Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་མཁར་བྱམས་བློ་མ་ཕམ།

Posted on 2015-09-242015-09-24 By ཁ་བརྡ 32 Comments on ཀླུ་མཁར་བྱམས་བློ་མ་ཕམ།

དགའ་ཉག་པ།

 
[1] ཆོས་སྡེ་ཆེན་མོ་འབྲས་སྤུངས་ཆོས་སྒར་ནང་གཏམ་བཤད་སྤེལ་ཚར་བ་རེད་ལ་སེ་ར་ལ་ཡང་སྤེལ་ཐུབ་པའི་རེ་བ་ཡོད། ང་ཚོ་གདན་ས་དགའ་ལྡན་ནང་གཏམ་བཤད་ཀྱི་གོ་སྐབས་མ་སྤྲད་པ་དེར། ང་དང་ང་འདྲ་བའི་ཉམ་ཆུང་གི་གྲྭ་རྐྱང་མང་པོ་ཞིག་སེམས་པ་མི་བདེ་ཞིང་གླེང་ཚོམ་སོགས་སུ་དབང་འཛིན་པ་དང་དབང་འཛིན་པའི་ཐག་གཅོད་ལ་འཁང་ར་དང་ཁོང་ཁྲོ་བྱེད་བཞིན་འདུག་མོད་ནུས་པ་དང་ཐབས་ཇུས་གང་ཡང་མི་འདུག་ལ་ལྡོག་ཕྱོགས་ནས་རྒྱུ་མཚན་སྣ་ཚོགས་བཙལ་དང་འཚོལ་བཞིན་ཡོད། དེར་བརྟེན་ཁྱེད་ཉིད་བློ་མ་ཕམ།

[2] འཇིག་རྟེན་གཏམ་དཔེར། སྐྱེས་ཕོ་རབ་ཀྱི་ཁོག་པ་ལ་མདའ་ཤོང་དང་མདུང་ཤོང་། ཟེར་བ་ལྟར་སེམས་རྒྱ་ཆེ་ཙམ་གནང་དང་། ད་ཐེངས་ཀྱི་བཀག་འགོག་འདིས་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་སོང་མེད་ན་ཉུང་དུ་རྩ་བ་ནས་བཏང་མེད། དེ་ནི་མི་རང་རང་གི་ལྷན་སྐྱེས་ཀྱི་ཚོར་བ་དང་འབྲེལ་བ་ཡོད། ཁྱེད་ཀྱི་རྩ་དོན་དང་ལངས་ཕྱོགས་འཆར་གཞི་དང་རེ་བ་སོགས་དྲྭ་ཐོག་ནས་གསལ་གསལ་ཐིང་ཐིང་དཔོག་ཐུབ་ཀྱི་འདུག་ལ། ཟ་ཁང་ཇ་ཁང་མཐའ་ན་ཆོས་རྭ་སོགས་སུ་ཡང་ཁྱེད་གླེང་མཁན་ཤིན་ཏུ་མང་བས་ཚོགས་དབུས་སུ་བཤད་མ་ཐུབ་པ་དེ་གྱོང་ཞིག་དང་དེ་ཡང་འབྱུང་འགྱུར་འོས་བསྡུ་གྲངས་འབོར་ལ་གནོད་ཀྱི་རེད་བསམ་བསམ་ཞིག་རྩ་བ་ནས་མི་འདུག །དེར་བརྟེན་ཁྱེད་ཉིད་བློ་མ་ཕམ།

[3] དྲྭ་ལམ་ནས་གདན་ས་དགའ་ལྡན་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་མཁན་མང་པོ་འདུག །ཁོང་ཅག་ལ་ཁག་མེད། རབ་བྱུང་ན་དབང་འཛིན་པའི་ཐག་གཅོད་བྱེད་སྟངས་དེ་གཞུང་གི་ལངས་ཕྱོགས་དང་དམངས་གཙོའི་འགྲོ་ཕྱོགས་དང་མཐུན་མིན། གནད་དོན་གང་དང་འབྲེལ་བ་ཡོད། སུ་ཞིག་གི་ཇུས་དང་བཀོད་པ་ཡིན། གང་ཞིག་ནས་མ་འགྲིག་པའི་གནད་དོན་སོགས་ལ་བསམ་གཞིག་གནང་སྟེ་དཔྱད་བརྗོད་སྤེལ་ཐུབ་ན་རིན་ཐང་ཤིན་ཏུ་ཆེ། གཞན་ཚོར་བའི་རྗེས་སུ་འབྲངས་ཏེ་དགེ་འདུན་འདུས་པའི་སྡེ་དང་། ལས་ཀྱི་སྣེ་མོ་དག་ལ་ངན་སྨོད་བྱེད་པ། ཡིག་ནོར་བཙལ་བ་དང་། ཞེད་སྣང་སློང་བ། ངན་ཁག་དཀྲི་བ་སོགས་བྱས་བསྡད་ན་དགེ་མཚན་རྩ་བ་ནས་མེད་པ་གང་ཞིག་ལ་མི་དགོས་ས་ནས་ང་དང་ཁྱོད་ཅེས་པའི་སྐད་ཆ་མང་དུ་འགྲོ་སྲིད།

[4] མ་གཞི་ཚང་མས་མཁྱེན་གསལ་ལྟར་ཀླུ་མཁར་བྱམས་ནི་གོང་ས་མཆོག་ལ་མཚན་སྨོད་དང་སྐྱོན་བརྗོད། ཟུར་ཟ་དང་ངོ་རྒོལ་བྱེད་མཁན་ཞིག་ཡིན་པར་འགོ་སྤྱི་འཐུས་ཚོགས་གཙོ་ནས་བཤད་དང་བཤད་བཞིན་འདུག་ལ། འོག་མདོ་སྨད་རྒྱུན་ལས་ནས་ཀྱང་ཡིག་ཐོག་ཏུ་གསལ་བསྒྲགས་སྤེལ་འདུག །དེ་བཞིན་སེ་ར་བྱ་བྲལ་དུས་དེབ་མེ་ཕྲེང་ནང་དུ་ཡང་བཀོད་འདུག་པས། ཚང་མ་ལ་དོགས་པ་ཡོད་རེད་ལ་རྩོད་པ་ཡང་འདུག །གལ་ཏེ་ཁོ་དེ་འདྲ་ཞིག་ཡིན་ན་དགའ་ལྡན་གྱི་ཐག་གཅོད་དེ་དྲང་པོ་དང་འགྲིག་པ་ཞིག་རེད། དོལ་ཚོགས་ཟུར་དུ་ཐོན་དགོས་པའི་གནད་དོན་གཙོ་བོ་གཅིག་དེ་རེད་བ།

[5] དོན་ལ་མིན་ཡང་དོགས་པ་དང་གླེང་གཞི་མང་བས་གདན་ས་དགའ་ལྡན་གྱི་ལས་བྱེད་པར་ལྡོག་ཕྱོགས་ནས་བཤད་ན་ཁག་མི་འདུག་སྙམ། ལས་སྣེ་ཚོས་ཁོང་གི་གཏམ་བཤད་དེ་དང་ལེན་བྱས་བཞག་ན་མ་འོངས་པར་སྒེར་དང་ཚོགས་པ་བཅས་ལ་དཀའ་ངལ་བྱུང་མི་སྲིད་པ་མ་རེད། དེ་སྔོན་ཡང་དཀའ་ངལ་དང་གནོན་ཤུགས་རབས་དང་རིམ་པ་མང་པོ་བསླེབས་ཚར་བ་རེད། ཆོས་སྡེ་ཆེན་མོ་འབྲས་སྤུངས་ནི་ཅུང་ཟད་འདྲ་གི་མ་རེད་སྙམ། ལེགས་ཉེས་གང་ཞིག་བྱུང་ཡང་རྒྱབ་སྐྱོར་དང་ལམ་སྟོན་བྱེད་མཁན་ཟམ་གདོང་པཎ་ཆེན་ལྟ་བུ་དབང་ཡོད་དང་ནུས་ཡོད་ཅན་ཤིན་ཏུ་མང་པོ་ཡོད་རེད། མ་གཞི་ཐག་གཅོད་འདི་ནད་ཡམས་ཤིག་ཡིན་པའི་དབང་དུ་བཏང་ན་ཐོག་མའི་འབྱུང་ཁུངས་དེ་གདན་ས་དགའ་ལྡན་མ་རེད། ཆོས་སྡེ་ག་གེ་མོ་དང་། མཐོ་སློབ་ཞིག་ལ་སྔོན་ནས་ཁྱབ་ཚར་བ་རེད།

[6] ང་སྒེར་གྱི་ངོས་ནས་ཁོང་གི་འཆར་སྣང་ལ་དགའ་བ་དང་། དམ་བཅའ་ལ་སྤྲོ་བ། འཐབ་རྩོད་ལ་རྒྱབ་སྐྱོར། མི་གཤིས་ལ་སྨོན་པ། སེམས་ཤུགས་ལ་ཡི་རང་། བཤད་རྩལ་ལ་མགུ་བ། ཆོད་སེམས་ལ་ཡིད་ཆེས་སོགས་ཚད་མེད་ཡོད་ལ། གླེང་གཞི་དང་རྩོད་གཞི་གང་ཞིག་བྱུང་ཡང་ཁོང་གི་རྒྱབ་སྐྱོར་བ་ཡིན། སོང་ཙ། འདུས་དམངས་སུ་གཏམ་བཤད་སྤེལ་མ་ཐུབ་པ་དེར་མི་བདེ་བ་དང་། མི་དགའ་བ་མང་པོ་འདུག །མཐའ་ན་ང་ཚོ་ཁ་ཤས་རང་ངོས་ནས་སོང་སྟེ་ཁོང་དང་མཉམ་དུ་གླེང་མོ་ཞིག་བྱེད་འདོད་བྱུང་རུང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་རྭ་བ་ལས་བརྒལ་ཐུབ་མ་སོང་། དུས་ད་ལྟ་ཡང་སེམས་ནང་དངོས་པོ་རྩ་ཆེན་ཞིག་བོར་སོང་བའི་ཚོར་སྣང་སླེབ་བཞིན་འདུག །

[7] མདོར་དྲིལ་ན། ད་ཐེངས་ཀྱི་གཏམ་བཤད་བཀག་འགོག་འདི་འགྲིག་ཅིང་བྱ་དགའ་ཐོབ་པ་ཞིག་དང་། ནོར་ཞིང་ཆད་པ་ཕོག་པ། དགེ་མེད་སྡིག་མེད་བཏང་སྙོམས་བཅས་གང་ཞིག་ཡིན་ཡང་དབང་འཛིན་པ་ཚོས་ཐག་གཅོད་བྱས་བཞག་པ་ཞིག་ལས། ང་དང་ང་འདྲ་བའི་གདན་ས་དགའ་ལྡན་གྱི་གྲྭ་དམངས། བོད་དོན་ཡིད་ལ་ཡོད་ཅིང་བོད་སེམས་ལུས་ལ་ཐིམ་ཚར་བ་དག་གི་ཐག་གཅོད་མིན་ལ་བསམ་འཆར་ཡང་མིན། དེར་བརྟེན་ཁྱེད་ཉིད་བློ་མ་ཕམ།

གངས་ཅན་ཁ་བའི་ལྷན་སྐྱེས་བདག་དབང་ཆེད།།
སྒོ་གསུམ་འཐབ་རྩོད་ཁྲོད་དུ་ཐིམ་ཚར་བའི།།
རྒྱལ་གཅེས་བཙོན་ཟུར་ཁོང་དང་ཁོང་དག་ལ།།
གུས་བཀུར་རྒྱབ་སྐྱོར་རིགས་པའི་ལམ་ནས་མཛོད།།

ཅེས་གདན་ས་དགའ་ལྡན་ནས་དགའ་ཉག་པས།

གསལ་བཤད།

Post navigation

Previous Post: ཉིན་ཐོ། —–ཧེ་བག་དང་བར་ཁྱད།
Next Post: མཐའ་མ་འཁྱོལ་བའི་མི་ཚེ།

Comments (32) on “ཀླུ་མཁར་བྱམས་བློ་མ་ཕམ།”

  1. ཀརྨ་བློ་གསལ་ says:
    2015-09-24 at 9:47 am

    དགའ་ལྡན་བླ་སྤྱིས་སྲིད་སྐྱོང་འོས་མི་ཉམས་ཆུང་ལ་ཐུབ་ཚོད་བཏང་། དེ་གར་ཡོད་པའི་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་བསྐྱོར་སེར་མོ་བ་རེ་གཉིས་ཤིག་ཡོད་པས་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་པར་མེ་ལ་བསྲེག་གིན་པ་ནི་དབུ་མའི་ལམ་གྱི་རིག་གསར་འཐབ་རྩོད་རེད་ཟེར། སྐབས་འདིར་རྩོམ་འདི་ཡག་ཐག་ཆོད་རེད།

  2. འབྲོང་བུ་སོག་ཚ། says:
    2015-09-24 at 9:53 am

    ནང་ཆོས་ལ་དད་ཞེན་ཡོད་མེད་ཀྱི་སྲིད་སྐྱོང་འོས་མི་ཚོ་གདན་ས་ཁག་ལ་ཕེབས་བཞུགས་ཆོག་མིན་གྱི་དགག་བྱ་གནང་ན། མ་འོངས་པར་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་བོད་དུ་ཁ་ཆེ་དང་། དེ་རྗེས་ཡེ་ཤུས་སོགས་རིམ་པར་བྱུང་བས། དེ་དག་གི་ཆོས་བརྒྱུད་འཛིན་པོ་རྣམས་ཀྱང་ནམ་ཞིག་སྲིད་སྐྱོང་གི་འགྲན་རྩོད་ནང་སླེབ་སྲིད་པས་མུ་མཐུད་དགེ་ལྡན་པའི་ཆོས་སྡེ་ཁག་ནང་གཏམ་བཤད་མི་བཅུག་པར་བཀག་འགོག་བྱེད་རྩིས་ཡོད་ན། ?
    མ་གཞི་ནས་༧གོང་ས་བཅུ་གསུམ་པ་ཆེན་པོས་དམངས་གཙོ་བཅོས་བསྒྱུར་གནང་འགོ་བཙུགས་སྐབས་སེར་འབྲས་དགེ་གསུམ་གྱིས་བླ་རྒན་ཚོའི་ཁོག་པར་རྒྱ་འདྲེ་ཞུགས་ནས་བཀག་པའི་ལོ་རྒྱུས་ཤིག་གོ་རྒྱུ་ཡོད་པ་དེ་དག་བདེན་པ་དག་ཐེར་བྱས་པ་ཞིག་ཀྱང་ཡིན་ཚོད།
    མཐའ་དོན་༧གོང་ས་བཅུ་བཞི་པ་ཆེན་པོས་དམངས་གཙོ་ཡང་དག་པ་ཞིག་བོད་མི་ཚོར་གསོལ་རས་གནང་བ་དེ་དག་འགོག་རྐྱེན་ཞིག་རིམ་བཞིན་ཡོང་གི་འདུག་ན། རྒྱ་ཆེ་བོད་རིགས་ཤེས་ལྡན་པ་ཚོའི་གདོང་ལེན་མཐའ་གཅིག་ཏུ་གནང་གལ་ཆེ་བས་དེ་དོན་དགོངས་ཆུབ་ཞུ།

  3. ཅོ་རི་ཉི་མ། says:
    2015-09-24 at 10:11 am

    ཁ་ཆེ་དྲག་སྤྱོད་པ་ཚོས་ཨ་ལ་ལ་ཁ་བཏང་སོང་ཟེར་ནས་མི་གསོད་ཁྲག་སྦྱར་བྱས་ཀྱི་ཡོད། ཧྥི་རན་སིའི་ནང་གི་ཤ་ལི་རྩོམ་སྒྲིག་པ་ཚོ་བསད་པ་ཡང་ཁ་ཆེའི་ལྷ་དང་བླ་མ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་སོང་ཟེར་ནས་བསད་པ་རེད། ཁ་ཆེའི་བླ་མ་ལ་སྐྱོན་བརྗོད་བྱས་ན་ཁ་ཆེ་ཐལ་སྤྱོད་པ་དག་གིས་གསོད་རྐྱང་བྱེད་བཞིན་ཡོད།

    བཙན་བྱོལ་ནང་དུ་༧གོང་ས་ཏྭ་ལའི་བླ་མ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་ན་བོད་པའི་ཐལ་སྤྱོད་པ་དང་དད་པ་ལོག་སྤྱོད་པ་དག་གིས་སྤྱི་ཚོགས་ནང་དུ་དབྱེ་འབྱེད་དང་། མཐའ་ཕུད་བཏང་གི་ཡོད། བོད་པའི་དད་པ་ལོག་སྤྱོད་པ་དག་གིས་སྲོག་ལ་མ་རྒོལ་ཙམ་ཡིན་མ་གཏོགས་ཁ་ཆེ་ཐལ་སྤྱོད་པ་རྣམས་དང་ཁྱད་པ་མེད།

  4. མེ་ཏོག་བཀྲ says:
    2015-09-24 at 10:22 am

    ཁྱེད་རྣམས་ཀྱིས་རྩོད་རྒྱུའི་རང་བཙན་དེ་བོད་མིའི་ལག་ན་མེད་ཅིང་། ཧི་མ་ལ་ཡའི་རི་བོའི་ཕར་ན་བསྡད་པའི་རྒྱ་དམར་གུང་ཁྲན་པའི་འགྲམ་ན་ཡོད། རྩོད་དགོས་ན་དེར་སོང་སྟེ་རྩོད་རོགས།

    རང་གི་ལག་ན་ཡོད་པའི་ནོར་བུའི་ནོར་ཉམས་མ་ཆོད་པའི་ཅོལ་ཆུང་རང་ཤེད་ཅན་ཐ་ཤལ་བ་རྣམས་ནས་འབྲི་རྩོམ་་་་་་དྭོགས་འཆར་དང་དཔྱད་ཞིབ་་་་་་ཅེས་པ་དེ་ལེགས་པོ་བཀླགས་ཡོད་ན་རང་ཉིད་ཀྱི་རྨོངས་གཏམ་ལ་ལན་འདེབས་དྲང་ཚུགས་ཅན་ཞིག་འབྱུང་རྒྱུས་མཚོན། རང་གི་རྨོངས་གཉིད་ལས་སངས་ཏེ་བདེན་པ་མཐོང་རྒྱུའི་རེ་བ་ཞིག་གདའ། འོན་ཀྱང་རང་ཉིད་ཀྱི་ལས་ངན་གྱི་རྒྱུའམ། རྒྱ་དམར་གྱི་གཡོ་བྱུས་སམ་བོད་མིའི་ལས་ངན་གྱིས་བྱུང་བའི་གདོན་འདྲེའི་དངུལ་དངོས་ཀྱིས་བརླམས་པ་རྣམས་ལ་བཤད་ཀྱང་ཅི་ལ་ཕན། དེ་རྣམས་ལས་རེ་བའང་མེད།

    འོན་ཀྱང། བོད་མི་རྩམ་གཟན་པ་གཞུང་དྲང་བ་ཞིག་ཡིན་ཕྱིན། རང་ཉིད་ཀྱི་ལྟ་བ་ཇི་འདྲ་ཞིག་འཛིན་རུང་། རང་གི་ཕ་མའམ་དེ་ལས་ལྷག་པའི་བཀའ་དྲིན་བྱིན་པའི་༸གོང་ས་མཆོག་ལ་དམའ་འབེབས་སམ་ཟུར་ཟ་བྱས་དང་བྱེད་བཞིན་པ་ནི། མིའི་ཤ་ཚུགས་བཟུང་ཡང་དུད་འགྲོའི་བྱེད་བབ་ལས་སྐྱོ་བ་ཡིན། ཁྱེད་རྣམས་ནས་རང་བཙན་ཁ་ལ་འཁྱེར་ཏེ་རྩོད་པ་རང་ངོར་རྒྱག་པ་ནི། ཤེས་ལྡན་གཟུར་གནས་རྣམས་བློ་སེམས་སྐྱོ་དགོས་པ་ཞིག་དང་། བོད་མི་རྒྱལ་གཅེས་པ་སྐུ་སྲོག་མཆོད་མེར་ཕུལ་བ་རྣམས་ཀྱིས་བློས་བཏང་ལ་བརྩི་མེད་ཀྱིས། དགྲ་ཡི་ལག་ཆར་སོང་བ་ཡིན་པས་བློ་སེམས་ནང་དུ་བཀུག་སྟེ་སོམས།

    དེས་ན། དབུ་མའི་ལམ་བུ་རྣམས་ནས་སོ་སོའི་ནུས་པ་བཏོན་ཏེ་བོད་ཀྱི་བདེན་མཐའ་སེལ་ཐབས་གནང་རྒྱུ་དང་། རང་བཙན་པ་རྣམས་ནས་ཀྱང་འཆར་གཞི་འདི་དང་འདི་ཡིན་པ་དང་། ལས་དོན་བྱེད་ཕྱོགས་འདི་དང་འདི་ཡིན། རྒྱ་དམར་སྡུག་རྩུབ་ཅན་ལ་ཁ་གཏད་འདི་ལྟར་བཅག་སྟེ་རང་བཙན་ལེན་རྒྱུ་ཡིན་ཞེས་འཆར་གཞི་ལྡན་པའི་ཐོག་ནས་རྩོད་དགོས་པ་ལས། དགྲ་ཡི་ལག་ཆར་མ་སོང་བ་གནང་རྒྱུ་གལ་ཆེ། བོད་རྒྱལ་ལོ།།

  5. བསོད་ནམས། says:
    2015-09-24 at 11:07 am

    ད་རེས་དགའ་ལྡན་དགོན་པའི་བྱེད་སྟངས་འདི་ལ་ཧ་ཅང་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བོད་ཀྱི་དམངས་གཙོ་ལ་རྡོག་རོལ་དང་༧ གོང་ས་མཆོག་གི་རིན་ཐང་ལ་ནུས་མེད་གཏོང་བའི་ལས་ཀ་ཞིག་རེད། ལྷག་པར་རྒྱ་དམར་གཞུང་ལ་དགོས་པའི་ལས་ཀ་རེད།ཁྱེད་ཚོ་འགོ་འདྲེན་ཁ་ཤས་ཀྱིས་ལོ་རྒྱུས་ལ་ནག་ཉེས་བཟོས་པ་རང་རེད། ད་ནི་ཁྱེད་ཚོས་རྗེ་བླ་མའི་གདན་ས་ལ་རང་བཙན་བཤད་མཁན་མི་དགོས་པར། རྒྱ་དམར་གྱི་རྒྱལ་གཅེས་ཆོས་གཅེས་ཟེེར་མཁན་ཚོ་ཕེབས་བཅུག་ལོ།

  6. ལྷ་མོ། says:
    2015-09-24 at 11:13 am

    ད་ནི་ལྷོ་ཕྱོགས་གདན་ས་ཁག་གིས་གནའ་སྔ་མོ་སྲིད་ལ་འདྲེ་ལག་བརྐྱངས་ནས་གནས་བབ་འདིར་ལྷུང་བ་བཞིན་ད་དུང་ཡིན་ན་ཡང་ཆོས་ལ་འགལ་བའི་སྲིད་ལ་ཇུས་གཏོགས་གནང་ནས་རྒྱལ་གཅེས་དཔའ་བོ་བོད་རང་བཙན་བཤད་མཁན་ཞིག་བཀག་འགོག་བྱས་པར་ངོ་མ་ཧང་སངས་ཡོད།ད་ནེ་པ་ལེ་དང་ལདྭགས་པ་ཁ་ཤས་ཉར་ནས་སྡོད་དང་མེས་པོ་གོང་མའི་མཛད་རྗེས་སྐྱོང་ས་རེད།

  7. ཁྱུང་སེ། says:
    2015-09-24 at 11:41 am

    རྒྱལ་གཅེས་དཔའ་བོ་ཁྱེད་བློ་མ་ཕམ། ཆོས་ཟབ་ས་ལ་བདུད་ཟབ་ཅེས་པ་དེ་རེད། ད་རིང་གིས་རྐྱེན་ངན་དེ་ཡིས་ཁྱེད་ཀྱི་དབུ་འཕངས་དགུང་ལ་བཏེགས་སོང། ང་ཡི་གྲོགས་པོ་འགའ་ཞིག་སྔོན་མ་ཁྱེད་ཀྱི་སྐོར་ལ་ཤེས་རྟོགས་མེད་ཅིང་ཁྱེད་ལ་སྲིད་སྐྱོང་གི་འོས་འཕེན་རྒྱུར་ཐེ་ཚོམས་བྱེད་ཀྱིན་འདུག དེ་རིང་ང་ཚོས་བགྲོ་གླེང་བྱེད་དུས་ཁོང་ཚོ་མང་པོས་ཁྱེད་ལ་ལྕགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་འདུག རྐྱེན་ངན་གྲོགས་ཤར་བྱུང་སོང་ཁྱེད་བློ་མ་ཕམ། བདུད་ཀྱིས་སངས་རྒྱས་ལ་འགྲན་དོ་བྱས་པ་དེ་ཡིས་སངས་རྒྱས་ལ་གནོད་རྒྱུའི་ཚབ་དུ་སངས་རྒྱས་ཀྱི་ཡོན་ཏན་མངོན་པར་གསལ་བར་བྱས་པ་དང་གཅིག་མཚུངས་རེད་འདུག

  8. རོང་པོ་འཇོ་ན་ནས says:
    2015-09-24 at 11:48 am

    མཆན་ བཞི་པར། ནམ་རྒྱུན་ཁྱེད་ཚོས་རང་བཙན་ཕྱི་ལོག་ལ་རྩོད་དགོས་པ་ལས་ནང་ལོག་རྩོད་དོན་གང་ཟེར་བཞིན་ངར་ངར་བྱེད་རེད། རང་བཙན་ཐོབ་རྩོད་པ་ཀླུ་མཁར་གྱིས་གསལ་གསལ་ཐིང་ཐིང་འདི་ལྟར་རྩོད་ཀྱི་ཡིན་ཟེར་ནས་གསལ་སྒྲགས་གནང་དང་གནང་མུ་རེད། དངོས་ཤུགས་རྒྱུད་གསུམ་ནས་གཏམ་བཤད་ཁག་ལ་ཉོན་དང་གཞི་ནས་ཁྱེད་ཚོས་ཅི་ཞིག་བཤད་ཀྱི་ཡོད་པ་ཚོར་སྲིད།

  9. ལུང་རྟོགས། says:
    2015-09-24 at 12:16 pm

    ཆབ་སྲིད་ལོག་སྤྱོད་པ་དག་གིས་ག་དུས་ཡིན་ཡང་དད་པ་ལོག་སྤྱོད་ཨམ་གཅིག་བཤད་ནས་བོད་མི་མང་གིས་གོང་ས་མཆོག་ལ་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་འདི་མེད་པར་བཟོ་བསམ་པ་ནི་ཉིན་མོའི་རྨི་ལམ་རེད། རྒྱལ་བ་རིན་པོ་ཆེས་དགུང་ལོ་བཅུ་དྲུག་ནས་ད་ལྟ་བརྒྱད་བཅུའི་བར་དུ་བོད་མི་རིགས་ཀྱི་དོན་སྐུ་ལས་སྐྱོན་པ་རེད། དེ་ལ་བོད་མི་མང་གིས་ངོས་འཛིན་གྱིས་ཁོང་ལ་མཐའ་གཅིག་ཏུ་ཡིད་ཆེས་ཞུ་ཡི་ཡོད་པ་རེད་ལ་མ་འོང་པར་ཡང་ཞུ་ངེས་རེད། ཆབ་སྲིད་ལོག་སྤྱོད་པ་ཚོའི་བློ་ལ་མ་བབས་ཀྱང་ཐབས་ཤེས་ཅི་ཡང་ཡོད་མ་རེད། ཁྱོད་ཚོས་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་ཉིན་མ་གཅིག་རྒྱག་མ་མྱོང་བར་མི་ཚེ་བོད་དོན་གྱི་ཆེད་དུ་བཏང་མཁན་ཚོར་སྐུར་འདེབས་བྱས་ན་སྨྱོན་པ་ལས་གཞན་སུ་ཞིག་གིས་ཁྱོད་ཚོའི་སྐད་ཆ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་རེད།

  10. ཇུང་ཏོག་ says:
    2015-09-24 at 12:20 pm

    སྲིད་སྐྱོང་ལ་ལང་མཁན་ཚང་མར་གཏམ་བཤད་བྱ་རྒྱུའི་སྒོ་སྐབས་སྤྲོད་དགོས་པ་རེད་འོན་ཀྱང་དཱོགས་འདྲི་ཚ་བོ་གཏོང་དགོས་པ་རེད་ལ་ལྷག་པར་དུ་བཅའ་ཁྲིམས་ལ་འགན་འཁུར་གྱི་ཡོད་མེད་ཐོག་ལ་འདྲི་བ་ཚ་བོ་གཏོང་དགོས་པ་རེད་སྲིད་སྐྱོང་ལ་ལང་མཁན་ཚོའི་རང་བཙན་དང་དབུ་མ་ཁ་ལ་ཁྱེར་ནས་གཏམ་བཤད་བྱེད་བཞིན་པ་ནི་བཅའ་ཁྲིམས་དང་མཐུན་པའི་སྐད་ཆ་ཞིག་ཨ་ཡིན་བཅའ་ཁྲིམས་ནང་བོད་དོན་བདེན་མཡའ་གསལ་ཐབས་ལས་རང་བཙན་དང་དབུ་མ་གང་ཡང་གསལ་མེད་རང་བཙན་དང་དབུ་ལ་སྐྱབས་བཅོལ་ནས་སྲིད་སྐྱོང་ལ་ལང་གི་ཡོད་ན་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་རང་བཙན་དང་དབུ་མ་གང་རུང་ལ་ཁ་ཕྱོགས་ནས་སྲིད་སྐྱོང་ལ་ལང་རོགས་གནང་དེ་མིན་ལོང་བས་ལོང་འཁྲིད་བྱེད་ཉེན་འདུག་ཐུགས་རྗེ་གཟིགས་།

  11. ཁུ་བྱུག says:
    2015-09-24 at 1:27 pm

    གཞོན་ནུས་བོད་ཀྱི་བདེན་དོན་ཆེད་དང་། ཇོ་ནང་བས་རང་དོན་ཆེད་ཟས་བཅད་བྱས་དང་བྱེད་བཞིན་པ་སོགས་ནི། མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ཅིང་། བསམ་ཕོད་ལ་བཤད་ཐུབ་པ་དང་། ལྷག་ཏུ་སྒྲུབ་ཐུབ་པའི་དན་རྟགས་སུ་མཐོང་ན། འདིར་ངོ་གདོང་བཀབ་ནས་རྩོམ་རྙོག་དང་མཆན་རྙོག་ལག་པ་འཇུ་ས་དང་ཡིད་བརྟོན་མི་རུང་རེ་སྤེལ་ཏེ། བླུན་པོ་ཆུ་སྣ་གར་ཁྲིད་ནམ་ཡང་འགྱུར་མི་སྲིད། རང་བཙན་དགོས་ལུགས་བསྒྲགས་ནོ་ཚོ་དགའ་ལྡན་ལ་དྲྭ་ལམ་ནས་རྒོལ་བ་ནི། ཆུའི་ནང་ལ་རྡོ་འཕངས་པ་ཡིན། དེས་ན་མང་གཙོའི་ཐོབ་ཐང་ལོངས་ཤིག

  12. ཨ་ཁུ་ནོར་བུ་ says:
    2015-09-24 at 1:48 pm

    ལོ་ངོ་བཞི་བཅུའི་སྔོན་ལ་བོད་དུ་རིགས་གནས་གསར་རྗེའི་སྐབས་ཕྱི་ནང་གང་སར་སུ་དང་སྐད་ཆ་བཤད་ནའང་ཡོད་ཚད་མོའོ་ཀྲུ་ཞིའི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཡིན་པ་དང་ མཐའ་ན་བོད་ཀྱི་གཡག་དངལུག་ཀྱང་མོའོ་ཀྲུ་ཞིའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་བཤད་དགོས་ཀྱི་ཡོད་རེད་ ཁྱིམ་ཚང་ནང་དང་ གཉེན་སྒྲིགས་བྱས་པ་ ཚོགས་འདུ་ཚོགས་པ་སོགས་ལ་མོའོ་ཀྲུ་ཞིའི་སྐུ་དཔར་མ་བསྐྱལ་མ་གྲིགས་པ་ གལ་སྲིད་མི་ཞིག་བསམ་བློ་དང་སྐད་ཆ་མོའོ་ཀྲུ་ཞིའི་དགོངས་པ་དང་མ་མཐུན་ན་འཐབ་འཛིང་གཏང་བ་དང་སྐད་ཆ་བཤོད་པའི་རང་དབང་འཕྲོག་པ་ གྲོགས་མེད་ཁྱེར་རྐྱང་དུ་བཞག་ནས་སྤུན་མཆེད་ཀྱི་ཀྱང་འཚོ་བའི་འབྲེལ་བ་ཡང་བྱེད་མ་ནུས་པའི་སྤྱི་ཚོགས་ཞིག་ཡིན་པ་དེ་ དིང་སྐབས་ཡང་ཡང་དྲན་གསོས་ཀྱི་འདུག།

  13. ཨ། says:
    2015-09-24 at 2:25 pm

    དམངས་གཙོ་དང་དྲང་བདེན། འདྲ་མཉམ་དང་རྩི་ཐང་སོགས་ནི། མི་གཞིར་བཅས་པའི་དེང་གི་ཁོར་ཡུག་ཅིག་ཡིན་ཚེ། གལ་ཆེ་མི་རྩི་བ་དང་། ཡང་ན། མ་གྲགས་པ་ཕལ་ཆེར་མེད་ཚོད། དེས་ན། སྔར་རྗེས་སུ་སྐུ་ཞབས་ཀླུ་བྱམས་ལ་ཆོས་སྡེ་ཁག་འགའ་ནས། སྲིད་སྐྱོང་འོས་མིའི་གཏམ་བཤད་ཀྱི་སྐལ་པ་མ་བྱུང་བ་ནི། ངའི་སྐད་ཆ་འདིའི་ཀླད་དུ་དྲངས་པའི་རིན་ཐང་ལྟ་ཚུལ་དེ་ཚོ་དང་འགལ་བ་ཞིག་གཞར་ཡང་མིན་པ་འདྲ་སྟེ། གཤམ་གྱི་བསམ་འཆར་དེ་ཚོར་ལྟོས།

  14. ཨ། says:
    2015-09-24 at 2:28 pm

    ལ་ལ་ན་རེ། ཐེངས་འདིར་གཏམ་བཤད་(ཀླུ་བྱམས་ཀྱི་སྲིད་སྐྱོང་འོས་མིའི་གཏམ་བཤད་)བཀག་པ་ནི། དམངས་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་སྟེ། གྲྭ་མང་བྱིངས་ཀྱི་འཐུས་མི་ཆེ་མཐོའི་འཛིན་སྐྱོང་ལས་བྱེད་ཚང་འཛོམས་སར་གྲོས་ཐག་བཅད་པ་ཞིག་ཡིན་ཙ་ན་ཟེར། ཡང་གཞན་ཞིག་ན་རེ། དེ་ཡང་གྲོས་ཐག་དེ་ལྟར་བཅད་དོན་གྱི་འགག་རྩའང་། ཀླུ་བྱམས་ཀྱི་གཏམ་བཤད་དང་བྲིས་རྩོམ་འགའ་ནས་གོང་ས་མཆོག་ལ་ཟུར་ཟ་དང་བསྙོན་འཛུགས། བོད་མའི་སྒྲིག་འཛུགས་ལངས་ཕྱོགས་ལ་དགོས་མེད་ཀྱི་དམའ་འབེབ་དང་ངོ་རྒོལ་བྱས་པ་མངོན་གསལ་ཐོན་པས་རེད་ཟེར། དེའི་འཕྲོར་ཁ་ཅིག་ན་རེ། དེ་བས་ན། ཀླུ་བྱམས་འགྲོ་མིའི་ཀུན་སྤྱོད་རིན་ཐང་གིས་ཕུང་ཕྱིར། ཁོར་ཐེངས་འདིར་ས་གནས་(བྱེས་ཡུལ)དེ་ཚོ་ནས་གཏམ་བཤད་བཀག་པ་ནི། དྲང་བདེན་དང་འདྲ་མཉམ། རྩི་ཐང་དང་སྒེར་དབང་སོགས། གང་ལའང་འགལ་བ་ཞིག་མིན་ཞེས་ཟེར།

  15. ཨ། says:
    2015-09-24 at 2:31 pm

    རེད། གང་ལྟར། གོང་གི་སྐད་ཆ་དེ་ཚོ་ནི་མི་འགའི་ཁ་བརྡ་ཁྲོད་ནས་རྙེད་བྱུང་ལ། ཡང་། མི་འགའི་ཁ་བརྡ་ལ་ལར་གོང་གི་སྐད་ཆ་ཚོ་ལས་ལྡོག་སྟེ་ཐོན་པའང་མང་ཚད་འདུག མཚམས་གང་ཞིག་ཏུ་བདག་ནི་སྔར་བཞིན་ཐེངས་འདིའི་(གཏམ་འགོག་)ལ་སེམས་མ་བདེ་ནས་བསྡད་ཡོད།

  16. དོན་ལྡན་གླིང་པ says:
    2015-09-24 at 3:28 pm

    དགའ་ཉག་ལགས། དེ་གྲྭ་པའི་ལས་ཀ་མ་རེད། དེ་ལས་ཆོས་རྣམ་དག་ཅིག་སྒྲུབས། བསྒྲུབ་པ་ཉམས་ལེན་ཚད་ལྡན་ཞིག་བྱོས། མི་དགོས་པའི་སྐྱ་བོའི་འཇིག་རྟེན་ལ་ཇུས་ཏོག་གི་ཕན་གྱི་མ་རེད།

    དེ་བྱེད་འདོད་ན་གྲྭ་ཆས་དེ་ཕུད། མནའ་མ་ཞིག་བླངས། པང་དུ་ཕྲུ་གུ་ཞིག་ཉར། དེ་ནས་སྐྱ་བོའི་འཇིག་རྟེན་ལ་ཇུས་ཏོག་བྱེད་ནའང་འགྲིག

  17. ཐོ་བ says:
    2015-09-24 at 6:29 pm

    གདན་ས་ཆེ་ཁག་འདི་ཚོས་སྔར་བོད་རང་བཙན་རྒྱལ་ཁབ་སྐབས་སུའང་འདི་འདྲ་བའི་ལས་ཀ་ནག་པོ་མང་པོ་བྱས་ནས་བོད་ཤོར་དགོས་པ་བཟོས། དུས་རིང་ལས་ཀ་འདི་འདྲར་གོམས་ཆེ་བས་བག་ཆགས་མཐུག་ཐག་ཆོད་བསྡད་ཡོད་པ་རེད། གང་ལྟར་ང་ཚོའི་ཆོས་དད་གླེན་དད་འདིས་སྲིད་དོན་པ་མགོ་འཕར་འཇུག་དཀའ་ཙམ་གདའ། ཡིན་ནའང་དུས་རབས་གོམ་འགྲོས་ནི་སུས་ཀྱང་བཟློག་མི་ཐུབ་པས་རིང་མིན་དོན་དམ་མང་གཙོ་དང་འདྲ་མཉམ་མངོན་དུ་འགྱུར་གི་རེད།

  18. སད་མི says:
    2015-09-24 at 6:35 pm

    ཨ་ཚོགས་དང་འབྲེལ་བའི་འཐབ་རྩོད་འདི་ནི་སད་མ་སད་ཀྱི་ཁྱུ་ཚོ་གཉིས་རེད་ལ། སྣང་མུན་གཉིས་ཀྱི་བར་ཁྱད་ཅིག

  19. གནམ says:
    2015-09-24 at 8:26 pm

    ཧ་ཧ་ཧ། ཨ་ཅང་ཡག་པོ་རེད། དད་མེད་ལོག་སྤྱོད་པ་ཚོ་ང་ཚོའི་ཆོས་སྡེ་ར་བར་ཡོང་མ་བཅུག་པ་ནི། དགའ་དགོས་བའི་གནད་དོན་རེད། མང་གཙོ་ལ་ངོ་སོ་བསྟོད།
    དད་མེད་ལོག་སྤྱོད་པ་ཚོས། ཆོས་བྱེད་པ་དང་དད་ལྡན་པ་ཚོ་ཚང་མ་རྨོངས་གཉིད་ལས་མ་བསད་པའི་དུད་འགྲོ་འདྲ་ཞིག་ལ་རྩི་མདོག་བྱས་ནས་བསྡད་ཡོད་པ་རེད། སངས་རྒྱས་བསྟན་པ་དར་ས་དང་སྤེལ་ས་ལ་མི་འདི་འདྲ་མཐོང་རྒྱུ་དང་གོ་རྒྱུ་མེད་ན་བཟང་ནི་རེད།
    ཁོ་འདྲ་མས་དུས་རབ་ཉེར་གཅིག་གི་ང་ཚོའི་སྣ་འདྲེན་ཐུབ་ནི་མ་རེད། ཁོ་ལ་དེའི་ཕྱོགས་ན། ཤེས་བྱ་དང་ལག་རྩལ་ཀླད་གོར་རེད།

    ཁ་ལ་རང་བཙན་ཁྱེར་བ་ཙམ་གྱིས་དེ་འདྲ་ཡ་མཚན་པོ་ཞིག་ཡིན་རྒྱུ་མ་རེད། དེ་ལས་ང་རང་ཚོ་སེམས་ན་རང་བཙན་ཡོད་པ་ཚོ་གཟི་བརྗིད་ལྡན་པ་ཡོན་ནི་རེད། སྐབས་དང་བསྐལ་བ་འཚོལ་དགོས་བ་ཤེས་ནི་རེད། ཆབ་སྲིད་དང་ཆོས་ཤེས་མཁན་ང་ཚོ་ཡིན་ནི་རེད། འཇིག་རྟེན་གྱི་མཐའ་རིག་ན། སྐོར་སྐོར་ན་སྐོར་ཁ་ལོན་ནོ་ཤེས་ནི་རེད། འབར་རྡེའུ་དང་ཁུ་ཚུར་དོ་མི་མཉམ་པ་ཤེས་ནི། བོད་ནང་ལ་དྲག་རྡུང་ཐོན་དུས་ནུས་མེད་ཤུགས་མེད་ཡིན་པ་ཤེས་ནི་རེད།

    འབྲས་དང་རྡའལི་བཟས་ནས། མི་སྐྲག་ས་ཞིག་ནས། བོད་ནང་གི་གནས་བབ་དེ་སྐྲག་འཇིགས་ཀྱི་ཕ་ས་ཞིག་ལ་བསྒྱུར་ན་དཔའ་བོ་ཡིན་ནི་མ་རེད། རེ་བ་ཅན་ཡིན་ནི་མ་རེད། གཏོར་བརླག་པ་ཡིན་ནི་རེད། ང་ཚོས་ཤེས་དགོས།

    བཙན་བྱོལ་ནས་གཉིས་གསུམ་ཞིག་སྲེག་ཡོད་རྒྱུ་རེད། བོད་ནང་ན་རྩི་ས་ཚོད་ཞིག་མེད་མོ། དོ་མི་མཉམ་ཆབ་སྲིད་མ་ལས་ན་བཟང་ནི་རེད། རྒྱབ་སྐྱོར་མཐའ་གཅིག་དུ་བྱེད་མ་ཐུབ་པའི་བར་དུ། མྱོང་མཁན་ཚོ་ནི་བོད་ནང་གི་བོད་མི་ཚོ་གཅིག་པོ་ཡིན་པ་ཤེས་བར་བྱོས། རེ་བ་མེད་ས་ནས། རེ་བ་ཡོད་མདོག་གིས་འུར་མ་ཤོད།
    “ཀླུ་བྱམས་བློ་མ་ཕམ།” བློ་ཕམ་པས་མ་ཚད་ངོ་ཚ་རྒྱུ་ཞིག་ཡོད་ན་ཚ་ཚད་ཡིན། ཚུར་གྱི་དྲིན་ཆེན་ཁོས་མི་ཚོར། ཕར་གྱི་སྟོབས་ནུས་ཁོས་མི་རིག། དེས་མ་ཚད། རྒྱལ་ཁབ་གཅིག་གིས་ཀྱང་འགྲོན་འབོད་མེད་པ་ཤེས་མི་འདུག། ལོ་བཞི་ལ་རྡ་ས་གཅིག་པོ་མ་གཏོགས་ཁྱོད་ལ་གཏོར་རྒྱུ་མེད་པ་ཡང་ཤེས་མི་འདུག། ད་དུང་ཁོས་ཅིག་གླིང་བརྒྱད་པོ་སྒུལ་མདོག་འདྲ་ཞིག་བཤད་ན། ང་ནི་སྐྱོ་རྒྱུ་ཡོང་གི། ངུ་རྒྱུ་ཡོང་གི། སྡུག་རྒྱུ་ཡོང་གི།

  20. ཀརྨ་བློ་གསལ་ says:
    2015-09-24 at 9:33 pm

    སྐུ་ངོ་སྤེན་པ་ཚེ་རིང་གི་རྒྱབ་བསྐྱོར་བ་ཚོ་འདི་འདྲ་གནམ་ལྟ་བུ་ཚིག་རྩུབ་མ་གཏོགས་གནས་ལུགས་ཏིལ་འབྲུ་ཙམ་ཡང་བཤད་མི་ཤེས་མཁན་བསམ་ནག་རྐྱང་རྐྱང་རེད། གོང་ས་མཆོག་གིས་སེམས་པ་བཟང་པོ་བྱེད་དགོས་ཟེར་ཡ་གཡུགས་ནས་སྲིད་སྐྱོང་འོས་མིའི་པར་རིས་མེར་བསྲེག་བྱེད་སྟངས་ལ་ལྟོས་དང་། ནང་གཏོར་མཁས་འདི་བཀྲ་མི་ཤིས་པ་ཞིག་མ་རེད་པས།

  21. ཁྱུང་སེ། says:
    2015-09-24 at 9:47 pm

    ཨ་ཁ་ཆོས་བྱེད་མཁན་དེ་ཚོས་ཆོས་མི་བྱེད་པར་ཆབ་སྲིད་ཀྱི་གར་སྟེགས་སུ་འཁྲབ་པ་འདི་སྐྱུག་བྲོ་བོ་ཞིག་རེད་འདུག ཉིན་ཞིག་བོད་པའི་ནང་བསྟན་གྱི་འཇིག་བསྐུལ་ལམ་ནང་བསྟན་ལྷ་དམག་ཅེས་པ་ཞིག་ཡོང་ས་རེད། ཀླུ་མཁར་བློ་མ་ཕམ། ཁྱོད་ལ་སྟེང་གནམ་གྱི་ལྷ་ནས་མགོན་སྐྱབས་མེད་ཀྱང། བར་ས་གཞི་ནས་མི་ཡི་རྒྱབ་སྐྱོར་ཡོད་པས་བློ་མ་ཕམ།

  22. སྤོབས་པ་མཐའ་ཡས། says:
    2015-09-24 at 10:15 pm

    བོད་ཀྱི་ཕ་མེས་ཀྱི་ཆོས་ལུགས་པ་ཚོ་དམར་མཆོད་བྱེད་མཁན་ཡིན་སྟབས་སྤྱོད་པའི་སྟེང་ན་རྩུབ་ཞད་ཅིག་ཡོད་རེད་ད། ཁྱུང་སེ་ལགས།

  23. ཁྱུང་སེ། says:
    2015-09-24 at 10:36 pm

    སྤོབས་མཐའ་ཁྱེད་ལ་སྤོབས་པ་ཆེན་པོ་ཡོད། ཕ་མགོ་བརྡུང་ཨེ་ཐུབ་བྱོས། ཕ་ཙན་དན་སྡོང་པོ་ལ། བུ་ཆུ་ཤིང་རུལ་པ། ཞེས་བོད་ཀྱི་གནའ་གཏམ་ལ་གྲགས་ཡོད།

  24. ལུང་རྟོགས། says:
    2015-09-25 at 1:27 am

    བོད་ཀྱི་ནང་བསྟན་ནི་འཚེ་བ་མེད་པའི་ཆོས་ལུགས་ཤིག་ཡིན་པས་འཇིགས་སྐུལ་བའི་དོག་པ་མི་དགོས། འོན་ཀྱང་ཆོས་མེད་ལོག་སྤྱོད་པ་དང་། དམར་མཆོད་ཆོས་སུ་རྩི་མཁན་དེ་ཚོས་དམག་རྒྱག་རྒྱུའི་ཉེན་ཁ་ཡོད།

  25. ཅོ་རི་ཉི་མ། says:
    2015-09-25 at 3:41 am

    བླུན་སྤོབས། ཁྱོད་ཀྱིས་དུས་རྒྱུན་དུ་བོད་སྡེ་བ་གཞུང་དང་དགེ་ལུགས་གཉིས་ཀྱི་འོག་ཏུ་ཆོས་རྒྱུད་གཞན་ཚོ་ལ་ཉི་མ་རྒྱ་ལམ་དབང་མྱངས་མེད་ཟེར་ནས་བཤད་ཀྱི་ཡོད་པྭ། དགེ་ལུགས་པས་སྤྱོད་པ་འདི་འདྲ་རེད་ད། བོད་མ་ཤོར་བའི་གོང་དུ་བོད་ལ་ཨེན་ཇུས་སློབ་གྲྭ་བཙུགས་མ་བཅུག་མཁན་ཡང་གདན་ས་ཁག་རེད།

    དེང་སང་གདན་ས་ཁག་ཏུ་བོད་རང་བཙན་འཐབ་རྩོད་པ་ལ་གཏམ་བཤད་རང་དབང་མི་འདུག་ག གནས་ཚུལ་འདིར་མཐོང་དུས་ཁྱོད་ཀྱི་སྔོན་མར་བཤད་བསྡད་པ་དག་དངོས་གནས་ཡིན་ས་རེད་བ་བསམས་བསམས་འདྲ་ཞིག་དྲན་འོང་གི་འདུག ་ཧ་ཧ

  26. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-09-25 at 6:40 am

    འདས་པའི་ལོ་རྒྱུས་ནང་དགེ་ལུགས་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་བླངས་ནས་དགེ་ལྡན་རིང་ལུགས་འདི་ཉི་འོད་ལྟར་བོད་ས་གང་སར་ཁྱབ་བརྡལ་ཏུ་ཕྱིན། ད་ལྟའི་གཉན་འཕྲང་ཅན་གྱི་བཙན་བྱོལ་བོད་ཀྱི་ཆབ་སྲིད་ལ་དགེ་དགོན་འགས་ཆབ་སྲིད་པ་རེ་ཟུང་ལ་གཏམ་བཤད་ཀྱི་སྡིངས་ཆ་མི་སྤྲད་པའམ། བཀག་འགོག་བྱེད་པ་སོགས། ཆབ་སྲིད་དང་སྤྱི་ཚོགས་ལམ་ལུགས་ཀྱི་གནས་ལ་ཧ་ཅང་བླུན་ཞིང་རྨོངས་པའི་དབང་དང་། འགན་མི་ཁུར་བས། དོན་མེད་བོད་ཀྱི་ཆབ་སྲིད་ལ་རྡོག་རྫིས་གཏོང་བཞིན་པ་འདི་དགེ་བསྟན་ཉམས་པའི་སྔ་ལྟས་ཡིན་ཐག་ཆོད། ཨ་ཚོགས་ཀླུ་མཁར་བྱམས་ལགས། བློ་མ་ཕམ།

  27. བཀྲ་ཤིས། says:
    2015-09-25 at 6:55 am

    དད་པ་ལོག་སྤྱོད་པ་དང། ཆོས་མེད་ལོག་སྤྱོད་པ་གཉིས་ཀར་སྤྱི་ཚོགས་ལ་གནོད་སྐྱོན་ཆེན་པོ་རེད། ལོག་སྤྱོད་གཉིས་ཀྱི་མཐའ་གང་དུ་ཡང་མ་ལྷུང་བ་དེ་ཀླུ་མཁར་བྱམས་ཡིན་དུས་ངས་ནི་ཁོང་ལ་རྒྱབ་སྐྱོར་ཞུ་གིས་ཡིན།་

  28. ཁྱུང་སེ། says:
    2015-09-25 at 7:00 am

    ཆོས་ཁ་ལ་འཁྱེར་ནས་ཆོས་དམག་བརྒྱབ་པ་བོད་ཀྱི་ལོ་རྒྱུས་ནང་ཉུང་མེད།

  29. འབྲོང་བུ་སོག་ཚ། says:
    2015-09-25 at 9:46 am

    ཁུངས་མེད་ཀྱི་དྲྭ་འབུ་ཁག་གཅིག་གིས། ༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུ་མཁན་ཞེས་འགན་མི་ཁུར་བའི་གཏམ་འཆལ་ཞིག་སྤེལ་བཞིག་འདུག་པར། དེ་ལྟར་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེས་དམངས་གཙོ་ཡང་དག་པ་ཞིག་གནང་ནས་ཁྱེད་རང་ཚོའི་ནུས་པ་གང་ཡོད་བཏོན་ཅིག་གསུངས་པ་དེ་དང་མི་འགལ་ལམ།

  30. ལུང་རྟོགས། says:
    2015-09-25 at 1:13 pm

    དམངས་གཙོ་ཞེས་པ་དེ་གང་དྲན་དྲན་བཤད་ཆོག་པ་ཞིག་མ་རེད། དམངས་གཙོ་ལ་ཐོབ་ཐང་ལས་འགན་ཁུར་གལ་ཆེ་བ་རེད། དམངས་གཙོ་ཡིན་ཞེས་གང་འདོད་བཤད་སྡད་ན་དེ་ནི་དམངས་གཙོ་ལོང་སྤྱོད་ཤེས་ཀྱི་མེད་པའི་རྟགས་རེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་ཡིན་པ་དང་། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་གནང་བ་དང་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་གཉིས་ལོགས་སྤྱོད་ཀྱི་རང་བཞིན་གཅིག་པ་ཡིན་རབས་བཤད་འདུག སྐད་ཆ་འདི་འདྲ་ནི་བོད་མི་ཚད་ལྡན་ཞིག་ཕར་ཞོགས་རྒྱ་མི་རྣམ་དཔྱོད་ཅན་ཞིག་གི་རྣ་ལ་ཡང་འགྲོ་མི་སྲིད། རྒྱལ་བ་རིན་པོ་ཆེས་དེ་སྔ་ཡན་ཆད་མི་ལོ་ལྔ་བཅུ་དྲུག་བཅུའི་རིང་སྐུ་ལས་སྐྱོན་པ་དེ་རང་དབང་གི་ཆེད་དུ་རེད་དམ་རྒྱལ་ཁབ་བཙོང་བའི་ཆེད་དུ་རེད།

  31. བཀྲ་ཤིས། says:
    2015-09-25 at 4:17 pm

    བོད་དུ་འཇམ་དབྱངས་རྣམས་གསུམ་གྲགས་པའི་ནང་གསེས་ས་སྐྱའི་མཁས་པ་གོ་རམས་པས་དགེ་ལྡན་པའི་མཁས་པ་རྗེ་ཙོང་ཁ་པ་ལ་རིགས་པའི་ཐལ་བ་བརྒྱ་འཕེན་པ་དེ་ཡང་ཚད་མ་རིགས་པའི་ལྟ་གྲུབ་གྱི་ཆ་ནས་ཡོང་གི་ཡོད་པ་ལས་སྐྱེ་བོ་ཐ་མལ་པའི་ཆགས་སྡང་གི་རྩོད་རྙོག་དེ་འདྲ་མིན་པ་ནི་བཤད་ཅི་དགོས། དེ་བཞིན་ཀླུ་མཁར་བྱམས་ཀྱིས་རང་བཙན་ལྟ་གྲུབ་གྱི་ཆ་ནས་དབུ་མའི་ལྟ་གྲུབ་ལ་ཆབ་སྲིད་རིགས་པའི་ཐལ་ངག་རྒྱལ་བཙོང་བ་ཞེས་ འཕེན་པ་དེ་ཡང་ཆབ་སྲིད་ལྟ་གྲུབ་དང་མི་མཐུན་པ་གང་ཡང་མིན། ཐད་ཀར་བཤད་ན་དབུ་མའི་ལམ་ལ་བཞུགས་རྒྱུ་དེ་རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་འདུག། དོལ་རྒྱལ་གྱི་རྙོག་ཁྲ་དེ་ཡང་བསེལ་ན་དགའ་ཡོང། ལྷག་ན་དགའ་ཡོང། བསེལ་ཐུབ་གིས་རེད།
    བསེལ་འདོད་ཡོད་ཟེར་མཁན་ཀླུ་མཁར་བྱམས་རེད། སྐད་ཆ་བཤད་རྒྱུ་ལྷག་མེད་འགྲིགས་ཐབས་མེད་ཟེར་མཁན་བཙན་བྱོལ་སྒྲིགས་བཙུགས་རེད། ནང་འཁྲུགས་ཤོར་ན་ཁེ་ཕན་ག་རེ་ཡོད་མེད་མི་ཅིག་ཡིན་ན་ཤེས་ཚོད་ཡིན།

  32. ༼ནས་རྩམ་དཀར་མོ།༽ says:
    2015-09-27 at 3:10 am

    ༼བསམ་ཚུལ༽ སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་བྱམས་ལ་གཏམ་བཤད་ཀྱི་གོ་སྐབས་མ་གནང་བ་དེས་་་་རྒྱ་ནག་གཞུང་འཛིན་པས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དེ་མང་གཙོ་ཡང་དག་པ་མ་རེད་ཟེར་བ་དང་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་ལ་རང་བཙན་འདྲེས་འདུག་ཟེར་བའི་སྨྱོ་ལབ་དང་ཧམ་བཤད་དེར་དོན་གྱི་ལན་འདེབས་གཉིས་མེད་པ་ཆགས་སོང་་་་

    དང་པོ་་་་་ཀླུ་བྱམས་རང་བཙན་གཙང་མ་ཐབས་རྩོད་བྱེད་མཁན་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ཆོག་པ་ཙམ་དུ་མ་ཟད་བོད་མི་གནས་ཡུལ་གྱི་ས་ཕྱོགས་གང་སར་རང་ཉིད་ཀྱི་ལངས་ཕྱོགས་དང་ཆ་གཞི་གསལ་བཤད་གནང་རྒྱུའི་གོ་སྐབས་ཤིག་ཕུལ་ཡོད་ན་དེས་༧གོང་ས་མཆོག་ནས་མང་གཙོ་ཡང་དག་པ་ཞིག་གསོལ་རས་གནང་བ་ལྟར་བཙན་བྱོལ་གཞུང་མང་གཉིས་ཀས་ཁ་ཞེ་གཉིས་མེད་ཀྱི་མང་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་ཀྱི་ཡོད་པའི་ལན་འདེབས་སུ་སོང་བ་དེ་ཡིན་་་་

    གཉིས་པ་་་སྲིད་སྐྱོང་གི་འོས་དངོས་གཞི་འཕེན་རྗེས་རང་བཙན་ཐབས་རྩོད་པ་དང་གཉིས་ཕན་དབུ་མའི་ལམ་ཐབས་རྩོད་པ་གཉིས་ནས་དབུ་མའི་ལམ་ཐབས་རྩོད་པར་འོས་ཐོབ་རྒྱུ་ཡིན་པ་གཏན་ཁེལ་ཡིན་པས་དེས་མང་གཙོའི་གཞུང་གི་ལངས་ཕྱོགས་ལ་རང་བཙན་འདྲེས་མེད་པའི་ལན་འདེབས་ཁ་ནས་བརྒྱ་ཕྲག་བརྗོད་པ་ལས་དོན་གོ་ཆོད་པའི་ལན་འདེབས་སུ་སོང་བ་ཡིན་་་འོན་ཀྱང་མང་གཙོའི་གོ་དོན་མ་རྙེད་པའི་ཚོགས་སྡེ་འགའ་ཞིག་གིས་གོང་ཞུས་གནད་དོན་དེ་དག་དང་མ་འོངས་པའི་ལོ་རྒྱུས་ལ་བསམ་ཤེས་མ་ཐུབ་པར་༧གོང་ས་མཆོག་ཁ་ལ་འཁྱེར་ནས་དོན་དངོས་བསྒྲུབ་བྱ་ཅི་ཞིག་བསྒྲུབ་ཀྱི་ཡོད་པ་སྡེ་ཁག་སོ་སོའི་དམངས་ཀྱི་ཧ་མ་གོ་བའི་ཐོགས་ཀླུ་བྱམས་ཀྱི་གཏམ་བཤད་བཀག་འགོག་བྱས་ཡོད་་་་
    ཀླུ་བྱམས་ཀྱིས་༧གོང་ས་མཆོག་ལ་མཚན་དམས་ཞུས་པ་དེར་ང་ཚོ་ཚང་མས་ནག་ཉེས་ཚབ་ཆེན་ཡིན་པ་ངོས་འཛིན་ཡོད་ཀྱང་སྲིད་སྐྱོང་གི་འོས་མིར་ལངས་ཆོག་པའི་ཆ་ནས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་ཁྲིམས་དང་མི་འགལ་བའི་གཏམ་བཤད་བྱེད་རྒྱུའི་འོས་བབ་ཡོད་པར་ངོས་འཛིན་བྱས་པ་རེད་བསམབཞིན་ཡོད་་་སེམས་ཚབ་འོང་བ་ཞིག་ལ་ས་ཡ་དྲུག་གི་ཆེད་དུ་རང་སྲོག་བློས་བཏང་མཁན་དང་འགན་གཙང་མ་ཁུར་མཁན་ཞིག་ལ་བཙན་བྱོལ་ནང་ནས་བལྟ་སྟངས་འདི་འདྲ་གནང་ན་བོད་ནང་གི་ཆབ་སྲིད་བཙོན་པ་སོགས་དཔའ་བོ་དཔའ་མོ་ཚོར་བག་ཆགས་གང་འདྲ་འདྲ་ཞིག་བཞག་ཨེ་ཡོང་བསམ་པ་དང་ད་ནི་རེ་བ་བཅོལ་ས་མི་འདུག་སྙམ་པའི་ཐུགས་ཕམ་ག་ཚོད་ཙམ་བྱུང་མིན་ནམ་སྙམ་པའི་བློ་ཚབ་དེ་བྱུང་ནས་ཡི་གེ་འདི་བྲིས་པ་ཡིན་གལ་སྲིད་ཀློག་པ་པོ་ཕོག་ཐུགས་འདྲ་བྱུང་ན་བཟོད་གསོལ་ཞུ།། 2015/9/27སྔ་དྲོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme