Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་གོའི་འབའ་བ་ཕུན་ཚོགས་དབང་རྒྱལ་གླེང་།

Posted on 2014-04-202014-04-20 By ཁ་བརྡ་ 22 Comments on ཀྲུང་གོའི་འབའ་བ་ཕུན་ཚོགས་དབང་རྒྱལ་གླེང་།

རྔ་རྒོད།

imageཁོ་བོས་ཐོག་མར་ཕུན་དབང་རྒྱལ་ས་པེ་ཅེན་ནས་བདེ་འཇགས་ངང་ཤི་སོང་བའི་གཏམ་དེ། ངས་སྐྱག་པ་ཞིག་གཏོང་ཞོར་དུ་མའོ་དང་ཏན་གཉིས་ཀྱི་ལོ་རྒྱུས་དབྱིན་བྲིས་ཚད་ལྡན་མ་ཞིག་ཀློག་བཞིན་པའི་སྐབས་དེར་ཐོས་སོང་མོད། འོན་ཀྱང་། སྐད་ཆ་དེས་ང་ལ་ཚོར་བ་བདེ་སྡུག་གང་ཡང་སྤྲད་མ་སོང་། རྒྱུ་མཚན་ནི་ཕལ་ཆེར། སྐབས་དེར་ངའི་མིག་ལམ་དུ་འཆར་འོངས་པ་ནི་ཁོའི་མི་ཚེའི་ལོ་རྒྱུས་དེ་དབྱིན་བོད་གཉིས་ཀའི་སྟེང་ན་ཡོད་པ་ཁོ་ན་ཡིན་པས་རེད། དེའི་སྐོར་ལ་ངས་ནམ་རྒྱུན་དབྱིན་སྐད་ཐོག་ཏུ་འདི་ལྟར་ལབ་ཀྱིན་ཡོད། I didn’t buy that story ཞེས་བཤད་རྐྱང་ཡིན། རྒྱུ་མཚན། ལས་མི་དགེ་བ་བསྒྲུབས་པ་ལས་འབྲས་པུ་དགེ་བ་འབྱུང་དཔེ་མི་སྲིད་པ་དང་ལྷག་པར་དུ་ལོ་རྒྱུས་དེ། ཕྱི་རྒྱལ་གྱི་གསར་འགོད་པ་སྐུ་ཞབས་གྷོ་སི་ཐྲིན་གཙོས་མི་ལྔས་ལོ་བཅུའི་རིང་རྒྱ་ནག་གི་ཁ་གཏད་ཆེད་དུ་ཕུན་དབང་ལ་བཅར་འདྲི་ཡང་དང་བསྐྱར་དུ་བགྱིས་ཏེ་མཐར་ཡག་བསྒྲིགས་བླ་མའི་ལོ་རྒྱུས་ལྟར་ང་ཚོའི་མིག་མདུན་དུ་སྤུངས་པའི་དེབ་རྒན་དག་ལྟར་བཟོས་པ་ཞིག་དེའོ།།
དཔེར་ན། ཤར་བ་བསྟན་འཛིན་གྱིས་སྐུ་ཞབས་ཧེ་ལོ་རི་ལ་གཡོག་བགྱིས་ཏེ་ཇོ་མོ་གླིང་མའི་གངས་རྩེར་བསྐྱོད་དེ་འཛམ་གླིང་ན་ལོ་རྒྱུས་གསར་བ་ཞིག་བསྐྲུན་པའི་རྗེས་སུ། ད་གཟོད་ནུབ་བོད་གསར་འགོད་པ་དག་གིས། ཤར་བ་བསྟན་འཛིན་ལ་དཔའ་བོའི་མཚན་སྙན་ཞིག་གསོལ་བ་འདྲ་བོ་རེད། དངོས་ནས་དེ་དུས་ཤར་བ་བསྟན་འཛིན་ནི་གཡོག་གླ་ཙམ་གྱི་ཆེད་དུ་སོང་བ་ལས་བོད་མིའི་ལན་ཞེན་དོན་དུ་སོང་བ་མ་ཡིན་པ་ལྟ་བུ།

གང་ལྟར་མདོར་བསྡུས་ན། ཕུན་དབང་གི་སྤྱོད་པ་ནི་འཚེ་བའི་རིགས་དང་། ལྟ་བ་ནི་རྒྱང་འཕེན་པའི་བསམ་བློ་དང་ཧ་ཅང་འདྲ་བོ་ཡོད་མཁན་གྱི་འཇིག་རྟེན་པའི་མི་རྒན་ཞིག་ལ་ཚང་མས་ངོས་འཛིན་བྱ་འོས། དེའི་ཕྱིར། འདི་འདྲའི་འཇིག་རྟེན་པ་ཞིག་ལ། ནང་བའི་དགེ་སློང་ཞིག་ཕར་ཞོག མཐའ་ན་ནང་བ་ཞིག་ཡིན་ཕྱིན། ཕུན་དབང་དེ་དམ་པ་དང་ཡིད་རྟོན་བྱ་བའི་གནས་སུ་བཞག་ན། རང་རྒྱུད་ཀྱི་སྐྱབས་འགྲོ་དེ་ཡང་བརླག་འགྲོ་བ་དེ་ཚད་ལྡན་གྱི་གཞུང་དུ་ལུང་རིགས་གཉིས་ཀྱིས་བསྒྲུབས་ཡོད། དེའི་ཕྱིར། བོད་ཕྱི་ནང་གི་གྲོང་དགེ་ཚོང་བ་ཚོས་ཕུན་དབང་གི་འདྲ་པར་དེ་རང་གི་བླ་མའི་ཁྲི་སྟེང་དུ་བཞག་སྟེ་ཕུན་དབང་དེ་དམ་པའམ་སྐྱབས་གནས་སུ་འཛིན་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་ཚད་མ་དང་རྒྱབ་འགལ་ཡིན་པར་ཤེས་དགོས།

གཞན་འདིར་ཕུན་དབང་དང་འདྲ་མཚུངས་ཡིན་པའི་ལོ་རྒྱུས་བདེན་པ་ཞིག་བཤད་འདོད་བྱུང་། ངའི་ཕ་ཡུལ་ན་ཕུན་དབང་དང་དུས་མཉམ་དུ་འཚར་ལོངས་བྱུང་བའི་གསར་བརྗེ་བ་གྲགས་ཅན་མཚང་མིང་དུ་༼འབྲོག་ལུ་མྱིག་ཆེ༽རུ་འབོད་པ་ཞིག་ཡོད། ཁོ་དང་ཕུན་དབང་གཉིས་ཀའི་དམིགས་ཡུལ་དང་ལས་ཀ་ཚང་མ་གཅིག་པ་གཅིག་རྐྱང་ཡིན་ཏེ། རྒྱ་བོད་སྐད་སྒྱུར། དམག་མིའི་ལམ་ཁྲིད། བོད་མིར་གཅར་རྡུང་བྱེད་པ་སོགས་རེད། ཁོང་གཉིས་འདྲ་མཚུངས་མིན་པ་གཅིག་ནི་གཟན་ཤམ་གྱོན་ཡོད་མེད་ཁོ་ན་རེད། སྐབས་དེར་ཁོང་རྔ་བ་སྒོ་མང་དགོན་པའི་རྒྱུད་པ་གྲྭ་ཚང་གི་དགེ་བསྐོས་རེད། ཡིན་ནའང་དགོན་པའི་ལྷ་སྡེའི་ཁོངས་སུ་གཏོགས་པའི་དཔའ་བོ”རྡོ་ཤུལ་གྭ་ཉག”གཙོས”དགའ་བདེ་རྐང་ལོ”དང”སོག་གཙང་ཨ་ལོ”བཅས་ཀྱིས”འབྲོག་ལི་མྱིག་ཆེ”དེ་བཙན་བཟུང་བགྱིས་ཏེ། དང་བོར། ཁོའི་རྐང་ལག་གཉིས་བཅད། གཉིས་པ་ཁོའི་རྣ་མཆོག་དང་། མཐར། ཁོའི་སྐེ་ལ་རྡོ་བཏགས་ནས་རྨ་ཆུའི་དར་འོག་ཏུ་བརྫངས་ཏེ་དམར་བསད་བཏང་བ་རེད།

དེར་བརྟེན་རྒྱ་དམག་དང་མཉམ་པོར་བོད་ཀྱི་རུས་རྒྱུད་ཡིན་པའི་ཁེར་བའི་བསོ་སྟོབས་ཀྱིས་རྒྱང་རིང་ནས་མེ་མདའི་ཁར་མཐར་རྡོ་ཤུལ་གྭ་ཉག་བསད་པ་རེད། ཡིན་ནའང་ནང་དགྲ་མ་ཐུལ་བར་དུ། ཕྱི་དགྲ་ལ་རྫོགས་པ་མེད་ཅེས་པའི་དཔེ་ལྟར། ༢༠༠༩ ལོར་རྡོ་ཤུལ་གྭ་ཉག་གི་ཡང་ཚ་གྲྭ་བ་ཤོ་ར་ཟེར་བ་དེས་ཁེེར་བའི་བསོད་སྟོབས་ཀྱི་ཚ་བུ་ལ་གྲིས་བཙུགས་ཏེ། ཡང་བསྐྱར་འཁོན་ལན་གསར་བ་ཞིག་གི་མགོ་བརྩམས་ཡོད་ཀྱང། བོད་རྒན་བསམ་ཤེས་འགའི་བཀའ་དྲིན་ལ་བརྟེན། མཐར་ཁེར་བའི་བསོ་སྟོབས་ཚང་གིས་གྭ་ཉག་གི་མྱི་ཤའི་དོད་དུ་རྒྱ་སྒོར་སྟོང་ཕྲག་༢༠༠ བཤགས་པ་བྱས་ཏེ་འགྲིགས་འཇགས་བྱས་ཡོད། ཞིབ་ཀྱིས་བལྟས་ན། ཡང་སྙིང་ང་ཚོས”འབྲོག་ལུ་མྱིག་ཆེ” དམར་གསོད་བཏང་བ་དེ་ནོར་བ་རེད་དམ།
ཁོ་ལ་ཡང་བོད་ནང་དུ་དམར་ཕྱོགས་པའི་ལྟ་བ་དང་བསམ་བློ་རྒྱ་དམག་ནང་འདྲེན་བྱས་པའི་ནག་ཉེས་ཙམ་ལས་ང་ཚོར་ཅི་ཡང་འདྲེན་རྒྱུ་མེད། ཁོང་འཇིག་རྟེན་འདི་དང་གྱེས་ཏེ་མི་ལོ་ལྔ་བཅུ་ཙམ་འགོར་ཡོད་ཀྱང་ཁོང་ལ་རྗེས་དྲན་ཙམ་ཡང་བྱེད་མཁན་མེད་ཡེ་ནས་མེད། རྒྱུ་མཚན་ནི། སྐབས་དེའི་བོད་མི་དག་གི་སྣང་ངོར་ཡོད་པའི”འབྲོག་ལུ་མྱིག་ཆེ”ནི་གྲྭ་ཆས་ཐོག་ཏུ་མེ་མདའ་ཁུར་བའི་ནང་རུལ་བ་ཞིག་དང་། ཆོས་གོས་གྱོན་པའི་སྤྱང་རྒན་ངོ་མ་ཞིག ད་དུང་ཕྱི་དགྲ་ནང་དུ་འཁྲིད་མཁན་གྱི་རྒྱལ་འཚོང་བའིི་ནག་ཉེས་ཁོ་ན་ལས་ཅི་ཡང་ལྷག་མི་འདུག་པས་སོ།། གང་ལྟར་དེ་མཚུངས་རེ་འབའ་ཐང་དང་ལི་ཐང་ཡུལ་ནའང་ཡོད་སྲིད་དོ།།

སྤྱིར་མི་ཚེའི་སྐོར་གླེང་ན། སྟོད་སྨད་བར་གསུམ་པོ་བཤད་ལོས་དགོས། དེའི་ཕྱིར། ཕན་དབང་ལོ་ནི་༩༠ ལྷག་རེད། བྱས་ཙང་། ཁོའི་ལོ་སྟོད་དེ་ལོ་ངོ་སུམ་ཅུའི་རིང་ལ་ཁོང་གིས་བོད་ལ་དམིགས་བསལ་གྱིས་གྲུབ་འབྲས་དང་ལྷག་བསམ་གྱི་ཕྱག་རྗེས་འདི་རེད་ཟེར་བ་ཞིག་བསྟན་རྒྱུ་མེད། ཁོའི་མི་ཚེ་བར་བའི་རིང་ལ་མཚོན་ན་རྒྱ་བོད་གང་གི་ཆེད་དུ་ཡིན་པར་མ་ངེས་མོད། ཁོང་བཙོན་ཁང་དུ་སོང་འདུག དེའི་རྗེས་རྒྱ་ནག་གིས་གུ་ཡངས་ཅུང་བཏང་བ་དང་བསྟུན་ནས་སླར་ཡང་གནམ་གྱི་ས་བཀད་པ་ལྟ་བའི་མཁས་དབང་རྣམ་པ་གསུམ་སྟེ། བཀུར་འོས་དུང་དཀར་ཚང་། བསྟོད་འོས་ཚེ་ཏན་ཞབས་དྲུང་། དྲིན་ཆེན་དམུ་དགེ་བསམ་གཏན་ཚང་སོགས་ལ་ཕུན་དབང་གི་བཀའ་དྲིན་དང་ལས་རོགས་འདི་བྱས་པ་ཞིག་གསུངས་རྒྱུ་མེད། འདི་ཡག་རྟགས་ཤིག་མ་རེད་འདོད།

འོན་ཀྱང་ཁོང་གི་མི་ཚེའི་མཇུག་ཏུ་རང་གི་ལོ་རྒྱུས་དེ་ཕྱི་རྒྱལ་གསར་འགོད་པ་གྷོལ་སི་ཐྲིན་གྱིས་བསྐྱར་དང་ཡང་དུ་ལོ་བཅུའི་རིང་བཅར་འདྲི་དང་དཀའ་ལས་བརྒྱུད་དེ། ཕྱི་རྒྱལ་བ་ལྔ་དང་མཉམ་པོར་ཕུན་དབང་གི་ལོ་རྒྱུས་དེ་ཡི་གེར་བསྐྲུན་ཡོད། འདིའི་སྐོར་གསར་འགོད་པས་གསུངས་པ་ལྟར་ལོ་རྒྱུས་འདི་ཀློག་ན་སྤྲོ་བོ་ཞིག་ཡོད་དེ། བླ་མའི་རྣམ་ཐར་དང་རྒྱལ་བོའི་ལོ་རྒྱུས་དང་མི་འདྲ། འདི་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ལ་སྐྱེས་པའི་རྒྱ་བོད་ཀྱི་ལོ་རྒྱུས་ཤེས་མཁན་དེ་ཕུན་དབང་སྒེར་གྱི་ལོ་རྒྱུས་རེད། དེ་ཡང་གསར་འགོད་པས་ཆབ་སྲིད་ཀྱི་སྐོར་དེ་ལ་ཚིག་གི་སྡེབ་སྦྱོར་དང་ནང་དོན་གང་གི་ཆ་ནས་བལྟས་ན་ཀློག་མཁན་གྱི་ཡིད་དབང་འཕྲོགས་པ་ཞིག་བྲིས་ཡོད་པ་འདི་ལ། ཁོ་བོས་ཀྱང་རྟག་པར་གུས་བརྩི་བྱས་དང་བྱ་ངེས་ཡིན། འོན་ཀྱང་གནད་དོན་ངོ་མ་ནི་ལོ་རྒྱུས་དེ་ཕུན་དབང་གི་སྔོན་མའི་བསམ་སྦྱོར་དང་འབྲེལ་བ་གཏིང་ཟབ་ཡོད་མེད་ཀྱིས་བརྟག་ན་ཧ་ཅང་ལེགས་པར་འདོད་སྙམ།

གང་ལྟར་ང་ཚོའི་གླེང་གཞི་དེ་ཕུན་དབང་ཁོང་བོད་མི་རིགས་ཀྱི་དཔའ་པོའམ་དམ་པར་བཀུར་འོས་མིན་གྱི་གནད་གཙོ་བོའི་ནང་གི་གཙོ་བོ་དེ་གང་ལ་བལྟ་དགོས་ཟེར་ན། ༡༩༥༠ནས་༡༩༦༣ བར་གྱི་ཕུན་དཔང་དེ་རེད། འོན་ཏེ། སྐབས་དེར་ཕན་དབང་ཁོང་བོད་ལ་ལྷག་བསམ་ཆེ་ཞིང་བཀུར་འོས་པའི་དམ་པ་ཞིག་ཡིན་པའི་སྒྲུབ་བྱེད་ཡང་དག་ཅིག་སྟོང་གསུམ་ན་རྙེད་རྒྱུ་མེད། སྤྱིར་ན་མི་རིགས་ཀྱི་དཔའ་བོ་ཟེར་བ་ནི་རང་གི་མི་རིགས་ཀྱི་ཆེད་དུ་རང་གི་སྲོག་ཀྱང་གཏོང་ཐུབ་པའམ་ཡང་ན་ཁོ་བོའམ་ཁོ་མོས་རང་གི་མི་རིགས་དེའི་ཆེད་དུ་ཕྱག་རྗེས་འབུར་ཐོན་བླ་ན་མེད་པ་ཞིག་མཐོང་རྒྱུའམ་ཐོས་རྒྱུའི་དོན་དངོས་ལོ་རྒྱུས་ངེས་པར་དུ་དགོས། ད་དུང་གཞན་པ་རང་གི་མི་རིགས་འདི་མ་ཤེས་པའི་རྨོངས་པ་ལས་གྲོལ་ཏེ་ལེགས་པའི་ལམ་སྟོན་མཛད་པའི་སྐྱེས་བུ་རྣམས་སོ།།

དམིགས་བསལ་ཞུ་རྒྱུར། ཕྱི་སྡོད་བོད་མིའི་ཁྲོད་ནས་ཕུན་དབང་སྐོར་ལ་སྐྱོན་བརྗོད་དང་བསྔགས་བརྗོད་གཉིས་ཀ་བྱུང་ཡོད། དེ་ལ་ཡང་རིགས་གཉིས་ཏེ། ན་གཞོན་པའི་སྡེ་དང་ཕྱི་མ་དེ་རྒན་པའི་སྡེའམ་ཕུན་དབང་དང་ཕ་ཡུལ་གཅིག་པའི་སྡེ་དག་རེད། གང་ལྟར་༧ གོང་ས་མཆོག་དང་ཟམ་གདོང་ཚང་རྣམ་གཉིས་ཀྱིས་ཕུན་དབང་ལ་མཐོང་ཆེན་དང་མྱ་ངན་བགྱིས་ཏེ་ཁོང་རྣམ་པས་ཕུན་དབང་སྐོར་ལ་བཀའ་སློབ་རེ་གནངས་པའི་རྐྱེན་གྱིས། ང་ཚོ་མི་མང་ཧང་སངས་དགོས་བྱུང་བ་རེད།
གཅིག་ནི། ༧ གོང་ས་མཆོག་གི་ཕུན་དབང་སྐོར་གྱི་བཀའ་སློབ་དེ་ལ་བལྟས་ཏེ་འཇམ་དབྱངས་ནོར་བུས་”༧ གོང་ས་མཆོག་ལ་སེམས་པ་ཐེང་ཐེང་མི་འདུག”ཅེས་ལབ་པ་དེ་རེད།
གཉིས་པ། ཟམ་གདོང་ཚང་གིས་ཀྱང་ཕུན་དབང་གི་སྐོར་གླེང་དུས་ཕུན་དབང་ལྟ་བུའི་དམར་ཕྱོགས་ཀྱི་ལྟ་གྲུབ་ལ་མཁས་ཤིང་ཤེས་འཇོན་ལྡན་པའི་འཛངས་མི་འདི་འདྲ་ཞིག་བོད་རིགས་ཕར་ཞོག རྒྱ་རིགས་དང་ཨུ་རིའི་སུའི་ནང་དུའང་ཁོང་འདྲ་བ་དཀོན་པོ་རེད་ཅེས་མངོན་སུམ་ལ་མིག་བཙུམ་སྟེ་འུར་བསྟོད་བྱས་པ།

གཞན་དྲང་མོར་བཤད་ན། ཕུན་དབང་དང་ཟམ་གདོང་ཚང་གཉིས་ཐེངས་གསུམ་ལ་ཐུག་འཕྲད་བྱུང་ཡོད་པ་འདྲ་བོ་ཞིག་ང་ཚོར་གསུངས་ཡོད་མོད། མང་ཚོགས་ང་ཚོའི་ངོས་ནས་ཐེངས་གཅིག་ཡིན་ནམ་ཐེངས་གཉིས་ཡིན་ནམ་ཡང་ན་ཐེངས་གསུམ་པ་དེ་གང་ཡིན་ནམ་མ་ངེས་པར་དེའི་སྐོར་ལ་མགོ་འཁོར་ནས་སྣ་ཚོགས་ཤིག་གླེང་གིན་ཡོད། གཞན་ཡང་རྣམ་པ་གཉིས་ཀྱིས་ཐུན་མོང་དུ་ཕུན་དབང་ལ་ལར་ཞེན་དམིགས་བསལ་བ་ཞིག་ཡོད་པའི་རྟགས་ལ་དུས་ནམ་ཡིན་ན་༧གོང་ས་མཆོག་ལ་མཇལ་བའམ་ཁོང་གི་སྐོར་གླེང་ཚེ། ཕུན་དབང་གིས་མིག་ཆུ་གཏོང་བའི་ངང་ཚུལ་ཙམ་བཤད་པ་རེད། གནས་ཚུལ་འདི་ནི་བོད་ཕྱི་ནང་གི་བོད་མི་ཕལ་མོ་ཆེ་བའི་ལུས་སྟེང་ན་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་ཞིག་ལས། ལྷག་པར་ཕུན་དབང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོད་ཅི་ཡང་མ་རེད་དོ།།
གཞན་འཇམ་དབྱངས་ནོར་བུས། ཕུན་དབང་ནི་མི་རིགས་ཀྱི་དཔའ་བོ་དང་མི་ཡག་པོ་ཞིག་མིན་པར་སྒྲུབ་བྱེད་ནི། ན་ནིང་གི་བཅར་འདྲིའི་སྐབས་སུ་ཁོང་གིས” ངའི་ཨ་མ་ལགས་ཀྱིས་ཕུན་དབང་ངོ་ཡག་པོ་ཤེས་ཀྱིན་འདུག་པས་ཕུན་དབང་རྩ་བ་ཉིད་ནས་ཡག་པོ་མེད་གསུངས་སོང་ཞེས་ཨ་མ་ལགས་རྒྱབ་རྟེན་ལ་དྲངས་སོང་། འོན་ཀྱང་ཁོང་གིས་ཁ་རྩང་ཕུན་དབང་གི་སྐོར་གླེང་དུས་ནག་ཉེས་གཙོ་བོ་གསུམ་བསྙད་ཡོད།
༡༽ རྒྱ་དམག་བོད་ལ་འཁྲིད་མཁན་དང་། ༢༽ ཀྲུང་གོའི་ཆེད་དུ་ཕན་དབང་གིས་རང་གི་ཆུང་མ་བསད་པ། ༣༽ ཕུན་དབང་གིས་ཞི་བའི་དོན་ཚན་བཅུ་བདུན་དང་ལམ་དབུ་མ་ཡང་གསར་བཏོད་བྱས་པའི་ནག་ཉེས་སོ།།

གཞན་དེ་ལས་ལྡོག་ཕྱོགས་ཀྱི་བསམ་བློ་གཏོང་མཁན་དག་གིས། ཕུན་དབང་དེ་བོད་མི་རིགས་ཀྱི་དཔའ་བོ་དང་རླབས་ཆེན་ཡིན་པའི་སྒྲུབ་བྱེད་དུ་འབའ་བའི་ལོ་རྒྱུས་བསྲེས་ལྷད་ཅན་དང་། ༧གོང་ས་མཆོག་གི་ལུང་ཚིག་རེ་འདྲེན། ལ་ལས་ཕུན་དབང་དང་པཎ་ཆེན་གཉིས་ཀྱིས་མཉམ་དུ་བླངས་པའི་པར་རེ་བསྟན། མཐར་རང་རང་གི་རྒྱུ་མཚན་རེ་འདོན། ཁྱེད་ཅག་ལ་ངས་འདིར་དཔེ་ཞིག་བཤད། སྔོན་མ་རྡོ་སྤི་དགེ་བཤེས་ཚང་གིས་”ལུང་ཙམ་ལ་ཡིད་ཆེས་ན། ང་ལ་མའོ་ཙེ་ཏུང་སངས་རྒྱས་ཡིན་པའི་སྒྲུབ་བྱེད་ཅིག་ཡོད་གསུངས་པ་རེད”དེའི་དོན་ནི་སངས་རྒྱས་ཀྱི་བསྟན་པ་དེ་སྣུབ་པར་མཁས་པས། སངས་རྒྱས་ཀྱི་སྤྲུལ་བ་ཡིན་པར་སྒྲུབ་པའི་ཆོས་གཞུང་དེ་བསྟན་པ་རེད། སྐད་ཆ་འདི་ལ་གོ་རྒྱུ་ཡ་མཚན་ཞིག་ཡོད།

མཇུག་ཏུ་ཕྲན་སྒེར་གྱིས་ཕུན་དབང་སྐོར་ལ་བརྟག་ཚུལ་བརྗོད་ན། ཕུན་དབང་གི་ནག་ཉེས་ནི། དང་བོར། རྒྱ་དམག་གི་ལམ་ཁྲིད་བྱས་ཏེ་རྒྱའི་ཆེད་དུ་སྐད་སྒྱུར་དང་གསང་བ་བྱས་པ། བར་དུ་སྒེར་དམ་རྒྱ་གཞུང་མཉམ་པོར་སྔོན་ཐོན་ཆེད་དུ་རང་ཡུལ་ལ་སློབ་གྲྭ་སོགས་བརྒྱབ་མེད་པར། མཐའ་མར་རང་གི་བློས་ཐུབ་ཀྱི་གྲོགས་མཆོག་༧གོང་ས་མཆོག་ལ་མཇལ་རྒྱུ་ཙམ་གྱི་སྙིང་སྟོབས་དང་སྤོབ་པ་ཡང་མེད་པ་། ད་དུང་མདོ་དབུས་ཁམས་གསུམ་གྱི་སྐྱིད་སྡུག་རྟོགས་ཆེད་ལོ་མང་རིང་བོད་ས་གནས་གང་དུ་འགྲོ་མ་ཕོད་པའམ་མ་སོང་བའི་སྐྱོན་སོགས་རེད། གང་ལྟར་བློ་མཐུན་ཏན་ཞའོ་ཕུན་གྱིས་བློ་བཀོད་ལྟར་ཕུན་དབང་དང་བོད་པ་སྐོར་ཞིག་ལྷ་སར་གསང་བའི་ངང་བཏང་འདུག འོན་ཀྱང་ཁོ་བོས། ཕུན་དབང་གིས་ཞི་བའི་དོན་ཚན་བཅུ་བདུན་དང་དབུ་མའི་ལམ་གསར་བཏོད་བྱས་པ་ཞིག་གཏན་ནས་འདོད་ཀྱི་མེད། རྒྱུ་མཚན། ཕུན་དབང་ནི་སྐད་སྒྱུར་གྱི་ལས་ཀ་ཙམ་ལས། རྒྱ་བོད་གང་གི་ཕྱོགས་ལ་མཚོན་ནའང་དབང་ཆ་དེ་ཙམ་ཆེན་པོ་མེད་པས་སོོ།།
མཐར་སྡོམ་ཁོ་བོའི་བསམ་ཚུལ་འདིའི་གཏན་ཚིགས་འབྱུང་ས་གཙོ་བོ། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་གི་མིའི་བསམ་བློ་དང་ལྷག་པར་ཕྱི་རྒྱལ་བ་གྷ་སི་ཐྲིན་དང་ཕུན་དབང་གཉིས་ཀྱིས་ཕུན་དབང་གི་ལོ་རྒྱུས་པར་སྐྲུན་མ་བྱས་གོང་གི་ཁ་བརྡ་དག་དང་། དམིགས་བསལ་གནམ་ས་གོ་འབྱེད་སྐབས་སུ༼༼ངའི་ཕ་ཡུལ་དང་བཅིངས་བགྲོལ༽༽ཡང་ན་༼༼ཡིག་འབྲི་ཁྲི་བདུན༽༽ གཞན་པ་༼༼ནགས་ཚང་ཞི་ལུའི་སྐྱིད་སྡུག་༽༽ལ་སོགས་གལ་ཆེན་དུ་བརྩིས་ཡོད་ཅིང་། ཕུན་དབང་གི་ལོ་རྒྱུས་དེ་མ་བཤད་པའི་གནད་འགག་སོགས་ལ་བརྟགས་ཏེ་གང་ཟག་ལ་མ་བལྟས་པར་ཆོས་ལ་བལྟ་ཁུལ་ཙམ་ཡིན་ནོ།།

ཞེས་རྔ་རྒོད་ཀྱིས་༢༠༡༤/༤/༡༣ ལ་དབྱིན་ཡུལ་ནས།

རྩོམ་རིག

Post navigation

Previous Post: གྲོགས་པོ་་་་་ཁྱོད་འདི་ལྟར་ཕྱིན་སོང་།
Next Post: ང་དང་དབང་མོའི་བརྩེ་བ།

Comments (22) on “ཀྲུང་གོའི་འབའ་བ་ཕུན་ཚོགས་དབང་རྒྱལ་གླེང་།”

  1. གཅོད་པ། says:
    2014-04-20 at 11:12 am

    དོན་དང་ལྡན་པ་ཞིག་བྲིས་འདུག
    ཟམ་གདོང་ཟེར་བ་དེ་ནི་དངོས་གནས་ཧམ་པ་ཚ་པོ་རེད། ཕུན་དབང་ལྟ་བུ་བོད་པ་ཕར་ཟད། རྒྱ་དང་ཨུ་རུ་སུའི་ཁྲོད་དུ་ཁོང་ལྟ་བུ་མེད་ཟེར་བ་ནི་ཧམ་པ་ཚ་པོའི་སྐད་ཆ་རང་རེད། ཁོང་གིས་རྒྱ་མི་ཏང་ཡོན་པ་དང་ཨུ་རུ་སུའི་ཏང་ཡོན་པ་སུ་སུ་ངོ་ཤེས་ཀྱི་ཡོད་རེད་དམ། རྒད་པོ་དངོས་གནས་ཐང་ཐང་མི་འདུག ད་སྨན་ཁང་ལ་བསྐྱེལ་ན་ཡག་ས་རེད།

  2. ཤར་པ་ says:
    2014-04-20 at 11:40 am

    ༄༄།གཅོད་པ་ལགས་ལ་ བདེན་ཁ་ལེན་སྟོང་སྦྱིན་ནོ།

  3. རྨ་ཆུ་སྐལ་བཟང་། says:
    2014-04-20 at 1:09 pm

    ངའི་བསམ་ན་ཕྱོགས་ཞེན་དང་མ་དཔྱད་པའི་བསམ་ཚུལ་མང་གིས་
    དམ་པ་ཁོང་ལ་གུས་བཀུར་བྱེད་མཁན་ཟམ་གདོང་གཅིག་བུ་མ་རེད་༧གོང་ས་མཆོག་ཡང་གཅིག་ཡིན་བ་གསང་དགོས་མེད་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-20 at 1:12 pm

    ་་་་་ གང་ལྟར་མདོར་བསྡུས་ན། ཕུན་དབང་གི་སྤྱོད་པ་ནི་འཚེ་བའི་རིགས་དང་། ལྟ་བ་ནི་རྒྱང་འཕེན་པའི་བསམ་བློ་དང་ཧ་ཅང་འདྲ་བོ་ཡོད་མཁན་གྱི་འཇིག་རྟེན་པའི་མི་རྒན་ཞིག་ལ་ཚང་མས་ངོས་འཛིན་བྱ་འོས། ་་་་་

  5. རྟ་བདུན་དབང་བོ says:
    2014-04-20 at 1:47 pm

    ངེད་ཀྱིས་ཕུན་དབང་གི་ལོ་རྒྱུས་གང་ཡང་ཤེས་ཀྱི་མེད་སྟབས་བཟང་ངན་ཅི་ཡང་བཤད་པའི་སྤོབས་པ་ནམ་མཁའི་མེ་ཏོག་བཞིན་ཡིན། གང་ལྟར་རྔ་རྒོད་ལགས་ཀྱིས་ཡག་པོ་བྲིས་གནང་འདུག་པས་བཀླགས་པར་སྤྲོ་བོ་བྱུང་།།

  6. བསྟན དབང་ says:
    2014-04-20 at 4:40 pm

    གཅོད་པ་ཟེར་བ་འདི་དེ་བས་ཧམ་པ་ཚ་བ་འདུག་འོ་ན་ད་ལྟ་རུ་རྒྱ་གཉིས་ཀྱི་ནང་ལ་ཕུན་དབང་ལས་ཏང་ཡོན་སླ་པ་རྒན་པ་སུ་དང་སུ་ཡོད་མེད་ཁྱོད་ཀྱི་ཤེས་ཀྱི་ཡོད་ན་གཏོན་དང་ངས་གསམ་ན་ཁྱོད་འགྲོ་རན་འདུགས།

  7. མགོན་པོ says:
    2014-04-20 at 7:29 pm

    དོན་དང་ལྡན་པ་ཞིག་བྲིས་འདུག བཀའ་དྲིན་ཆེ།

  8. བློ་བཟང་རིག་འཛིན། says:
    2014-04-20 at 7:46 pm

    ཡི་གེ་དེ་ཙམ་ཞིག་བྲིས་འདུག་མོད། བསམ་ཚུལ་ཨོ་ཙམ་ཞིག་འདུག

  9. སྤོབས་པ་མཐའ་ཡས། says:
    2014-04-20 at 7:53 pm

    གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་སྐད་སྒྱུར་བ་ནི་འབའ་པ་ཕུན་ཚོགས་དབང་རྒྱལ་མ་རེད། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རེད། ལོ་རྒྱུས་རྫུན་བཟོ་བྱས་ནས་སུ་ལ་ཕན་ཐོགས་ཡོད་དམ།

  10. གནམ says:
    2014-04-20 at 8:41 pm

    བདེན་ཁ་རིག་ཁ་འདྲ་ཞིག་བཤད་འདུག་པས། བསམ་བློ་འཁོར་ཐུབ་ནི་ཞིག། ཕུན་དབང་ཤེས་དགོས་ནི་ཞིག་ཡིན་ན། རྔ་རྒོད་ཀྱི་རིག་ལམ་ཞིབ་བསྡུར་ལ་དཔྱོད་ཙམ་དཔྱོད་ཙམ་བྱས་ན་མ་འགྲིག་པ་མི་འདུག་བསམ།

  11. ལྷ་སྡེ་གནམ་ལོ་ཡག says:
    2014-04-20 at 9:30 pm

    ཚང་མས་འདི་ལ་ཉན་རོགས། ཕུན་དབང་ལགས་ལ་འཐུས་ཚང་བའི་དཔྱད་པ་གནང་འདུག
    http://www.rfa.org/tibetan/society/baba-phuntsok-wangyal-04182014100649.html

  12. ལུང་རྟོགས། says:
    2014-04-21 at 6:26 am

    གང་ལྟར་ག་རེ་བཤད་རུང་མ་བཤད་རུང་ཕུན་དབང་མི་རིགས་ཀྱི་དཔའ་བོ་ཆགས་སོང་། བོད་པ་ཚང་གི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་ཕལ་མོ་ཆེས་ཕུན་དབང་ལ་གདེང་འཇོག་ཚད་མཐོན་པོ་བྱས་སོང་།

  13. གངས་རིའི་བུ་ཕྲུག says:
    2014-04-21 at 10:43 am

    ཡིན་ན་ཡང་། ཁོང་འདས་བྱིན་པ་རེད་གང་ལྟར་ག་རེ་བཤད་རུང་མ་བཤད་རུང་ཕུན་དབང་མི་རིགས་ཀྱི་དཔའ་བོ་ཆགས་སོང་། མངས་པོ་བཤད་ཕན་ཐོག་ཡོད་མ་རེད། དེ་ལས་མ་ཎི་གྲངས་མངས་བསག་ན་ཡག་ས་རེད་འདུག་བཀའ་དྲིན་ཆེ།

  14. རྔ་རྒོད says:
    2014-04-21 at 4:08 pm

    སྤོབས་པ་མཐའ་ཡས་ལགས། ངས་ཞི་བའི་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་སྐད་སྒྱུར་ནི་སྟག་ལྷ་ཕུན་ཚོགས་མ་རེད་བྲིས་མེད་ལ། ཕུན་དབང་རེད་ཅེས་ཀྱང་བྲིས་མེད། དོན་ཚན་འདི་ཚོ་ཕུན་དབང་གིས་གསར་བཟོ་བགྱིས་པ་ཞིག་མེད་བསམ་ཚུལ་འདོད་མཁན་ང་ཡིན།

  15. རྔ་རྒོད says:
    2014-04-21 at 4:12 pm

    ལྷ་སྡེ་གནམ་ལོ་ཡག་གིས་ཕུན་དབང་སྐོར་བཏང་བཀའ་དྲིན་ཆེ།

  16. དོན་དགའ། says:
    2014-04-21 at 10:36 pm

    རྔ་རྒོད་ཁྱོད་འདྲ་བ་སྟོང་ཞིག་སླེབས་ནའང་ཕུན་དབང་གིས་སྤྱི་ཚོགས་སྙིང་བའི་སྐབས་ནས་བཏང་བའི་xxསྐམ་པོ་ཞིག་ལའང་མི་དོ་ངོ་མ་རེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 12:14 am

    ་་་་་་་གང་ལྟར་ག་རེ་བཤད་རུང་མ་བཤད་རུང་ཕུན་དབང་མི་རིགས་ཀྱི་དཔའ་བོ་ཆགས་སོང་། ་་་་་་་

  18. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 12:16 am

    བོད་རིགས་ཡ་གཅིག་དང་། གྲངས་ཆུང་གཉིས་ཀྱི་གསོད་མཁན་ནམ། སྡུག་ཤི་ཐེབས་སུ་བཅུག་མཁན་ནང་ལ། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱང་། ཡོད་དམ་མེད། ལགས།

  19. བྱམས་པ says:
    2014-04-22 at 8:36 am

    འོ་ད་ཁོ་ཨ་ཁུའི་ཙར་ཕྱིན་ཚར་བ་རེད་་་་་བོད་པ་ཚོས་བསྟོད་རེ་མང་པོ་གཏང་གི་རེད་གངཡིན་ཟེར་ན་་་་མི་གཅིག་འཆི་སོང་ན་ནམ་རྒྱུན་གོ་རྒྱུ་འཚོ་རྒྱུ་མེད་ངེས་ཤིག་ཡིན་ན་ཡང་འབྱོན་པའི་འབྱོན་རབ་མང་པོ་བཤད་དེ་ཁོ་ཡག་ས་ཞིག་ལ་སྐྱེལ་གྱིས་རེད་་་་ད་རིང་པོ་མི་ཐོགས་པར་ཕུན་ཚོགས་དབང་རྒྱལ་གྱི་ཡང་སྲིད་ངོས་འཛིན་བྱེད་ཀྱིས་རེད་་་་དེ་ནི་བོད་ཀྱི་རིགས་གཞུང་གལ་ཆེ་ཤོས་འདི་རེད་པ་་་་ད་མཇལ་དར་གྲ་སྒྲིག་བྱེད་ནས་དགུག་གི་ཡིན་ད

  20. མགོན་པོ says:
    2014-04-22 at 9:28 am

    དོན་དགའ་ཟེར་བ་ངོ་མ་ཁོག་ཆུང་ཞིག་ཡིན་པ་འདྲ་ཧ་ཧ་ཧ་

  21. ཟིང་པོའི་བུ། says:
    2014-04-23 at 5:21 am

    འབའ་ཕ་ཕུན་ཚོགས་དབང་རྒྱལ་བཙོན་གྲོལ་ཐོབ་རྗེས་ཏེང་ཞའོ་ཕེང་དང་ཧུའུ་ཡའོ་པང་སོགས་ཀྱིས་ཁྱེད་ཀྱིས་དཀའ་སྡུག་མང་པོ་མྱངས་སོང། ཁྱེད་རང་བཙོན་འཇུག་བྱས་པ་དེ་ཡོངས་སུ་ནོར་འཁྲུལ་རེད། ཁྱེད་དང་པཎ་ཆེན་གཅིག་པ་མ་རེད། པཎ་ཆེན་ལ་ནོར་འཁྲུལ་ཡོད། ཡིན་ནའང། ཁྱེད་རང་གསོན་པོར་གནས་པ་ཙམ་གྱིས་རྒྱལ་ཁ་རེད་ཅེས་བརྗོད་འདུག་པར་བལྟས་ན། འབའ་པ་ཕུན་དབང་མི་ལོ་བཅོ་བརྒྱད་བཙོན་འཇུག་བྱས་པ་དེ་ནི་བོད་མི་རིགས་དང་བོད་མི་མང་གི་ཆེད་དུ་མ་ཡིན་པར་དམར་ཤོག་ནང་ཁུལ་གྱི་འཐབ་རྩོད་ལས་བྱུང་བ་གསལ་པོ་རེད་འདུག

  22. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-04-23 at 3:03 pm

    ཕུན་དབང་གི་ལོ་རྒྱུས་ཞིབ་འཇུག་བྱས་ན་གཙང་སྤྱོད་ནང་དུ་ལག་སྙོབས་བྱས་པ་འདྲ་བོ་རེད། ག་ཚོད་སྔོགས་ན་དྲི་མ་རྩོག་རུ་ཁ་རྒྱུ་རེད། རྒྱལ་ཚོང་བ་དེ། དབྱིན་ཡིག་༧ཏཱ་ལའི་བླ་མའི་རྣམ་ཐར་ནང་དུ་ཕུན་དབང་རྒྱལ་ཚོང་བ་ཡིན་ཚུལ་དང་ཕུན་དབང་གིས་རྒྱ་དམག་བོད་ལ་ཁྲིད་ཡོང་ཚུལ་སོགས་བྲིས་འདུག

    ད་མི་ཚང་མས་སྐད་ཆ་འདྲ་མི་འདྲ་བཤད་ཡོང་ན་བཟང་ངན་གཉིས་ཆ་མཉམ་བསྲེ་བྱེད་བཞྀན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme