Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་གོ་གཞུང་གི་རྩིས་ནག་པོ་དང་། ༧ཏཱ་ལའི་བླ་མའི་ཆོས་ཀྱི་མདའ།

Posted on 2017-07-072017-07-07 By ཁ་བརྡ་ 10 Comments on ཀྲུང་གོ་གཞུང་གི་རྩིས་ནག་པོ་དང་། ༧ཏཱ་ལའི་བླ་མའི་ཆོས་ཀྱི་མདའ།

–མགར་རྡོར།
 

གཅིག

༧གོང་ས་༧ཏཱ་ལའི་བླ་མ་བཅུ་བཞི་བ་མཆོག་ནི་ཉེ་བའི་དུས་རབས་གཉིས་ཀྱི་སྣོལ་མཚམས་འདིར་འཛམ་གླིང་ཧྲིལ་བོར་ཆེས་སྐད་གྲགས་ཆེ་བའི་ཧེ་རོ་Hero ཞིག་རེད། (Hero 1.དཔའ་བོ། ཕོ་རྒོད། བྱས་རྗེས་སྙན་གྲགས་ཅན་གྱི་མི་སྣ།2. གློག་བརྙན་དང་གཏམ་བརྗོད་ཟློས་གར་གྱི་ནང་འཁྲབ་མཁན་མི་སྣ་གཙོ་བོ།) ཆོས་ཀྱི་འཁོར་ལོ་རྒྱལ་ཁམས་ཡོངས་ལ་བསྐོར་བའི་ནང་པའི་དགེ་སློང་ཞིག་རེད། མི་གྲངས་དུང་ཕྱུར་མང་པོར་བག་ཆགས་ཆེས་ཟབ་མོར་འཇོག་གིན་པའི་རླབས་ཆེན་གྱི་སློབ་དཔོན་ཞིག་རེད།
མིའི་རིགས་ཀྱི་གཉུག་གཤིས་ཀྱི་བྱམས་བརྩེ་གཏིང་ནས་རྩེང་བའི་”རང་བྱུང་ཆོས་ཉིད་ཆེན་མོ་བ་”ཞིག་རེད། ཀྲུང་གོ་གཞུང་གིས་ཆེས་ཁས་ལེན་པའི་མིའམ་ཡང་ན་ཆེས་ཁས་མི་ལེན་པའི་དགྲ་བོ་སྟོབས་ལྡན་ཞིག་རེད། འཛམ་གླིང་བཞི་བདེ་ཐབས་ཀྱིས་བསྐྲུན་པའི་ངེས་དོན་གྱི་ཆབ་སྲིད་པ་ཞིག་རེད། མདོར་བསྡུས་ན་མདའ་མཚོན་གོ་ཆ་མ་བཟུང་བར། བྱམས་བརྩེའི་དམག་དཔུང་གིས་འཛམ་གླིང་ཧྲུལ་བོ་ཡོམ་ཡོམ་དུ་བསྒུལ་ཐུབ་པའི་དམག་སྤྱི་ཆེན་མོ་ཞིག་གོ།

བོད་མི་རྣམས་ཀྱི་མིག་ངོར་༧ཏཱ་ལའི་བླ་མ་ནི། ལྷ་ཆེན་པོ་ཞིག་གི་རྣམ་སྤྲུལ་ཏེ་སྐྱེ་འཆི་ལ་རང་དབང་འབྱོར་བ། བདེ་སྡུག་ལ་ཚོར་བས་དབེན་པ། ནུས་པ་ལ་ཚད་མེད་པ། ལྷ་ཀླུ་གཉན་གསུམ་གྱི་གདོང་གྲོགས་ལ་རྒྱུན་ཆད་མེད་པ་སོགས་དད་པས་བློས་བསླངས་ཏེ་ཁོང་གི་ངེས་དོན་གྱི་མི་ཚེའི་རིན་ཐང་མག་མོག་རབ་རིབ་ཏུ་གཏོང་བཞིན་ཡོད་རེད། མ་ཟད་ནར་མ་སོན་པའི་བླུན་བློ་དེས་བླ་མ་ཁོང་བསམ་བཞིན་མིན་པའི་བེད་སྤྱོད་ལོག་པར་གཏོང་གིན་ཡོད་རེད། དཔེར་ན་བོད་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དབུ་མའི་ལམ་གྱི་སྐྱབས་འོག་ཏུ་ཨེ་ཚུད་ཁོ་ནར་ལྟ་བ་དང་། མཐོ་རིམ་དཔོན་རིགས་ཚོས་༧ཏཱ་ལའི་བླ་མར་ཁྱོད་ལས་ང་བློ་དཀར་མིན་སོགས་རྩོད་བསྡད་པ་དེ་དབུ་མའི་ལམ་མམ་༧ཏཱ་ལའི་བླ་མར་མཚོན་ན་ས་རུ་འགྲིལ་བྱེད་ལམ་གྱི་རྡོ་ལོག་ཅིག་དང་ཆ་འདྲ་བ་རེད། དེ་དོན་བོད་མི་རྣམས་ཀྱིས་ངེས་པར་ཡིད་ལ་བརྣག་དགོས་པར་བདག་གིས་མཐོང་ངོ་།། འདི་ནི་རྩོམ་འདིའི་ཟུར་ཞུས་ཙམ་ཡིན།

 

གཉིས།

དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོགས་སེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ལ་ཀུན་གྱིས་འདོད་ཀྱིན་ཡོད་རེད། ནང་དོན་ནི། བོད་རྒྱ་གཉིས་ལ་ཁེ་གྱོང་མཉམ་གནས་ཀྱི་དཀྱུལ་ལམ་ཟེར་ནས་འགྲེལ་བཞིན་ཡོད་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་པེ་ཅིན་ལ་འཐབ་ཚུལ་གྱི་ལམ་ཡིག་ཀྱང་རེད། ༧ཏཱ་ལའི་བླ་མ་ནི་ལམ་དེའི་སྲོལ་འབྱེད་པའམ་ལམ་དེར་ཐོག་མར་རེ་བ་རྒྱག་མཁན་རེད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་ནང་ནས་འགོ་བརྩམས་པ་རེད།
སྤྱིའི་ཆ་ནས་ལོ་དུས་དེ་ནི་འཛམ་གླིང་ཧྲིལ་བོས་ཁེ་གྱོང་མཉམ་བགོ་བྱེད་པའི་དུས་ཚོད་ཅིག་ལ་ཁེལ་ཡོད་ནའང་། རྒྱ་གཞུང་གིས་ད་ལྟའི་བར་དབུ་མའི་ལམ་གྱི་རྩ་བའི་དགོས་འདུན་ལ་རེ་བ་ཡོད་པའི་ལན་གང་ཡང་རྒྱབ་མེད། མ་ཟད་རེ་བ་མེད་པའི་བརྡ་ཤུགས་ཆེར་བསྟན་ཡོད། དེ་ལྟར་ལོ་ཡི་འཁོར་ལོ་བཅུ་ཕྲག་འགའ་འཁོར་རྗེས། ༧ཏཱ་ལའི་བླ་མ་ནི་དགུང་གྲངས་གྱ་གཉིས་ལ་སོན་པའི་བགྲེས་སོང་རྒན་པོ་ཞིག་ཏུ་གྱུར་བ་རེད་ལ་དབུ་མའི་ལམ་ཡང་བག་མར་མ་ཐོན་པའི་བུ་མོ་གོ་རྒས་མ་ཞིག་དང་འདྲ་བོ་ཆགས་པ་རེད།

 

གསུམ།

དེང་གི་རྒྱ་ནག་ནི་དཔལ་འབྱོར་གྱི་ཕྱི་ཤུན་ཁོ་ནས་ཅུང་འཐུག་ཙམ་གཡོགས་པའི་སྒོང་ང་ནང་རུལ་ཞིག་ལ་དཔེ་ལེན་གྱིན་ཡོད་རེད། དེ་དོན་དངོས་རེད། ཆབ་སྲིད་གཅིག་སྡུད་སྒེར་གཅོད་ཅན་རེད། དཔལ་འབྱོར་གྲལ་རིམ་ཅན་རེད། འཕེལ་རྒྱས་ཁྱོད་ཕམ་ང་རྒྱལ་ཅན་རེད། མི་གཞིའི་ཡ་རབ་བཟང་སྤྱོད་ནི་ཀླད་གོར་འོག་ལ་ལྷུང་ཡོད་རེད། བྱམས་སྙིང་རྗེ་ནི་རྩ་སྟོང་ལ་སོང་ཚར་རེད། བསམ་ཤེས་དང་བརྩི་བཀུར་ཟེར་བ་ནི་ཆད་པའི་མཐའ་ལ་ཕེབས་ཚར་རེད། ཐ་ན་སྲང་གི་ཉེན་རྟོག་པ་ཚོས་ཀྱང་དབང་ཆ་སྒེར་སྤྱོད་བྱས་ཏེ་མི་མང་རྣམས་གང་འདོད་འདོད་དུ་གཅལ་རྡུང་ཚད་བརྒལ་བྱེད་ཀྱིན་ཡོད་པ་དང་། བཟའ་བྱའི་སེམས་ཅན་རྣམས་ཀྱང་མནར་གཅོད་བློ་ལས་འདས་པ་བྱས་ཏེ་གསོད་ཀྱིན་པ་དེས་མཚོན་པ་རེད། ང་ཚོས་བརྙན་ཐུང་དག་བརྒྱུད་ནས་མཐོང་བཞིན་པ་ལྟར་རེད། དབུ་མའི་ལམ་གྱིས་དེ་འདྲའི་རྒྱལ་ཚོགས་ཤིག་ལ་ད་དུང་བདེན་པ་དང་ཁེ་གྱོང་མཉམ་བགོ་ཟེར་ནས་དོན་གྱིས་རེ་བ་རྒྱག་པ་ནི་ངོ་མ་ལྐུགས་རྟགས་ཚ་དྲགས་སོང་བ་མ་ཡིན་ནམ།

 

བཞི།

དུས་རབས་ཉེར་གཅིག་པའི་སྟོང་ལོ་གསར་ཚེས་དང་མཉམ་དུ་ཀྲུང་གོའི་སྟོབས་ཤུགས་རྒྱལ་སྤྱིའི་རང་བཞིན་ཅན་དུ་ཆགས་པ་རེད། དེ་མཚུངས་ཀྲུང་གོའི་གཞུང་དམངས་གཉིས་ཀའི་ང་རྒྱལ་དང་ཁེངས་རློམ་ཡང་རྒྱལ་སྤྱིའི་མཁའ་དབྱིངས་སུ་འགོག་མེད་ངང་འཕུར་མགོ་བརྩམས་པ་རེད། དབུ་མའི་ལམ་ལ་མཚོན་ན་དེ་ནི་ཆེས་གདོང་ཐུག་རྒྱག་དཀའ་བའི་གནད་དོན་ཞིག་ཆགས་པ་རེད། མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ཕོ་བྲང་དཀར་བོ། ཡོ་རོབ་མནའ་འབྲེལ་མཐུན་ཚོགས་སོགས་ཐ་ན་ཨེ་ཤ་ཡའི་ཀྲུང་གོའི་འདབས་འབྲེལ་ཡོངས་ལ་དེ་བཞིན་རེད། དེ་སྔོན་རྒྱལ་སྤྱིའི་སྒང་ནས་ཀྲུང་གོའི་མ་འོངས་པའི་གནས་བབ་ཚོད་དཔག་བྱས་པའི་སྡོམ་ཚིག་དག་དེང་སང་ཁ་ཐོག་ལ་སོང་ཡོད་པ་མ་རེད། ཁ་ཤས་ལོ་འཁོར་བཅུ་ཕྲག་འགར་ཕྱི་ནུར་བརྒྱབས་ནས་བལྟས་ཡོད་པ་རེད།

 

ལྔ།

རྒྱ་ནག་གཞུང་གིས་དབུ་མའི་ལམ་ནི་༧ཏཱ་ལའི་བླ་མའི་ཚེ་ཚད་དང་མཉམ་པོར་རྩིས་རྒྱག་གིན་ཡོད་རེད། དུས་ནམ་ཞིག་བླ་མ་ཁོང་ཞིང་ཁམས་སུ་གཤེགས་ཚེ། དབུ་མའི་ལམ་ནི་ལྟག་ཆུ་ཆད་པའི་གཙང་བོ་བཞིན་ལམ་སང་ཤི་འགྲོ་བར་འདོད་གི་ཡོད་རེད། སྤྱིར་ན་བོད་གཞུང་གིས་དབུ་མའི་མལ་གྱིས་རྒྱ་གཞུང་ལ་དུས་ཚོད་རིང་ཙམ་སྤྲད་དེ་འབྲས་བུ་ཐུང་ཙམ་ལ་དམིགས་པ་ཡིན་མོད། རྒྱ་གཞུང་ལ་མཚོན་ན་དུས་ཚོར་ནར་འགྱང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་གྱུར་བ་རེད།

 

དྲུག

རྒྱལ་སྤྱིའི་སྒང་ནས་རྒྱ་ནག་གི་མ་འོངས་པ་ནི་ཧ་ཅང་འཇིག་ཉེན་ཅན་ཏེ་འབྱུང་འགྱུར་ལོ་བཅུ་ཕྲག་འགའི་ནང་ད་ལྟའི་གུང་ཁྲན་གཅིག་སྡུད་ལམ་ལུགས་ཀྱིས་ཕྱིར་རང་རྒྱལ་འཐོར་ཞིག་ཏུ་གཏོང་སྲིད་པར་ཚོད་དཔག་བྱེད་རེད། རྒྱ་གཞུང་གིས་དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་སོན་པའི་༧ཏཱ་ལའི་བླ་མ། ད་ནི་ཁོང་གི་མི་ཚེའི་མཐའ་ལ་ཕེབས་ཡོད་པའི་རྩིས་ནག་རྒྱག་གི་ཡོད་རེད། གལ་སྲིད་རིང་མིན་ཁོང་ཞིང་ལ་གཤེགས་ཚེ་རྒྱ་བལ་འབྲུག་གསུམ་གཙོས་པའི་བཙན་བྱོལ་བོད་མི་རྣམས་ལུག་རྫི་མེད་པའི་ལུག་ཁྱུ་བཞིན་རི་ལུང་ཐང་གསུམ་ལ་འཐོར་འགྲོ་བར་འདོད་རེད།
ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཁ་འཐོར་དག་༧ཏཱ་ལའི་བླ་མའི་ཁ་ངོ་མེད་ན་རྒྱ་གཞུང་གི་གནོན་ཤུགས་ཅུང་སླེབས་པས་གསོད་ཐུབ་པར་འདོད་རེད། རྒྱུ་མཚན། ཁོ་ཚོར་དཔལ་འབྱོར་གྱི་མ་རྩ་ཕོན་ཆེན་ཡོད་པའི་ཆབ་སྲིད་ཚོགས་པ་མེད་པ། གནས་ཡུལ་གཅིག་འདུས་མེད་པ། མི་སྒེར་རེ་རེར་ཡང་རང་ཁ་སོས་ཙམ་ལས་དཔལ་འབྱོར་ཡོང་ཁུངས་མེད་པ་སོགས་ཀྱིས་ས་དེའི་སྤྱི་ཚོགས་ཆེན་པོའི་ནང་ཁོ་ཚོ་རང་འགར་ཤི་འགྲོ་བར་ཡང་འདོད་གི་ཡོད་རེད། སྐབས་སྐབས་སུ་སྐད་འབོད་རེ་རྒྱག་པ་ནི་ཆར་བ་མེད་པའི་འབྲུག་སྐད་ཙམ་ལ་འདོད་རེད།
བཙལ་བྱོལ་བའི་ཆབ་སྲིད་ལྟེ་གནས་དྷ་རམ་ས་ལ་ནི་གཙོ་བོ་ནང་ཁུལ་མ་འཆམ་པས་འཐོར་འགྲོ་བར་འདོད་རེད། ༧ཏཱ་ལའི་བླ་མ་ལྟ་བུའི་སྐྲག་ས་བརྩི་ས་ཞིག་མེད་ན། གཅིག་ཆོལ་ཁ་མ་འཆམ་པ། གཉིས་ཆོས་རྒྱུད་མ་འཆམ་པ། གསུམ་ཆབ་སྲིད་ལངས་ཕྱོགས་མ་འཆམ་པ་བཅས་ཀྱིས་རྒྱུ་རྩོམ་རེད། དང་པོ་གཙོ་བོ་རེད། གཉིས་པ་དང་གསུམ་པ་དེའི་ལག་ཆའི་ཚུལ་གྱིས་ཡོང་བར་འདོད་རེད།

ད་དུང་གཙོ་བོ་གཞན་གཉིས་འདོད་རེད། གཅིག་ནི་ད་བར་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བའི་རྒྱུན་ནི་ཧ་ལམ་རང་ངོས་ནས་ཆད་ཚར་བ་དང་གཞན་ངོས་ནས་བཅད་ཚར་ཡོད་པས། གྲྭ་ས་དང་སློབ་གྲྭ་ཁག་ནི་བོད་དོན་དང་ཁྱོན་ནས་འབྲེལ་བ་མེད་པའི་མི་རིགས་གཞན་དག་གིས་བཟོང་དང་འཛིན་གྱིན་ཡོད་རེད། དེས་གཞུང་འབྲེལ་ཚོགས་སྡེ་ཁག་གི་སྟོབས་ཤུགས་ཉམ་དམས་སུ་ཤུགས་ཆེན་གཏོང་གིན་ཡོད་པ་དང་། གཉིས་པ་ནི། གལ་སྲིད་༧ཏཱ་ལའི་བླ་མ་ཁོང་མ་བཞུགས་ཚེ། ད་ལྟའི་༧ཏཱ་ལའི་བླ་མའི་མིང་ཐོག་ནས་ཡོང་བའི་དཔལ་འབྱོར་རོགས་དངུལ་ཡོངས་རྫོགས་རིམ་གྱིས་སྒོ་རྒྱག་འགྲོ་བ་དང་། དེས་བཙན་བྱོལ་བོད་གཞུང་ནུས་མེད་སྤྲང་ཚོགས་ཤིག་ལ་གཏོང་གི་རེད་འདོད་རེད། དེ་ནས་གཞུང་ཕྱོགས་ནས་ཐ་ན་མི་མང་གི་འཚོ་བའི་ཁ་གསབ་ཙམ་ཡང་སྐོང་མ་ཐུབ་ན། མི་མང་རྣམས་རང་བཞིན་གྱིས་གཞུང་ལ་རེ་ཐག་ཆད་པའམ་རེ་བ་མི་རྒྱག་པར་ཆེས་མ་མཐའི་ཁྱིམ་ཚང་གི་ཆེད་དུ་རྒྱ་གར་རམ་ཡུལ་གཞན་གྱི་སྤྱི་ཚོགས་ཆེན་མོའི་ནང་འཛུལ་འགྲོ་བ་གདོན་མི་ཟ་བར་འདོད་རེད། མདོར་ན་༧ཏཱ་ལའི་བླ་མ་ཁོང་ཞིང་ཁམས་སུ་གཤེགས་ཚེ། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་བོད་དོན་འཐབ་རྩོད་དེའང་རིང་མིན་རྒྱལ་སྤྱི་རྒྱ་གར་རྒྱལ་ནང་ཡོངས་རྫོགས་ནས་ཁོང་གི་རྗེས་སུ་ཞིང་ཁམས་ལ་ལོག་འགྲོ་བ་ཡིན་པའི་རྩིས་ནག་ད་ལྟའི་ཀྲུང་གོ་གཞུང་གིས་རྒྱག་གི་ཡོད་རེད། འོན་ཀྱང་ད་དུང་རྒྱ་གཞུང་ལ་སེམས་ཁྲལ་གཞན་ཞིག་ལྷག་ཡོད་རེད། དེ་ནི་༧ཏཱ་ལའི་བླ་མའི་ཡང་སྲིད་སྐོར་རེད། དེའི་སྐོར་འོག་ནས་འབྲི།

 

བདུན།

དགུང་ལོ་བརྒྱ་དང་བཅུ་གསུམ། ཆབ་སྲིད་ནི་ཆོས་ལུགས་བཞིན་ལོ་ངོ་བརྒྱ་ཕྲག་མང་པོར་འགྱུར་མེད་དུ་གནས་ཐུབ་པ་ཞིག་མ་ཡིན་པར་ཧ་ཅང་འགྱུར་སླ། ལྷག་པར་དེང་གི་ཆབ་སྲིད་ནི་ལྕགས་ཐག་བཞིན་འཛམ་གླིང་ཡོངས་ལ་གཅིག་གིས་གཅིག་སྦྲེལ་ནས་ཡོད་པས་ཕྱོགས་གཅིག་གི་འགྱུར་ལྡོག་གིས་ཕྱོགས་གཞན་མཐའ་དག་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཞིག་རེད། དེ་བས་ད་ལྟའི་ཀྲུང་གོ་གཅིག་སྡུད་གཞུང་ཆེས་སྐྲག་སའང་བོད་གཞུང་དབུ་མའི་ལམ་གྱི་བདེན་པ་དང་ཨ་རིའི་བོད་དོན་རྒྱབ་སྐྱོར། རྒྱ་གར་བས་ཀྲུང་གོའི་ཅ་ལག་ཙག་ཙིག་བཀག་སྡོམ་བྱས་པ་སོགས་མ་ཡིན་པར་སྒང་ནས་གླེང་ཟིན་ལྟར་འབྱུང་འགྱུར་ལོ་ངོ་བཅུ་ཕྲུག་འགའི་ནང་གི་འགྱུར་ལྡོག་དང་ཤུགས་རྐྱེན་ཟེར་བ་དེ་རེད།
༧ཏཱ་ལའི་བླ་མས་ནམ་རྒྱུན་གསུང་བཞིན་པའི་དགུང་ལོ་བརྒྱ་དང་བཅུ་གསུམ་ཟེར་བ་དེ་ཆོས་དང་ཆབ་སྲིད་གཉིས་རེད།ཆོས་ཕྱོགས་ནས། ཁོང་ལ་དད་དམ་གཙང་བའི་འཛམ་གླིང་གི་ནང་བ་ཡོངས་ཀྱི་མངོན་འདོད་ལ་རེ་བས་སྨོན་ལམ་རྒྱབ་པ་ཙམ་རེད། གཙོ་བོ་ཆབ་སྲིད་ཕྱོགས་ལ་ཡོད་རེད། རྒྱ་ནག་གཞུང་གིས་དབུ་མའི་ལམ་མམ་བོད་དོན་འཐབ་རྩོད་ཡོངས་རྫོགས་༧ཏཱ་ལའི་བླ་མའི་མི་ཚེ་དང་མཉམ་པོར་མཇུག་རྫོགས་འགྲོ་བས་བླ་མ་ཁོང་ལ་ཤི་སྒུག་བྱས་ཡོད་པ་རེད། དགུང་ལོ་བརྒྱ་དང་བཅུ་གསུམ་གྱིས་རྒྱ་གཞུང་གིས་བླ་མ་ཁོང་ཚེ་མཐར་སླེབས་ཡོད་པའི་ཚོད་དཔག་དང་དེའི་གཞུག་གི་རྩིས་ནག་མཐའ་དག་ལོག་རྩིས་ཁོ་ན་ཞིག་ཡིན་པའི་བརྡ་ལེན་ཤུགས་ཆེར་བསྟན་ཡོད་རེད། བརྡ་ལེན་དེ་རྒྱ་ནག་གཞུང་ལ་གསལ་བོར་འཕྲོད་ཀྱང་ཡོད་རེད། དེ་བས་པེ་ཅིན་ཕྱོགས་ནས་ཆེས་ངང་སྒུག་བྱེད་མི་བཟོད་པའང་དེ་ཆགས་ཡོད་རེད། དགུང་ལོ་བརྒྱ་དང་བཅུ་གསུམ་ཟེར་བ་འདི་ནི། ༧ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་རྒྱབ་རྩར་བཏང་བའི་ཆེས་མཐའ་མའི་ཆོས་ཀྱི་མདའ་རེད། མ་ཟད་དབུ་མའི་ལམ་ལ་བཅང་བའི་ཆེས་མཇུག་མཐའི་རེ་བའང་རེད་དོ།།

 

བརྒྱད།

༧ཏཱ་ལའི་བླ་མས་ནམ་རྒྱུན། གལ་སྲིད་ཁོང་ལ་ཡང་སྲིད་ཅིག་དགོས་ཚེ་དེ་ནི་རང་དབང་ལུང་པ་གང་རུང་ནས་འཁྲུངས་ཀྱི་ཡིན་གསུང་གི་ཡོད་རེད། དེ་ནི་ཆོས་ཕྱོགས་ནས་སྨོན་ལམ་ཙམ་ཡིན་མོད། སྲིད་ཕྱོགས་ནས་རྒྱ་ནག་གི་ཧམ་སེམས་ཀྱི་རྩིས་ནག་འཇོམ་པའི་ཆོས་ཀྱི་མདའ་རེད།
༧ཏཱ་ལའི་བླ་མའི་ཡང་སྲིད། དེང་གི་འཛམ་གླིང་ནི་ཆབ་སྲིད་ཀྱི་རོལ་རྩེད་ཤུགས་ཆེར་འཁྲབ་པའི་དུས་རབས་ཤིག་ལ་ཁེལ་ཡོད་པ་རེད། ལྷག་ཏུ་ཆོས་ལུགས་ཆབ་སྲིད་ཀྱི་རྩེད་རྡོར་འཕེན་པའི་གཞུང་ལམ་ཞིག་ཀྱང་ཆགས་ཡོད་པ་རེད། དེ་བཞིན་ ༧ཏཱ་ལའི་བླ་མའི་ཡང་སྲིད་ནི་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱིས་འཕྲོད་རྩོད་ཛ་དྲག་བྱེད་པའི་གཟུགས་འདས་དངོས་ཟོག་ཅིག་ལ་ཆགས་ཡོད་རེད། ལྡི་ལི་གཞུང་གིས་༧ཏཱ་ལའི་བླ་མའི་ཡང་སྲིད་པེ་ཅིན་ལ་ཚོང་གི་མ་རྩར་བཞག་ཏེ་ཁེ་བསང་འབོལ་ཆེན་དབོར་བཞིན་ཡོད་རེད། རྒྱ་གཞུང་གིས་༧ཏཱ་ལའི་བླ་མའི་བདག་དབང་ཡོངས་རྫོགས་སྐུའི་ཡང་སྲིད་དང་མཉན་དུ་ཉོ་འདོད་ལ་ཧམ་སེམས་ཀྱི་ཁ་ཆུ་འཛར་གི་ཡོད་རེད། འགྲོ་སོང་ཡང་རྒྱ་སྒོར་དུང་ཕྱུར་གྲངས་མེད་བློས་གཏོང་བྱེད་ཀྱིན་ཡོད་རེད།

ཅུང་ཞིབ་ཏུ་བཤད་ན། རྒྱ་ནག་གཞུང་གིས་༧ཏཱ་ལའི་བླ་མའི་ཡང་སྲིད་དངོས་ཡིན་མིན་ལ་མ་ལྟོས་པར་སྐུའི་ཡང་སྲིད་ཅིག་བོད་ནས་ངོས་འཛིན་བྱེད་པ་གཏན་ཁེལ་རེད། ལས་དེར་གྲ་སྒྲིག་ཀྱང་ཨང་གསར་ཡོད་རེད། དམིགས་ཡུལ་ནི་ད་ལྟའི་རྒྱ་གར་ནང་ཡོད་པའི་བོད་པའི་འཐབ་རྩོད་དམ་༧ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ནུས་སྟོབས་མཐའ་དག་དང་། དེ་འབྲེལ་བདག་དབང་ཡོངས་རྫོགས་ས་དེར་ལྷག་ལུས་མེད་པར་སྐུའི་ཡང་སྲིད་དང་མཉམ་དུ་ཀྲུང་གོའི་བོད་ལྗོངས་སུ་གནས་སྤོར་བྱེད་རྒྱུ་དེ་རེད། འོན་ཀྱང་ཁོང་ཚོར་དེ་ལ་འགོག་རྐྱེན་གཅིག་ཡོད་པ་ནི་སྐུའི་ཡང་སྲིད་རང་དབང་ལུང་པར་གང་རུང་ནས་འཁྲུངས་རྒྱུ་ཡིན་ཟེར་བའི་གསུང་དེ་རེད། གལ་སྲིད་རང་དབང་ལུང་པ་གང་རུང་ནས་སྐུའི་ཡང་སྲིད་གཞན་ཞིག་བྱུང་བ་ཡིན་ན། ཀྲུང་གོའི་རྩིས་ནག་ལ་འགལ་རྐྱེན་འཕྲད་དེ་ལམ་ལྷུང་མ་བྱུང་བ་རེད།

རྒྱ་ནག་གཞུང་གིས་༧ཏཱ་ལའི་བླ་མའི་ལུང་བསྟན་ནང་གི་རང་དབང་ལུང་པ་ཟེར་བ་དེ་ཕལ་ཆེར་རྒྱ་གར་ཡིན་པའི་ཐག་ཆོད་བྱེད་གི་ཡོད་རེད། དེ་བས་པེ་ཅིན་གཞུང་གིས་འགྲོ་སོང་ཕོན་ཆེན་བཏང་སྟེ་ལྡི་ལི་གཞུང་ནས་ཀྲུང་གོས་ངོས་འཛིན་བྱས་པའི་སྐུའི་ཡང་སྲིད་ལ་རྒྱབ་སྐྱོར་ཡོད་པ་དང་། ཡང་སྲིད་རྒྱ་གར་ནང་འཁྲུངས་བར་མོས་མཐུན་མེད་པའི་ས་ཡིག་ཉོ་གི་ཡོད་རེད། ལྡི་ལི་གཞུང་གིས་ས་ཡིག་དེ་བཙོང་སྲིད་པ་ཞིག་ལ་ཀྲུང་གོས་ངོས་འཛིན་བྱེད་གི་ཡོད་རེད། ཉེན་ཁ་ཚ་བོ་ཞིག་ལ་དེའི་སྐོར་གྱི་གྲོས་མོལ་དེ་ད་ལྟ་འགྲོ་བཞིན་པ་རེད།
ཟུར་ཞུས་ཤིག་ལ། ལྡི་ལི་གཞུང་གིས་༧ཏཱ་ལའི་བླ་མ་དང་ཁོང་གི་བོད་འབངས་རྣམས་མགྲོན་པོ་གལ་ཆེན་ཞིག་ལ་བརྩིས་ཏེ་ཕྱོགས་གང་ཐད་ནས་རོགས་རམ་བྱས་དང་བྱེད་བཞིན་ཡོད་མོད། འོན་ཀྱང་འགྲུལ་བར་བཏང་བའི་མགྲོན་ཁང་ལ་གླ་ཆ་ལེན་པ་ནི་རྒྱ་གར་བའི་ལུགས་སྲོལ་ཞིག་རེད། དཔེར་ན་མོན་རྟ་དབང་ཕྱོགས་སུ་རྒྱ་ནག་གི་བཙན་འཛུལ་བྱུང་བར་བླ་མ་ཁོང་ཆོས་ཀྱི་དམག་ལ་བཏང་བ་ལྟ་བུས་མཚོན་ནོ།།

 

དགུ།

བཙན་བྱོལ་བོད་གཞུང་དམངས་གཉིས་ད་ལྟར་དབུ་མའི་ལམ་གྱི་སྐྱབས་འོག་ནས་རང་ཁ་སོས་ཙམ་ཡོད་མོད། སླད་མར་སྟབས་མ་ལེགས་པར་དབུ་མའི་ལམ་གྱི་ཟམ་པར་གས་ཆག་འདྲ་ཤོར་ཚེ། རྒྱ་གཞུང་གི་རྩིས་ནག་ནང་མི་ལྷུང་བའི་གདེངས་ཚོད་ཁྱོན་ནས་མེད་པར་སེམས། རྒྱུ་མཚན་རྒྱུ་རང་སྟེང་ནས་ཚོགས་ཡོད་པས་སོ།།

 

བཅུ།

དེང་གི་འཛམ་གླིང་འདི་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་བ་ཟེར་བའི་དཔེ་རང་རེད། ཡོད་ཚད་ཁེ་བསང་རྐྱང་རྐྱང་གིས་གཅིག་ལ་གཅིག་རྟེན་བྱས་བསྡད་ཡོད་རེད། རང་དབང་དམངས་གཙོ་ཟེར་ན་འདྲ། ཞི་བདེ་མཉམ་གནས་ཟེར་ན་འདྲ། ཐོབ་ཐང་འདྲ་མཉམ་ཟེར་ན་བླ། ཐམས་ཅད་རང་གི་ཁེ་བསང་སྲོང་བའི་མེ་སྒྱོག་རྐྱང་རེད། དེ་བས་ཡར་ཁའི་ཨ་རི་དང་མར་ཁའི་ཡོ་རོབ། ཅིག་གི་མཉམ་འབྲེལ་རྒྱལ་ཚོགས་དང་། གན་གི་ཡོ་རོབ་མཐུན་ཚོགས་ཟེར་ནས་ཁ་མ་གདངས་ཤིག་ཁྱོན་ནས་ཡོད་ས་མ་རེད། ཨ་ཕོ་རང་གིས་མ་འཇོན་ན།
དེང་གི་ཀྲུང་གོའི་གཞུང་དམངས་གཉིས་ཀ་ངོ་ཚ་ཁྲེལ་མེད་ལ་འཛེམ་བག་མེད་པ། མི་གཞིའི་རྩིས་ཐང་ཐད་ལ་བོར་བ། བྱམས་སྙིང་རྗེའི་དྲི་མི་བྲོ་བ། རང་གི་ཁེ་ཕན་གཞན་གྱི་དཀའ་ངལ་ལས་འཚོལ་མཁན། ཐ་ན་བསམ་ཤེས་ཀྱི་རྟོག་པ་ཙམ་ཡང་ལར་ནས་མ་སད་པའི་ཚོགས་སྡེ་ཞིག་ལ་བདག་གིས་མཐོང་གི་ཡོད། དེ་བས་དབུ་མའི་ལམ་གྱི་དྲང་བདེན་གྱིས་གླགས་ཁེལ་ས་མ་རེད་འདོད་གི།
༧གོང་ས་༧ཏཱ་ལའི་བླ་མ་བཅུ་བཞི་བ་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་གསེར་འོད་ལམ་ལམ་ངང་བཞུགས་པར་ཤོག དེ་ནི་བདག་གི་མ་ཡུམ་གྱི་རེ་བའི་སྨོན་ལམ་ཡིན། ད་བྲིས་ཚར་སོང་།

—-དབྱིན་ལོ་ཉིས་སྟོང་བཅུ་བདུན་དབྱིན་ཟླ་བདུན་པའི་དབྱིན་ཚེས་དྲུག་པ་སྐུའི་འཁྲུངས་སྐར་གྱ་གཉིས་པའི་ཉིན་རྩོམ་མཇུག་བསྒྲིལ་ཏེ་སྤེལ།

རྩོམ་རིག

Post navigation

Previous Post: ༧གོང་ས་མཆོག་བོད་ལ་ཕེབས།
Next Post: ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས།

Comments (10) on “ཀྲུང་གོ་གཞུང་གི་རྩིས་ནག་པོ་དང་། ༧ཏཱ་ལའི་བླ་མའི་ཆོས་ཀྱི་མདའ།”

  1. ཨ་འབར་འཇིགས་དབང། says:
    2017-07-07 at 11:18 pm

    ༄༅། མགར་རྡོར་ནས་བསམ་ཚུལ་དོན་ཚན་་་༡༠་་་བྲིས་གནང་འདུག་པ་གང་ལེགས་འདུག་
    ཁྱེད་ཀྱི་བྲིས་པའི་དོན་ཚན་་་༡༠་་་པོ་འདི་བོད་པར་ཤ་ཚ་ཡོད་པའི་བསམ་ཚུལ་ལ་སོང་་་བཀའ་ཤག་
    དང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔྱད་གཞིའི་སླད་ངེས་པར་གཏོང་དགོས་འདུག་པ་ཐུགས་ལ་ཞོགས།

  2. ཀརྡོ་རབ་འབྱམས་པ་ says:
    2017-07-08 at 1:26 am

    –མགར་རྡོར། རང་གིས་ཤ་ཚས་ཁ་ནས་གཏམ་ངན་བཤད་པ་ཙམ་ལས། བརྗོད་བྱ་ངན་འབྲས་རྐྱང་རྐྱང་བཤད་པ་དང་། རྗོད་བྱེད་ཕྱི་མི་ཅིག་གིས་ཤོད་སྟངས་ལ་ང་ཅུང་བློ་བདེ་མ་བྱུང་། སྤྱི་དོན་ལ་རྩོད་འདོད་ཡོད་ན་མུ་མཐུད་ནས་རྩད་ཆོག དེ་མིན་བོད་མི་ནང་ཁུལ་དཀྲུགས་པ་ལ་འགྲོ་བས་མི་སྨྲ་བའི་རྟུལ་བཞུགས་བཟུང་ཐུབ་བོ།།

  3. ཀརྡོ་རབ་འབྱམས་པ་ says:
    2017-07-08 at 2:06 am

    བོད་གཉན་འཕྲང་འོག་ནས་གྲོལ་ཐབས།
    https://www.facebook.com/voatibetan/videos/774194442616343/?hc_ref=NEWSFEED

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-08 at 9:23 am

    རྩོམ་ཡིག་མང་བས་ཆ་ཚང་བལྟ་ཀློག་ཐུབ་མ་སོང་ཡང་ང་ཚོའི་བཅའ་ཁྲིམས་ནང་དབུས་བོད་མིའི་སྒྲིག་འཛུགས་ལས་བོད་གཞུང་གསལ་མེད་པ་དང་ཁྱེད་ཀྱི་རྩོམ་ཡིག་ནང་བོད་གཞུང་གསལ་བ་ནས་ཐ་སྙད་ཚད་སྒྲུབ་དང་ཁྲིམས་མཐུན་ཇི་ཡིན་ཤེས་ཐུབ་མ་སོང་།

  5. དྲན་དཀར་དཔལ་གྱི་ཡོན་ཏན་ says:
    2017-07-08 at 10:06 am

    མཱ་ཇག་ལག་ནས་དངུལ་གྱིས་ཉོས་པ་དང་།།
    དྲང་སྲོང་རྒན་པོའི་ཚོགས་ཀྱིས་ལྷག་པར་སྐྱངས་།།
    ཕོ་རྒོད་རྣམས་ཀྱིས་ནོར་བུ་བསྲུང་བར་མཛད།།
    མི་དྲག་མཁས་པ་ནོར་བུའི་བང་མཛོད་ལགས།།

    ཏང་ཕྲུག་ཕལ་ཆེར་ལྟ་བས་ནང་དུ་སྡང་།།
    མཚམས་ཀྱི་ཆབ་འབངས་དོགས་ཅན་ཁྭ་ཏའི་རིགས།།
    ཕལ་ཆེར་ཟས་འཕྲོ་ཡོད་སར་འཕུར་བར་ངེས་པས།།
    རིགས་གཅིག་འབུམ་རམས་བཀུར་མཁན་ཉུང་ཉུང་ལགས།།

    མང་གཙོའི་ཀ་བརྟན་བོད་མིའི་བསྒྲིགས་འཛུག་ནི།།
    སྤྱན་རས་གཟིགས་དབང་དང་བའི་ཁྱིམ་གཞིས་ཉིད།།
    དཔའ་དང་དཔའ་མོ་འབུམ་ཀྱི་སེམས་འདུ་བས།།
    བདེན་རྒྱབ་བདེན་ལངས་དཔུང་ནི་ག་ལས་ཆད།།

  6. ཟུར་གནས་ says:
    2017-07-09 at 1:03 am

    ཏཱ་ལའི་བླ་མ་མཆོག་གིས་བོད་ཅེས་པའི་སྤྱི་ལ་ཁྱབ་པའི་བསམ་བློ་དང་འདུ་ཤེས་བསྐྲུན་ཡོད། ཁོང་གི་གོང་ལ་བོད་པ་སྤྱི་ལ་ཁྱབ་པའི་བོད་ཅེས་པའི་འདུ་ཤེས་མེད། གཞན་ཕར་ཞོག དབུས་དང་གཙང་གཉིས་ཀྱི་དབར་ལ་འདུ་ཤེས་སྐྱུག་བྲོ་པོ་ཞིག་ཡོད།

    ཁོང་གིས་བོད་རྒྱུད་ནང་པ་རྣམས་རིས་མེད་ཀྱི་བླ་མ་མི་འདྲ་བའི་འོག་ལ་གདམ་པ་མི་འདྲ་བ་རྣམས་བསྟན་གཅིག་གི་ཐོག་ལ་ཉམས་ལེན་བྱེད་པའི་ཆོས་ཀྱི་འདུ་ཤེས་གཅིག་ཁྱབ་སྤེལ་བཏང་ཡོད། འཇམ་མགོན་ཀོང་སྤྲུལ་གྱིས་ཐོག་མ་མགོ་བཙུགས། ཁོང་གིས་མཇུག་བསྐྱལ་ཡོད།

    ཁོང་གིས་ཆོས་ལས་བརྒལ་བའི་བསམ་བློ་ཞིག་གི་འོག་ནས་མི་མང་པོར་ཆོས་དང་འབྲེལ་བ་མེད་པའི་བྱམས་སྙིང་རྗེ་གོང་འཕེལ་ཡོང་བར་སྐུ་ངལ་ཆེན་པོ་བསྐྱོན་སོང་།

    ཁོང་གིས་མཐའ་ན་རང་གི་དགྲ་བོའི་བདག་མེད་དུ་ལུས་པའི་མི་རབས་གསར་པའི་རྒྱ་མི་རིགས་མང་པོར་ཕན་པ་བསྒྲུབ་ཡོད།

    ཁོང་གིས་ནང་ཆོས་ཀྱི་ཆོ་ག་མང་པོ་ཞིག་དོར་ནས། སྙིང་རྗེ་དང་སྟོང་ཉིད་རྩལ་འདོན་བྱས་ཡོད།

    ད་ལྟ་བོད་པ་ཁ་ཡོད་པ་ཐམས་ཅད་ཀྱིས་སྟོང་ཉིད་དང་སྙིང་རྗེ་ཟེར་བའི་ཐ་སྙད་ཅིག་བེད་སྤྱོད་གཏོང་ཤེས་པ་བཟོས་སོང་།

    འོ། དབུས་ལྷ་ས་ནས། སྨད་ཚ་བ་རོང་པའི་བར་ལ་བོད་པ་ཟེར་བའི་འདུ་ཤེས་ཡ་མཚན་ཞིག་དང་བོད་སྐད་སྦྱོངས་ཟེར་བའི་འདུན་པ་རྒྱ་ཆེན་པོ་ཞིག་བསྐྲུན་སོང་།

  7. ཀརྡོ་རབ་འབྱམས་པ་ says:
    2017-07-09 at 5:29 pm

    ༸གོང་ས་མཆོག་གིས།
    ་་་་་་་་་ ད་ལྟ་བོད་པ་ཁ་ཡོད་པ་ཐམས་ཅད་ཀྱིས་སྟོང་ཉིད་དང་སྙིང་རྗེ་ཟེར་བའི་ཐ་སྙད་ཅིག་བེད་སྤྱོད་གཏོང་ཤེས་པ་བཟོས་སོང་། ་་་་་་་

  8. མགར་རྡོར། says:
    2017-07-10 at 7:50 am

    ཀློག་མཁན་དག་ཕྲན་གྱི་རྩོམ་ཡིག་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་ཀློག་མཆན་སྤེལ་བར་བཀའ་དྲིན་ཆེ།

  9. རྒྱ་ཞིང་མྱི་དཀར། says:
    2017-07-13 at 3:02 am

    མགར་རྡོར་ཡ་མགར་རྡོར་ཕན་མི་ཐོག་པའི་གཏམ་རྙོག་མང་པོ་ཞིག་སྤེལ་མ་གནང་རོགས།

  10. མགར་རྡོར། says:
    2017-07-13 at 9:25 am

    འོ་ལགས་སོ།། ཕན་ཐོགས་མི་ཐོགས་གཙོ་བོ་ཁྱོད་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་ཀྱིས་མ་འདང་བ་ལོས་ཡིན་འདོད། ངས་ནི་ཁྱེད་ལ་ཐར་བའི་ལམ་བསྟན་ཚར་ཡིན། ཕན་སེམས་ཀྱིས་སྤྱི་དོན་གླེང་བ་ཡིན་མོད། ཆབ་སྲིད་ཀྱི་བློ་མིག་ཧ་ཅང་དོག་པའི་ངའི་མི་རིགས་འདི་མཚམས་མཚམས་ལ་སྙིང་ཡང་རྗེ་ཡོང་བྱེད་ཅིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme