Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ལི་ཁྲིང་ཁྲོན་གྱི་''བོད་ལ་ཤོད་དགོས་པ་གསུམ''ལ་ལྟ་བ།

Posted on 2013-06-19 By ཁ་བརྡ་ 15 Comments on ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ལི་ཁྲིང་ཁྲོན་གྱི་''བོད་ལ་ཤོད་དགོས་པ་གསུམ''ལ་ལྟ་བ།

ཤར་ཕྱོགས་ཁུག་རྟ།

 ༄༅།། ཚང་མས་ཤེས་གསལ་ལྟར། ༢༠༡༢། ༡༡། པའི་ནང་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཟེར་བ་སྐོང་འཚོགས་གནང་སྟེ། སྐུ་ཞབས་ཞིས་ཅིན་ཕིན་ཀྲུང་གུང་ཀྲུང་དབྱང་གི་ཏང་སྲིད་གཉིས་ཀྱི་དབུ་ཁྲིད་དུ་འདེམས་ཐོན་བྱས་ཚུལ་བསྒྲགས་པ་དང། ༢༠༡༣། ༣། པའི་ནང་ཏང་སྲིད་དམག་གསུམ་གྱི་གོ་གནས་ཆ་ཚང་བླངས་ཏེ། ལོ་ངོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་གསར་རྙིང་དང་མི་རབས་གསར་རྙིང་གཉིས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་གྱུར་བ་རེད། སྐུ་ཞབས་ཅིན་ཕིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོར་གྱུར་བ་དང་མཉམ། རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་རེ་བ་གསར་པ་ཞིག་གསལ་ལ་མ་གསལ་བ་དང། གསང་དང་མ་གསང་བའི་ཚུལ་གྱིས་ཁྱབ། དེ་ནི་ཏག་ཏག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ལ་ཉེ་བའི་ཟླ་ཤས་ནང། སྐུ་ཞབས་ཅིན་ཕིན་ཕྱོགས་བསྐྱོད་སྐབས་ཀྱི་བོར་བརླག་ལས་འཕྲོས་ཏེ་གླེང་སློང་སྣ་ཚོགས་བྱུང་བ་ལས་རྟོགས་ནུས་ལ། རླངས་འཁོར་བརྡབ་སྐྱོན་ནམ་ཏང་ཁག་ནང་ཁུལ་གྱི་འཐབ་རྩོད་ཀྱིས་རྗེས་འདེད་ལྐོག་གསོད་བྱས་པ་མིན་ནམ་ཟེར་བའི་བཤད་ཡམས་རྒྱ་ཁྱབ་དུ་སོང་ནའང། མཐའ་མར་བོར་བརླག་ལྟ་བུའི་ངང་ཚུལ་དེས་རྒྱལ་སྤྱིའི་སྟེང་སྐུ་ཞབས་ཅིན་ཕིན་དང་ཅིན་ཕིན་གྱི་གཞུང་གསར་པར་ཅི་ཙམ་དོ་སྣང་ཡོད་མེད་ཉམས་ཚོད་ཐེངས་གཅིག་བླངས་པ་སྲིད་དོན་དབྱེ་ཞིབ་པ་མང་པོས་མཁྱེན་ཡོད་ནའང། གསལ་བོར་བརྗོད་མཁན་དཀོན་པོ་བྱུང་ཡོད། ཡིན་ནའང་སྐབས་དེའི་གསལ་ལ་མ་གསལ་བའི་རེ་བའི་འཕེལ་འགྲིབ་དེས། སྣང་བརྙན་ཡག་པོ་མེད་པའི་རྒྱ་ནག་གཞུང་ལ་མུ་མཐུད་ནས་གཤེ་གཤེས་གཏོང་རྒྱུ་དང་རེ་ཆད་ཡིན་པ་སྟོན་རྒྱུ་ལས་ལྡོག་སྟེ། སྐུ་ཞབས་ཅིན་ཕིན་གྱི་གཞུང་གསར་པར་གློ་བུར་ཅི་ཞིག་བརྗོད་དགོས་མ་ཤེས་པའི་ཚུལ་དུ་གྱུར་ཡོད་ཅིང། ཕྱོགས་སྡོམ་བྱས་ན་རེ་ཆད་གཤེ་གཤེ་གཏོང་མཁན་ལས་རེ་བ་རྒྱག་མཁན་མང་པོ་བྱུང་ཡོད་ལ། དེའི་ནང་རང་རེའི་དབུ་འཁྲིད་རྣམ་པས་ཐུགས་རེ་ཡོད་གནས་ཉིན་བཞིན་ཡར་རྒྱས་སུ་བཏང་ནས་གསུང་གི་ཡོད། དེ་བཞིན་བོད་དམངས་ཁྲོད་དང་ཤེས་ལྡན་པའི་ཁྲོད་དུའང་ཧུའུ་ཅིན་ཐོས་རང་སྐྱོང་ལྗོངས་ཟེར་བ་ནས་མི་ལས་དགུ་ལས་བྱས་རྗེས་གཙོ་འཛིན་དུ་བསླེབས་སྐབས་ལས་སྐུ་ཞབས་ཅིན་ཕིན་ལ་རེ་བ་ཆེན་པོ་བྱས་པ་མ་གཏོགས་གཤེ་གཤེ་མང་པོ་བཏང་མེད།

 

དེ་འདྲའི་རེ་བ་ཆེན་པོའི་འོག་མི་རྣམས་ཀྱིས་སྐུ་ཞབས་ཅིན་ཕིན་གྱི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་གཏམ་བཤད་ལ་གཟབ་ནན་གྱིས་ཉན་ཞིང། སྐུ་ཞབས་ཅིན་ཕིན་གྱི་གཏམ་བཤད་ལས་གུང་བྲན་ཏང་གི་མདུན་ལྗོངས་དང་མི་རིགས་སྲིད་བྱུས་གནས་བབ་ལ་ཕྱོགས་ཚང་མས་དོ་སྣང་དེ་བས་བྱེད་ཀྱི་ཡོད་རབ་གླེང། སྐབས་དེར་སྐུ་ཞབས་ཅིན་ཕིན་གྱིས་”ངས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཟོལ་མེད་ངང་སྒྲུབ་པ་དང། མེས་རྒྱལ་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། རང་འགན་གཙང་སྒྲུབ་དང་དུས་རྣམ་ཀུན་དུ་སྤྱི་དོན་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་ཆེད་ནུས་པ་གང་ཡོད་འདོན་པ། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་དང་ལེན་བཅས་བྱས་ཏེ་མི་དམངས་ཀྱི་མངགས་བཅོལ་དང་ཡིད་ཆེས་ཆུད་ཟོས་གཏོང་གི་མིན་ཞེས”་མགོ་བཙུགས་ཏེ། ཀྲུང་གོའི་སྐབས་གསུམ་གྱི་དབུ་འཁྲིད་ཚོའི་བྱས་རྗེས་གླེང་ཞིང་དེའི་རྒྱལ་སྤྱིའི་སྟེང་བསྐྲུན་པས་སྣང་བརྙན་ལ་རྗེས་དྲན་དང་འབྲེལ། ”འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་འབྱོར་ཕྱུག་མང་གཙོ་ཤེས་དཔལ་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་འབད་ཐབས་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་བསམ་འདུན་འགྲུབ་པ་བྱེད་པར་རྒྱལ་ཁབ་འབྱོར་ཕྱུག་དང། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱེད་དགོས་པ་དེའི་ཐོག་ནས་ཀྲུང་གོའི་ཕུགས་བསམ་གསལ་བོར་མཚོན་ཡོད་”ཅེས་”ཀྲུང་གོའི་ཕུགས་འདུན་”དང། ཡང་ན་ཕྱི་ཕྱོགས་ནས་”རྒྱ་ནག་གི་རྨི་ལམ་”ཞེས་འབོད་པའི་དམིགས་ཚད་དང་གཞི་གདན་གསལ་སྟོན་གནང་བས། ཡུན་རིང་སྲིད་དོན་དཔྱད་བརྗོད་པ་ཚོས་རྒྱ་ནག་གི་རྨི་ལམ་བཙལ་ཞིང་རྒྱ་ནག་གི་རྨི་ལམ་ནི་བརྗོད་གཞི་ལྟེ་བ་ཞིག་ཆགས།

 

སྐུ་ཞབས་ཅིན་ཕིན་གྱིས་”ཀྲུང་གོའི་ཕུགས་འདུན་”གླེང་སྐབས་”ཀྲུང་གོའི་ཕུགས་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་དགོས། དེ་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་རེད་”ཅེས་དང། ” ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་འདུན་ཡིན་ལ། ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཡིན། ང་ཚོས་མི་ཁྲི་སེམས་གཅིག་བྱས་ནས་ཐུན་མོང་གི་དམིགས་འདུན་༼ ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ཆེན་མོ། རྩོམ་པ་པོའི་མཆན། ༽འགྲུབ་པ་བྱེད་དགོས་”། ”ཀྲུང་གོའི་ཕུགས་འདུན་འགྲུབ་པ་བྱེད་པར་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། དེ་ནི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་རེད། རྒྱལ་གཅེས་རིང་ལུགས་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བའི་བསམ་པའི་སྟོབས་ཤུགས་རེད་”ཅེས་ནན་བཤད་གནང་ཡོད། གསུང་བབ་འདི་དག་ལ་གཞིགས་ན་སྐུ་ཞབས་ཞིས་ཀྱི་”ཀྲུང་གོའི་ཕུགས་འདུན་”ནི་གཞི་རྩ་”མི་རིགས་ཆེན་པོའི་རང་ཞེན་དང་ནུས་སྟོབས་”སྟེང་བཙུགས་ཡོད་ལ། དེ་ནི་མི་ཁྲི་སེམས་གཅིག་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་སྟེང་མདུན་ངོས་གང་ལ་ཐུག་ཀྱང་ཤར་བསྐྱོད་བྱེད་རྒྱུ་ཡིན་པ་དེས། དམངས་སེམས་”རིགས་ཞེན་རིང་ལུགས་”ཀྱིས་དྲག་ཏུ་སྐུལ་བཞིན་གྲུབ་འབྲས་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་སྙན་དབྱངས་སྒྲོག་བཞིན་པ་ནི་ཟུར་ལྟོས་ལེབ་མཐོང་རེད་ཅེས་བརྗོད་ནུས། དེར་རྒྱ་ནག་གཞུང་འབྲེལ་གྱི་དཔྱད་བརྗོད་པ་ཞིག་གིས་”གཙང་བོར་ཆུ་མེད་ན་ཆུ་ལག་སྐམ་”ཞེས་ཀྲུང་གོའི་ཉེ་བའི་ལོ་རྒྱུས་ནང་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཀྲུང་ཧྭ་བསྐྱར་དར་ཆེན་མོའི་དོན་དུ་ཚང་མ་གཙང་བོ་གཅིག་ལ་འདུས་དགོས་ཤིང། གཙང་བོ་གཅིག་གི་ཆེད་དུ་ནུས་པ་འདོན་དགོས་ཞེས་ཤུགས་ཆེན་པོས་བསྒྲགས་ཡོད་ཀྱང། ཀྲུང་ཧྭ་བསྐྱར་དར་ཆེན་མོ་ལྟེ་བ་ཡིན་པའི་ཀྲུང་གོའི་ཕུགས་འདུན་དེས་འདས་པའི་སྐབས་གསུམ་གྱི་མགོ་ཁྲིད་ཚོའི་ལམ་ནོར་ལྡོག་ཤེས་དང། མི་དམངས་ལ་དོན་དམ་པའི་བདེ་སྐྱིད་ག་ཚོད་ཅིག་བསྐྲུན་ཐུབ་བམ་ཞེ་ན། དེ་ནི་ཚིག་གི་མཛེས་རྒྱན་གྱི་སྡེབས་སྦྱོར་ཇེ་ལེགས་སུ་བཏང་སྟེ་ཐ་སྙད་གསར་པ་འགའ་བཏགས་པ་མ་གཏོགས། དོན་དངོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་མཚན་བཏགས་པའི་ནང་གི་”སྤྱི་མཐུན་”མིང་དོན་མཚུངས་པ་ཡོང་རྒྱུའི་རྨི་ལམ་མམ་ཕུགས་འདུན་ཞིག་མིན་པ་ཀུན་གྱིས་ངོས་འཛིན་མི་བྱེད་ག་མེད་དེ་རེད།

 

དེས་ན་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་མོའམ། ཀྲུང་ཧྭ་མི་རིགས་གཅིག་སྒྲིལ་ཆེན་མོ་ལྟེ་བ་ཡིན་པའི་རྒྱ་ནག་གི་ཕུགས་འདུན་ཁྲོད་བོད་གཙོས་མི་རིགས་གཞན་རྣམས་གང་དུ་འགྲོ་རྒྱུ་རེད་ཅེས་དྲི་བ་ཞིག་ཡོད་དབང་དུ་བྱས་ན། དེར་སྐུ་ཞབས་ཅིན་ཕིན་གྱིས་”རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་རང་ཡིད་རང་ཆེས་དང། འགྲོ་ལམ་ལ་རང་ཡིད་རང་ཆེས། ལམ་ལུགས་ལ་རང་ཡིད་རང་ཆེས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་དང་ཡང་དག་པའི་ཀྲུང་གོའི་འགྲོ་ལམ་བརྒྱུད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དགོས་”ཞེས་བཤད་ཡོད། ཀྲུང་གོའི་ཕུགས་འདུན་དང་དེ་སྒྲུབ་ཐུབ་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ལ་ངེས་པར་དུ་ཡིད་ཆེས་བྱེད་དགོས་པ་ཡིན་ན། རྒྱལ་སྤྱིའི་ནང་ཧུའུ་ཅིན་ཐའོ་ལས་སྣང་བརྙན་མཛེས་པའི་སྐུ་ཞབས་ཅིན་ཕིན་གྱི་ཟླ་བ་འགའི་རིང་གི་གུ་ཡངས་པོའི་རྣམ་འགྱུར་དང། དཔྱད་ཞིབ་པ་ཁ་ཤས་ཀྱིས་བཤད་པ་ལྟར་ན་སྐུ་ཞབས་ཅིན་ཕིན་གྱི་བསིལ་སང་སིང་གི་གཏམ་བཤད་ཟེར་བ་སོགས་ཀྱིས་ཡང་སྙིང་བོད་ལ་དངོས་གྲུབ་ཅི་ཙམ་གནང་མིན་ཆ་མ་འཚལ་ཞིང། དེ་འབྲེལ་གསང་བ་ཕྱིར་གྱར་ཡིན་ཚུལ་གྱི་སྐུ་ཞབས་ཅིན་ཕིན་གྱི་ནང་གཏམ་དེ་དང། ཞིས་ཀྲུང་ཞིན་གྱིས་དེ་སྔ༸པཎ་ཆེན་རིན་པོ་ཆེར་སྤྲིངས་པའི་འཕྲིན་ཡིག་རྙིང་པ་ཞིག་ཉེ་ཆར་ཚགས་པར་ནང་ཐོན་ཚུལ། དེ་བཞིན་གནད་དོན་ཆུང་ཚགས་ཁ་ཤས་ཐད་གུ་ཡངས་པོའི་རྣམ་འགྱུར་ཐོན་གྱི་ཡོད་པ་བཅས་ཀྱིས་”ཀྲུང་གོའི་ཕུགས་འདུན་”ནང་”བོད་ལ་རྨི་ལམ་”ཡག་པོ་ཅི་ཞིག་ཡོད་མེད་ཕུགས་འདུན་སྟོན་པའི་གཏམ་བཤད་ནང་ཞེ་དྲག་བཙལ་ན་མི་རྙེད་པར་གྱུར་ཡོད་མོད། ཉེ་ཆར་གྲོས་ཚོགས་ནང་རང་རེའི་སྲིད་སྐྱོང་མཆོག་གིས་ནི་རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོའི་སྐོར་ལ་དཔྱད་གཏམ་སྤེལ་སྐབས་རྦད་དེ་སྐུ་ཞབས་ཅིན་ཕིན་གྱི་”ཀྲུང་གོའི་ཕུགས་འདུན་” སྐོར་ཟུར་ཙམ་ཡང་གླེང་ཐུབ་མེད།

 

སྐུ་ཞབས་ཅིན་ཕིན་གྱི་ཟླ་ངོ་འདི་དག་ལ་རང་རེའི་ཕྱོགས་ནས་འབྲེལ་མོལ་དང་བོད་ནང་གི་རང་སྲེག་དང་འབྲེལ་བའི་བཙོན་འཛུག་གི་གནས་སྟངས་ཇེ་ཉུང་དུ་འགྲོ་རྒྱུར་རེ་ལྟོས་ཅི་ཙམ་བྱས་ཀྱང་ཆུ་མོ་འཁྱགས་པས་བསྡམས་པ་ལྟར་གྲགས་འགུལ་གང་ཡང་མེད་ཀྱང། སྐུ་ཞབས་ཅིན་ཕིན་གྱི་གཞུང་གསར་པས་རྦད་དེ་བོད་ཕྱོགས་ལ་ཁ་གང་ཡང་མ་གྲགས་པའང་མ་རེད། ཧུའུ་ཅིན་ཐོའི་སྐབས་དང་བསྡུར་ན་བརྒྱུད་ལམ་ཁག་ནས་འདྲ་མིན་བཅོ་བརྒྱད་བཤད་རྒྱུར་ཆེ་མཐོང་གང་འཚམས་ཡོད་པའི་ཞིས་གཞུང་འདིས་འབད་བརྩོན་བྱེད་ཀྱི་མེད་པ་ནི་འགྱུར་བ་རེ་ཡིན་སྲིད་ནའང། ༢༠༡༢། ༨། ནང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁྲང་ཁྲུན་ལྷ་སར་གཟིགས་ཞིབ་སྐབས་”གསལ་བོ་ཤོད་དགོས་པ་གསུམ་”ནན་བརྗོད་གནང་བ་དེ་ཞིས་ཀྱི་གཞུང་གསར་པས་གསར་ལམ་ཁག་དུ་གཙོ་བོའི་རྣམ་པར་བསྐྱར་འགོད་ཡང་འགོད་དང་དཔྱད་གཏམ་རིང་ཐུང་སྣ་ཚོགས་སྤེལ་སྟེ་མཇུག་གནོན་གནང་ཡོད་པས། ”གསལ་བོ་ཤོད་དགོས་པ་གསུམ”ཅི་ལྟར་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་དེས་བོད་ཀྱི་དོན་དངོས་གསལ་བོ་བཤད་ཐུབ་མེད་པ་དང་ཤོད་ནུས་བྲལ་བ་ནི་བོད་ཀྱི་བདག་པོ་ངོ་མ་བོད་མི་ཚོར་ཧ་ཅང་གསལ་བའི་གནས་ཚུལ་ཞིག་རེད། གཤམ་དུ་བརྗོད་སྙིང་”གསལ་བོ་ཤོད་དགོས་པ་གསུམ་”ལ་ལྟ་བར་བྱ་སྟེ། ཁོང་ཚོའི་ཤོད་དགོས་པ་གསུམ་ནི། ༡ བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་བོར་ཤོད་དགོས། ༢ ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མགོ་རྟིང་སློག་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་གསལ་བོར་ཤོད་དགོས། ༣ བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་འགྲོ་བའི་གནས་བབ་བརྟན་དུ་ཕྱིན་པ་གསལ་བོར་ཤོད་དགོས་ཟེར་བ་བཅས་རེད།

 

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཞིག་ནས་ཐེ་ཚོམ་གང་ཡང་མེད་པར་གནའ་སྔ་མོ་ནས་”བོད་ཀྲུང་གོའི་ཆ་ཤས་”ཡིན་ཟེར་པའི་གནའ་སྔ་མོའི་མཚམས་དེ་གང་ལ་ངོས་འཛིན་གནང་གི་ཡོད་མེད་ནས་དཔྱད་ཚེ། ང་ཚོ་སླར་ཡང་རྩོད་པ་རྙིང་པ་བསྐྱར་ཟློས་ནང་འགྲོ་བར་བྱེད་ཅིང། དེ་ལས་རྒྱ་ནག་གཞུང་འབྲེལ་གྱིས་ཁས་བླངས་ཟིན་པའི་གནད་དོན་འགའ་དང་སྦྲེལ་ཏེ་སྙིང་བསྡུས་ཙམ་སྤྲོ་ན། དེང་སང་རྒྱ་གཞུང་གིས་”གནའ་སྔ་མོ་ནས་བོད་ཀྲུང་གོའི་ཆ་ཤས་”ཟེར་སྲོལ་འདི་ལ་འགྱུར་བ་བཏང་ཡོད་པ་མ་ཟད། དེ་སྔ་ཐང་བོད་འབྲེལ་བའི་སྐབས་ནས་བོད་ཀྲུང་གོའི་ཆ་ཤས་ཡིན་པར་བསྙད་པ་དེས་ཀྱང་ཁུངས་མ་འཁྱོལ་བ་གསལ་བོར་ཤེས་ནས། ཐང་བོད་སྐབས་ཀྱི་ཆ་ཤས་ཡིན་མིན་གྱི་རྫུན་གཏམ་སྡུད་གསོག་རྒྱབ་སྟེ་རྗེས་སུ་ཡིག་ཆ་ཐོན་པའི་ནང་སྐབས་དེར་རྒྱལ་ཁབ་གཉིས་ཡིན་པ་ཁས་བླངས་པ་དང་ཞོར་དུ། ཐང་བོད་འབྲེལ་བའི་མངའ་ཐང་སུ་ཆེ་ཙམ་རྩོད་ཁུལ་བྱས་འདུག་པ་ནི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནས་མ་གཟིགས་པའི་ཚུལ་གནང་པ་ཡིན་སྲིད། དེའི་རྗེས་ཐད་ཀར་ཧོར་རམ་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་འཆོང་ལྡིང་བྱས་ཏེ། ཡོན་རྒྱལ་རབས་ནས་བོད་ཀྲུང་གོའི་ཆ་ཤས་ཡིན་ཟེར། དེ་ཡིན་པའི་སྒྲུབ་བྱེད་ལ་ཡོན་རྒྱལ་རབས་དེ་ཉིད་ཆེན་པོ་ཧོར་གྱི་རྒྱལ་རབས་མིན་ཚུལ་དང། ཡོན་ཆིང་གཉིས་ཀྲུང་གོའི་གོང་མ་ཡིན་ཚུལ་ཨུ་ཚུགས་བྱས་ཏེ། མདོ་དོན་ཧྭ་ཞ་མི་རིགས་ཀྱིས་རང་གི་མེས་རྒྱལ་ལ་ཀྲུང་གོ་འབོད་ཚུལ་དང། ཀྲུང་གོ་ནི་ཧྭ་ཞའི་རྒྱལ་ཁབ་ཁག་གི་སྤྱི་མིང་ཡིན་པས་ཀྲུང་གོ་ཟེར་བའི་ཚིག་དེའི་གོ་དོན་ནི་མེས་རྒྱལ་ཡིན་ཚུལ། ཡོན་ཆིང་གཉིས་ཀྱི་རིགས་བརྒྱུད་ཧྭ་ཞ་ཡིན་པས་དེ་གཉིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གོང་མས་ཀྲུང་གོ་ཡོངས་ལ་དབང་བསྒྱུར་བྱས་པའི་ཀྲུང་གོའི་གོང་མ་འཁྲུལ་མེད་ཡིན་ཚུལ། ད་དུང་ཀྲུང་གོའི་གོང་མ་འཁྲུལ་མེད་ཡིན་ཚུལ་ལ་གོང་མ་དེ་གཉིས་ཀྱིས་སྔར་གྱི་ལམ་སྲོལ་ལྟར་ལོ་རྟགས་དང་རྒྱལ་རྟགས། གསེར་ཡིག་ཁྱབ་བསྒྲགས་བྱས་པ་རེད་སོགས་ཨུ་ཚུགས་ནན་དགུ་བྱས་ཡོད་ནའང། ཡོན་ཆང་གཉིས་ཧྭ་ཞ་ཟེར་བའི་རིགས་བརྒྱུད་དང་ཧྭ་ཞས་གནའ་སྔ་མོ་ནས་རྒྱ་ནག་ལ་”ཀྲུང་གོ་”ཟེར་ཚུལ་སོགས་ནི་ཟེར་བ་རེད་ཅེས་བཤད་པ་ཙམ་ལས། སྔ་མོའི་བྱུང་རབས་ཀྱི་ཡིག་ཆ་ཚད་ལྡན་གང་ཞིག་ལས་དྲངས་མིན་དང་རྩོམ་པ་པོ་མཁས་པ་སུ་ཡིན་གསལ་ཁ་མེད་པར་བློས་རང་བཟོ་འབའ་ཞིག་བྱས་འདུག་པ་ནི་སུས་བལྟས་ན་ཤེས་གསལ་རེད། དེ་མིན་རྒྱ་ནག་ལ་བོད་ཀྱི་བདག་དབང་ཐད་ཁུངས་ལྡན་ཡིག་ཆ་འདྲེན་རྒྱུ་ཡོད་ན་ས་འཕྱར་གནམ་འཕྱར་མི་བྱེད་པ་ག་ལ་སྲིད་དེ། ཐ་ན་གངས་ཅན་བླ་མ་ལྟ་བུའི་ཅི་བཤད་ལུང་དུ་དྲངས་ནས་རྫུན་ཚོགས་སྒྲིག་པར་ཡ་ང་བག་ཚ་མེད་མཁན་ཞིག་ལ་དེ་རིང་འདི་དག་གི་ཁུངས་ལུང་སྟོན་རྒྱུ་མེད་པ་ནི། སྤྲང་པོའི་དབྱུག་པ་སྤྲང་པོའི་མགོ་གཅོག་ཟེར་བ་ལྟར་ཕྱུག་པོའི་ཧམ་པ་ཕྱུག་པོའི་སྲོག་ལེན་དུ་གྱུར་སོང་བ་མིན་ན་ཅི་རེད། ལར་ནས་ལོ་ངོ་ ༥༠ ། ༦༠ རིང་རྫུན་ཡར་བཤད་མར་བཤད་བྱས་པའི་རྐུན་མའི་འབབ་ས་འདི་ལ་ཁུངས་ལུང་ཡང་དག་ཞིག་བསྟན་རྒྱུ་མ་རྙེད་ཚེ། མི་རྣམས་ནི་རང་དབང་མེད་པའི་ཀྲུང་གོ་མི་དམངས་ལྟར་མགོ་གཡོག་ཆོག་ཆོག་ཅིག་ག་ལ་ཡིན། གཏན་ནས་མ་རེད་དོ། དེས་ན་ཡོན་ཆིང་གཉིས་རྒྱ་ནག་གི་གོང་མ་ཡིན་ཚུལ་ཨུ་ནན་བྱེད་པ་ནི་རྫུན་མའི་ནོངས་རྟགས་གསལ་བོར་ཐོན་པ་རེད་སྙམ།

 

བོད་རྙིང་པའམ་དེ་སྔའི་དགའ་ལྡན་ཕོ་བྲང་གི་ལམ་སྲོལ་རེ་འགའ་འགྱུར་བ་གཏོང་དགོས་པ་ཞིག་ཡིན་པ་༸གོང་ས་བཅུ་བཞི་པ་ཆེན་པོས་ལན་མང་བཀའ་གནང་ཟིན་པ་ལྟར། རྒྱ་ནག་གཞུང་གིས་མིང་སྙན་མོ་བཏགས་ཏེ་དབང་བསྒྱུར་སྟབས་བདེ་མ་བཟོས་སྔོན་ནས་ལེགས་བཅོས་སྤྱི་ཚོགས་འཛུགས་རྒྱུའི་ཐུགས་གཞིགས་གཟབ་ནན་གནང་འདུག་ལ། ཕྱི་ནང་གི་དཀའ་ངལ་མང་པོའི་འོག་ལོ་རབས་ལྔ་བཅུའི་སྟོད་དུ་ལེགས་བཅོས་སྤྱི་ཚོགས་དངོས་སུ་མགོ་བཙུགས་ཡོད་པ་དེས། མི་མང་གི་ཤེས་ཚད་སྨིན་མིན་ལ་མ་བལྟས་པར་༸གོང་ས་མཆོག་ནི་མི་མང་གི་བདེ་ཐབས་ཁོ་ནར་འབད་བརྩོན་གནང་མཁན་གྱི་དབུ་འཁྲིད་ཅིག་ཡིན་པ་ལྷན་སྐྱེས་དང་སྐྱེས་སྦྱངས་གཉིས་ཀས་ར་སྤྲོད་གནང་བ་རེད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འཕེལ་འགྲིབ་ཆེན་པོའི་ཁྲོད་ཞིང་བྲན་ལམ་ལུགས་མ་བརྒྱུད་པའི་མི་རིགས་ཤིག་འཛམ་གླིང་ཤར་ནུབ་གང་དུའང་ཡོད་ཚོད་མེད་པ་དེང་སང་ཤེས་ལྡན་ཀུན་གྱིས་མགྲིན་གཅིག་གིས་གླེང་བཞིན་པ་དང། རྩོམ་པ་པོ་ཁོ་བོར་མཚོན་ན་ཆུང་དུས་ནས་གྲོང་ཚོའི་ནང་གི་རྒན་རྒོན་ལོ་ལོན་བསམ་ཤེས་ཚོའི་ཁ་ནས་ཐོས་པ་ནི་ཁོང་ཚོར་རྒྱ་ནག་གིས་བཤུ་བཤོག་ཞིང་བྲན་དངོས་སུ་ལག་བསྟར་བྱས་སོང་གསུངས་པ་མ་གཏོགས། རང་སའི་རང་དཔོན་རྣམས་ཀྱི་དུས་སུ་མུ་གེ་དང་སྡེབས་གསོད་མགོ་ལ་ཡོང་མྱོང་མེད་ཚུལ་རྐྱང་ཐོས་རྒྱུ་ཡོད། དམིགས་བསལ་རྒྱ་མོ་རྐང་ཏོ་མ་ལས་འཕྲོས་ཏེ་རྒྱ་ནག་གི་འཚོ་བའི་གནས་བབ་བཤད་དུས་སེམས་ལ་དངངས་འདར་ཐེངས་མང་སྐྱེས་མྱོང། སྨྱུག་འཛིན་པས་ཟླ་འགའི་སྔོན་རྒྱ་གར་གྱི་བྷ་རོ་ཏྲ་མངའ་སྡེའི་ནང་གི་ཡུལ་དེའི་རྒྱལ་བོའི་ཅ་དངོས་འགྲེམས་སྟོན་ཁང་ནས་ཨེ་ཤ་ཡའི་ལུང་པ་ཁག་གི་དངོས་པོ་བཤམས་སྟོན་བྱས་པ་རྣམས་མཐོང། དེར་གྱོན་གོས་དང་མཚོན་ཆ། རྫ་མ། ཡི་གེ་སོགས་འདྲ་མིན་འདུག ཕོ་མོའི་གྱོན་གོས་རྣམས་ལས་མིའི་བོང་ཚད་ཆེ་ཤོས་བོད་མི་དང་ཅ་དངོས་དག་ལ་གསེར་དངུལ་གྱི་རིན་ཐང་ལྡན་ཤོས་བོད་ཀྱི་ཅ་དངོས་དེ་ཚོ་རེད། དངོས་རིགས་དེ་དག་གི་ཁྲོད་དུ་རྒྱ་མོ་རྐང་ཏོ་མའི་ལྷམ་བྱ་ཕོའི་མགོ་ཙམ་ལས་མེད་པ་དེ་དངོས་སུ་མཐོང་བས། ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བའི་མ་ཎི་སྐྱོར་སྐྱོར་དེ་ཡིད་ལ་དྲན་ནས་གད་མོ་རང་ཤོར་དུ་སོང། གང་ཡིན་ཞེ་ན་ཞིང་བྲན་གྱི་སྡུག་རྩུབ་སུ་ཆེ་ཕྱོགས་གཉིས་ཀྱི་གནས་བབ་བཤིབ་བསྡུར་བྱས་ན་ད་གཟོད་ཤེས་གསལ་རེད་མ་གཏོགས། བོད་རྙིང་པའི་བརྙན་འཕྲིན་དུམ་བུ་རེ་འགའ་བསྐྱར་སྟོན་ཡང་སྟོན་དང། པེད་ཤག་དམར་པོ་མཐོང་ན་འབུ་མེར་ལྕེབས་བཞིན་གྲིམ་རིག་རིག་བྱེད་པའི་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་ཁ་ཤས་གླ་གླས་བྱས་ཏེ་སྐྱིད་རབ་བདེ་རབ་སྐྱོར་པ་ཙམ་གྱིས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་ཐོབ་ཡོད་མེད་བཤད་ཁག་ཅིང། དངོས་གནས་ཁོང་ཚོར་བཅིངས་འགྲོལ་ཐོབ་ནས་ལྷ་ཡུལ་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱི་ཡོད་ན། ཞའོ་སྟོན་དང་སྨོན་ལམ་ཆེན་མོ། དགའ་ལྡན་ལྔ་མཆོད་སོགས་ཀྱིས་མཚོན་དུས་ཆེན་དག་གི་སྐབས་དམ་དྲག་དེ་ཙམ་གནང་དགོས་དོན་ཡོད་པ་མ་རེད་ལ། མཆོད་མཇལ་བ་ལས་སོ་ལྟའི་པར་ཆས་མང་པའི་གནས་སྟངས་དེ་འདྲ་ཞིག་ཀྱང་ཁྱོན་ནས་ཡོང་དོན་མེད། དེ་བཞིན་བོད་རིགས་ཆོས་ལྡན་ནང་པ་ཚོའི་རང་ཁྱིམ་དུ་ཆོས་དུག་ཏུ་བརྩི་བའི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོའི་འདྲ་པར་བཙན་འགེལ་བྱེད་འཇུག་དོན་དེ་བས་ཀྱང་ཡོད་པ་མ་རེད།

 

གལ་སྲིད་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་སམ། ཡང་ན་མི་མང་གིས་དགའ་མོས་བྱེད་པའི་རྒྱ་ནག་དང་བོད་ནང་གི་ཤེས་ལྡན་གཟུར་གནས་སྐོར་ཞིག་རང་དབང་གིས་བོད་རིགས་ས་ཁུལ་ཁག་ཏུ་གདན་འདྲེན་ཞུས་ཏེ། ད་ལྟའི་རང་སྐྱོང་ཟེར་བའི་གནས་བབ་ཐད་ཞིབ་འཇུག་བྱས་པ་ཡིན་ན། བོད་མི་ཚོའི་འདོད་བློ་གཏན་ནས་ཚིམས་ཀྱི་མེད་པ་དང། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྩ་ཁྲིམས་ནང་འཁོད་པའི་མི་རིགས་སྲིད་བྱུས་འགན་ལེན་རྣམས་རྦད་དེ་ཡིག་ཐོག་ནས་རུལ་ལ་ཉེ་བ་ཤེས་ཚོར་གསལ་བོ་འབྱུང་གི་རེད།

 

ཡང་ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ཁྲིང་ཁྲོན་ནས་བོད་དུ་མི་རིགས་ཁག་མཐུན་སྒྲིལ་དང། དཔལ་འབྱོར་ཡར་རྒྱས་ཕྱིན་ཏེ་འཚོ་བ་འོད་སྟོང་འབར་བའི་ཚད་དུ་སླེབས་ཡོད་པས། དེ་དྲིལ་བསྒྲགས་བྱས་ཏེ་”གུང་བྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག བཅོས་བསྒྱུར་སྒོ་འབྱེད་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་”བཅས་ཡག་པོ་དྲུག་བརྩེགས་གསལ་འདོན་བྱེད་དགོས་ཟེར། དངོས་དོན་དུ་བོད་རིགས་ས་ཁུལ་ཁག་ཏུ་ཡག་པོ་དྲུག་བརྩེགས་ཡོད་ན། ས་ལ་མི་འབབ་པའི་འུར་བསྟོད་བྱེད་མཚམས་བཞག་ནས་གུང་བྲན་ཏང་དང་བཅོས་བསྒྱུར་སྒོ་འབྱེད་སོགས་ཀྱིས་བོད་རིགས་མི་དམངས་ལ་ཡག་པོ་གང་བྱས་སྙན་ཐོ་ཞིབ་གསལ་འདོན་པ་དང། བོད་རིགས་ས་ཁུལ་ཁག་ཏུ་དེའི་གྲུབ་འབྲས་ཐད་བོད་མི་ཚོའི་ས་ནས་བསམ་ཚུལ་ཅི་ཡོད་ལ་ཉན་ཞིབ་དང་བསྐྱར་ཞིབ་བྱས་ཏེ་བོད་མི་རང་ངོས་ནས་ཡག་པོ་དྲུག་བརྩེགས་ཡིན་པ་རང་དབང་ངང་བཤད་དུ་བཅུགས་ན་འཇིག་རྟེན་འདིའི་སྟེང་མི་མང་ལ་དབང་བའི་གཞུང་སྤྱི་མཚུངས་ལྟར་གྱི་གནང་སྲོལ་ཞིག་ཡིན་མོད། ད་དུང་དབུ་འཁྲིད་ཚོའི་རང་སྐྱོན་འགེབས་ཐུབ་ཀྱི་ཁ་གཡང་བསྐྱར་ཟློས་དང། མི་མང་གི་རྣ་ལ་སུན་པའི་ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་དྲིལ་བསྒྲགས་ཀྱིས་མ་ཉེས་ཁག་གཡོག་བྱས་པའི་ཐ་སྙད་ཁག་ཅིག་སྟེ”འཆམ་མཐུན་སྤྱི་ཚོགས། ” དང། ” དངོས་ཐོག་བདེན་འཚོལ། “ཟེར་བ་སོགས་ཕྲེང་བསྟར་བསྒྲིགས་ནས་བཞུགས་ན་ནམ་རིང་སྒྲུང་གིས་འཁྱོལ་མིན་དུས་ཚོད་ཀྱིས་གསལ་བཤད་བྱེད་ངེས་སྟབས། ལུགས་སྲོལ་ལྟར་བྱུང་བའི་”ཀྲུང་གོའི་ཕུགས་འདུན་”ཡང་ཐ་སྙད་གསར་པ་ལྟར་སྣང་ཡང་སྔར་ལམ་གྲོག་རོང་ནང་ཐོན་སྐྱེད་བྱས་པའི་དངོས་པོ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན། ཚིག་ལས་དོན་སྟོང་པ་དང། ཐ་སྙད་སྐམ་པོ་ཙམ་ལས་སྲོག་མ་ཞུགས་པའི་ཀྲུང་དབྱང་གི་གཞུང་འབྲེལ་ཡིག་ཆ་རྣམས་ངེས་པར་དུ་མིང་དོན་མཚུངས་པའི་ཕྱོགས་སུ་བསྐྱོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ལ། བོད་ལ་ཤོད་དགོས་པ་གསུམ་འདོན་རྒྱུ་ལས་རང་ཉིད་ཀྱིས་ཤེས་དགོས་པ་གསུམ་ཡིད་བཅངས་བྱས་ཏེ། ”ཀྲུང་གོའི་ཕུགས་འདུན་”ཟེར་བའི་ཐ་སྙད་སྙིང་རྗེ་བོ་འདི་དག་ལ་མི་རིགས་ལྔ་བཅུ་ལྔ་དྲུག་ཐུན་མོང་འདྲ་མཉམ་གྱི་ཁེ་ཕན་དང་མདུན་ལམ་ཡོད་པའི་ནང་དོན་ལྡན་པར་བྱེད་རྒྱུ་ནི་དངོས་གནས་”རྒྱ་ནག་གི་རྨི་ལམ”་ངོ་མ་དེ་ཡིན་པ་འདྲ།

 

མཇུག་མཐར་སྨྱུག་འཛིན་པས་ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ལགས་ལ་གསལ་འདེབས་ཁ་ཤས་ཤིག་ཞུ་འདོད་པ་དེ། ༸གོང་ས་མཆོག་གིས་བོད་རྙིང་པའི་ལམ་སྲོལ་བསྐྱར་སློག་བྱེད་རྩིས་ཡོད་གནས་ཀྱི་དྲིལ་བསྒྲགས་རྫུན་མ་དེས་ད་ནི་རྦད་དེ་ཁུངས་འཁྱོལ་གྱི་མེད་པ་ངོས་ལེན་གནང་སྟེ་སྐྱག་རྫུན་ཡིན་ཡང་ཅུང་རྣ་ལ་འགྲོ་བོ་ཞིག་བཤད་ཐུབ་ན་ཡག་པོ་ཡོད་པ་དང། དེ་བཞིན་༸གོང་ས་མཆོག་གིས་ནམ་ཞར་ཡང་ནུབ་ཕྱོགས་ཀྲུང་རྒོལ་ཚོགས་པར་ལག་འབྲེལ་བྱས་ཏེ་”བོད་རང་བཙན་”རྩ་བ་ནས་རྩོད་ཀྱི་མེད་ལ། མ་འོངས་པའང་མི་རྩོད་པའི་ཐུགས་འདུན་བརྟན་པོ་ཡིན་སྟབས། ”བོད་རང་བཙན་”ཟེར་བཞིན་བོད་ཐོག་ཅི་བྱས་ཆོག་པའི་གཡོ་ཇུས་མཇུག་བསྡུ་བྱས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་༸གོང་ས་ཆེན་པོའི་སྐུ་ཚབ་མཉམ་འབྲེལ་མོལ་མགོ་འཛུགས་ཀྱིས། ཧ་ཅང་རིན་ཐང་བྲལ་བའི་༸གོང་ས་མཆོག་གི་ཡོང་རྒྱུའི་སྐུ་ཚེའི་རིང་གི་གོ་སྐབས་དམ་འཛིན་བྱེད་རྒྱུའི་གྲོས་གཞི་འདོན་རྒྱུ་ནི་ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ཞིག་གི་འོས་འགན་དངོས་གནས་དེ་རེད་བསམས།།

༢༠༡༣། ༦། ༡༧།  ཉིན།།

ཟུར་མཆན།

༡ ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ཨ་ཡོན་གྱི་གསལ་བོར་ཤོད་དགོས་པ་གསུམ་ཆ་ཚང་འདི་ནས་གཟིགས། http://tibet.people.com.cn/15245864.html

༢ ཞིས་ཅིན་ཕིན་གྱི་གཏམ་བཤད་རྣམས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པར་བཤད་པ་ལས་དྲངས།།

རྩོམ་རིག

Post navigation

Previous Post: ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ལི་ཁྲིང་ཁྲོན་གྱི་”བོད་ལ་ཤོད་དགོས་པ་གསུམ”ལ་ལྟ་བ།
Next Post: ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

Comments (15) on “ཀྲུང་དབྱང་ཆབ་སྲིད་རྒྱུན་ལས་ལི་ཁྲིང་ཁྲོན་གྱི་''བོད་ལ་ཤོད་དགོས་པ་གསུམ''ལ་ལྟ་བ།”

  1. སྣྲོན་ངག་ཁྲི། says:
    2013-06-19 at 1:39 pm

    ཁྱེད་ཀྱི་གསུངས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དེ་ལིའི་དྲང་ཁྲུན་(李长春)ཞེས་པ་འདི་ཡིན་ནམ་ཡང་ན་གཞན་ཞིག་གམ།

  2. སྣྲོན་ངག་ཁྲི། says:
    2013-06-19 at 1:53 pm

    ༼ཁྲིང་ཁྲོན་༽ཞེས་པ་འདི་རྒྱུན་ལས་གསར་པ་ཞིག་ཡིན་ནམ་ཡང་ན་སྐབས་གོང་མར་ཡོད་དམ།
    ཁྱེད་ཀྱིས་རྒྱ་ནག་གི་ངོ་ལྐོག་གི་གནས་ཚུལ་མང་པོ་ཞིག་བྲིས་གནང་འདུག་པ་ཐུགས་རྗེ་ཆེ།འོན་ཀྱང་དེ་དག་ལས་དབུ་མའི་ལམ་འགྲུབ་རེ་མེད་པ་ཞིག་ཏུ་མ་རྟོགས་པ་ཡ་མཚན་ཆེ།། རྒྱ་ནག་ཐོར་ཞིག་ཏུ་སོང་ན་ནི་བོད་རང་བཙན་ཡང་དབུ་མ་ལས་ཐོབ་སླ་བ་མ་ཡིན་པའི་
    དབང་དུ་བཏང་ནའང་དབུ་མ་ལས་དཀའ་བ་ཞིག་ནམ་ཡང་མ་ཡིན་སྙམ་མོ།།
    དེ་ནི་གོང་དུ་ཁྱེད་ཀྱིས་དྲངས་པའི་ལོ་རྒྱུས་ཀྱི་དཔང་རྟགས་སམ་གནས་དོན་དེ་དག་ལས་ཤེས་ནུས་སོ།

  3. ཅོག་མྱི། says:
    2013-06-19 at 10:45 pm

    རྩོམ་འཆལ་འདི་མོ་འདི་བྲིས་ནས་ཡེ་རྡོའི་གླགས་འཁེལ་ས་མ་རེད། རྒྱ་ནག་གི་ཆབ་སྲིད་ནི་ཆུ་འགོ་གངས་དང་འབྲེལ་ཞིང་ཆུ་རྔ་རྒྱ་མཚོར་འདྲེས་པའི་རྣམ་པ་ཅན་ཞིག་ཡིན་པ་མ་གཏོགས། ཞི་ཅིན་ཕིན་གྱིས་ཁོང་གི་དུས་རབས་ཞིག་གསར་གཏོད་བྱེད་པར་སྙམ་པ་ནི་རྨི་ལམ་ནང་གི་རྨི་ལམ་རང་རེད། ཁྱབ་པ་གཉིས་དང་བྱི་ལ་དཀར་ནག་དང་འཐུས་ཚབ་གསུམ་དང་འཆམ་མཐུན་སོགས་གཡས་གཡོན་ལས་འཕྲོས་པའི་རྒྱ་ནག་རྨི་ལམ་ནི་བོད་རྒྱ་སུ་ལའང་མཚོན་ན་རག་ཐུབ་མེད་པའི་རྨི་ལམ་རེད།
    ད་རི་ངོ་གཉིས་ཀྱི་སྐད་ཆས་རང་ངོ་གཞན་ངོ་ལོན་ནི་མ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-20 at 2:29 am

    འདིར་འདུལ་བའི་ནང་ལ། བཙུན་པས་ས་བོན་མི་གཅོད་པ་དང་། དབྱར་གནས་གནང་དགསོས་པའི་ཕན་ཡོན་ཞོར་ལ་བསྟན་འདུག་གོ

  5. ཅོ་རི་ཉི་མ། says:
    2013-06-20 at 8:22 am

    ཤར་ཁུག་གི་སྐད་ཆ་འདི་ལ་བདེན་པའི་ཆ་གང་མང་འདུག་པས་ཡག་པོ་རེད། གཏམ་བདེན་པ་བཤད་ན་དགྲ་བོའི་ཀྱང་ཉན་གི་རེད། མི་བདེན་རྫུན་བསྒྲགས་བྱས་ན་སུ་ཀྱང་ཉན་གི་མ་རེད། ལོ་རྒྱུས་ཐོག་གནའ་སྔ་མོ་ནས་བོད་འདི་རྒྱ་ཁུངས་མིན་པར་གསལ་པོ་ཤེས་ཡོད་པར་ཡག་པོ་རེད་ལ་བཤད་པ་ནི་དེ་ལས་ཡག་པོ་རེད།

    གུན་ཁྲན་ཏང་གིས་ཁོ་རང་ཚོ་སོག་རྒྱལ་ཇེར་གེར་རྒྱལ་པོའི་བུ་ཡིན་མདོག་བྱས་ནས་ལོ་རྒྱུས་འཁྱོག་བཤད་བྱས་པར་ཁུངས་ཁྱོག་གི་མེད་པ་ནི་རྫུན་ལ་ཕུགས་མེད་ཟེར་བ་དེ་རེད། གནའ་སྔ་མོའི་དུས་ནས་བོད་རྒྱ་ཁུངས་དང་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་ནི་རྫུན་གཏམ་ཁོ་ན་རེད།

    དུས་དེ་རིང་ཡང་བོད་འདི་ཆ་ཚང་རྒྱ་ཁུངས་མིན་ལ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཞིག་བོད་མི་རིགས་ལ་ལྷག་བསྡད་ཡོད། འདི་ནི་དངོས་ཡོད་གནས་སྟངས་ཡིན། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་ད་ལྟའི་བློ་བཟང་སེང་གེའི་བར་དུ་བོད་ཀྱི་དབུ་ཁྲིད་འཕོ་འགྱུར་ཕྱིན་བསྡད་ཡོད། བོད་མི་རིགས་ཀྱིས་ངོས་ནས་ང་ཚོའི་དབུ་ཁྲིད་སྲིད་འཛིན་བློ་བཟང་སེང་གེ་མཆོག་ཡིན་པ་ལས་ཀྲུང་ཞིའི་ཞིང་ཇན་ཕོན་མིན་པར་ངོས་འཛིན་གནང་གི་རེད། བོད་གཞི་བྱེས་གཉིས་ཀྱིས་ངོས་ལེན་འདི་ལྟར་གནང་གི་རེད།

    ཁོང་ཚོའི་ཤོད་དགོས་པ་གསུམ་ནི། ༡ བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་བོར་ཤོད་དགོས། ༢ ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མགོ་རྟིང་སློག་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་གསལ་བོར་ཤོད་དགོས་། ༣ བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་འགྲོ་བའི་གནས་བབ་བརྟན་དུ་ཕྱིན་པ་གསལ་བོར་ཤོད་དགོས་༽ཅེས་པ་འདི་དག་སུ་གང་གིས་ཁས་ལེན་གྱི་མ་རེད་འདོད།

    ་༡་་་དབུ་མ་ལམ་པ་བ་ཚོས་ཀྱང་གནའ་སྔ་མོ་ནས་བོད་འདི་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཁས་ལེན་ཤེས་ཐབས་མེད་པ་རེད། གལ་སྲིད་ལེན་ནའང་རྫུན་རེད། ལོ་རྒྱུས་དངོས་ཀྱི་ཐོག་ཏུ་དེ་འདྲ་མེད་པར་དངོས་གནས་ཚུལ་རེད། གུན་ཁྲན་ཏང་གིས་སྟོང་བསམ་མ་འཆང་ན་དགའ་གི་རེད་འདོད།། དངོས་ཡོད་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གི་རེད་འདོད།

    ༢་་གུན་ཁྲན་ཏང་གིས་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱ་བཅངས་གྲོལ་བཏང་བ་ཡིན་ཟེར་བའི་རྫུན་གཏམ་བཤད་ཀྱི་མཚམས་བཞག་ནས་དོན་དངོས་ཞིང་འབྲོག་མཉམ་འབྲེལ་ལམ་ལུགས་ཀྱི་བོད་རྒྱལ་ཁབ་ལ་ཇག་པ་བརྒྱབ་སྟངས་གསལ་པོ་བཤད་ན་དགའ་གི་རེད་འདོད། དམངས་གཙོའི་བཅོས་སྒྱུར་གྱི་སྐབས་སུ་བོད་ཀྱི་རྒྱ་ཆེན་མི་དམངས་ཀྱི་ཁྲིམས་མཐུན་གྱི་སྒེར་རྒྱུ་དང་ཕ་ཁྱིམ་ཏང་གིས་བཙན་ཕྲོགས་བྱས་པ་རྣམས་ཇག་པའི་ལས་ཀ་མིན་ན་ག་རེ་རེད་དམ། ངོ་ཚ་མེད་པའི་གུན་ཁྲན་ཏང་་ཇག་པ་བརྒྱབ་ནས་ཕྱུག་པོ་ཆགས་པ་རེད། གསལ་བཤད་དགོས་ན་མང་པོ་བཤད་ཀྱི་ཡོད།

    ༣ བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་འགྲོ་བའི་གནས་བབ་བརྟན་དུ་ཕྱིན་པ་གསལ་བོར་ཤོད་དགོས་ཟེར་ན་བཤད་ཤེས་ཀྱི་མ་རེད། ཨ་སྒོར་དུང་ཕྱུར་གྱི་རིན་ཐང་ལྡན་པའི་བོད་གངས་ཅན་པའི་རྒྱུ་ནོར་རྙིང་པ་ཚང་མ་གུན་ཁྲན་ཏང་གིས་བཙན་ཕྲོགས་བཟོས་ནས་བོད་ལ་འོད་སྟོང་འབར་བའི་དཔལ་འབྱོར་གྱི་གྲུབ་འབྲས་ཐོན་ཡོད་ཅེས་ག་འདྲ་བཤད་དགོས་པ་རེད་དམ།

    མི་ལོ་ལྔ་བཅུའི་རིང་དུ་བོད་ཀྱི་གསེར་དང་དངུལ། ཟངས་དང་ལྕགས། རྡོ་སོལ་དང་ཤིང་ནགས། སོགས་རིན་ཐང་བྲལ་བའི་རང་བྱུང་ཐོན་ཁུངས་བཙན་འཕྲོག་བྱས་བསྡད་པ་ལས་བོད་མི་རིགས་ལ་ཅི་ཞིག་སྤྲད་ཡོད་དམ། བོད་མི་རིགས་ཀྱི་ཐོབ་ཐང་ཡིན་པའི་དཔལ་འབྱོར་བཙན་འཕྲོག་བྱས་པ་དེས་རྒྱ་མི་རིགས་ལ་ཡང་ཕན་ཐོགས་ཀྱི་མེད། གུན་ཁྲན་ཏང་གི་དཔོན་ངན་ལྐོག་ས་རུལ་སུངས་ཚོས་ཟས་ནས་བསྡད་ཡོད། ང་ཚ་མེད་པའི་ཏང་གི་ཕག་རྒམ་ཚོ། ཁྱོད་ཚོའི་མའོ་དམར་ཕྱོགས་པའི་རྨི་ལམ་སྐྱིད་པོ་དེར་རྩ་བ་ནས་གཏོར་མཁན་གུན་ཁྲན་ཏང་མི་ཚོ་རེད།

    ཞིང་བྲན་ཁྲི་ཚོ་བརྒྱ་བཅངས་གྲོལ་བཏངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་པོའི་འོག་ཏུ་སྤྲང་ཕྱུག་འདྲ་མཉམ་བཟོ་འདོད་པ་དེ་མའོ་དམར་ཕྱོགས་པའི་རྨི་ལམ་དང་པོ་མིན་ནམ། མའོ་ཀྲུང་ཞིའི་སྐྱེས་སའི་ཞིང་པ་ཚོའི་དཔལ་འབྱོར་ལ་ལྟོས། ཁྱོད་རང་ཏང་མི་ཚོའི་དཔལ་འབྱོར་དང་བསྡུར་ན་ག་འདྲ་འདུག་གམ། རྫུན་རྐྱལ་བ་ཚོ། གུན་ཁྲན་ཏང་གི་དཔོན་ངན་ལྐོག་ཟ་ཡུལ་སུངས་ཚོ་ལ་སྒེར་བདག་གྱི་གནམ་གྲུ་ཡོད། བྲན་གཡོག་ཞིང་བྲན་མི་མདངས་ལ་རྐང་འཁོར་ཡག་པོ་ཞིག་ཀྱང་གཏོང་ཡ་མེད། སྙིང་རྗེ་་་མ་བྷན་གུན་ཁྲན་ཏང། ཁྱོད་ཚོ་དམར་ཕྱོགས་པའི་རྨི་ལམ་རྡོག་རོལ་བཏངས་མཁན་ཁྱོད་རང་ཚོ་རེད།

    དམར་ཕྱོགས་པ་ཁྱོད་ཚོའི་རྨི་ལམ་དེར་མངོན་གྱུར་ཡོང་ཆེད་དུ་མི་སེར་ས་ཡ་༤༥་བསད་པ་རེད། མུ་གེ་དང་དམར་གསོད་བྱས་ནས་བསད་པ་རེད། ལས་ངན་དེ་འདྲ་བསགས་པའི་རྨི་ལམ་ངན་པ་དེ་ཡང་བསྐྱར་གཏོང་གི་མ་འདུག འགྲུབ་ཡ་མེད་པྭ།་་་ཧཧཧ

  6. ཅོ་རི་ཉི་མ། says:
    2013-06-20 at 8:30 am

    རྒྱ་ནག་གུན་ཁྲན་དམར་ཕྱོགས་པའི་རྨི་ལམ་ཧ་མ་གོ་བ་དང་བོད་པའི་ལྷ་ཆོས་རིང་ལུགས་པའི་རྨི་ལམ་ཧ་མ་གོ་ན་བོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་མ་བཤད་ན་དགའ་གི་རེད་འདོད། འགྲུབ་ཡ་མེད་པའི་རྨི་ལམ་སྐྱིད་པོ་གཉིས་ཀྱི་སྒེར་གཅོད་འོག་ཏུ་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རེད་དོ།།

  7. ཐུ་བ་རྒྱ་མཚོ། says:
    2013-06-20 at 11:43 am

    ཡང་། ཅོ་རི་བསླེབས་ནས་
    ༝ གཏམ་བདེན་པ་བཤད་ན་དགྲ་བོའི་ཀྱང་ཉན་གི་རེད།༝ ཟེར།
    ཨ་ ཅོ་རི་ལགས། གྱོད་གཏམ་དེ་འདྲའི་མ་ཤོད་ན་དགའ།
    རྒྱ་དམར་གཞུང་གིས་བོད་རྒྱའི་གྲོས་མོལ་ལ་ཡ་ལན་ཁྱོན་ནས་མི་བྱེད་པ་དེ་བོད་མིའི་སྐད་ཆ་བདེན་པ་མིན་ཙང་རེད་པས། ཨ།

    ཅོ་རི་ཅོ་རྒན། ཅོ་རི་ཅོ་ནག ཅོ་རི་ཅོ་ལོག
    ཧཧཧ

  8. ཅོ་རི་ཉི་མ། says:
    2013-06-20 at 12:25 pm

    ད་རེད་་་བོད་རྒྱ་ཆེན་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུས་རྒྱལ་ཁབ་ཀྱི་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་སྡོད་འདོད་ཡོད་ཟེར་བ་དྲང་པོ་མིན་པར་ཤེས་ནས་ཉན་གྱི་མེད་པ་རེད། སྐར་ལྔའི་དར་དམར་གྱི་འོག་ཏུ་སྡོད་འདོད་མེད་པར་ཤེས་ནས་ཉན་གྱི་མེད་པ་རེད། ཆོས་ལུགས་དང་ལུས་ངག་ཡིད་གསུམ་འདྲེས་ནས་ཡོད་པས་དམར་ཕྱོགས་པ་ཆགས་ཡོང་ཡ་མེད་པར་ཤེས་ནས་ཉན་གྱི་མེད་པ་རེད། དམངས་གཙོའི་གསེར་གྱི་རྟགས་མ་སྐེ་ལ་གོན་ནས་བསྡད་ཡོད་པར་ཤེས་ནས་ཉན་གྱི་མེད་པ་རེད་འདོད་དོ།།

  9. ཐུ་བ་རྒྱ་མཚོ། says:
    2013-06-20 at 1:14 pm

    ཨ་ལེ། བྱས་ན།

    དེ་སྔོན་གྱི་ང་ཚོའི་སྐད་ཆ་ཚང་མ་བདེན་པ་མིན་ན། ད། དེ་ལས་གཞན་པའི་བདེན་པ་གཞན་པ་ཅིག་ག་རེ་ཤོད་དགོས་གི་ཡོད་ན། ཁྱོད་དང་རྒྱ་གཞུང་གཉིས་ལ་བདེན་པ་གཞན་དག་ཅིག་དགོས་གི་ཡོད་པ་འདྲ། ཤོད་དང་། ག་རེ་དགོས་གི་རེད། རྒྱ་གཞུང་ལ་དགོས་པའི་བདེན་པ་དེ་ག་རེ་རེད།

  10. ཞོལ་གཡག་འབྲོང་རྒྱུད། says:
    2013-06-20 at 3:06 pm

    ཅོ་རི་ལ་དགོས་རྒྱུ་དེ་བྱུང་རབས་ལོ་སྒྱུས་བདེན་པ་དང་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་བདེན་པ་དེ་རེད། རྒྱ་གཞུང་ལ་དགོས་རྒྱུའི་བདེན་པ་དེ་འཐབ་རྩོད་ཀྱི་ནུས་ཤུགས་ཕལ་ཆེར་སྐྱ་ཟད་སྔོ་གཏུགས་ལ་ཐུག་ནས་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ནས་ཏང་གི་ཅི་གསུང་བཀའ་སྒྲུབ་བྱེད་དགོས་པའི་བདེན་པ་དེ་རེད་དོ།

  11. ཅོ་རི་ཉི་མ། says:
    2013-06-20 at 3:47 pm

    ཐུ་བ་ལགས།
    ང་ལ་མངོན་དུ་འགྱུར་དགོས་པའི་རྨི་ལམ་སྐྱིད་པོ་ཞིག་ཡོད་པས་ངོ་སྤྲོད་བྱེད་ན་འདོད། སེམས་ཁུང་གི་སྐད་ཆ་ཡིན།

    ང་ཡང་མྱི་ཞིག་ཡིན་པས་ཆ་ནས་ངའི་རྒྱལ་ཁབ་འདི་སྙན་གྲགས་ལྡན་པ་ཞིག་དང་མི་དམངས་བདེ་སྐྱིད་ཡོད་པའི་རྒྱལ་ཁབ་ཤིག་འཛུགས་འདོད་ཡོད། མངོན་འདོད་ཟེར་ནའང་འདྲ་རྨི་ལམ་ཟེར་ནའང་འདྲ། ང་ཡང་ཕ་མེས་ཏ་ལའི་བླ་མའི་གདུལ་བྱ་ཁྲུས་ནས་མ་དག་ཞིག་ཡིན་པས་ངོས་ནས་བཤད་ན་བུ་ངའི་རྒྱལ་ཁབ་ཀྱི་ནང་དུ་ངའི་ཕ་མེས་ཚོའི་མགོ་ཐོག་ཏུ་རྒྱ་དཔོན་དམར་ཕྱོགས་པ་མེ་མདའ་ཟིན་མཁན་ཞིག་བཞག་འདོད་རྩ་བ་ནས་མེད། རབ་བྱུང་ན་མགོ་ཏུ་བྱ་ཡང་འཕུར་བཅུག་འདོད་མེད་་་ཧཧ

    ངའི་ཨ་མས་ང་ཆུང་དུས་སུ་ཕྱག་འཚལ་ནས་སྨོན་ལམ་བརྒྱབ་ཀི་རེད། དེ་དུས་ང་ཆུང་ཆུང་ལོ་དྲུག་བདུན་ཡན་མན་རེད། ངས་ཨ་མའི་ཕྱག་འཚལ་སྐབས་སྒལ་པའི་སྟེང་དུ་རྟ་གཞོན་པ་ལྟ་བུ་རྩེད་མོ་རྩེས་མྱངས་ཡོད། སྐབས་དེ་དུས་ངའི་རྣ་བའི་ནང་དུ་གོ་བ་ནི་ཨ་མས་ཁ་ནས་འདོན་པའི་སྨོན་ལམ་རེད།
    ༡་་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ཁྲི་ལ་འཁོད་པར་ཤོག
    ༢་་་བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བར་ཤོག་་་ཅེས་སྨོན་ལམ་བརྒྱབ་ཀྱི་རེད། སྐབས་དེར་དུས་ངས་ཨ་མ་ལ་དྲིས་མྱངས་ཡོད། ཨ་མ་་་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ཁྲི་ལ་འགོད་པར་ཤོག་གསུངས་ན་ག་རེ་རེད་དམ་ཞེས་ངས་དྲིས་མྱངས་ཡོད། ཨ་མས་་གསུངས་ན་་༩རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་སོང་ན་བོད་གངས་ཅན་པ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་གྱི་རེད། ༧རྒྱལ་བ་རིན་པོ་ཆེན་ང་ཚོའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་རེད་ཅེས་སྐད་འགོ་ཆུང་ཆུང་བྱས་ནས་ཉལ་ས་ནང་དུ་གསུངས་ཀི་ཡོད།།་་མ་གཏོགས་ངའི་ཨ་མས་ང་ཚོའི་དཔོན་པོ་མའོ་ཀྲུང་ཞིའི་རེད་གསུངས་མྱངས་མེད།་་་་་་་་་་ཧཧཧ

    ངའི་ཕ་མེས་ནས་ཡང་མེས་རྒྱུད་ཡོང་བའི་རྨི་ལམ་ཟེར་ནའང་འདྲ། བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཟེར་ནའང་འདྲ། ང་ལ་ཡང་རྨི་ལམ་ཞིག་ཡོད་ལུས་ཆོག ངའི་རྨི་ལམ་ནང་གི་བོད་རྒྱལ་ཁབ་འདི་ནི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཤིག་ཡིན། རང་དབང་དམངས་གཙོ་ཡང་དག་པ་ཡོད་པའི་བོད་རྒྱལ་ཁབ་ཤིག་དང་དཔལ་འབྱོར་གྱི་དཀའ་ངལ་མེད་པའི་རྒྱལ་ཁབ་ཤིག་འཛུགས་འདོད་ཀྱི་རྨི་ལམ་ཡོད། མ་གཏོགས་བཀའ་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ཞིང་ཕྲན་ལམ་ལུགས་དང་བོད་རྙིང་པ་ཟེར་བའི་ཤེས་རྨོངས་ཀྱི་རྒྱལ་ཁབ་ཤིག་འཛུགས་འདོད་པ་རྩ་བ་ནས་མིན།

    ངའི་རྨི་ལམ་བྱས་ན་བོད་མི་རང་གིས་དཀའ་ལས་བརྒྱབ། ཀླད་པ་དཀྲུག་དཀྲུག་གཏོང་ནས་བོད་མི་རང་དང་འཚམས་པའི་བདེ་སྐྱིད་ཤིག་རང་གིས་སྐྲུན་འདོད་ཡོད། འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་དུ་ཉལ་འདོད་རྩ་བ་ནས་མེད། བོད་མི་རིགས་འཚོ་བ་རང་སྐྱོང་མཁན་ཐུབ་མཁན་གྱི་རྒྱལ་ཁབ་ཤིག་སྔོན་ནས་རེད་ལ་རྗེས་སུ་ཡང་འཚོ་བ་རང་སྐྱོང་ཐུབ་ངེས་རེད། ་་་་་་ཨོ་ཡ་་་་་་་་ད་མང་དྲག་སོང་་་་་ད་ལན་དེ་ཙམ་ལས་མེད།

  12. ཐུ་བ་རྒྱ་མཚོ། says:
    2013-06-20 at 4:58 pm

    ཞོལ་གཡག་གིས་ཅོ་རིའི་ཚབ་བྱས་ནས་ལན་བཏབས་པ་ལེགས་མོད།

    བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་རི་བྲག་གཡང་གཟར་དང་། གཙང་བོ་ཆུ་ཆེན་སོགས་ཀྱག་ཀྱོག་གྲངས་ལས་འདས་པ་ཞིག་བརྒྱུད་ནས་བསླེབས་པ་ཡིན་ཙང་བདེན་པའི་མཚམས་གང་ལ་མཛུབ་མོས་འཛུགས་རྒྱུ་དེའང་ས་སྲོད་ཀྱི་ཉག་གའི་ནག་འབུར་ཞིག་དང་འདྲ་སེ་མི་འདུག་གམ།

    ལྷན་སྐྱེས་རང་བཞིན་གྱིས་ཐོབ་ཐང་ཚུགས་ཐུབ་ཅིག་ནི་བྱང་ཐང་གི་རི་དྭགས་གཅན་གཟན་ལ་ཡང་དེང་གི་དུས་རབས་སུ་ཡོད་པ་མ་ཡིན་ན་ཟས་གོས་རྒྱན་སྤྲོས་ཀྱི་མངོན་པར་ཚིམ་ལ་དགའ་བ་དང་། ཚན་རྩལ་དཔལ་ཡོན་གྱི་དབུལ་ཞིང་ཕོངས་བའི་མི་རིགས་ཅིག་ཡིན་ན་ཁ་རྩང་དེ་རིང་གི་དུས་ཚོད་ལ་རང་རྐྱ་ཚུགས་ཐུ་ངང་སྡོད་རྒྱུ་ཟེར་ན་དུས་རབས་བཅུ་ཕྲག་ལྷག་ཕྱིར་ནུར་རྒྱག་ན་མ་གཏོགས་ཐབས་ལམ་གཞན་ག་རེ་འདུག

    ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་ནས་ཏང་གི་བཀའ་གསུང་ཅི་སྒྲུབ་བྱེད་དགོས་པ་ནི་ཧམ་པའི་རི་བོ་ཞིག་ལས་བདེན་པའི་ཆ་ཤས་ཏིལ་ཙམ་ཡང་མེད་ན་མི་ཉན་ཁོ་ཐག་ཡིན་ནོ།

  13. ཐུ་བ་རྒྱ་མཚོ། says:
    2013-06-20 at 5:12 pm

    སྐྱིད་པོ། རྨི་ལམ་སྐྱིད་པོ།

    ད་རེས་ཅོ་རི་ལགས་ཀྱི་རྨི་ལམ་འདི་བོད་མི་སྤྱི་བོ་གནམ་བསྟན་ཟེར་བ་ཚང་མས་རྨིས་དགོས་པ་ཞིག་རེད།

    ཡིན་ན་ཡང་། རང་གི་མགོ་ཐོག་ཏུ་ནམ་མཁའི་བྱ་ཡང་འཕུར་འཇུག་གི་མིན་ཟེར་ན། ག་རེ་རེད། ཧམ་པ་འདི་འདྲ་རྒྱ་གུང་ཁྲན་གིས་ཀྱང་ཤོད་ཨ་ཡོང་། ཧཧཧ

  14. ཅོ་རི་ཉི་མ། says:
    2013-06-21 at 12:22 pm

    བློ་མཐུན་ལགས་་་ཁམས་བཟང་། ཐུ་བ་རྒྱ་མཚོ་ལགས་་་མུ་མཐུད་ནས་ངའི་རྨི་ལམ་འདྲ་གཏོང་ཤོག་ཨ་་་ཧཧཧ

    ཕ་མེས་ཡང་མེས་རྣམས་ཀྱི་རྨི་ལམ་ཡིན།
    མི་རབས་གསར་རྣམས་ཀྱི་མངོན་འདོད་ཡིན།
    རུས་དཀར་ས་ཡི་ནང་དུ་མ་འཐིབ་པར།
    རྨི་ལམ་མངོན་འགྱུར་ཡོང་ལ་འབད་ངེས་སོ།།

  15. ཅོ་རི་ཉི་མ། says:
    2013-06-21 at 5:05 pm

    ཐུ་བ་ལེབ་ལེབ་ལགས་དང་ང་ཅོ་རི་ལ་སྙིང་ཉེ་བའི་དྲ་གྲོགས་རྣམས་པ། ཅོ་རི་རིལ་རིལ་གྱི་མཉམ་དུ་བོད་ཀྱི་སྙན་ངག་དང་སྙན་གླུ་ཞིག་ཉན་མཁན་ཕེབས། དེང་སང་གི་ང་རང་ཚོའི་གནད་བབ་དང་། སྙན་ངག་གི་འགྱུར་ཁུག སེམས་ཀྱི་འཚོ་བ་ཟབ་སའི་ནས་ཐོན་པའི་གནད་དོན་རེ་རེ། ཧཧ་་་ཉན་སྤྲོ་པོ་ཡོང་། ཚིག་རྩོམ་པ་པོ་སྨན་ལྷ་སྐྱབས། འགྱུར་ཁུག་མཁན་སྒྲོལ་མ་སྐྱབས་རྣམས་པ་གཉིས་རེད།་་་http://www.youtube.com/watch?v=sGKxn0uKhpU

    ཐུ་བ་ལེབ་ལེབ་ཉོན་ཨ། ད་ངའི་སྐད་ཆ། ཁོང་གཉིས་ཀྱི་འགྱུར་ཁུག་དེའི་ནང་གི་༼སུ་ཡི་རྨི་ལམ་གང་ལ་ཁྱེར་སོང་༽ཞེས་པའི་རྨི་ལམ་དེ་དང་ངའི་རྨི་ལམ་གཉིས་ལ་ཁྱད་པ་ཞིག་འདུག་གམ། གཅིག་གསུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme