ཡོད་དེ། དེ་གཉིས་ཀ་མིའི་བསམ་བློ་བཙོ་སྦྱོང་བྱེད་ཀྱི་ཡོད་པས་ཡིན་། ཡིན་ན་ཡང་། འུ་ཅག་གིས་གླེང་བཞིན་ཡོད་པའི་རྩོམ་རིག་དེ་ནི་ཇི་འདྲའི་ཉམས་ཆུང་ཆུང་ཞིག་རེད་ཨང་། འབབ་ས་ལ་བབས་ཏེ་བཤད་ན། རྩོམ་རིག་གི་ནུས་པ་ཐོན་མིན་དེ་ནི་རྩ་བའི་མི་རིགས་དེ་ཡི་སློབ་གསོ་ཡི་སྒྲོམ་གཞི་དེ་ལ་རག་ལས་ཡོད་པ་ཞིག་ཡིན། མི་རིགས་གང་ཞིག་གི་སློབ་གསོ་ཡི་སྒྲོམ་གཞི་དེ་བརྟན་པོ་ཞིག་དང་ཆུ་ཚད་མཐོན་པོ་ཞིག་ཡོད་ན། རྩོམ་རིག་གིས་ཀྱང་མི་རིགས་ལ་སྣེ་ཁྲིད་དང་སྤྱི་ཚོགས་ལེགས་བཅོས། བསམ་བློ་ཡར་རྒྱས་སུ་གཏོང་ཐུབ་པའོ། དེ་ཡང་། ང་ཚོས་མི་རིགས་གཞན་གྱི་ལོ་རྒྱུས་དག་ལ་ཕྱིར་མིག་ཅིག་ལྟོས་ན་གསལ་བོ་རེད།

 

ལྔ་བ།

ཀླུ་སྨྱོན་གྱིས་བརྗོད་ན། མིའི་འཚོ་ཐབས་ལ་ཁ་ཐུག་གི་འབྲེལ་བ་ཡོད་པ་ནི་སྒོར་མོ་རེད་ཟེར། ང་རང་གིས་བསམ་ན། མིའི་འཚོ་ཐབས་ལ་ཐད་ཀར་ཀྱི་འབྲེལ་བ་ཡོད་པ་ནི་བདེ་སྐྱིད་རེད་འདོད། དེ་བས། ཁོང་གིས་སྒོར་མོ་འཚོ་ཐབས་ཀྱི་དེབ་རེ་བརྩམས་ན་བྲིན་རྒྱུགས་ཆེ་བར་བརྗོད། དེ་བས། ང་རང་གིས་བསམ་ན་བདེ་སྐྱིད་ཇི་ལྟར་ཐོབ་ཐབས་ཀྱི་དེབ་ཅིག་བརྩམས་ན་ཕན་ཐོགས་ཆེ་བར་འདོད།
མང་པོ་ཞིག་གིས་མཁྱེན་གསལ་ལྟར་རེད། སྒོར་མོ་ཡིས་མི་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ་གསལ་བོ་རེད། ཡིན་ན་ཡང་། སྒོར་མོ་མི་དགོས་ཞེས་བརྗོད་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་། ང་རང་ལ་འདི་འདྲའི་ཡིད་ཆེས་བརྟན་པོ་ཞིག་ཡོད་དེ། མི་ལ་སྒོར་མོ་སོགས་ཅི་ཡང་མེད་ན་ཡང་བདེ་སྐྱིད་ལྡན་ཐུབ་པ་དེའོ།
དེ་ནས། ཅུང་འཕྲོས་ཏེ་ང་ཚོས་འདི་ལྟར་བསམ་བློ་ཞིག་ཀྱང་གཏོང་དགོས་ཏེ། དུས་རབས་ཉེར་གཅིག་གི་སྐྱ་རེངས་བོད་ལ་ཤར་བ་ནས་བཟུང་། བོད་ཀྱི་ཕྱིའི་དངོས་པའི་ཡར་རྒྱས་ཀྱང་ག་ལ་གང་གང་འཚམ་མགྱོགས་མྱུར་འཕེལ་བཞིན་ཡོད་པ་རེད། དེ་བཞིན་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་ནས་བོད་ཀྱི་འཚོ་བའི་ཡར་རྒྱས་དེ་ཡང་སྔར་ལས་ཇེ་མཐོ་དང་ཇེ་རྒྱས་སུ་སོང་ཏེ། མི་རིགས་གཞན་དང་མཉམ་མཉམ་དུ་འགྲོ་བ་ཡང་དོགས་པ་ཟ་དགོས་པ་ཞིག་མ་རེད་འདོད། དེ་ན། ང་ཚོས་ཕྱིའི་དངོས་པའི་ཕྱོགས་ལ་དང་དོད་དང་ཐེར་ཟུག་ཆེ་དྲག་ན་བོད་ལ་ཡང་ནུབ་ཕྱོགས་པ་ལྟ་བུའི་སེམས་ཀྱི་དཀའ་ངལ་འཕྲད་མི་སྲིད་པ་དང་། རང་སྲོག་རང་གིས་གཅོད་མཁན་ཡང་འབྱུང་མི་སྲིད་པ་ཞིག་རྦད་ཀྱི་མ་རེད་འདོད།
འོ་ན། ང་ཚོས་ལམ་བུ་ཅི་ཞིག་གདམས་དགོས་སམ་ཞེ་ན། ཕྱིའི་དངོས་པའི་ཡར་རྒྱས་དང་ནང་གི་བསམ་བློའི་ཡར་རྒྱས་གཉིས་ཟུང་དུ་འབྲེལ་བའི་ལམ་ཁ་ཞིག་བཏོལ་དགོས་པ་དེའོ། དེ་ཡང་། སློབ་གསོ་ཡི་ལམ་བུ་ཉག་ཅིག་ལ་བསྟེན་དགོས་པ་ལས་གཞན་ནི་མ་ཡིན་ནོ་ཞེས་བརྗོད་འདོད་པ་དེ་ཡིན།

༢༦། ༡༡། ༢༠༡༣ཉིན།

སྣ་ཚོགས།

Post navigation

Previous Post: བློ་ཡུལ་ལས་འདས་པའི་མཇལ་ཁ་ཞིག་དང་བློ་ཕམ་ཞིག
Next Post: ༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་གིས་བཅར་འདྲི་བྱས་པ།

Comments (11) on “ཀླུ་སྨྱོན་རྒས་འདུག ཁོང་གི་སྨྱུག་གུ་ཡང་རྒས་ཀྱིན་འདུག”

  1. ཕུག་རོན། says:
    2013-11-27 at 4:44 pm

    གཅིག ཀླུ་སྨྱོན་གདན་ཞུའི་ངོ་བོའི་ཐོག་ཝ་ཎར་གཏམ་བཤད་དུ་ཡོང་བ་རེད་དམ། དེ་ནས་ཁོང་གིས་གཏམ་བཤད་ལས་སྡོམ་ཚིག་གཅིག་ཡོད་པ་ནི། ཧི་མ་ལ་ཡའི་རི་རྒྱུད་དུ་རྩོམ་རིག་གིས་ནས་ནུས་པ་ཐོན་གི་མ་རེད་ཟེར་བ་དེ་རེད། དེར་རྒྱུ་མཚན་འདུག བོད་པ་གཙོས་རི་རྒྱུད་འདིའི་མི་རིགས་ཚོས། ནང་ཆོས་ལས་ལྷག་པའི་རིག་གནས་ཤིག་མ་མཐོང་སྟབས་ཕྱིའི་ལྟ་གྲུབ་དང་རིག་ག ནས་སོགས་བོད་སྒྱུར་ཐད་འབད་མེད། མཇུག་ཏུ་དགེ་འོས་ཀྱིས་མ་ཤི་གསོན་པའི་སྐབས་ཀྱི་དཀོན་མཆོག་སྒོར་མོ་ཡིན་ཟེར་བ་དང་། གོང་ས་མཆོག་གིས་ཀྱང་སྒོར་མོ་བདེ་སྐྱིད་འཚོ་བ་རོལ་རྒྱུའི་མེད་དུ་མི་རུང་བའི་དགོས་ངེས་ཆ་རྐྱེན་ཡུན་གསུངས་པ་ལྟར། དུས་རབས་ཉེར་གཅིག་འདིར་བདེ་སྐྱིད་ངོ་མ་ཞིག་དགོས་ན། དེ་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་པ་ཞིག་ཆགས་ཡོད།

  2. ཕུག་རོན། says:
    2013-11-27 at 4:45 pm

    དགེ་ཆོས། བཅོས།

  3. སྤོབས་པ་མཐའ་ཡས། says:
    2013-11-27 at 7:07 pm

    རྩོམ་རིག་དང་ཁ་བྲལ་བའི་སྤྱི་ཚོགས་དེ་ཅི་འདྲ་ཞིག་ཡིན་པ་སེམས་ལ་ཡང་འཆར་ཐུབ་གི་མི་འདུག བླ་མ་མཁྱེན། ཧི་མ་ལ་ཡའི་རི་རྒྱུད་ན་དེའི་སྤྱི་ཚོགས་དང་འཚམས་པའི་རྩོམ་རིག་རྒྱ་ཅེན་པོ་དང་གཏིང་ཟབ་པོ་ཡོད་པ་རེད། དཔེར་ན། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དང་འབྲེལ་བའི་རྩོམ་རིག་ཁོ་ན་ཡང་ཧ་ཅང་རྒྱ་ཆེན་པོ་རེད། མདོ་ཁམས་ཁུལ་དུ་གླིང་གེ་སར་དང་འབྲེལ་བའི་རྩོམ་རིག་ཀྱང་ཧ་ཅང་རྒྱ་ཆེན་པོ་རེད།

  4. རྣོན་པོ། says:
    2013-11-27 at 10:19 pm

    ཟིན་བྲིས་ལེགས་པོ་བཏབས་འདུག ཀླུ་སྨྱོན་གྱིས་རང་ང་ཅིག་བཤད་འདུག ཡོད་ཚད་མི་སྒེར་གྱི་ཚད་གཞི་ཞིག་གི་སྟེང་ནས་འཇོག་པ་ནི་དུས་རབས་ཉེར་གཅིག་ལྟ་ལོག་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད།

  5. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-28 at 2:30 am

    དྲྭ་ལམ་དང་ངོ་དེབ། སྐར་འཕྲིན་སོགས་ན་ཀླུ་སྨྱོན་ལ་འགྲན་སེམས་ཀྱིས་སྐད་ཆ་བཤད་པ་དང་ཕྲག་དོགས་ཀྱིས་ཚིག་མཚོན་འདེབས་མཁན་མང་བོ་འདུག 
    དེར་བལྟས་ན་ཀླུ་སྨྱོན་ཟེར་བ་འདི་ལས་སླ་བོ་མེད་པ་གསལ་བོ་རེད། 

  6. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-28 at 2:32 am

    དྲྭ་ལམ་དང་ངོ་དེབ། སྐར་འཕྲིན་སོགས་ན་ཀླུ་སྨྱོན་ལ་འགྲན་སེམས་ཀྱིས་སྐད་ཆ་བཤད་པ་དང་ཕྲག་དོགས་ཀྱིས་ཚིག་མཚོན་འདེབས་མཁན་མང་བོ་འདུག
    དེར་བལྟས་ན་ཀླུ་སྨྱོན་ཟེར་བ་འདི་ལས་སླ་བོ་མེད་པ་གསལ་བོ་རེད།

  7. བན་དེ་བ། says:
    2013-11-28 at 3:18 am

    ཀླུ་སྨྱོན་རྒས་འདུག་ཟེར་བ་བདེན་པ་རེད།
    ཀླུ་སྨྱོན་རྒས་པ་དང་ཀླུ་སྨྱོན་གྱི་རྩོམ་ཀྱང་རྒས་སོང། སྔོན་ཆད་ཡིན་ན་ཁ་བརྡའི་དྲ་བར་ཁོང་གི་རྩོམ་མང་པོ་ཐོན་རྒྱུ་ཡོད། མ་ཟད་ཁོང་གི་རྩོམ་སྣ་མང་ལ་རྩོམ་ཡིག་ཐུང་ལ་བགོད་བྲོའི་སྐད་ཆད་སྦས་གསང་མེད་པར་བཤད་པ་ཡིས་མི་རྣམས་དོ་སྣང་ཆེན་པོ་ཀློག་བཞིན་ཡོད་འདུག བར་སྐབས་ཤིག་ནས་ཁ་བརྡའི་དྲ་འབུ་ཚོས་ཁོང་གི་རྩོམ་དང་ཁོང་ལ་གཞི་མེད་སྐུར་འདེབས་མང་ཙམ་བྱུང་བ་ཡིས། ཀླུ་སྨྱོན་གྱི་རྩོམ་རིག་ཀྱང་རྒས་སུ་བཅུག་སོང། མི་ཡི་སེམས་ཁམས་ལ་གནོད་ཚིག་ཇི་ལྟར་བྱུངབ་ཡིས་མི་རྣམས་རྒས་སུ་འཇུག་གི་ཡོད།
    ཀླུ་སྨྱོན་ནི་ཆོས་ལུགས་ཀྱི་ཆགས་སྡང་མེད་ཅིང། མངོན་དང་ལྐོག་གྱུར་གྱི་ཚུལ་ཆོས་ཀྱི་དྲི་མས་མ་བགོས་པའི་མི་བུ་དྲང་པོ་ཆུ་ཤིང་ལྟ་བུ་ཞིག་ཏུ་མཐོང་བཞིན་ཡོད། འོན་ཀྱང་མུ་བུ་དེ་ཡི་རིགས་ལ་བོད་པའི་སྤྱི་ཚོགས་སུ་བརྩིགས་མཐོང་ཆེན་པོ་བཞག་སྲོལ་མེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སུ་མངོན་ལྐོག་གི་ལས་བྱེད་མཁན་རིགས་རྣམས་རླུང་རྟ་དར་བཞིན་ཡོད།

  8. ཕུར་པ་སྐྱབས། says:
    2013-11-28 at 5:10 am

    ཀླུ་སྨྱོན་གྱི་མྱི་གཤིས་དང་རྩོམ་གཤིས་གཉིས་གཅིག་ངོ་གཅིག་གི་མི་ཤེས་པའི་ཚད་དུ་འདུག འདི་ངས་ཀླུ་སྨྱོན་གྱི་རྩོམ་ཡིག་མང་པོ་བཀླགས་པ་དང་ཀླུ་སྨྱོན་ལ་ཐད་ཀར་གླེང་མོལ་བྱས་པའི་སྡོམ་ཚིག་ཡིན།

  9. ཁང་ཟླ་སྲས། says:
    2013-11-28 at 5:31 am

    ཀླུ་སྨྱོན་རྒས་ནའང་། བརྩེ་དུང་རྒས་མེད་ཟེར། དེ་བས་ཀྱང་ཉམ་ཐག་པའི་སེམས་ཅན་ཚོར་བཅངས་པའི་སྙིང་རྗེ་གཏན་ནས་རྒས་མེད་ཟེར། འདི་ནི་ཁོ་བོའི་ཡིད་ཆེས་བྱ་ནུས་པའི་ཡུལ་ཁོའོ། །

  10. གནམ says:
    2013-11-28 at 7:56 am

    ཡག་མ་ཟིག་གིས་འཛུམ་ཞིག་བསྟན་ན། ཨ་ཁུ་རྩ་སྨྱོན་ལྡིང་ངས་ཡོང་སྲིད།
    གཉའ་མ་ཟིག་གིས་ཆུ་བཙུམ་བརྒྱབས་ན། ཨ་ཁུ་སྲེད་རྒན་དགའ་འས་ཡོང་སྲིད།
    ཁ་བརྡ་ཚང་ན་སྟུ་དྲི་མེད་དུས། ཨ་ཁུ་ཚང་ལ་མཇལ་ཁ་མེད་ཀི།
    ཧ་ཧ་ཧ།

  11. དགེ་འདུན་རྒྱ་མཚོ། says:
    2013-11-28 at 9:40 am

    ཀླུ་སྨྱོན་རྒས་ན་ཡང་རྩོམ་ཡིག་རྒས་མི་སྲིད།
    ཀླུ་སྨྱོན་རྒས་བ་དང་རྩོམ་ཡིག་རྒས་པར་བཤད་པ་ནི་སྲིད་དོན་པའི་གཡོ་གཏམ་རེད།

     

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme