Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ

Posted on 2016-01-262016-01-26 By ཁ་བརྡ 4 Comments on ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ

གངས་རིའི་ཕོ་ཉས།

 
རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།

གདོད་མའི་མགོན་པོ་སྤྲོས་ཀུན་ཉེར་ཞི་མཆོག་ཏུ་མི་འགྱུར་ཁྱད་ཆོས་དྲུག་ལྡན་རྡོ་རྗེའི་ཁམས།།
རྣམ་ཐར་བཞི་ལྡན་སྟོང་ཉིད་བདེ་ཆེན་སྙིང་རྗེའི་སྒེག་མོས་གདུལ་བྱའི་དོན་དུ་རབ་བསྐུལ་ལས།།
དུ་མའི་སྐལ་པ་བཟང་པོའི་སྔ་རོལ་ཕུན་ཚོགས་ལྔ་ལྡན་གཞི་སྣང་ཆེན་པོའི་ཞིང་ཁམས་དེར།།
མངོན་རྫོགས་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ།།

མགོན་ཁྱེད་ཐོག་མཐའ་མེད་པའི་སྔ་རོལ་ནས། །
སྤངས་རྟོགས་བཅུ་དྲུག་ཆ་ཤས་ཡོངས་རྫོགས་ཀྱང་། །
བརྩེ་ཆེན་ཐུགས་རྗེས་མ་བཟོད་གདུལ་བྱའི་ངོར། །
སྐྱེས་རབས་འཕེལ་འགྲིབ་རྣམ་ཐར་ཅིར་ཡང་འཆར། །

ཆོས་སྲིད་ཉི་ཟླའི་སྣང་བྱེད་ཤུགས་ཀྱི་ཁམས་གསུམ་མུན་སེལ་ཁྲི་སྲོང་རྗེ། །
ཀུནྡའི་བྱང་སེམས་མྱུ་གུ་གསར་པ་པདྨ་གསལ་དུ་སྤྲུལ་པའི་གར། །
བསྒྱུར་བ་དེ་ཉིད་བགྲང་བྱའི་ཙཀྲ་གདིངས་ཅན་གྲངས་སུ་ཉེར་བསྡུའི་ཚེ། །
རང་བྱུང་པདྨས་སྙིང་ཏིག་བདག་པོར་དབུགས་དབྱུང་གཟེང་བསྟོད་ཀློང་ཆེན་པ། །

ཚེ་དབང་རིག་འཛིན་ལུང་བསྟན་བདེན་པའི་དབྱར་གྱི་རྔ་གསང་ལྡིར་བ་ལས། །
སྟོང་པའི་དབྱིངས་ལས་སྤྲུལ་པའི་གར་མཁན་རིན་ཆེན་ཚུལ་རྡོར་ཆར་ཟིམ་རྒྱུན། །
བབས་པའི་ཚེ་ན་མཁའ་འགྲོ་སྙིང་ཐིག་གཏེར་གྱི་མྱུ་གུ་བཞད་ནུས་པའི། །
གཞི་ལམ་འབྲས་བུའི་དོན་བརྒྱུད་བདག་པོ་པདྨ་ལས་འབྲེལ་ཀློང་ཆེན་པ། །

ཐལ་འགྱུར་རྩ་རྒྱུད་རྨ་བྱའི་རུམ་ནས་འབྱུང་འགྱུར་ལུང་གི་ལྔ་ལྡན་སྒོ་ང་བརྡོལ་བ་ལས། །
རུ་བཞིའི་ཆ་ལས་གཡོར་པོའི་འཛིན་མར་འབྲོམ་སྟོན་མཆོག་དབྱངས་རིགས་རུས་དྲོད་ཀྱིས་སྐྱེད་བསྲིངས་པ། །
དུས་ཀྱི་ཕོ་ཉའི་ནུས་པ་རྫོགས་ཚེ་རབ་ལྔའི་ཕུར་བུའི་དབོ་ཟླ་ཡར་ངོའི་ཚེས་བཅུའི་ཉིན། །
ཐུབ་དབང་མཆོག་གི་སྤྲུལ་སྐུར་ཅོ་འདྲའི་དགེ་མཚན་གཤོག་རླབས་གཡོ་བཞིན་བལྟམས་པ་ཀློང་ཆེན་པ། །

དེ་ཚེ་འདོད་ཁམས་དབང་མོ་ནམ་གྲུ་མས། །
ཕྱག་གིས་བླངས་ཤིང་འཕྲལ་རྐྱེན་མི་བསྲུན་བཅོམ། །
སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་བྱུང་དང་། །
སྙིང་རྗེའི་རླབས་ཆེན་ཟླ་བྲལ་ཀློང་ཆེན་པ། །

གཞོན་ནུ་ཉིད་ནས་རྡོ་རྗེ་ཐེག་པར་གོམས་པའི་འདེགས་འཇོག་བསྒྱུར་ཟིན་ཡང་། །
བསྟན་པའི་གཞི་རྟེན་སྡེ་སྣོད་གསུམ་གྱི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །
སྦྱངས་པའི་ཡོན་ཏན་བཅུ་གཉིས་ཁྱིམ་ནང་བདེན་གཉིས་ཟུང་འཇུག་ཉི་ཟླའི་འགྲོས། །
རྟག་པར་བསྒྱུར་བའི་ལམ་ལྔ་ས་བཅུའི་སྤངས་རྟོགས་མངོན་གྱུར་ཀློང་ཆེན་པ། །

ཀ་ཙན་པཱ་ནི་དབྱངས་ཅན་མ་ལ་སོགས། །
ལེགས་སྦྱར་ཀུན་བཤད་སྒྲ་མདོ་རྒྱ་མཚོའི་བཅུད། །
འཐུངས་པའི་བྱིངས་རྐྱེན་རྣམ་དབྱེའི་མཚམས་སྦྱོར་གྱི། །
བརྡ་སྤྲོད་རྒྱང་གླུ་ལེན་མཁས་ཀློང་ཆེན་པ། །

མངོན་སུམ་རྗེས་དཔག་འགལ་འབྲེལ་འགལ་བརྟག་གི །
རྩོད་པའི་འཁོར་ལོས་ལོག་སྨྲའི་གཉིས་འཐུང་དབང་། །
ཀླད་པ་འགེམས་ཕྱིར་གདོང་པ་ལྔ་པའི་ཟོལ། །
ཚད་མའི་སྟོན་པ་ཀུན་མཁྱེན་ཀློང་ཆེན་པ། །

ལྷ་དང་གཙུག་ལག་ཁང་ལ་སོགས་པའི་བཟོ་རིགས་ས་སྲུང་དབང་པོའི་གཏེར། །
སྡེ་སྣོད་གསུམ་དང་གསང་སྔགས་ཟབ་དོན་ནང་གི་རིག་པའི་མིག་སྟོང་བགྲད། །
སྐྱེས་པ་བུད་མེད་རི་ཤིང་རྒྱ་མཚོ་གོས་ནོར་རྟ་དང་གླང་ཆེན་སོགས། །
བརྟགས་པ་བརྒྱད་ཀྱི་སྐྱེད་མོའི་ཚལ་དུ་རྩེད་འཇོར་རོལ་བ་ཀློང་ཆེན་པ། །

རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་རྩ་བ་མ་རིག་པ་ཡི་ས་བོན་ལ། །
ཉོན་མོངས་གསུམ་གྱི་མྱུ་གུར་ནར་སོན་བྲོ་ནད་ཡལ་འདབས་རྒྱས་པའི་ཚེ། །
རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་དང་གཏར་བསྲེག་དཔྱད་ཀྱི་བདུད་རྩི་ཡིས། །
ཟུག་རྔུ་ཚར་གཅོད་གསོ་རིག་སྨྲ་ལ་གཡུ་ཐོག་གཉིས་པ་ཀློང་ཆེན་པ།་།

བཅུ་ཕྲག་རིག་པར་བསླབ་ཚེ་མི་གཡོ་བ། །
སྒྲ་དབྱངས་ལྷ་མོ་འཇམ་དཔལ་རྡོ་རྗེ་ཡི། །
གསལ་སྟོང་སྒྱུ་མའི་རྣལ་འབྱོར་ལ་ཞུགས་པས། །
ཞལ་གཟིགས་ལུང་བསྟན་མངོན་གྱུར་ཀློང་ཆེན་པ། །

ཨེ་དབྱིངས་ཤེས་རབ་གཎྜའི་ཚལ་དུ་ཐབས་མཆོག་བདེ་གསལ་ཝྃ་ཡིག་གསར་པའི་རེ་ཁྭ་ནས། །
བསྒྱུར་བཀོད་ཕྲི་བསྣན་རྣམ་འགྱུར་བརྒྱ་ཡིས་རི་མོའི་གར་སྟབས་རྣམ་དག་གྲུབ་པའི་བསྒྱུར་བ་ལས། །
གོ་ལའི་ངོས་ཀྱི་དྲང་སྲོང་སྒྱུ་སྐར་བཅུ་གཉིས་ཁྱིམ་དུ་དུས་བཞིའི་ལྟད་མོར་རྩེ་བ་མཐོང་། །
དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་ཐུགས་ཀྱི་ཐིག་ལེར་རོ་གཅིག་བཟླུམས་སོ་ཀློང་ཆེན་པ། །

ས་མཐོའི་གྲུབ་མཐའ་གངས་རིའི་སྤོ་ལ་སྔོན་ནས་བསྙེགས་པས་ལོངས་སྤྱོད་འཁོར་ལོསི་རྩ་མདུད་རྒྱ། །
གཅིག་ཆར་གྲོལ་བའི་གཞུང་ལུགས་རྒྱ་མཚོར་བློ་གྲོས་རབ་རྒྱས་ལུང་རིགས་གཡུ་རལ་ལན་བུ་གཡོ། །
བརྒལ་བརྟག་རིག་པའི་སྡེར་མོའི་ཤུགས་ཀྱིས་ལོག་སྨྲའི་གཉིས་འཐུང་ཀླད་པ་འགེམས་ཤིང་ཐལ་འགྱུར་གྱི། །
མགྲིན་རྔ་ལྡིར་བའི་རིགས་གྲྭ་ཀུན་ཏུ་འགྲན་གྱི་ཟླ་མེད་མི་ཡི་སེང་གེ་ཀློང་ཆེན་པ། །

རང་ལྟ་མཆོག་འཛིན་ཕྱོགས་རེའི་མིག་ཅན་ལྟ་གྲུབ་སྒོ་ངའི་སྦུབས་ལས་གྲོལ། །
རང་གཞན་ཕྱི་ནང་གྲུབ་མཐའི་གཞུང་ལུགས་གངས་ཅན་འདི་ན་དར་རོ་ཅོག །
རང་རྒྱུད་ཉམས་སུ་ལེགས་པར་བསྟར་བས་ཐམས་ཅད་མཁྱེན་པའི་འདབ་གཤོག་རྒྱས། །
རང་གཞན་དོན་གཉིས་ལྷུན་གྲུབ་མཁའ་ལ་འཕུར་བའི་རྩལ་རྫོགས་ཀློང་ཆེན་པ། །

ཇི་སྙེད་མཁྱེན་པའི་ཐོས་བསམ་རྒྱ་མཚོར་སྒོམ་པའི་གཟིངས་ཀྱིས་རྣམ་པར་བརྒལ་བའི་ཕ་མཐའ་ཆེ། །
སྐུ་གསུམ་གྲོང་ཁྱེར་རིན་ཆེན་གླིང་ནས་ཇི་ལྟའི་རྟོགས་པ་བསམ་འཕེལ་དབང་རྒྱལ་ལེན་པའི་སླད། །
ཅོག་ལ་བྲག་ཏུ་དབྱིངས་སྣང་གསལ་བྱེད་ཨར་གཏད་མུན་པའི་རྣལ་འབྱོར་ལམ་ལ་རྗེས་ཕྱོགས་པས། །
ཀློང་ལྔའི་བདག་ཉིད་རྒྱལ་ཡུམ་འཕགས་མ་ཡིད་བཞིན་འཁོར་ལོས་ཞལ་གཟིགས་ཀློང་ཆེན་པ། །

སྲིད་པའི་ཕུན་ཚོགས་ཐིག་ལེ་མཆོག་མར་ཆགས་པ་མིན་ཡང་མཁྱེན་བརྩེ་ནུས་མཐུའི་གདོང་བཞི་ངོམས། །
ཕྱོགས་རེའི་གཞུང་ལུགས་ཐལ་རྒྱུགས་མ་ཡིན་ཤེས་བྱར་སྲིད་ཚད་མཁྱེན་རབ་འདྲེན་བྱེད་བརྒྱད་ཀྱིས་དཔྱོད། །
ཐུབ་བསྟན་བཤད་སྒྲུབ་མདོ་སྔགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མི་འཇིགས་འཇིག་རྟེན་ཡངས་པའི་ཁྲིར། །
སྟོབས་བཅུ་མངའ་ཀུན་མགྲིན་གཅིག་བླངས་པའི་དབྱངས་ཀྱི་མངའ་གསོལ་མཆོག་གི་སྤྲུལ་སྐུ་ཀློང་ཆེན་པ། །

མཛེས་སོ་སྟོབས་བཅུ་མངའ་དབུས་ཉི་མའི་གཉེན། །
བདེ་འབྱུང་རལ་པའི་རྒྱན་དུ་ཆུ་ཤེལ་དབང་། །
ནོར་འཛིན་བུ་མོའི་འགྲམ་པརཁྱུང་སྔོན་སྐྱེས། །
གངས་ཅན་མཁས་པའི་ཁྲོད་ན་ཀློང་ཆེན་པ། །

སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོས་སྲུང་བའི་དབེན་གནས་སྐྱམ་གྱི་ཕུར། །
བཱི་མ་མི་ཏྲ་མི་ཡི་རྫུར་ཞུགས་རིག་འཛིན་བླ་མ་ཀུ་མཱ་རས། །
རྫོགས་ཆེན་བདུད་རྩིའི་དགའ་སྟོན་འགྱེད་ལས་སྡེ་གསུམ་ཀློང་དགུའིབཅུད་འཐུངས་པས། །
ཐེག་བརྒྱད་གྲུབ་མཐའི་ཚུལ་འཆོས་ཞིག་སྟེ་རྟོགས་པས་མྱོས་པ་ཀློང་ཆེན་པ། །

ཀ་དག་དྲི་མེད་ཤེལ་གྱི་ཁང་མཛེས་གཞི་དབྱིངས་ནང་གསལ་བུམ་སྐུའི་ཀློང་། །
མཐའ་བརྒྱད་སྤྲོས་བྲལ་ཁྱད་ཆོས་དྲུག་ལྡན་འོད་གསལ་གཉུག་མའི་གདན་ཁྲི་ལ། །
དུས་གསུམ་དུས་མེད་ཁྱབ་བརྡལ་ཆེན་པོར་དགོངས་པའི་རྒྱལ་པོ་གཏན་སྲིད་ཟིན། །
གཟུགས་སྐུའི་སྦུབས་ནས་བློ་ཟད་ཆོས་ཟད་གདོད་མའི་མགོན་པོ་ཀློང་ཆེན་པ། །

ཨོ་ཌཱི་ཡ་ན་བསིལ་བའི་ཚལ་མཚུངས་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་ཆེ། །
གནས་ཀྱིས་གང་ཟག་བྱིན་གྱིས་རློབས་ནུས་གངས་རི་ཐོད་དཀར་སྙིང་པོའི་མགུལ། །
མངོན་སུམ་རིག་པ་གནད་ལ་གཟིར་བས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་། །
སྣང་བཞིའི་རྩལ་རྫོགས་ལོངས་སྐུའི་ཞིང་དུ་རྩེད་འཇོར་རོལ་པ་ཀློང་ཆེན་པ། །

ཀློང་གསལ་དགོངས་པའི་གཏེར་མཛོད་བརྡོལ་བའི་སྣང་གྲགས་བརྡ་དང་དཔེ་ཆར་ཤར་ཏེ་ཐུགས་གཏེར་རྒྱ་མཚོའི་ཅོད་པན་འཆང་། །
པདྨའི་ལུང་བསྟན་བདེན་པས་རབ་བསྐུལ་ས་ཡི་སྙིང་པོའི་ཟབ་དོན་བྱུང་བས་དུས་གསུམ་གཏེར་སྟོན་བརྒྱ་རྩའི་ཏོག །
ཤེས་བྱ་རིག་པའི་གཞུང་ལུགས་སྤྱི་དང་ངལ་གསོ་བསྐོར་གསུམ་མཛོད་ཆེན་བདུན་གྱི་བསྟན་བཅོས་བང་རིམ་བུམ་ཆོས་བཀྲ། །
རྨད་བྱུང་སྤངས་རྟོགས་བ་གམ་རབ་བརྗིད་མཁྱེན་པའི་ཟིལ་གྱིས་རྒྱན་དྲུག་མཆོག་གཉིས་ས་ཆེན་འདར་ནུས་ཀློང་ཆེན་པ། །

རྩ་གསུམ་རྒྱ་མཚོས་ཞལ་གཟིགས་དབང་སྐུར་རིག་པའི་རྩལ་དབང་མངོན་དུ་གྱུར། །
དམ་ཅན་སྲུང་མས་འབངས་སུ་ཞལ་མཆིས་མཚར་གཅོད་རྗེས་འཛིན་ཕྲིན་ལས་བརྙེས། །
གངས་ཅན་མཁས་གྲུབ་རྨུགས་འཛིན་དབང་པོས་འབྲལ་མེད་དད་པའི་བརྟེན་དུ་བསྲུངས། །
དགོངས་པའི་ཀློང་ནས་སྙིང་ཐིག་གསུམ་གྱི་ཡང་བཅུད་སྐྱུག་མཁས་ཀློང་ཆེན་པ། །

གསེར་འཁོར་རྩིབ་སྟོང་སྔོན་དུ་འགྲོ་མིན་ཐུགས་རྗེའི་ཤུགས་ཀྱིས་ས་གསུམ་གདུལ་བྱར་རང་དབང་བསྒྱུར། །
ཡན་ལག་བཞི་པའི་དཔུང་ཆེན་བཤམ་མིན་ཐར་པའི་དགྲ་བོ་ཀུན་རྟོག་བག་ཆགས་གཡུལ་ལས་རྒྱལ། །
ལས་དབང་བསོད་ནམས་ཤུགས་ཀྱིས་མ་ཡིན་གདུལ་བ་རྣམ་བཞི་འགྲོ་ཀུན་རྣམ་མཁྱེན་ལམ་ལ་བཀྲི། །
ཐེག་པ་རིམ་དགུའི་འཁོར་ལོས་བསྒྱུར་བས་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་གཟིགས་ཀློང་ཆེན་པ། །

ཐུབ་པའི་བསྟན་པའི་འཆི་མེད་གྲོང་ཁྱེར་ལྟ་ན་སྡུག་པའི་ཕོ་བྲང་དབུས། །
སྔ་འགྱུར་རྫོགས་ཆེན་ས་སྲུང་དབང་པོ་ཤིན་ཏུ་རྣལ་འབྱོར་ཐེག་པའི་སྟེང་། །
སྣང་བ་བཞི་ཡི་མིག་སྟོང་བགྲད་ནས་རྣམ་པར་བསྒྱིངས་ཚེ་ཀུན་རྟོག་བློའི། །
ཨ་སུ་ར་ཚོགས་ཟིལ་གྱིས་གནོན་པའི་གྲགས་པ་དོན་ལྡན་ཀློང་ཆེན་པ། །

མུཀྟི་ཀ་ཡི་དྲྭ་བས་ཐོད་རྐྱེན་འཇིག་རྟེན་དགའ་བའི་མཛེས་མ་མིན། །
སྤུ་སྡུག་འཇའ་ཚོན་རི་མོ་བཀྲ་བའིསྒྲོ་གཤོག་ཟླུམ་པོའི་རྨ་བྱ་མིན། །
ལུང་རྟོག་ཡོན་ཏན་ཐིག་ལེ་མཆོག་མའི་བཞིན་གྱི་དཀྱིལ་འཁོར་མཐོང་བའི་མོད། །
ཆགས་བྲལ་ཞི་བ་འཇིག་རྟེན་མེས་པོའི་ཡིད་ཀྱང་ཕྲོགས་སོ་ཀློང་ཆེན་པ། །

ཕྱི་ནང་གཞུང་ལུགས་མང་དུ་ཐོས་པ་ལུང་གི་ཡོན་ཏན་ཕ་མཐའི་མི་དཔོག་འཛམ་བུ་ཆུ་བོའི་སུ་ཝརྣ། །
ནན་ཏན་བསམ་པའི་དཔྱད་གསུམ་རྣམ་དག་མགར་གྱི་སྦྱོར་བས་བསྲེག་བཅད་བརྡར་བའི་ཤིང་རྟ་གསུམ་གྱི་མཆོད་སྡོང་ལ། །
གངས་རིའི་མགུལ་པར་ཕུལ་བྱུང་སྒོམ་པའི་ཉམས་མྱོང་དྲོད་ཀྱིས་དག་པ་གཉིས་ལྡན་ས་ལ་སྦྱོར་བའི་ཕྲ་བཀོད་པས། །
སྨྲ་མཁས་ས་པན་ཚིག་ལ་འཆེལ་སྙམ་རིགས་པའི་བསྟན་བཅོས་བཀའ་བཙིགས་ཟོལ་གྱི་སྒྲིབ་པར་བྱེད་དོ་ཀློང་ཆེན་པ། །

ཏིང་འཛིན་གྲུབ་པའི་དྲང་སྲོང་རྒན་པོའང་གནྡྷརྦ་ཡི་གླིང་བུས་སད། །
ཁེངས་པས་དྲེགས་པའི་འཁོར་ལོས་བསྒྱུར་ཡང་ལྗོངས་རྒྱུའི་ཟོལ་གྱིས་ལྟད་མོར་ལྷགས། །
འགྲོ་འོང་མེད་པ་འཕགས་པའི་མཉམ་བཞག་དེས་ཀྱང་གཡོ་བར་མི་ནུས་པ། །
མཛོད་ཆེན་བདུན་གྱི་ཡིད་ཀྱི་ཆོམ་རྐུན་ཆེན་པོ་བྱས་སོ་ཀློང་ཆེན་པ། །

འཛམ་བུའི་གླིང་ན་རྒྱན་དྲུག་མཆོག་གཉིས་ངོ་མཚར་ཆེ། །
གངས་ཅན་འདི་ན་མེས་དབོན་རྣམ་གསུམ་སྙིང་སྟོབས་ཆེ། །
ཀུན་གྱི་ཕྲིན་ལས་འཇའ་ལུས་རིག་འཛིན་བརྟུལ་ཞུགས་ཆེ། །
ལྔ་བརྒྱའི་མཐའ་ལ་བསྟན་པའི་སྣང་བྱེད་ཀློང་ཆེན་པ། །

ཕྱོགས་རིས་ལྟ་གྲུབ་ཁྲོན་པའི་ཆུ་ཡི་ལྟོ་བ་སྤོས་པའི་ཀརྐ་ཊས། །
གསང་རྒྱུད་རྒྱ་མཚོར་འོལ་ཚོད་མཛུབ་མོས་ལོག་སྨྲའི་ཚད་དུ་དཔོག་པའི་ཚེ། །
མདོ་རྒྱུད་ཆུ་གཏེར་ཧུབ་ཀྱིས་འཐུང་བའི་བརྒལ་བརྟག་རིགས་པའི་སུན་འབྱིན་སྒྲས། །
བསྟན་ལ་རི་མོར་འགྱིས་པ་ཡིན་ནོ་གྲགས་པ་དོན་ལྡན་ཀློང་ཆེན་པ། །

ཀ་དག་ཕྱོགས་ཡན་ལྟ་བར་ཤར་བས་མཐའ་བརྒྱད་སྤྲོས་པ་དབྱིངས་སུ་ནུབ།
ལྷུན་གྲུབ་རང་ཡན་སྒོམ་པར་གྲོལ་བས་དྲན་འཛིན་གཉེན་པོ་ཕྱལ་བར་ཡས། །
གཏད་མེད་རང་གྲོལ་སྤྱོད་པར་གོམས་པས་རེ་དོགས་ཆོམ་རྐུན་ཟིལ་གྱིས་གནན། །
གངས་ཅན་འདི་ན་མཁས་དང་གྲུབ་པའི་གྲགས་པས་མུ་ཁྱུད་ཀློང་ཆེན་པ། །

ཤིང་རྟའི་ལམ་སྲོལ་འབྱེད་ལ་ཀླུ་སྒྲུབ་རྗེར། །
མཚུངས་ཀྱང་མ་ཡིན་ཀུན་མཁྱེན་བསམ་ཡས་པ། །
གསང་རྒྱུད་དགོངས་པ་ལོན་འདི་དགའ་རབ་རྗེ། །
མ་ཡིན་གངས་ཅན་མཚོ་ཡིས་ཐུགས་བསྐྱེད་མཐུ། །

ཁྱེད་ཀྱི་སྤངས་རྟོགས་ནམ་མཁའི་མཐས་ཀྱང་ཐུག་པ་མེད་པའི་ངོ་མཚར་གཏམ་གྱི་བཻ་རོ་ཙ། །
གླིང་བཞིའི་སྣང་བྱེད་ཉི་ཟླ་ཟུང་གིས་ནོར་འཛིན་བུ་མོའི་རྣ་བའི་་རྒྱན་དུ་བཏགས་པ་ལས། །
གྲུབ་རྒྱའི་སྤྱི་མེས་སྤྲོས་བྲལ་དོ་ཧའི་རྒྱང་གླུ་ལེན་མཁས་ས་ར་ཧའམ་མདའ་བསྣུན་རྗེ། །
རང་མིན་གཉིས་པ་གཞན་ཞིག་ཡོད་སྙམ་འཕྱང་མོ་ཉུག་གི་དྲྭ་བར་བཙུད་དོ་ཀློང་ཆེན་པ། །

གང་གི་རྒྱན་དྲུག་མཆོག་གཉིས་ཞུམ་ནུས་པའི། །
ལྔ་རིག་གཙུག་ལག་སྨྲ་ལ་མཚར་དུ་ཅི། །
གདོད་མའི་མགོན་པོ་ཁྱད་ཆོས་དྲུག་ལྡན་གྱི། །
དགོངས་པའི་ཀློང་དུ་བཙན་ས་ཟིན་མིན་ནམ། །

ཨ་ཧོ་བརྟན་གཡོའི་ཆོས་ཁམས་རྒྱ་མཚོའི་རྡུལ། །
ཀུན་མཁྱེན་ཁྱེད་ཀྱི་ཀློང་ཆེན་མེ་ལོང་ངོགས། །
མི་འཆར་ཤེས་བྱའི་རྣང་བརྙན་འདི་ཀོ་ཞེས། །
སྟོབས་བཅུ་མངའ་བ་དེས་ཀྱང་བསྟན་དུ་མེད། །

འདུས་བྱས་རང་བཞིན་རྟག་པ་མ་ཡིན་འཕེལ་འགྲིབ་དུས་ཀྱི་འཐོར་རླུང་ཆེས། །
དབུར་ཞྭའི་ལྷ་ཁང་སྤྲིན་གྱི་ཁང་མཛེས་དུམ་བུར་སྟོར་བ་བཱི་མ་ལས། །
སྡིགས་འཛུབ་ཟོལ་གྱི་ཞིག་གསོའི་ལུང་བསྟན་ཇི་བཞིན་མངོན་དུ་སྒྲུབ་པའི་ཚེ། །
སྣང་བ་དབང་སྒྱུར་བརྟུལ་ཞུགས་སྤྲོས་པས་བརྟན་གཡོའི་ཟིལ་གནོན་ཀློང་ཆེན་པ། །

རྒྱལ་བ་རིག་འཛིན་བཀའ་གྲོས་རྟ་བདུན་པས། །
བསྐུལ་ཏེ་མདོ་སྔགས་བསྟན་པའི་འོད་བརྒྱ་པ། །
མི་ཡིས་ཟོལ་ལ་བརྟེན་ནས་ཤར་བ་དེས། །
མུ་ཅོར་སྨྲ་བའི་མུན་པ་ཟིལ་གྱིས་གནན། །

ས་ཐོབ་རྣམས་ལ་སྐྱེ་འཆི་དངོས་པོ་རང་མཚན་མེད་དེ་རྟག་འཛིན་གདུལ་བྱ་སྐྱོ་བའི་སླད། །
གཟུགས་སྐུའི་མཆོད་སྡོང་དཔལ་གྱི་མཆིམས་ཕུར་གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་འབྱུང་གནས་སུ། །
ཆོས་སྐུའི་བཞུགས་སྟངས་དྲང་པོར་བཞག་སྟེ་ཞི་བར་གཟིམས་ཀྱང་གསང་གསུམ་ལུང་རྟོགས་རྒྱ་མཚོའི་ཕུལ། །
ཡི་གེའི་ཟོལ་གྱིས་ཆོས་སྐུའི་རིང་བསྲེལ་ཕུང་པོར་བཞག་པའི་བཀའ་དྲིན་བསམ་གྱིན་ཐལ་མོ་སྦྱོར། །

དེ་སྐད་དུས་མཁྱེན་རྗེས་སུ་ཕྱོགས་པའི་བསྟོད་ཚིག་འགྱུར་ཁུགས་དུས་ཀྱི་ཕོ་ཉའི་རྒྱང་གླུ་དེ། །
བདག་གི་སྐྱེས་རབ་སྲིད་གསུམ་རྒྱ་མཚོའི་ཕ་མཐར་འགྲིམ་པ་དེ་སྲིད་ཀུན་མཁྱེན་བླ་མ་དེའི། །
རྗེས་སུ་ཞུགས་ཤིང་གང་གི་སྤང་རྟོགས་ལེགས་བྲིས་ལམ་ལ་གོམས་པའི་འདེགས་འཇོག་བསྒྱུར་ནུས་ནས། །
བསྟན་འགྲོར་དོན་མཆོག་རླབས་ཆེན་འགྲུབ་པའི་སྙེ་མ་སྦོམ་པོ་ཡུར་དུ་ཟ་བ་ཤོག་ཅིག་གུ། །

དགོས་འབྲེལ་མེད་པ་ཕྱི་པའི་གཞུང་ལུགས་དང་། །
བྲམ་ཟེའི་རིག་བྱེད་ལྟ་བུའི་བསྔགས་པ་མིན། །
མདོ་སྔགས་བསྟན་པའི་སྲོག་ཤིང་འདི་ཡིན་པས། །
རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛོད། །

སྙན་ངག

Post navigation

Previous Post: སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ཀྱི་གསུང་བཤད།
Next Post: ཕ་མ་དྲན་གླུ།

Comments (4) on “ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ”

  1. སྤོབས་པ་མཐའ་ཡས། says:
    2016-01-26 at 8:00 pm

    སྙན་ངག་པ་གངས་རིའི་ཕོ་ཉས་སྙན་རྩོམ་ཁྱད་དུ་འཕགས་པ་ཞིག་བྲིས་འདུག སྲོལ་རྒྱུན་སྙན་ངག་གི་ཉམས་དང་འགྱུར་བ་འདུག འདི་འདྲ་བའི་རྩོམ་སྙན་པོ་མ་མཇལ་ནས་ཡུན་རིང་ཡིན། འདིར་ལྟ་ཀློག་གི་གོ་སྐབས་བསྐྲུན་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-26 at 10:44 pm

    ་
    སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོས་སྲུང་བའི་དབེན་གནས་སྐྱམ་གྱི་ཕུར། །
    བཱི་མ་མི་ཏྲ་མི་ཡི་རྫུར་ཞུགས་རིག་འཛིན་བླ་མ་ཀུ་མཱ་རས། །
    རྫོགས་ཆེན་བདུད་རྩིའི་དགའ་སྟོན་འགྱེད་ལས་སྡེ་གསུམ་ཀློང་དགུའིབཅུད་འཐུངས་པས། །
    ཐེག་བརྒྱད་གྲུབ་མཐའི་ཚུལ་འཆོས་ཞིག་སྟེ་རྟོགས་པས་མྱོས་པ་ཀློང་ཆེན་པ། །
    ་
    ཤོ་ལོ་ཀ འདི་གཅིག་པུ་ སེམས་ལ་ ཕན་ཤོས་ འདུག

  3. གཙང་ཞོལ་བདེ་གསལ། says:
    2016-01-27 at 1:12 am

    འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།།
    ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་བ།།
    ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཆེ།།
    འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ།།
    དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།

  4. སྐར་དབང་འོད་འཛིན་ says:
    2020-04-24 at 6:29 pm

    བཀྲ་ཤིས་བདེ་ལེགས། སམ་བོ་དྲི་ པོའོསི་དྲིས་ཧིཡར་པི་ལིས་
    ཨ་ཧོ། འོད་གསལ་སྤྲོས་དང་བྲལ་བ་ཡེ་ཤེས་ཀྱི་རོལ་མོ། །གང་འདོད་སྒྱུ་འཕྲུལ་དྲ་བ་ཟུང་འཇུག་གི་བཀོད་པ། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་ཀྱི་རྡོ་རྗེས ། །ཅིར་སྣང་ཆོས་སྐུར་རྟོགས་པའི་བྱིན་ཆེན་ཞིག་ཕོབ་ཅིག །
    ཚོགས་གླུ་འདི་ཆ་ཚང་ཡོད་ན་ ང་ལ་གནང་རོགས་གནང་ སྐུ་ཆེ་ལགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme