Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད། ༼རྩོམ་ཡིག་ཆ་ཚང་བཀོད་ཡོད༽

Posted on 2012-02-05 By དབང་ཕྱུག་ 15 Comments on ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད། ༼རྩོམ་ཡིག་ཆ་ཚང་བཀོད་ཡོད༽

སྐུ་ཞབས་ཀྲུའུ་ཝེ་ཆོན་ལགས་ཀྱི་སྐད་ཆ་འདི་རིགས་སྒེར་ངོས་ཀྱི་སེམས་གཏམ་ངོ་མ་ཞིག་ཡིན་མིན་བཤད་དཀའ་ན་ཡང། རྒྱ་ནག་གཞུང་གི་རྒྱུག་ཁྱི་ཡག་པོའི་ཁྱི་སྐད་ངོ་མ་དེ་ཡིན་པར་ཐག་བཅད་ཆོག
ཁོ་པས“ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད”ཟེར་བ་འདི་ཁོ་ནས་ཀྱང་ཁོས་མངོན་སུམ་ལ་བསྙོན་གྱིན་མེད་ན་ཡང་ལོག་ལྟ་བ་ཞིག་ཡིན་པ་ཚང་མས་ཤེས་ཐུབ། ཏཱ་ལའི་བླ་མ་འཚེ་མེད་ཞི་བའི་དེད་དཔོན་དང་ཞི་བདེའི་དབུ་ཁྲིད་དོན་དམ་པ་ཞིག་ ཡིན་ཚུལ་ཁོང་གིས་༡༩༥༠(ཟླ་༡༡ཚེས༡༠)་ལོར་བོད་གཞུང་གི་ཆབ་སྲིད་དབང་ཆ་ཡོངས་སུ་བཞེས་པ་ནས་ད་ལྟའི་བར་དུ་དགྲ་ལ་གྲོགས་ཀྱི་འདུ་ཤེས་བཟུང་ནས་བོད་རྒྱའི་ཞི་བདེའི་ཆེད་ཙམ་མ་ཟད་འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན་ཅི་ཙམ་ཞིག་བསྐྱངས་ཡོད་པ་འཛམ་གླིང་ཡོངས་གྲགས་ཡིན་པས་ངས་འདིར་ཞིབ་བརྗོད་མི་དགོས་ཀྱང། དེའི་དཔེ་མཚོན་གཙོ་བོ་ཞིག་ནི་བོད་རྒྱ་ཞི་མོལ་གྱི་དབུ་མའི་ལམ་ཆེན་གསར་གཏོད་ གནང་ནས་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱིས་བོད་དོན་ལས་འགུལ་གང་སྤེལ་ཚང་མ་འཚེ་མེད་ཞི་ལམ་ཁོ་ནར་སྐྱོད་དགོས་པའི་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་བ་མ་ཟད་གལ་ཏེ་དྲག་པོའི་འཐབ་རྩོད་ཀྱི་ལམ་དུ་ཞུགས་ན་ཁོང་གིས་བོད་ཀྱི་དབུ་ཁྲིད་གནང་མི་ཐུབ་ཚུལ་ཡང་ཡང་དང་བསྐྱར་དུ་གསུངས་ཤིང་ཐ་ན་༢༠༠༨ལོའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་རྒྱ་ནག་ཏུ་འཚོག་རྒྱུར་ཡང་རྒྱབ་སྐྱོར་གནང་ཡོད།

༡༽ “རྒྱ་རིགས་དང་བོད་རིགས་བར་ལ་ཡང་བསྐྱར་འགལ་བ་བྱུང་ཞིང་།ངོ་རྒོལ་བྱེད་སྒོའི་ནང་མི་འགའ་ཤས་ཀྱི་སྲོག་ཤོར་ཡོད་པ་འདྲ།”ཟེར།
རྒྱ་ གཞུང་གིས་ཐོག་མར་བོད་ལ་བཙན་འཛུལ་བྱས་པ་ནས་རྒྱ་བོད་བར་ལ་འགལ་བ་ཚབས་ཆེན་བཟོས་ ཟིན་པ་མ་ཟད་དེའི་རྗེས་ཀྱི་རིག་གནས་གསར་བརྗེ་སོགས་སུ་ཡང་འགྲོ་བ་མིའི་ཐོབ་ཐང་ དང་མི་རིགས་རང་སྐྱོང་གི་གནད་དོན་གང་ཐད་ནས་ཞི་དྲག་གཉིས་ཀྱིས་གཉའ་གནོན་རྒྱུན་ མར་བྱས་པས་༢༠༠༨ལོར་བོད་ས་ཡོངས་ནས་ཞི་རྒོལ་གྱི་མེ་ལྕེ་མཆེད་པ་རེད། ད་ལྟ་དམག་དཔུང་གིས་བོད་བསྐོར་ནས་སྡོད་དགོས་པ་ཞིག་ཆགས་པ་འདི་བོད་རྒྱའི་འགལ་ བ་ཆེས་ཛ་དྲག་ཏུ་སླེབས་པ་ཞིག་ལས་ཡང་བསྐྱར་འགལ་བ་བཟོས་པ་ཞིག་མིན། འགལ་བ་བཟོ་མཁན་དེ་ཡང་རྒྱ་གཞུང་རང་ཡིན། འགལ་བ་འདི་ཡང་བོད་དང་པེ་ཅིན་སྲིད་གཞུང་བར་གྱི་འགལ་བ་ཡིན་པ་ལས་རྒྱ་རིགས་དང་ བོད་རིགས་གཉིས་ཀྱི་མི་རིགས་བར་གྱི་འགལ་བ་ཞིག་གཏན་ནས་མིན།
༢༽ “ང་ཚོས་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད”ཟེར། གལ་ཏེ་དེ་ལྟར་ངོ་མ་བསམ་གྱིན་ཡོད་ན་དེ་ཡང་རྩ་བ་ནས་ནོར་ཡོད་དེ། དད་མོས་ཟེར་བ་འདི་མི་སྒེར་བ་སོ་སོའི་སེམས་གཏིང་ནས་སུ་ལ་དད་གུས་བྱེད་པ་དེར་དད་མོས་བྱེད་ཆོག་པའི་ཐོབ་ཐང་ཞིག་ལ་གོ་དགོས། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་འཇུག་སྒོ་ནི་སྐྱབས་འགྲོ་ཡིན། དེའི་ཐོག་མ་ནི་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་འདི་ཡིན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་༸རྒྱལ་བ་པཎ་ཆེན་ཟེར་བའི་བོད་མི་དམངས་ཀྱི་ཁ་དཔེ་འདིར་ཁྱེད་རང་ཚོ་ཡང་རྒྱུས་ལོས་ཡོད། དེས་ན་བོད་མི་བརྒྱ་ཆའི་དགུ་བཅུ་ཡན་གྱིས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་གསོལ་འདེབས་བྱེད་སའི་བླ་མ་དེ་སུ་དང་སུ་ཡིན་པ་ལོས་ཤེས། དེ་བས་སོ་སོའི་རྩ་བའི་བླ་མར་དད་མོས་བྱེད་པ་བཀག་པ་འདིས་ཆོས་ལུགས་དད་མོས་ཀྱི་སྒོ་ཆེན་དེ་བཀག་པ་རེད། དཔེ་ཆ་སློབ་གཉེར་སོགས་སྒོ་དངསྒེའུ་ཅི་ཙམ་ཕྱེས་ན་ཡང་རྒྱ་སྒོ་བརྒྱབ་པའི་བཙོན་ ཁང་གི་ཆོས་ར་ཞིག་ལས་ཅི་ཡང་མིན་པ་འདི་པེ་ཅིན་སྲིད་གཞུང་གིས་གསལ་རྟོགས་ཐུབ་མེད་ཀྱང་སྲིད། དེ་བས་དོན་དམ་གྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ན་བོད་མི་ཚོས་ཏཱ་ལའི་བླ་མར་སྐྱབས་སུ་འགྲོ་བ་འདི་གཏན་ནས་འགོག་མི་འོས་ལ་གཏན་ནས་ འགོག་ཐབས་ཀྱང་མེད། གལ་ཏེ་མུ་མཐུད་དུ་བཀག་ན་མུ་མཐུད་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་བཀག་པ་ཡིན་པ་ཤེས་པར་གྱིས།

༣༽ཁོས་བོད་ལྗོངས་སུ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་རྒྱུ་ཡིན་ཚུལ་བཤད་འདུག ང་ཚོས་དེང་སང་བོད་ནང་གི་གཞི་རྩའི་འཚོ་བ་ལ་དཀའ་ངལ་ཆེ་ཚུལ་བཤད་ཀྱིན་མེད། ཅི་ཙམ་བཏང་ཡོད་ཀྱང་བོད་ནི་ད་དུང་དཔལ་འབྱོར་ཐད་ནས་རྗེས་ལུས་ཡིན་པ་ཁྱོད་རང་ཚོས་ཀྱང་ཁས་བླངས་ཡོད། མ་གཞི་ནས་དཔལ་འབྱོར་བསླུ་བྲིད་ཀྱིས་བོད་འཆི་ལམ་དུ་ནམ་ཡང་འདེད་མི་ཐུབ། ད་ལྟ་ང་ཚོའི་མི་རིགས་འདི་ཡང་གཉིད་ལས་སད་ཀྱིན་ཡོད་པས་སྒོར་མོས་བསླུ་མི་ཐུབ། བོད་ཀྱི་གནད་དོན་འདི་དཔལ་འབྱོར་གྱི་གནད་དོན་མིན། འདི་མིའི་ཐོབ་ཐང་དང་མི་རིགས་ཀྱི་བདག་དབང་དང་དོན་དམ་གྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་འཇུག་མིན་གྱི་ཆབ་སྲིད་ཐད་ཀྱི་གནད་དོན་ཡིན། དེ་བས་རྒྱ་གཞུང་ནས་སྒོར་མོ་གྲངས་མེད་བཏང་ན་ཡང་བོད་ཀྱི་ཆོས་ལུགས་དད་མོས་གཙོས་མིའི་རང་དབང་དང་མི་རིགས་རང་སྐྱོང་གི་བདག་དབང་མ་རག་བར་དུ་རྒྱ་གཞུང་དང་གུང་ཁྲན་ཏང་མི་དག་ནི་བོད་ཀྱི་གཉའ་གནོན་པ་ལས་ཞབས་ཞུ་བ་ཞིག་ལ་ནམ་ཡང་བསམ་མི་སྲིད་པ་ཡང་ཤེས་པར་གྱིས།

༤༽“༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་།བོད་ལྗོངས་ཀྱི་མི་འབོར་ཁྲི་༡༠༠ནས་ཁྲི་༣༠༠བར་མང་དུ་ཕྱིན་ཡོད།”ཟེར།
བོད་ ལ་དྲག་པོས་བཙན་འཛུལ་བྱས་པ་ནས་རིག་གསར་སྐབས་དང་དེ་ནས་ད་བར་ལ་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་པེ་ཅིན་སྲིད་གཞུང་གི་ཁ་ནང་དུ་བཅུག་ཚར་ཡོད། ད་དུང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་དམ་དྲག་བྱེད་ཀྱིན་ཡོད། མདོར་ན་དེ་སྔའི་བོད་མིའི་གྲངས་ཚད་ལ་ད་དུང་སླེབས་མེད། གཅིག་བྱས་ན་ད་དུང་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་མོ་ལྟ་བུ་ཞིག་ཡང་བསྐྱར་བོད་ཀྱི་ས་ཁུལ་གང་རུང་དུ་ཡང་འབྱུང་སྲིད་པ་ཞིག་རེད། གང་ལྟར་འགྲོ་བ་མིའི་ཐོབ་ཐང་མི་རག་ས་ཞིག་ཏུ་མི་གྲངས་འཕར་བ་ལས་ཀྱང་འགྲིབ་ན་ མི་ལེགས་སམ། (ཁྱོད་ཀྱིས་མི་གྲངས་ཁྲི་སུམ་བརྒྱ་ལ་འཕར་ཟེར་བ་དེའི་ཁྲོད་དུ་མང་ཤོས་རྒྱ་རིགས་སོགས་མ་ཡིན་ནམ།)

༥༽ཁོས“ཏཱ་ལའི་བླ་མས་མེར་སྲེག་གཏོང་མཁན་དེ་ཚོ་ནི་དཔའ་བོ་ཡིན་ཞིང་། ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་ཞེས་བརྗོད་མྱོང་ཡོད་པས། ཚིག་དེ་ནི་དྲག་སྤྱོད་ཀྱི་བྱེད་ཐབས་བཀོལ་བར་སྐུལ་སློང་བྱེད་པའི་ཚིག་ཅིག་རེད་ཅེས་དང་ཁོས་ད་དུང་ཞི་བའི་ནང་བསྟན་ཆོས་ལུགས་དེ་དྲག་སྤྱོད་ཀྱི་ཆོས་ལུགས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་ཅེས་དང་། ང་ཚོས་བྱེད་བཞིན་པའི་འཐབ་རྩོད་ནི་དྲང་བདེན་ཡིན་པ་མ་ཟད། མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། དེ་ནི་ཆེས་ཤིན་ཏུ་གལ་ཆེན་པོ་དེ་རེད”ཟེར།
རང་ལུས་མེར་བསྲེགས་པ་འདི་དག་གི་ཚེ་སྲོག་དེ་བོད་ཀྱི་ཆོས་སྲིད་ལུགས་གཉིས་དང་རང་གི་མི་རགས་ཀྱི་རང་དབང་གི་ཆེད་དུ་ཡིན་པར་མ་ཟད་བོད་དོན་བདེན་པའི་ཞི་བའི་འཐབ་རྩོད་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡང་ཡིན་པས་ཁོང་རྣམ་པར་དཔའ་བོའི་མཚན་སྙན་སུས་ཀྱང་གནང་མི་དགོས་པར་རང་བཞིན་གྱིས་ཐོབ་པ་ཞིག་རེད། བདེན་དོན་སྐྱོང་བའི་དཔའ་བོར་མྱ་ངན་གུས་འདུད་དང་གདེང་འཇོག་བྱེད་རྒྱུ་འདི་མ་མཐར་ཡང་མི་ཞིག་གི་ཀུན་སྤྱོད་ཅི་ལ་མིན། ཡང་ཁྱོད་ཚོས་བྱེད་བཞིན་པའི་འཐབ་རྩོད་དེ་དྲང་བདེན་ཡིན་པར་རློམ་གྱིན་ཡོད་ན་རྒྱལ་སྤྱིའི་ནང་གི་རང་དབང་གསར་འགོད་པ་དག་མ་ཟད་ཕྱི་གླིང་བའི་སྤྲོ་འཆམ་དག་ཀྱང་བོད་དུ་འགྲོ་བར་བཀག་སྡོམ་བྱེད་དོན་ཅི། རྟག་པར་དོགས་འཇིགས་ཀྱིས་དམག་དཔུང་གིས་དམ་དྲག་བྱས་ནས་སྡོད་དོན་ཅི། ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུར་སྐྲག་དོན་ཅི། མི་དམངས་ཀྱིས་རྒྱབ་སྐྱོར་སུ་ལ་ཐོབ་མིན་དེ་རྩོད་མི་དགོས། བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་འོས་འཕེན་རང་དབང་ཞིག་སྤྲོད་དང་ཉིན་གཅིག་ལ་ཤེས་ཡོང། དེའི་སྤོབས་པ་སྤུ་ཙམ་ཡང་ཡོད་དམ།
༦༽ ཁོས་ད་དུང་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་འདུག་ཚུལ་གྱི་ཁྱི་སྐད་བརྒྱབ་འདུག
་ ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ལ་ཡང་ཁོ་ཚོས་ལོག་བཤད་སྤེལ་ཡོད། དངོས་དོན་ཁས་མ་བླངས་པ་ལ་གསལ་བཤད་ཀྱིས་ཅི་ཡང་མི་ཕན། གལ་ཏེ་བཙན་བྱོལ་གཞུང་གི་བསམ་འཆར་དེ་རང་བཙན་གྱི་ངོ་བོར་འགྲོ་གིན་ཡོད་ན་རྒྱ་ནག་རང་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ནང་ལ་ངོ་བོ་དེ་འདྲ་ཞིག་ཡོད་པ་ཁས་ལེན་དགོས། རྒྱུ་མཚན་ནི་བསམ་འཆར་དེ་རིགས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཞིག་ཡིན་པས་སོ། ད་ལྟ་ང་ཚོས་གཞི་འཛིན་སའི་གཞུང་འབྲེལ་ཡིག་ཆ་བསམ་འཆར་འདི་རང་ཡིན་པས་དེ་སྔའི་གསུང་བཤད་དང་ཡིག་ཆ་རྙིང་པ་རིགས་བསྐྱར་གླེང་ལ་དགོས་པ་ཅི་ཡང་མེད། འདས་པ་འདས་པ་རེད། ད་ལྟ་ད་ལྟ་རེད། གཙོ་བོ་མ་འོངས་པའི་གནད་དོན་རེད།

༧༽ཁོས་“ཏཱ་ལའི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་འུད་སྒྲོག་བྱེད་ཀྱི་ཡོད། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།་ཅེས་དང་། ས་ཁྱོན་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་ལས་བཞི་ཆའི་གཅིག་ཙམ་ཟིན་པའི་ས་ཁོངས་སུ་ རང་སྐྱོང་དེ་འདྲ་ངོས་ལེན་བྱེད་ཐུབ་བམ་”ཞེས་ཧང་སང་འདུག
ཁྱོད་ཅག་གིས་མདོ་དབུས་ཁམས་གསུམ་དེ་བོད་མི་རིགས་ཀྱི་འཚོ་སྡོད་དང་བདག་དབང་ཡོད་པའི་ས་ཁུལ་ལ་ངོས་ལེན་བྱས་ཡོད་ན་གཅིག་གྱུར་གྱི་རང་སྐྱོང་ཞིག་ཆགས་རྒྱུར་ཁས་ལེན་མི་ཐུབ་དོན་ཅི། ད་དུང་མི་རིགས་གཅིག་དང་སྐད་ཡིག་གཅིག ཆོས་ལུགས་གཅིག་སོགས་རིག་གཞུང་གོམས་གཤིས་གཅིག་ཡིན་པའི་ཐོག་ལ་བོད་རིགས་ཁྱིམ་གཅིག་གི་རེ་སྨོན་ཤུགས་དྲག་ཏུ་འགྲོ་བཞིན་ཡོད་པས་འཆམ་མཐུན་དང་མཉམ་འབྲེལ་གྱི་རྨང་གཞི་བརྟན། བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་བྱས་ན་མ་བྱས་ན་དེ་ཀྲུང་གོའི་མངའ་ཁོངས་ལས་ལོགས་སུ་སོང་མེད་པས་ཀྲུང་གོ་ལ་ཡང་ཆེ་ཆུང་འགྲོ་གིན་མེད། དེ་བས་བོད་རིགས་རང་སྐྱོང་གཅིག་འགྱུར་བྱ་རྒྱུ་འདི་བོད་མི་རིགས་དང་རྒྱ་མི་རིགས་ཀྱིས་གཙོས་པའི་ཀྲུང་གོ་ལ་ཁེ་ཕན་ཡོད་པ་ཞིག་རེད། འོན་ཀྱང་ཁྱོད་ཅག་གིས་དོགས་འདྲོགས་དང་བློ་འཚབ་སྐྱེ་གཞི་དེ་ནི་ད་ལྟ་ས་ཁུལ་དུམ་བུར་བཅད་ནས་ཀྱང་མི་རིགས་འདི་ཉམས་རྒུད་ལ་གཏོང་མི་ཐུབ་ན་གཅིག་གྱུར་བཟོས་ན་མི་རིགས་འདི་གོང་ལ་འཆོར་བའམ་ཡང་ན་བོད་རང་བཙན་ལེན་གྱི་རེད་སྙམ་པ་ཅི་ལ་མིན། གལ་ཏེ་དེ་ལྟར་མིན་ན་བསམ་འཆར་འདི་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཆེན་པོ་ཅི་ཡང་མེད།
པེ་ཅིན་སྲིད་གཞུང་གིས་མུ་མཐུད་དེ་བོད་རིགས་དང་ཡུ་གུར་གྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཡག་པོར་ཐག་གཅོད་མ་བྱས་ན་མི་རབས་ལ་ཟད་པ་མེད་པས་འཐབ་རྩོད་ འདི་ཡང་ཟད་པ་མེད་པ་མ་ཟད་འཐབ་རྩོད་ཀྱི་ངོ་བོ་དང་མཇུག་འབྲས་ཅི་འདྲ་ཞིག་ལ་འགྱུར་མིན་ཡང་བཤད་དཀའ་བ་ཞིག་ཡིན་པ་ལོས་ཤེས།

༨༽ཀྲུའུ་ཡིས། བོད་ལ་ཧོང་ཀོང་དང་ཨོ་མོན་ལྟར་གྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྤྲོད་མི་འོས་པའམ་དེའི་ཐོབ་ཐང་མེད་ཚུལ་ལ་བོད་ཀྲུང་གོའི་མངའ་ཁོངས་ནས་ཁ་བྲལ་མྱོང་མེད་ཅེས་ཁྱི་སྐད་བརྒྱབ་འདུག གཅིག་ནི་བོད་རིགས་དང་ཅིག་ཤོས་རྒྱ་རིགས་ཡིན་པས་མི་རིགས་མི་འདྲ་ལ་གཅིག་ནི་གནའ་སྔ་མོ་ནས་རྒྱལ་རབས་ལོ་རྒྱུས་ས་སྟེང་ཀུན་ཁྱབ་ཀྱི་རྒྱལ་ཁབ་ཅིག་དང་ཅིག་ཤོས་དེ་བར་སྐབས་རྒྱ་ནག་ལས་གཞན་གྱིས་བཙན་བཟུང་བྱས་པའི་ས་ཁུལ་ཙམ་ཡིན་པས་བོད་འདི་ཧོང་ ཀོང་དང་ཨོ་མོན་ལ་བསྡུར་ན་གནམ་སའི་ཁྱད་པར་ཡོད།
རང་གི་མངའ་ཁོངས་བསྙོན་མེད་ཡིན་ལ་རང་གི་མི་རིགས་གཅིག་ཡིན་པའི་ས་ཁུལ་འདི་འདྲ་ལ་ལམ་ལུགས་མི་འདྲ་བ་ལག་བསྟར་བྱེད་འོས་ན། ཁྱོད་ཚོས་བཙན་བཟུང་བྱས་ཤིང་ཁྱོད་ཚོའི་བཙན་དབང་འོག་འདུག་འདོད་མེད་པའི་བོད་མི་རིགས་ལ་ལམ་ལུགས་དེ་ཅིའི་ཕྱིར་མི་འོས། མ་མཐར་ཡང་ས་ཁུལ་གཅིག་ཐོག་གནས་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཆེན་པོ་གཅིག་གི་ཐོབ་ཐང་ཡང་མི་སྟེར་ཟེར་བ་འདི་བཙན་པོ་དབང་ཡོད་རང་ལས་ཅི།
བོད་ནི་མ་མཐར་ཡང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ལ་ངོས་འཛིན་བྱས་མེད་ན་དེ་སྔ་ དམར་དམག་རྒྱང་སྐྱོད་སྐབས་ཁམས་ལ“བོད་པ་སྲིད་གཞུང”གསར་འཛུགས་བྱེད་མི་སྲིད་ལ། བོད་ལ་བཙན་འཛུལ་བྱེད་དུས་ཀྱང་ཞིང་ཆེན་གཞན་དག་དང་མི་འདྲ་བར་ཨུ་ཚུགས་ཀྱིས་ཞི་བའི་ཆིངས་ཡིག་བཅུ་བདུན་དེ་འཇོག་དགོས་དོན་མེད་པ་རེད། རྒྱུ་མཚན་འདི་གཉིས་རང་གིས་པེ་ཅིན་སྲིད་གཞུང་གིས་བོད་ལ་རྒྱལ་ཁབ་གཅིག་ལ་ལམ་ ལུགས་གཉིས་ཀྱི་འོས་ཐོབ་རྩོད་མི་དགོས་པར་གནང་དགོས་ངེས་ཤིག་ཆགས་ཡོད་པ་ལོ་རྒྱུས་ཀྱིས་ཁ་གྲག་ཡོད། དེ་བས་བོད་ལ་རང་གི་ལོ་རྒྱུས་རང་བཞིན་གྱི་མི་རིགས་རང་བཙན་གྱི་ཐོབ་ཐང་མཐོ་ཤོས་ཡོད་ན། འབྲིང་བ་ལམ་ལུགས་གཉིས་དང། ཆུང་བ་མི་རིགས་རང་སྐྱོང་ཡང་མི་སྤྲོད་ཟེར་ན་བོད་མི་རིགས་ཀྱི་མི་རབས་མ་ཟད་བར་དུ་འཐབ་རྩོད་འདི་ནམ་ཡང་མཚམས་འཇོག་མི་སྲིད་པ་ཞིག་ཡིན་པ་པེ་ཅིན་སྲིད་གཞུང་གིས་གསལ་བོར་ཤེས་དགོས།

༩༽ཀྲུའུ་ཡིས་“ཧོང་ཀང་ཕྱིར་མེས་རྒྱལ་དུ་ལོག་ཆེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཏོན་པ་ཡིན། གལ་སྲིད་བོད་དུའང་སྲིད་ཇུས་འདི་ལག་བསྟར་བྱེད་དགོས་ན། ཡང་བསྐྱར་བྲན་གཡོག་ལམ་ལུགས་སླར་གསོ་བྱེད་དགོས་པ་དེ་རེད། ལམ་ལུགས་དེར་མི་སུ་ཡིས་ཀྱང་དགའ་བསུ་བྱེད་མི་སྲིད་ལ། བོད་རིགས་སྤུན་ཟླ་དང་ང་ཚོ་སུ་ཡིས་ཀྱང་དེར་དགའ་བསུ་བྱེད་མི་སྲིད”ཟེར།
ཁག་དཀྲི་བྱེད་སྟངས་ལ་ལྟོས་དང། སྐད་ཆ་འདིས་མི་སུ་ཞིག་མགོ་སྐོར་གཏོང་ཐུབ་རྒྱུ་རེད། ད་ལྟའི་བཙན་བྱོལ་གཞུང་གི་སྤྱི་ཚོགས་ལམ་ལུགས་འདི་རྒྱ་ནག་པེ་ཅིན་ལས་ལྡབ་བརྒྱ་ཕྲག་གིས་ཚད་མཐོར་སླེབས་ཡོད་པ་འཛམ་གླིང་གིས་ཤེས་གསལ་ཡིན། ང་ཚོའི་བཅའ་ཁྲིམས་དང་ང་ཚོའི་གཞུང་“བསམ་འཆར”ཡིག་ཆ་བཅས་ཁྱོད་ཚོའི་ལག་ན་ཡོད་པས་དེའི་ནང་གང་ཞིག་ན་ང་ཚོས་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་རྒྱུ་བཀོད་འདུག མི་དཔེ་བ་དང་མི་སྲིད་པའི་རྫུན་འདི་འདྲ་བཤད་ཕོད་པའི་གདོང་འབག་དེ་གུང་ཁྲན་ཏང་ལ་མ་གཏོགས་སུ་ལ་ཡོད།
ང་ཚོའི་མངོན་འདོད་ནི་ཀྲུང་གོར་དམངས་གཙོ་ངོ་མ་ཞིག་མེད་པའི་ཐོག་མི་རིགས་འདྲ་མཉམ་མིན་ལ་སྤྱི་ཚོགས་ལྷིང་འཇགས་ཀྱང་མིན་པས་ང་ཚོས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་ཞི་བདེའི་དམངས་གཙོའི་སྤྱི་ཚོགས་གསར་བ་ཞིག་ལ་རེ་བ་རྒྱག་གིན་ཡོད་ལ་དེའི་ཆེད་དུ་མི་རིགས་རང་སྐྱོང་དང་རང་བཙན་སོགས་རྩོད་ཀྱིན་ཡོད་པ་ཕྱི་ ནང་ཀུན་གསལ་ཡིན་པས་ཁྱི་སྐད་འདི་འདྲས་རྡོ་དང་དབྱུག་པ་འདྲེན་རྒྱུ་ལས་ཅི་ལ་ཡང་མི་ཕན་ནོ།།

༡༠༽ ཀྲུའུ་ཡིས།“ང་ཚོས་གླེང་མོལ་གྱི་སྒོ་མོ་ནམ་ཡང་རྒྱག་མྱོང་མེད། སྒོ་རྒྱག་མཁན་ནི་ཏཱ་ལའི་ཚོགས་ཁག་རེད། ཏཱ་ལའི་ཡིས་ངེས་པར་དུ་ཁོའི་ཁ་བྲལ་རིང་ལུགས་མཚམས་བཞག་ནས། བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཏེ། བོད་ཆེན་པོ་ཞེས་པའི་ལྟ་བ་དོར་ན། གླེང་མོལ་གྱི་སྒོ་མོ་ནི་སྔར་བཞིན་ཡངས་པོར་ཕྱེ་ཡོད”ཟེར།
ཟུག་སྐད་འདི་ཅུང་གསར་བ་ཞིག་རེད། དེ་སྔ་ཏིན་གྱིས་བོད་རང་བཙན་མ་གླེང་ན་གཞན་དག་ལ་གྲོས་བྱེད་ཆོག་ཚུལ་བཤད་མྱོང། ཁྱོད་ཀྱིས་བོད་ཆེན་པོ་དོར་ན་གླེང་མོལ་བྱེད་ཆོག་ཚུལ་བཤད་བྱུང། དེས་ན་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་འདི་ཙམ་ལ་ང་ཚོའི“བསམ་འཆར”ལྟར་གྱི་རང་སྐྱོང་སྤྲོད་འཐུས་ཟེར་བའི་གོ་དོན་ཡིན་ནམ། གལ་ཏེ་ལྟ་ན་ཁས་ལེན་དཀའ། བོད་མདོ་སྟོད་སྨད་ཀྱི་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དང་རེ་བ་མིན་པ་སྟེ། ༢༠༠༨ལོའི་ཞི་རྒོལ་གྱི་ཁྱབ་ཁོངས་དང་ཁ་སང་དེ་རིང་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གང་ན་ཤུགས་ཆེ་བ་འདུག་པ་འདིས་བདེན་དཔང་ཐུབ་པས་སོ།
ཁྱོད་ཚོས་ཐོག་མཐའ་བར་གསུམ་དུ་བོད་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དགོས་པའི་རེ་བ་འདོན་དོན་ཅི། (འདི་ཁས་མ་བླངས་ན་ཁྱོད་ཚོས་བོད་ལ་བཙན་འཛུལ་བྱས་པའི་ཉེས་མིང་འབྱུང་བར་འཇིགས་པ་མིན་ནམ། མ་འོངས་པར་བོད་འདི་ཀྲུང་གོའི་མངའ་ཁོངས་ལས་འཆོར་བར་དོགས་པ་ཡང་ལོས་ཡིན། དེ་བས་ཁག་མི་འདུག)གནད་དོན་འདི་ལོ་རྒྱུས་ཀྱིས་ཁ་གྲག་རྒྱུ་ཞིག་མ་གཏོགས། མི་སྒེར་བ་ཞིག་དང་ཚོགས་སྡེ་སོགས་གང་གིས་ཀྱང་ཐག་གཅོད་པའི་ཐོབ་ཐང་མེད་པ་ཞིག་རེད། ཁྱོད་ཚོ་ལྟར་ན་ཁྱོད་ཚོའི་ཆ་ཤས་ཡིན་ཚུལ་བཤད་རྒྱུ་ཡོད་ན་ང་ཚོ་ལ་ཆ་ཤས་མིན་ཚུལ་ཡང་བཤད་རྒྱུ་མང་མོད་ཁྱོད་ཚོ་ནི་བསམ་བཞིན་དུ་རྫུན་གྱི་བཙན་རྫོང་ལ་སྐྱབས་བཅོལ་མཁན་ཡིན པས་ཕན་འབྲས་མི་འབྱུང། ང་ཚོའི་གཞུང་དམངས་ངོས་ནས་ང་ཚོ་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་འོག་ལ་སྡོད་ཆོག་ཅེས་གཞུང་འབྲེལ་ཡིག་ཆ་ངོ་མ་ཕུལ་ཡོད་པས་ཞི་མོལ་གནང་འདོད་ཡོད་ན་གནད་དོན་ དེ་གའི་ཐོག་ལ་གྲོས་མོལ་དབུ་འཛུགས་གནང་རོགས། མ་གཞི་ནས་ཁྱོད་ཚོར་ཞི་མོལ་གྱི་སྒོ་རྒྱག་པའི་སྤོབས་པ་མེད་སོང་བ་རེད། རྒྱུ་མཚན་བཙན་བྱོལ་གཞུང་དམངས་ཙམ་མིན་པར་གཞིས་ལུས་བོད་མི་དམངས་ཀྱིས་ཁྱོད་ཚོའི་སྒོ་ཆེན་བརྡུངས་དང་རྡུང་བཞིན་པས་སོ།།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།༢༠༡༢།༢།༥ལ

དཔྱད་རྩོམ།

Post navigation

Previous Post: ༄།། དཔའ་བོ་དང་དཔའ་མོའི་ཡིག་ཚགས།
Next Post: རྫ་ཆུ་ཁར་ངོ་རྒོལ་དང་དམ་དྲག

Comments (15) on “ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད། ༼རྩོམ་ཡིག་ཆ་ཚང་བཀོད་ཡོད༽”

  1. ཀ་དག་ཆོས་དབྱིངས། says:
    2012-02-05 at 4:18 pm

    ཆབ་བྲག་ཕོ་ཉའི་རིག་མདའ་ཡིས། །
    རྒོལ་ངན་དགྲ་བོའི་ཀླད་རྒྱ་གཏོར། །
    ད་དུང་རིག་པའི་སྒྱོག་མདེལ་ཀྱང་། །
    འཕེན་ན་ཕུང་པོ་ལྷག་མེད་གཏོར། །

  2. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-06 at 12:06 am

    ཧམ་ཆེན་རྫུན་གྱི་ཁ་གནོན་ལ།
    བདེན་པའི་རལ་གྲི་འཕྱར་ཙམ་ཡིན།
    བདེན་རྒྱབ་རིག་པའི་དཔུང་རོགས་དག
    ཡོད་ན་ད་ནི་རྒྱབ་གནོན་འཚལ།

  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-02-06 at 4:47 am

    རྒན་ལྷ་མོ་ལགས། རྩོམ་ཡིག་འདིའི་ཚིག་འགྲོས་དང་བརྗོད་དོན་གང་ཐད་ནས་ངའི་འདོད་པ་གཏན་ནས་ཁེངས་ཐུབ་ཀྱི་མི་འདུག དཔེར་ན། དང་པོར་(ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་)ཅེས་པའི་ཁ་བྱང་དེའི་འོག་ལ་”སྐུ་ཞབས་ཀྲུའུ་ཝེ་ཆོན་”ཞེས་པ་ཞིག་ཨེ་མཛའ་གི སྤྱིར་བཏང་གི་རྩོམ་པ་པོ་ཐེབས་ཆག་ཚོས་ཚིག་འདི་མོ་བྲིས་ན་ལོས་འགྲིག་ཏེ། རྩོམ་པ་པོ་ཐུན་ཚོགས་ཀྱི་ཚོགས་གཙོ་ཁྱེད་ཀྱིས་འདི་ལྟར་བྲིས་ན་ངའི་སེམས་ནས་ཅིག་ཆད་འགྲོ་གི དངོས་གནས་ཡིན། ད་དུང་ཀྲུའུ་ཝེ་ཆོན་”ལོག་ལྟ་ཅན་”ཡིན་རབས་ཀྱི་དམོད་ཚིག་འདྲ་བོར་འདུག འདི་ཡང་རྒོལ་ཡུལ་གྱི་འདོད་པ་ལ་ལྟ་མ་ཤེས་ཤིང་རྩོམ་པ་པོའི་དུང་ཞེན་ལ་བདག་མ་ཐུབ་པའི་སྡུག་སྐད་ཅིག་རེད། འདི་འདྲའི་ཚིག་མགོ་རྔ་མི་བདེ་བ་དང་སྐད་ཆ་མི་འཕྲོད་པ་རེ་ཟུང་འདུག་མོད་འདི་གཉིས་དཔེར་མཚོན་ལ་བླངས་པ་ཙམ་ཡིན།
    དེ་ནས་ལན་གྱི་སྐབས་སུའང་ཀྲུའུ་ཝེ་ཆོན་གྱིས་བོད་ལྗོངས་ལ་སྒོར་ག་ཚོད་ཀྱིས་འགྲོ་སོང་བཏང་བའི་རྩིས་ཁྲ་འཁྱེར་ཡོང་གི་འདུག ད་དུང་ས་ཁྱོན་དང་འཕོ་མིའི་གྲངས་འབོར་ཁ་གསལ་ལྟ་བུ་ཞིག་བཤད་ཀྱིན་འདུག དེ་ལའང་དེ་མཚུངས་ཀྱི་ལན་བདེ་སྲུང་ལ་འབྲེལ་བ་བྱས་ནས་གྲངས་འབོར་འཁྱེར་ནས་ལན་འདེབས་བྱེད་དགོས་པ་ལས་ཚོར་བ་ཙམ་གྱི་ལན་བརྒྱབ་ན་ངས་ནི་སྙིང་བོ་ཞིག་མཐོང་གི་མི་འདུག ཚོར་བ་ཙམ་དང་རིགས་སྤོ་ཙམ་གྱི་ལན་འདི་འདྲ་ཞིག་སུ་ཡིན་གྱི་ཡིད་ལ་འཆར་ངེས་ཡིན་པས། ངའི་འདོད་པ་ཁེངས་མ་སོང་། ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དང་ཚོགས་གཙོའི་མི་སྐད་གཉིས་ཀ་ཚན་རིག་གི་ལམ་ནས་དཔྱད་པ་བཏང་ན་ཞིབ་ཚགས་ད་དུང་ཁྱི་སྐད་ལ་ཡོད་ཚོད་རེད། དངོས་གནས་ཡིན། ཡིན་ནའང་། ཁྱོད་ཚོ་དགོད་རྒྱུ་རེད་ལ། ཁྱོད་ཚོས་ང་སྡིགས་རྒྱུའང་རེད་དེ། འདི་དག་གི་སྐབས་སུ་བོད་པའི་མིག་དང་དད་པའི་མིག་ལས་བེད་སྤྱོད་གཏོང་མ་ཤེས་ན་མིག་གཅིག་ལོང་བར་གྱུར་ཡོད་པ་རེད། དྲ་གྲོགས་ཚོ།

  4. གཅན་བཟོད་རྒྱམ། says:
    2012-02-06 at 7:44 am

    འདི་སྡུག་མ་སྡུག་གི་སྐད་ཆ་མ་རེད། སོ་སོས་འཇོན་ན་ལག་པར་ཁྲེད་ཀྱིས་བཞག་ཡོད་པས་དེ་ལུགས་གནང་རོགས། དེ་མིན་ཟུར་ལྟོས་མཁས་མདོག་འདི་དགོད་བྲོ་བ་རེད།

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-06 at 8:18 am

    ཚང་མའི་གོ་ཕྱིར་ལས་ངས་འདིར་རྩོམ་རྩལ་ངོམ་གྱིན་མེད་པས་སྐད་ཆར་ཡང་ཞན་ཆ་ཡོད་པ་ལོས་བདེན། རྣམ་དཔྱོད་ལྡན་པ་ཚོས་གཤགས་བཅོས་དང་ཁ་སྣོན་གནང་རོགས། ཆད་འདུག་ནོར་འདུག་ཅེས་སྐྱོན་བརྗོད་པ་དང་ལྷན་དུ་ཆད་པ་ཁ་སྐོང་དང་ནོར་བ་བཟོ་བཅོས་རེ་གནང་ན་ཚང་མར་ཕན།
    ཀློག་མཁན་ཚང་མའི་འདོད་པ་ཁེངས་པ་ཞིག་ག་ལ་ཡིན་མོད་གཙོ་བོ་ཀྲུའུ་ཝེ་ཆོན་སོགས་མ་འདོད་ཅིང་མ་དགའ་ན་དེས་ངའི་འདོད་པ་ཁེངས།

  6. མི་ནག་མདུང་ཐུང་། says:
    2012-02-06 at 10:18 am

    ལོག་བཤད་ངན་པ་ཐེར་འདོན་གཞུ་མོའི་རྒྱུད།།
    ཤེད་ཀྱིས་བཀུག་པའི་མདའ་མོ་ཁེར་འགྲོ་འདིས།།
    སྔོན་དང་ད་ལྟའི་ངོ་རིས་མང་པོ་ཞིག།
    དཔྱོད་ལྡན་མིག་ལ་ལྟད་མོར་བཤམས་འདུག་ན།།
    མ་བཅོས་སེམས་ནས་ཐུགས་རྗེ་ཆེ་ཞུ་དང་།།
    ཁྱེད་དང་ཁྱེད་རྗེས་འབྲངས་པའི་སྨྱུག་ཐོགས་པ།།
    རུ་སྡེ་བདེན་པ་འཕྱར་བའི་མདུན་སྐྱོད་འདིར།།
    རིན་ཐང་ཟོང་གི་རྔམ་ཁ་མཐོ་མཐོང་ནས།།
    རེ་བའི་རི་མོ་འདི་མཐོང་སེམས་པ་དྲོ།།
    ལྷད་མེད་ལྷག་བསམ་སྤོབས་པའི་ལྗོན་བཟང་གི།
    གྲིབ་བསིལ་དེ་ནས་བསྐྱངས་པའི་རྗེས་འཇུག་དག།
    ད་ནི་སྨྱུ་གུའི་མཚོན་ཆ་མཐོར་བཏེགས་ནས།།
    ལོག་བཤད་རྫུན་གྱི་བྲག་རི་གཏོར་བ་དང་།།
    འཁྱོག་བཤད་ཆུ་མོའི་བཞུར་རྒྱུན་གཅོད་པ་ལ།།
    འདི་ནས་ཆས་ཤིག་ཅེས་པའི་ཕྱག་རྒྱ་བཅས།།
    རུ་དཔུང་འཁྲིད་ལ་བྱོན་འདིར་བདག་སེམས་སྤྲོ།།

  7. ཨ་ནུ་ཐང་བསོད་ནམས says:
    2012-02-06 at 10:45 am

    ཆབ་བྲག་ལགས།
    མགོ་འཇུག་ཚང་ཞིང་རྣམ་དཔྱོད་དང་ལྡན་པའི་ལན་འདེབས་ཡག་པོ་གནང་བ་ཐུགས་རྗེ་ཆེ། དེ་ལས་ལྷག་གི་ལན་ཞིག་འདེབས་བ་དཀའ་བ་འདོད།

  8. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-06 at 2:22 pm

    ཨ་ལ་ལ་མི་ནག་མདུང་ཅན་གྱི་མདུང་མོ་དེ་སྙུག་ཐོགས་དཔའ་བོའི་མཚོན་ཆ་ཡ་མེད་ཅིག་ཡིན་པ་འདྲ།
    མི་ནག་ནག་པ་དགྲ་ལ་ནག དགྲ་ནག་གུང་ཁྲན་ཏང་ལ་ནག
    མདུང་ཐུང་ངར་མ་མཚང་ལ་ངར། རྫུན་མཚང་སྙིང་རྩ་གཅོད་ལ་ངར། ཞེས་ཀྱང་སྨྲའོ།
    དྲ་གྲོགས་རྣམ་པས་མཐེ་བོང་བསྒྲེངས་པས་དགའ་བོ་བྱུང་ན་ཡང་། བོན་རྒྱ་ལགས་ཀྱིས་ཨ་ངན་བསྟན་པས་ཅུང་ཙམ་སྐྱོ། ཧ་ཧ་ཧ་་་་
    འདི་ནི་བར་གསེང་གི་ཀུ་རེའི་ཚུལ་ཙམ་དུའོ།

  9. ལྕགས་འགོར says:
    2012-02-06 at 6:06 pm

    བོན་རྒྱ་ལགས། གཞན་གྱིས་མ་འཇོན་མ་འཇོན། འོན་ཀྱང་ཁྱེད་ཀྱིས་ཚིག་སྦྱོར་ལེགས་ཤིང་གནད་ལ་ཁེལ་བའི་ལན་ཐོག་འདྲ་བ་ཞིག་བརྒྱབ་ན་ཅིས་མི་ཆོག འུ་ཅག་སུ་ཡིན་ཀྱང་འགན་མེད་ས་ཞིག་མེད་པ་ཡིན་པས་དེ་ལུགས་ཐུགས་འཇག་འཚལ། ཆབ་བྲག་ལགས་ལ་མཐེ་བོང་ཡོད།

  10. གཟུར་གནས། says:
    2012-02-07 at 4:59 am

    བན་ལོག་བོན་རྒྱ་ལགས། དང་པོ་ཁྱེད་ནས་ཀྱང་ཚོར་བ་ཡིན་ན་འདྲ། དཔྱད་ཡིག་བེད་སྤྱད་ནས་ཡིན་ན་འདྲ། ཨ་ལེ་ཅིག་ཕྲིས་གདའ། དེ་ནས་ང་ཚོས་ལྟ། དེ་ནས་ང་ཚོས་སྐད་ཆ་བཤད་ཡ། རྒན་ལྷ་མོ་རྩོམ་པ་པོའི་ཚོགས་གཙོ་ཡིན་ན་ག་རེ་ཡོད་པ་རེད། མ་གཞི་ནས་དེའི་ནང་གི་རྩོམ་པ་པོ་ཟེར་བའང་ཁྱེད་འདྲ་བ་རྐྱང་རྐྱང་མིན་ནམ། ཁྱེད་ཚོགས་མི་ཡིན་པ་དང་རྒན་ཚོགས་གཙོ་ཡིན་པ་ཁྱད་པར་འདྲ་འདུག་གམ། ཧཧཧཧཧ

  11. གཟུར་གནས། says:
    2012-02-07 at 5:01 am

    ཁྱེད་གཉིས་ནས་རྩོམ་པ་པོའི་མིང་དེ་བེད་སྤྱོད་ཀྱི་མེད་དམ། དགོད་བྲོ་བ་ལ། རྡ་སའི་རི་ཁུག་གི་གླང་གོག་ནག་ཞར་འདི་ཚོ།

  12. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-07 at 7:29 am

    ཀྲུའུ་ཝེ་ཆོན་གྱིས་ད་དུང་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་སྐུ་དབང་དོར་མེད་ཚུལ་སྐོར་ཅིག་ཀྱང་བཤད་འདུག གནད་དོན་འདིའི་ཐོག་ལ་སྐད་ཆ་ཤོད་ཐུབ་མཁན་སུ་ཡོད་ན་་་་་རྣམ་དཔྱོད་དང་ཁ་ལྕེ་རྣོ་བའི་དྲ་གྲོགས་ཚོ།

  13. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-07 at 9:31 am

    ༡༡༽<>དང་དེའི་ལེའུ་དང་པོ། གཞི་རྩའི་ལམ་སྟོན། (ཁྱབ་ཁོངས་སུ་གཏོགས་པ)དོན་ཚན་དང་པོ། “བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།”ཞེས་པའི་ཚིག་དོན་ཁག་གི་ཐད་ལ་ཀྲུའུ་ཝེ་ཆོན་གྱིས་བསྙོན་འཛུགས་ཆེན་པོ་གསུམ་བྱས་ཡོད།

    ༡༽<>ལ་ཁོས<>ཞེས་མིན་པ་ཞིག་ཡིན་པར་བསྙོན་བཙུགས།

    ༢༽ “བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ”ཞེས་༸གོང་ས་མཆོག་གི་མཚན་གནས་རང་འཇགས་ཐོག་བཀའ་ཤག་གིས་སྐུ་ཚབ་གསར་བསྐོ་གནང་རྒྱུ་ཞེས་པར་ཁོས། “མུ་མཐུད་དུ་ཕྱི་རྒྱལ་དོན་གཅོད་ཁང་གི་སྐུ་ཚབ་དང་བཙན་བྱོལ་བོད་གཞུང་གི་དམིགས་ བསལ་སྐུ་ཚབ་གནང་བའི་དབང་ཆ་ཡོད།”ཅེས་མེད་པ་ཞིག་ལ་ཡོད་པར་བསྙོན་བཙུགས།

    ༣༽ “ཁོ་རང་ཉིད་དམ་དམངས་གཙོའི་འོས་འདེམས་བྱས་ནས་ཐོན་པའི་མགོ་ཁྲིད་པས་བོད་ཀྱི་ གནད་དོན་ཐག་གཅོད་བྱེད་ཆོག”ཅེས་པའི་ཚིག་དོན་ཞིག་རྩ་བ་ནས་མེད་པ་ལ་ཡོད་པར་གླེང་བཀལ་ནས། “རྩ་ཁྲིམས་ནང་བཀོད་པའི་གནས་ཚུལ་ལ་བལྟས་ན། ཁོས་སྲིད་དོན་ཚང་མ་བསྐྱུར་ཡོད་པ་ཡིན་ནམ། ངས་བལྟས་ན་བསྐྱུར་མི་འདུག”ཅེས་ལུང་འདྲེན་གྱི་བདེན་གཏམ་ཚུལ་དུ་གཡོ་གཏམ་བཤད་ཡོད།

    གནས་སྐབས་ཁྱི་སྐད་ལ་ཁ་རྡུང་འདི་ཙམ་གྱིས་མཇུག་བསྡུས། དྲ་གྲོགས་དང་ཀློག་པ་པོ་ཚང་མར་བཀའ་དྲིན་ཆེ་ཞུ།

  14. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-07 at 9:36 am

    ༡༡༽”བཅའ་ཁྲིམས”དང་དེའི་ལེའུ་དང་པོ།

    ༡༽”བཙན་བྱོལ་བོད་མིའི་བཅའ་ཁྲིམས”ལ་ཁོས”རྩ་ཁྲིམས”ཞེས་མིན་པ་ཞིག་ཡིན་པར་བསྙོན་བཙུགས།
    <>དཔེ་རྟགས་འདིའི་ནང་ལ་ཡི་གེ་རྣམས་འཆར་མི་ཐུབ་དོན་ཅི་ཡིན་ནམ།

  15. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-08 at 11:05 am

    དེ་རིང་གི་ང་ཚོའི་འབོད་ཚིག་ཏུ་ཕུལ་བ།
    བོད་མིས་ཅིའི་ཕྱིར་རང་ལུས་སྲེག་གིན་ཡོད། ཝེ། གུང་ཁྲན་ཏང།
    སྐུ་གཤེགས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་ཞུ།
    དགོན་སྡེ་དམག་གིས་སྐོར་དོན་ཅི། སུ་ལ་ཞེད་ཀྱི་འདུག
    ཕྱི་གླིང་བའི་གསར་འགོད་པ་བོད་གཏོང་མི་ཕོད་པ་ཅི།
    ཏཱ་ལའི་བླ་མར་ཅི་ཙམ་སྡིགས་ན་བོད་མིའི་སེམས་ལ་དེ་ཙམ་གནོད
    བོད་དགའ་བར་འཇུག་ན་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་བྱོས།
    མི་རིགས་ཁག་ལ་རང་སྐྱོང་གཙང་མ་དགོས།
    ཀྲུང་གོ་མི་དམངས་ལ་དམངས་གཙོ་ཡང་དག་པ་དགོས།
    གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད།
    བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས། བོད་ནི་ཧོང་ཀོང་དང་ཨོ་མོན་ལས་གནམ་སའི་ཁྱད་པར་ཆེ།
    མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་ཀྱིས་བོད་མི་མཐོང་དོན་ཅི།
    རྫུན་ཕམ་བདེན་རྒྱལ་ཉི་མ་མྱུར་འཆར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme