Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་རྩོམ་ཞིག

Posted on 2013-01-302013-01-30 By ཁ་བརྡ་ 65 Comments on ཀ་རྩོམ་ཞིག

ནུབ་ཕྱོགས་གངས་ཕྲུག་དང་མེ་ཏོག་དཀར་པོ།

ཀ་ར་ཀོ་རེ་བཤད་མཁན་སྤྲུལ་གོག་རྣམས། །
ཁ་ནས་ཞིམ་ཚད་ཟས་དང་གོས་ཆེན་དགའ། །
ག་རུ་བསྐྱོད་ཀྱང་རྒྱ་མོ་དབྱིན་མོ་འཁྲིད། །
ང་ནི་དེ་ཚོ་མཐོང་དུས་ཡིད་ཐང་ཆད། །

ཅ་ལག་ཡག་རི་ཡག་ཚད་བཀོལ་ཞིང་སྤྱོད། །
ཆ་འཇོག་དགོས་པའི་ཡོན་ཏན་སྣ་གཅིག་མེད། །
ཇ་ཆང་ཤ་ཟས་རོལ་ནས་བྲོད་ཁོག་འབུར། །
ཉ་རིལ་འདར་བཞིན་ཕྱི་གླིང་ཡུལ་གྲུ་ཉུལ། །

ཏ་ཐ་ག་ཏའི་བསྟན་པའི་མིང་འཁུར་ནས། །
ཐ་དད་ལུང་པར་ཚོང་པ་བཞིན་དུ་འཁྱམ། །
ད་དུང་ཁ་ལ་འདོད་ཆུང་ཆོག་ཤེས་ཟེར། །
ན་རྒ་འཆི་བའི་འཇིགས་པ་མེད་དམ་ཅི། །

པ་ལོ་བྲེག་ནས་རབ་ཏུ་བྱུང་ན་ཡང་། །
ཕ་ལོ་གྱུར་པས་ངོ་ཚས་མ་བཟོད་པར། །
བ་ཕྱུགས་ལྟོགས་པས་སྐད་ངན་འདོན་པ་བཞིན། །
མ་འོས་ཚིག་གིས་ཀུན་ལ་སྨོད་ལ་བྲེལ། །

ཙ་རི་གངས་རིར་སྒྲུབ་པ་ཉམས་ལེན་མེད། །
ཚ་གྲང་ཡོང་དུས་གློག་འཕྲུལ་ཡོ་བྱད་མང་། །
ཛ་ཏི་སྨན་དང་གསེར་དངུལ་གཟི་ཚོང་རྒྱབ། །
ཝ་དང་འུག་པ་བཞིན་དུ་མཐར་སྤྲོད་དགོས། །

ཞྭ་མོ་དམར་སེར་དཀར་ནག་ཅི་གྱོན་ཡང་། །
ཟ་འདྲེའི་རིགས་འདི་ཟ་འདྲེ་རང་ཡིན་པས། །
འ་ཅག་བོད་འབངས་དུཿཁ་མེད་འདོད་ན། །
ཡ་ང་མེད་པར་འདི་ཚོར་ངོ་རྒོལ་དགོས། །

རྭ་རྒོད་གྱོང་པོ་ལྟ་བུའི་སྤྲུལ་གོག་ཚོ། །
ལྭ་བ་དཀར་སེར་དམར་སོགས་ཅི་གྱོན་ཡང་། །
ཤ་ཁྲག་སྒྱུ་མའི་ལུས་གྲུབ་སེམས་ཅན་དང་། །
ས་སྟེང་འཇིག་རྟེན་འདི་ཡི་ཁུར་པོ་ཙམ། །

ཧ་ལོའི་དུག་བཞིན་མཐོང་བ་ཕུང་གསུམ་པ།།
ཨ་ལགས་སྤྲུལ་གོག་རིགས་ལ་འཇིག་རྟེན་འདིར།།
ཧ་ཅང་འཛེམས་ཟོན་མེད་པར་མཉམ་རུབ་ཀྱིས། །
ཨ་ཡིག་སྟོང་པའི་གནས་སུ་བསྐྲོད་པར་མཛོད། །

རྩོམ་རིག

Post navigation

Previous Post: བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ།
Next Post: མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་།

Comments (65) on “ཀ་རྩོམ་ཞིག”

  1. བསྟན་འཛིན་རྒྱལ་པོ། says:
    2013-01-30 at 3:23 pm

    ཨ་ཙི་ལས་ངན་བསགས་པའི་ནུབ་ཕྲུག་གིས། །
    ཧ་ཅང་ཚོགས་ངན་གསོག་པའི་འཆལ་གཏམ་བྲིས། །
    ས་སྟེང་མགོ་ནག་མི་ཡི་བྲལ་ཡོད་ན། །
    ཤ་རུས་གསེད་པའི་གཏམ་འདི་མ་སྨྲོས་ཤིག །

  2. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-30 at 3:36 pm

    བསྟན་འཛིན་རྒྱལ་པོ་ལགས། ང་དང་མེ་དཀར་ཟུང་ནས་བྲིས་ཡིན། ཤླ྄ཽ་ཀ་དང་པོ་ང་དང་གཉིས་པ་མེ་དཀར། རེ་མོས་བྲིས་ནས་ར་ལ་ཤ་ས་གུས་པའི་བརྗེད་ནས་སུས་བྲིས་མིན་མི་ཤེས། མཐའ་མ། ་ཧ་ཨ་ཤླཽ་ཀ་དེ་ངས་བྲིས་ཡིན།

  3. མེ་ཏོག་བཅུད་ལེན། says:
    2013-01-30 at 4:08 pm

    ཏ་ཐ་ག་ཏའི་བསྟན་ལ་སྡང་བའི་དགྲ།།
    ཐ་ཤལ་སྤྲུལ་རྫུན་འགའ་ལས་གཞན་མེད་པས།།
    ད་ནས་བཟུང་སྟེ་རང་རིགས་གཞོན་སྐྱེས་ཚོས།།
    ན་ཚ་ཇི་བཞིན་རིང་དུ་སྤོངས་ཤིག་ཨང་།།

  4. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2013-01-30 at 5:40 pm

    ཡག་པོ་བྲིས་འདུག། གནད་ལ་འཁེལ་པོ་བྲིས་འདུག། ཐུགས་རྗེ་ཆེ། ད་དུང་གང་མང་འབྲི་བའི་རེ་བ་ཞུ།

  5. གངས་དཀར་ཤ་མེད། says:
    2013-01-30 at 10:24 pm

    ནུབ་ཕྱོགས་གངས་ཕྲུག་དང་མེ་དཀར་གཉིས་ཀྱིས་ཡག་པོ་བྲིས་འདུག།

  6. མེ་ཏོག་དཀར་པོ says:
    2013-01-30 at 10:36 pm

    ནུབ་ཕྱོགས། ར་སྡེ་ངས་བྲིས་སོ།།

  7. འདྲེ་རྐང་ཐོ། says:
    2013-01-30 at 11:00 pm

    ཀ་རྩོམ་བྲིས་ནས་དུས་ཚོད་མ་སྐྱེལ་བར། །
    ཁ་བའི་དོན་དུ་འབར་བའི་དཔའ་བོའི་ཆེད། །
    ག་ལེར་མ་ཎི་རེ་གཉིས་འདོན་རོགས་ཞེས། །
    ང་ཡིས་སྙིང་ནས་གསོལ་བ་འདེབས་པ་ལགས། །

  8. མེ་ཏོག་དཀར་པོ says:
    2013-01-30 at 11:18 pm

    ཀ་བཤད་ལམ་ནས་སྤྲུལ་རྒོལ་བྱས་པ་འདི། །
    ཁ་བ་ཅན་པའི་ལས་དོན་མིན་སོང་ན། །
    ག་འདྲ་ཞིག་ལ་བོད་དོན་ཟེར་དགོས་སམ། །
    ང་ཅག་རྣམས་ལ་ཤོད་དང་འདྲེ་རྐང་ཐོ། །

  9. འདྲེ་རྐང་ཐོ། says:
    2013-01-30 at 11:58 pm

    ཀ་ཡི་ལས་ངན་མེ་ཏོག་དཀར་བོ་ཁྱོས། །
    ཁ་བ་ཅན་ལ་ཁ་སེམས་དཀར་མདོག་གིས། །
    ག་ས་ག་ལ་སྨྱོན་གཏམ་གླེང་བ་འདི། །
    ང་ཡིས་བལྟས་ན་བོད་དོན་མི་ཚོད་རེད། །

  10. མེ་ཏོག་དཀར་པོ says:
    2013-01-31 at 12:06 am

    ཀ་དག་གནས་ལུགས་སྒོམ་ཡང་བོད་དོན་རེད། །
    ཁ་ནས་བོད་ཡིག་ཀློག་ཀྱང་བོད་དོན་རེད། །
    ག་སར་བོད་ཡིག་བྲིས་ཀྱང་བོད་དོན་རེད། །
    ང་ཅག་ཚང་མས་བོད་དོན་སྒྲུབ་འདུག་བསམ། །

  11. མེ་ཏོག་དཀར་པོ says:
    2013-01-31 at 12:06 am

    ཀ་དག་གནས་ལུགས་སྒོམ་ཡང་བོད་དོན་རེད། །
    ཁ་ནས་བོད་ཡིག་ཀློག་ཀྱང་བོད་དོན་རེད། །
    ག་སར་བོད་ཡིག་བྲིས་ཀྱང་བོད་དོན་རེད། །
    ང་ཡིས་སྤྲུལ་རྒོལ་འདི་ཡང་བོད་དོན་རེད། །

  12. གཡུ་འབྲུག་དཀར་པོ། says:
    2013-01-31 at 12:16 am

    ཀ་རྩོམ་བྲིས་པ་དེ་ཡང་བོད་དོན་རེད། །
    ཁ་རྩོད་རྒྱག་པ་དེ་ཡང་བོད་དོན་རེད། །
    ག་རེ་བྱས་ཀྱང་ཚང་མ་བོད་དོན་རེད། །
    ང་ཡང་བོད་དོན་སྒྲུབ་མཁན་མི་ཞིག་རེད། །

  13. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 1:05 am

    ཀ་རྩོམ་བྲིས་པ་དེ་ཡང་བོད་དོན་རེད། །
    ཁ་རྩོད་རྒྱག་པ་དེ་ཡང་བོད་དོན་རེད། །
    ག་རེ་བྱས་ཀྱང་ཚང་མ་བོད་དོན་རེད། །
    ང་ཡང་བོད་དོན་སྒྲུབ་མཁན་མི་ཞིག་ཡིན། །འདིར་ཡིན་ཐོབ་པ་འདྲ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 1:12 am

    ཀ་ར་ཀོ་རེ་བཤད་མཁན་སྤྲུལ་གོག་རྣམས། །
    ཁ་ནས་ཞིམ་ཚད་ཟས་དང་གོས་ཆེན་དགའ། །
    ག་རུ་བསྐྱོད་ཀྱང་རྒྱ་མོ་དབྱིན་མོ་འཁྲིད། །
    ང་ནི་དེ་ཚོ་མཐོང་དུས་ཡིད་ཐང་ཆད། །ཅེས་པའི་ལན་དུ།

    ཀ་ར་ཀོ་རེ་མ་བཤད་ཆོས་ཕུང་གསུངས། །
    ཁ་ནས་ཞིམ་ཚད་མ་བཟས་ངེས་འབྱུང་བསྒོམ། །
    ག་རུ་ཕེབས་ཀྱང་སློབ་མ་རྒྱ་ཕྲག་བསྐྱངས། །
    ང་ནི་དེ་ཚོ་མཐོང་དུས་ཡིད་དབང་འཕྲོག ། ཧ་ཧ་ཀུ་རྩེད་ཡིན་གདའ་ནུབ་མེ་གཉིས། །

  15. མེ་ཏོག་དཀར་པོ says:
    2013-01-31 at 1:23 am

    ཀ་རྡོ་བླ་མ་སྤྲུལ་སྐུར་དད་མདོག་འདི། །
    ཁ་ཞེ་གཉིས་མེད་ཡིན་ན་སྙིང་རྗེའི་གནས། །
    ག་རེ་མནའ་ནས་ད་བར་གཡོ་སྒྱུ་ཡིས། །
    ང་ཚོའི་ཡོད་ཚད་འཕྲོག་པ་མི་དྲན་ནམ། །

  16. གནམ says:
    2013-01-31 at 1:36 am

    ཀ་ཁ་ག་ངའི་རྐང་ཆག་རྩོམ་ཆག་རྣམས།།
    ཁ་ནས་བཏང་བའི་སྐྱག་པ་རྐྱང་རྐྱང་རེད།
    ག་ལོག་བྲིས་བའི་དོན་མེད་ངག་ཀྱལ་རྣམས།།
    ང་ངོའི་ངག་ལ་མ་བྱང་རྐྱང་རྐྱང་རེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 1:41 am

    ཀ་རྡོ་བླ་མ་སྤྲུལ་སྐུར་དད་མདོག་འདི། །
    ཁ་ཞེ་གཉིས་མེད་ཡིན་ན་སྙིང་རྗེའི་གནས། །
    ག་རེ་མནའ་ནས་ད་བར་གཡོ་སྒྱུ་ཡིས། །
    ང་ཚོའི་ཡོད་ཚད་འཕྲོག་པ་མི་དྲན་ནམ། །
    ཞེས་པའི་ལན་དུ།
    ཀརྡོ་ང་རང་སྤྲུལ་སྐུ་ཡིན་མོད་ཀྱང་། །
    ཁ་ཞེ་གཉིས་མེད་བླ་མ་བྱེད་འདོད་ཀྱང་། །
    ག་རུ་ཕྱིནད་ཀྱང་འབུལ་བ་ལེན་འདོད་ཀྱང་། །
    ངར་མིན་སྤྲུལ་བླར་འབུལ་བ་མི་མཐོང་ངམ། །

    ནུབ་མེ་ཀར་གསུམ་ཕྱུག་འདོད་སྤྲུལ་བླར་གྱིས། །
    དད་རྫས་དཀོར་ནག་རང་ལ་མ་གོས་གྱིས། །
    ཡོད་ཚད་ཆོས་ཕྱིར་བཏང་ནས་ཆོས་སྟོན་གྱིས། །
    མེད་ཚད་ཆགས་མེད་དབེན་པའི་འདོད་ཆུང་གྱིས། །

    འདི་ཡང་ཀྱལ་ཀ་ཡིན་ནོ་གྲོགས་རྙིང་ལགས། །

  18. གནམ says:
    2013-01-31 at 1:48 am

    ང་རོའི་ངག་ལ་མ་བྱང་རྐྱང་རྐྱང་རེད་ལ་བཅོས་རོགས་གནོངས་། ང་ངོའི་མ་རེད།

  19. གཡུ་འབྲུག་དཀར་པོ། says:
    2013-01-31 at 2:28 am

    ཀ་དག་གནས་ལུགས་རྟོགས་པའི་བླ་མ་ལ། །
    ཁ་ནས་གང་བྱུང་མང་བྱུང་མ་སྨྲོས་ཤིག། །
    ག་ཏཱའི་བསྟན་པ་སྐྱོང་མཁན་སྤྲུལ་སྐུ་དེ། །
    ང་ཚོའི་འདི་ཕྱི་གཉིས་ཀྱི་རེ་ས་ཡིན། །

  20. མེ་ཏོག་དཀར་པོ says:
    2013-01-31 at 2:36 am

    ཅ་དངོས་རིགས་ལ་བདག་འཛིན་ཁོ་ཚོར་ཡོད། །
    ཆ་འཇོག་དགོས་པའི་ཡོན་ཏན་ཁོང་ཚོར་མེད། །
    ཇ་ཡུན་རིང་ལའང་གཞན་མགོ་ཁོ་ན་བསྐོར། །
    ཉ་པ་འདི་ཚོ་སྐྱབས་གནས་ཡིན་མདོག་མེད། །

  21. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 2:46 am

    ཏཐགཏའི་བསྟན་འཛིན་སྐྱེས་བུ་ལ། །
    ཐ་ན་དད་མེད་སྨོད་ཚིག་ཙམ་གྱིས་ཀྱང་། །
    ད་ལྟ་རང་ལ་མཐོལ་བཤགས་མ་བྱས་ན། །
    ནརཀ་དམྱལ་ཆེན་བཅོ་བརྒྱད་མ་གསུངས་སམ། །

  22. མེ་ཏོག་དཀར་པོ says:
    2013-01-31 at 2:51 am

    པ་ཕ་ཡིན་ཀྱང་ཆོས་པ་ཡིན་གྱུར་ན། །
    ཕ་རོལ་སྐྱེས་བུས་དད་གུས་ལོས་བྱེད་ཀྱང་། །
    བ་གླང་སྤྱོད་པས་སེམས་བསུན་འབྱིན་མཁན་ལ། །
    མ་རྨད་ཚུལ་དུ་བསྔགས་ཁྱོད་སྙིང་རེ་རྗེ། །

  23. གཡུ་འབྲུག་དཀར་པོ། says:
    2013-01-31 at 2:56 am

    ཏ་ཐཱ་ག་ཏའི་བསྟན་འཛིན་རྣམས་ཀྱི་མཛད་སྤྱོད་ནི། །
    ཐ་མལ་ང་ཚོའི་བློའི་ཡུལ་ལས་འདས་པ་ཡིན། །
    ད་སྟེ་རིང་མིན་དོན་མེད་བསྐུར་འདེབས་བྱས་པའི་འབྲས། །
    ན་རཀ་དམྱལ་བའི་གཏིང་དུ་ལྷུང་དུས་མི་འགྱོད་དམ། །

  24. གཡུ་འབྲུག་དཀར་པོ། says:
    2013-01-31 at 2:57 am

    ཧ་ཧ་ཧ་སློབ་དཔོན་ཀར་རྡོ་ངེད་གཉིས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་དུ་དེ་ལྟར་བྲིས་པ་ངོ་མཚར་ཆེ།

  25. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-31 at 3:17 am

    ངུ་མཁན་གྱི་ཁ་ལ་བལྟ་ན་ངུ་ཤོར།
    རྒོད་མཁན་གྱི་ཁ་ལ་བལྟ་ན་རྒོད་ཤོར།
    ཡི་གེ་སྦྱོང་མཁན་གྱི་ཁ་ལ་བལྟ་ན་ཡི་གེ་སྦྱོང་།
    བོད་དོན་བྱེད་མཁན་གྱི་ཁ་ལ་བལྟ་ན་བོད་དོན་བྱེད།
    སྤྲུལ་སྐུའི་ཁ་ལ་བལྟ་ན་རང་ཡང་དེ་བཞིན་བྱེད།
    ཐམས་ཅན་གཞན་གྱི་དབང་དུ་སོང་།
    སྤྲུལ་སྐུ་རྣམས་ནི་སྐྱོན་མེད་ཡིན།
    སྤྲུལ་སྐུ་བཟོ་མཁན་བོད་ཀྱི་མི་མངས་ཡིན།
    སྤྲུལ་སྐུ་མེད་པར་བཟོ་ན་བོད་ལ་གནོད།
    སྤྲུལ་སྐུ་རྣམས་ལ་མགོ་བོས་གུས་འདུད་པ།
    ནུབ་ཕྱོགས་པ་དང་རྒྱ་ནག་དད་ལྡན་རྣམས།
    སྤྲུལ་སྐུར་དབང་སྒྱུར་ཐུབ་པ་བོད་ལ་ཕན།
    སྤྲུལ་སྐུ་མེད་ལ་བོད་ལ་དྲི་མཁན་སུ།
    སི་གྷ་ལ་དང་ཐེ་ལནྡ་ཡུལ་ལྗོངས་ན།
    གནས་བརྟན་འདུལ་བ་འཛིན་པ་ལྟ་བུའི་དགེ་སློང་ལ།
    བོད་ཀྱི་སྤྲུལ་སྐུ་བཞིན་དུ་དྲི་མཁན་སུ།
    གནས་བརྟན་དགེ་སློང་ཞིག་གིས་བདག་ལ་དྲིས།
    བོད་ཆོས་དར་བའི་ཁྱབ་སྒྲགས་ཇི་ལྟར་བྱེད།
    བོད་པ་སུས་ཀྱང་ཆོས་ཀྱི་ཁྱབ་སྒྲགས་བྱེད་པ་མེད།
    བོད་ཆོས་འདོད་ནས་གདུལ་བྱ་ཚུར་འོངས་ཀྱི།
    ཛམ་གླིང་འབྱོར་ལྡན་ཡུལ་དུ་བོད་ཆོས་དར།
    དེ་ལྟར་དགེ་སློང་དེ་ལ་ལན་སྨྲས་ཞར་དུ།
    བོད་ལ་གསེར་མང་བོད་པས་བོད་ལ་ཆོས་དར་ཐུབ།
    སྔོན་དུས་གལ་ཏེ་བོད་ལ་གསེར་མེད་ན།
    སངས་རྒྱས་བསྟན་པ་བོད་ལ་དར་དཀའ།
    འཆལ་འཆོལ་ངག་གིས་བྲིས་ཀྱང་བདེན་པ་ཡིན།
    ཡི་གེ་དག་མེད་ཀུན་ལ་ཞུས་དག་མཛོད།
    དང་ལེན་ལས་བྱེད་འོངས་པའི་དུས་སླེབས་སོ།།

  26. གཡུ་འབྲུག་དཀར་པོ། says:
    2013-01-31 at 3:19 am

    པ་ར་མི་ཏའི་ཞུང་ལུགས་མ་སྦྱངས་ཤིིང། །
    ཕ་རོལ་གཞན་གྱིས་དད་པ་མ་བྱེད་ན། །
    བ་ལང་རྫི་ཡང་མགོ་བསྐོར་མི་ནུས་པ། །
    མ་བརྟག་མ་དཔྱད་པར་ཡང་རིག་མིན་ནམ། །

  27. མེ་ཏོག་དཀར་པོ says:
    2013-01-31 at 3:24 am

    ཏ་ཐ་ག་ཏའི་སྡེ་སྣོད་གསུམ་དང་འགལ། །
    ཐ་ཤལ་སྤྱོད་པས་དད་ལྡན་སེམས་ཁམས་སྲེག །
    ད་དུང་གྲལ་མགོར་སྡོད་མཁན་འདི་ཚོ་ལ། །
    ན་རག་སོང་ཡང་ངོ་རྒོལ་བྱ་ངེས་ཡིན། །

  28. མེ་ཏོག་དཀར་པོ says:
    2013-01-31 at 3:47 am

    ཀ་ཁ་ཡིག་ངོ་ཆོད་པའི་གནམ་རྒན་མ། །
    ཁ་ནས་སྐྱག་པ་གཏོང་བའི་ཁྱད་མཚར་ཅན། །
    ག་དུས་ཡིན་རུང་འདྲེ་སྐད་ཙམ་ཞིག་ལས། །
    ང་ཚོའི་བོད་སྐད་ཤེས་གི་མིན་འདུག་ཨང་།

  29. གནམ says:
    2013-01-31 at 5:42 am

    ཀ་ཁ་ག་ང་སྒྲ་ཡི་གཟུགས་སུ་བཀོད།།
    ཁ་མཆུ་ལྕེ་རྡེབ་ངག་གི་སྒྲ་སྒོ་ནས།
    ག་དུས་ཡིན་ཡང་ཡང་དག་སྒྲ་དག་འབྱུང་།།
    ང་ཡི་ངག་ན་མ་སྐད་དྭངས་མ་ཡོད།

    ང་ཡིན་ང་རྒྱལ་ཅན་གྱི་མེ་དཀར་ཁྱོ།

    ཅ་ནེ་མཆན་ལ་གཅུར་ནས་ཚོགས་ལ་སོང་།།
    ཆ་རྐྱེན་འཛོམས་དུས་གྲྭ་ལོག་ཆོས་ལོག་བྱོས།།
    ཇ་ཕུད་མེད་པའི་འཇིག་རྟེན་འཁོར་བ་ནས།།
    ཉ་བ་ཟིག་གི་ཉམས་རྒྱུས་མེད་ཚོད་རེད།

  30. མེ་ཏོག་དཀར་པོ། says:
    2013-01-31 at 6:08 am

    ཅ་ཅོ་སྒྲོགས་པའི་གནམ་ཁྱོད་ཚུར་ཉོན་དང་། །
    ཆ་ལག་ཚང་བའི་བོད་སྐད་སྦྱོང་འདོད་ན། །
    ཇ་ཐུག་མཆོད་རྫས་ཁུར་ནས་གང་མགྱོགས་ངང་། །
    ཉ་ཉོག་མེད་པར་ང་ཡི་དྲུང་དུ་ཤོག །

  31. གནམ says:
    2013-01-31 at 6:38 am

    ཏ་སྒུར་ད་སྐྱའི་དབྱེ་བ་མི་ཁོད་པར།།
    ཐ་སྙད་ཆོས་ཚིག་འགའ་ལ་ཡིད་མ་ཤོར།།
    ད་ལན་ཁྱོད་ལ་བསྟེན་པའི་ཡིད་མ་སྤྲོ།།
    ན་རྒས་མེ་དཀར་ཕྱི་མའི་ཆོས་བརྡ་སྦྱོངས་།

  32. ཨ་ཕྱི་ཆོས་སྒྲོན says:
    2013-01-31 at 8:12 am

    ཨ་ཁ་སྤྲུལ་སྐུ་སྨོད་པའི་ཀ་རྩོམ་དེ། །
    ཨ་ལོག་གྲྭ་ལོག་འགའ་ཡིས་རང་སྐྱོན་རེད། །
    ཨ་ལགས་སྤྲུལ་སྐུར་སྒྲོ་བཀུར་འདེབས་པ་དེས། །
    ཨ་རོ་ཁྱོད་ཚོའི་དུས་ཚོད་འཕྲོག་བརླག་རེད།

  33. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 8:14 am

    བརྩེ་བས་རང་རིགས་གཞན་རིགས་ཀུན་ལ་བཀུར། །
    ཚ་གྲང་འགལ་ལྟར་ལེགས་གཞུང་སུ་ལའང་མེད། །
    མཛའ་མཐུན་བདུད་རྩི་འཐུང་ནས་ཡར་རྒྱས་ཐོངས། །
    ཝ་ཞྭས་ནང་ཁུལ་འགྲན་རྩོད་ཡོལ་ཟིནད་ཏོ། །

  34. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 8:20 am

    ཞྭ་ལྟར་མཛེས་པའི་ཏྰ་ལའི་བླ་མ་བཀུར། །
    བཟའ་བཏུང་མཉམ་དུ་དམ་ཆོས་བདུད་རྩི་འཐུང། །
    འ་རེ་འུ་རེས་ཡར་མར་མཚན་སྨོད་ཞོགས། །
    ཡ་མེད་འགྲན་ཟླ་བྲལ་བའི་མི་ཚེར་འགྲུས། །

  35. མེ་ཏོག་དཀར་པོ། says:
    2013-01-31 at 8:40 am

    ཨ་ཕྱི་ཆོས་སྒྲོན་སྤྲུལ་སྐུར་དགའ་མདོག་ལ། །
    ཨ་ལགས་གཅིག་གི་དགའ་གྲོགས་ཡིན་ས་རེད། །

  36. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 8:42 am

    ར་ལྟར་གྱོང་བའི་རང་སེམས་མ་འདུལ་འདི། །
    ལ་ལུང་རྒྱབ་བམ་རང་ཁྱིམ་གྲུ་བཞིར་ནང་། །
    གཤིས་ལུགས་ཤེས་ནས་རང་གཞན་དོན་བསྒྲུབ་རན། །
    ས་ཡ་དྲུག་པོའི་བོད་མངས་ངར་རན་འདུག །

  37. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 8:43 am

    ཧ་ཅང་ཤོད་འདོད་མེད་ཀྱང་ཀ་རྩོམ་འོག །
    ཨ་ལི་ཀ་ལིས་བརྒྱན་པའི་ཚིག་གྲུབ་འགའ། །
    ཧ་ར་ཧུ་རེས་ངང་ལ་འབྲི་ཐལ་ཤོར། །
    ཨའུ་ཙམ་མིན་འགྲོ་སྙམ་ནས་བྲིས་པ་ལགས། །

  38. སྤྲུལ་སྐུ་དབང་ཆེན། says:
    2013-01-31 at 8:53 am

    སྤྲུལ་སྐུ་སངས་རྒྱས་ཆོས་དང་དགེ་འདུན་དང་།།
    དེ་བཞིན་སྤྲུལ་སྐུ་བླ་མ་རིན་པོ་ཆེ།།
    དཀོན་མཆོག་ཀུན་འདུས་སྤྲུལ་སྐུ་ཕོ་མོ་ལ།།
    སྙིང་ནས་སྒོ་གསུམ་རབ་གུས་དུང་བས་བསྟོད།།

  39. མེ་ཏོག་དཀར་པོ། says:
    2013-01-31 at 9:07 am

    སྤྲུལ་སྐུ་སངས་རྒྱས་ཆོས་དང་དགེ་འདུན་དང་།།
    དེ་བཞིན་སྤྲུལ་སྐུ་བླ་མ་རིན་པོ་ཆེ།།
    དཀོན་མཆོག་ཀུན་འདུས་སྤྲུལ་སྐུ་ཕོ་མོ་ལ།།
    སྙིང་ནས་སྒོ་གསུམ་རབ་གུས་དུང་བས་བསྟོད།།

    སྤྲུལ་སྐུ་སྡོམ་འཆལ་སྤྲུལ་སྐུ་བསྟན་གཤིག་དང་། །
    སྤྲུལ་སྐུ་དཀྲུག་ཤིང་སྤྲུལ་སྐུ་དཀོར་བགམ་སྟེ། །
    སྤྲུལ་སྐུ་རྒྱོ་དགའ་སྤྲུལ་སྐུ་འདོད་རྔམ་ཆེ། །
    སྤྲུལ་སྐུ་འདི་ཚོ་མེད་ན་ཀུན་ལ་ཕན། །

  40. སྤྲུལ་སྐུ་དབང་ཆེན། says:
    2013-01-31 at 9:14 am

    སྤྲུལ་སྐུར་སྔོན་བསགས་ལོངས་སྤྱོད་རྒྱས་པ་ལ།།
    ཇི་དགར་སྤྱོད་འདི་སོ་སོའི་ཐོབ་ཐང་ཉིད།།
    འབྱོར་མེད་སྤྲང་འཁྱམས་གྲོང་མཐའི་ཁྱི་རྒན་འགས།།
    རྒྱལ་པོའི་ཕོ་བྲང་མདུན་ནས་ངུ་སྐད་འབོད།།

  41. མེ་ཏོག་དཀར་པོ། says:
    2013-01-31 at 9:20 am

    ཧ་ཧ་ཧ
    སྤྲུལ་སྐུས་སྔོན་བསགས་སྐྱག་པ་ཡིན་ན་ལས། །
    ལེགས་བྱས་དགེ་བ་བཟང་པོ་ག་ལ་ཡིན། །
    དད་ལྡན་མགོ་བོ་བསྐོར་བའི་ལོངས་སྤྱོད་ལ། །
    ཅི་འགར་སྤྱོད་འདི་དམྱལ་བར་འགྲོ་བའི་རྟགས། །

  42. མེ་ཏོག་དཀར་པོ། says:
    2013-01-31 at 9:26 am

    སྐྱེ་བོ་ཕལ་གྱིས་ལོ་ཟླའི་ཕྲེང་བ་ལ། །
    ཁྲག་དང་ཆུ་སེར་བཏང་ནས་བསགས་པའི་རྒྱུ། །
    ཆོས་ལ་བསྙད་དེ་འཕྲོག་འདི་ཐོབ་ཐང་ཞེས། །
    སྨྲ་བའི་སྙིང་ཁམས་ཆེ་འདི་འཇིགས་སྣང་ལ། །

  43. གངས་སྨྱུག says:
    2013-01-31 at 9:34 am

    ཀརྨ་་པ་ཡི་དགོངས་སྲོལ་དེ། །
    ཁ་ནག་འགའ་རིས་དམོད་པ་གྱེར། །
    ག་ནས་ལྟས་ཀྱང་བདུད་རང་རེད། །
    ང་ནི་སྤྲུལ་སྐུ་རྩི་སྐུར་ཡོད། །

  44. གཡུ་འབྲུག་དཀར་པོ། says:
    2013-01-31 at 9:37 am

    སྤྲུལ་སྐུ་ལ་ཡང་ཐུགས་རྗེས་ཡས་སྤྲུལ་དང་། །
    ལས་ཉོན་མས་སྤྲུལ་རྣམ་པ་གཉིས་སུ་གསུངས། །
    ཐུགས་རྗེས་ཡས་སྤྲུལ་ཡིན་ན་སྐྱབས་སུ་མཆི། །
    ཕྱི་མ་ཡིན་ན་ཅུང་ཟད་ཟབ་འཚལ་ལོ། །

  45. གཡུ་འབྲུག་དཀར་པོ། says:
    2013-01-31 at 9:44 am

    དེང་སང་སྙིགས་མ་ལྔ་བདོའི་དུས་འདི་རུ། །
    ཐུགས་རྗེས་ཡས་སྤྲུལ་ཉིན་མོའི་སྐར་མ་ཙམ། །
    ལས་ཉོན་མས་སྤྲུལ་སྤང་ལ་ཤ་མོ་བཞིན། །
    ད་དུང་སྤྲུལ་མིན་སྤྲུལ་སྐུར་བརྫུ་བ་མང་། །

  46. མེ་ཏོག་དཀར་པོ། says:
    2013-01-31 at 10:38 am

    གཡུ་འབྲུག་དཀར་པོའི་འབྲུག་སྒྲ་སྙན་པ་ལ།

  47. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-01-31 at 4:41 pm

    ཀ་དག་གནས་ལུགས་རྟོགས་པའི་སྤྲུལ་སྐུ་རྣམས།།
    ཁ་བའི་ལྗོངས་ཀྱི་བསྟན་འགྲོར་གཅིག་ཏུ་སྨན།།
    ག་ནས་བལྟས་ཀྱང་སྤྲུལ་སྐུ་དེ་འདྲ་ལ།།
    ང་ཚོ་ཚང་མས་སྤྱི་བོ་གཙུག་གིས་མཆོད།།

    ཅ་ལག་གང་ཡག་བསྒྲིགས་ནས་ཁྱིམ་མདོག་སྟོན།།
    ཆ་ལུགས་སྐྱ་མིན་སེར་མིན་འདྲེ་མདོག་སྟོན།།
    ཇ་ཆང་བཟའ་བཏུང་རིག་ན་སྤྲང་མདོག་སྟོན།།
    ཉ་ཡི་ཏོག་འདྲའི་སྤྲུལ་སྐུར་སྡིགས་མཛུབ་སྟོན།།

    ཏ་ཐཱ་ག་ཏའི་བསྟན་ལ་ཐོས་བསམ་གནང་།།
    ཐ་དད་མི་རིགས་མང་པོར་ཆོས་སྦྱིན་གནང་།།
    ད་ལྟ་ཉམ་ཐག་བོད་མིར་ཆོས་ནོར་གནང་།།
    ན་ནིང་དོ་ཚིགས་སྤྲུལ་སྐུ་འདི་འདྲ་མཁོ།།

    པ་སངས་བཞིན་དུ་དཀར་བའི་ལྷག་བསམ་མེད།།
    ཕ་རོལ་ཕྱིན་པའི་གཞུང་ལ་སྦྱངས་བ་མེད།།
    བ་ལང་མ་ཧེ་དག་དང་ཁྱད་པར་མེད།།
    མ་རུང་སྤྲུལ་སྐུ་འདི་འདྲ་མཁོ་བ་མེད།།

    ཙ་རི་ལ་སོགས་གནས་ཆེན་མང་བསྐོར་ནས།།
    ཚ་གྲང་སྡུག་བསྔལ་དཀའ་སྤྱད་མ་གནང་ཡང་།།
    ཛ་ཡའི་བསྟན་ལ་ཉིན་མཚན་བརྩོན་པ་རྣམས།།
    ཝ་ལེར་བསམ་ན་ང་ཚོས་མཆོད་པར་འོས།།

    ཞྭ་སེར་ཞྭ་དམར་གྱོན་ནས་མྱི་མགོ་བསྐོར།།
    ཟ་མ་ནག་མོ་བརྩད་ནས་སྡེ་འཁྲུག་བསློངས།།
    འ་ཡོ་བཞིན་དུ་སྦྱིན་བདག་མཚོན་པོ་བཙལ།།
    ཡ་ཁོག་དུག་གསུམ་གང་བའི་སྤྲུལ་སྐུ་སྤོངས།།

    ར་ཅོ་ལྟ་བུའི་རང་རྒྱུད་འདུལ་བར་བརྩོན།།
    ལ་དགུ་ལུང་དགུ་བསྒྲིམས་ནས་ཐོས་བསམ་འཚོལ།།
    ཤ་ཁྲག་དམར་ཟས་སྤངས་ནས་དཀར་ཟས་བསྟེན།།
    ས་ཆ་གང་དུ་བཞུགས་ཀྱང་བསྔགས་པར་འོས།།

    ཧ་ཅང་ཕྱོགས་ལྷུང་ཚིག་དག་གོ་བའི་མོད།།
    ཨ་ཙི་སེམས་ཀྱིས་མ་བཟོད་འདི་ཙམ་ཐལ།།

  48. ཨོ་རྒྱན་ཉི་མ། says:
    2013-01-31 at 4:57 pm

    ཀ་རྩོམ་དགེ་སྦྱོང་བསླབ་བྱ།

    ཀ་ཡེ་གསོན་དང་བན་ཆུང་འཁྱམས་པོ་དག །

    ཁ་ནས་བཤད་པ་དོན་ལཡོད་གྱུར་ན། །

    ག་ས་གང་དུ་་སྤྲང་ཉུལ་མི་བྱེད་པར། །

    ང་ཚོའི་ཆེད་དུ་དགེ་བསྒྲུབ་སྡིག་སྤོང་གྱིས། །

    ཅ་ཅོ་གཏམ་ཚོགས་མང་པོ་དགོས་པ་མེད། །

    ཆ་ལུགས་ཆོས་དང་མཐུན་པའི་སྤྱོད་ལམ་གྱིས། །

    ཇ་ཆང་ཤ་ཐུད་ཟ་ཚོད་འཐུང་ཚོད་ཀྱིས། །

    ཉ་རེ་ཉོ་རེ་མི་ཚེ་མི་གཏོང་བར། །

    ཏ་ཐ་ག་དའི་གསུང་ལ་ཐོས་བསམ་གྱིས། །

    ཐ་ན་འཆི་ཁར་འགྱོད་པ་མི་དགོས་པ། །

    ད་ལྟ་ཉིད་ནས་བརྩོན་པར་མ་བྱས་ན། །

    ན་རྒའི་སྡུགབསྔལ་བསླེབ་དུས་ཕྱི་ནས་ཐལ། །

    པ་དྲ་ལྟ་བུའི་རྟོག་པའི་འདུ་འཕྲོ་འདིས། །

    ཕ་རྒན་ང་ཡང་བཅིངས་ཡུན་རིང་དྲགས་པས། །

    བ་གླང་བཞིན་དུ་བླང་དོར་གནས་ལ་རྨོངས། །

    མ་རྣམས་རྡུགས་ཀྱང་ཐབས་ཤེས་གཉིས་ཀྱིས་དབེན། །

    ཙ་ར་གཅོད་ཡུལ་གཤིན་རྗེའི་འཇིག་རྟེན་ན། །

    ཚ་གྲང་གཉིས་ཀྱིས་གཙེས་པའི་སྡུག་བསྔལ་དག །

    ཛ་དྲག་ཡིན་ཡང་ཐར་བར་མི་ནུས་པས། །

    ཝ་སྐྱེས་ལྟ་བུའི་ཁྲེལ་མེད་མ་བྱེད་ཅིག །

    ཞ་བོ་བཞིན་དུ་མལ་ན་ལུས་ཉིད་ཀྱིས། །

    ཟ་འཐུང་མ་མང་གཉིད་ཀྱང་སྲང་ལ་གཅུར། །

    འ་ཅག་སེམས་འདི་ལུས་ན་འཛིན་ནུས་ན། །

    ཡ་ཡོ་མེད་པའི་ཏིང་འཛིན་བརྟན་ནས་འོང་། །

    ར་བ་བརྟན་བའི་ཞི་གནས་འགྲུབ་གྱུར་ན། །

    ཤ་རུས་ཐུག་པར་གཤིས་ཀྱི་ལྷག་མཐོང་གོམས། །

    ས་ལམ་མ་ལུས་ཚེ་གཅིག་རྫོགས་པར་གྱིས། །

    ཧ་ཅང་ཟབ་པའི་གཞི་ལམ་འབྲས་བུའི་ཆོས། །

    ཨ་མ་ཡུམ་ཆེན་མ་ཡི་ཞལ་ནས་ཐོས། །

    སྤྱི་ལོ་༢༠༡༡་ཟླ་བ་༥་ཚེས་༩་ཨོ་རྒྱན་ཉི་མས་ཐེ་པེ་རུ་བྲིས།།

  49. གནམ says:
    2013-01-31 at 5:02 pm

    སྤྲུལ་བའི་སྐུ་ལ་དད་པའི་ཕྱག་བཟུང་ན།
    མ་འགྲིག་དམྱལ་བ་འགྲོ་ནོ་སུ་ཡིན་ནམ།།
    སྤྲུལ་བའི་གསུང་ལ་ཐོས་པའི་འབྲེལ་བརྒྱབས་ན།
    མ་ཤེས་རྨོངས་བར་འཁོར་ནོ་སུ་ཡིན་ནམ།།
    སྤྲུལ་བའི་ཐུགས་ལ་མཆོད་པའི་ཚོགས་བསགས་ན།
    མ་དག་ཚོགས་ཉེས་ཐེབས་ནོ་སུ་ཡིན་ནམ།

  50. པདྨ་འཕྲིན་ལས་། says:
    2013-01-31 at 7:22 pm

    དྲ་གྲོགས་གནམ་ལགས་སུ།
    སྤྲུལ་བའི་སྐུ་ལ་དད་པའི་ཕྱག་བཟུང་མཁན།
    མ་འགྲིག་དམྱལ་བ་འགྲོ་ནོ་གནམ་ཡིན་ནོ།
    སྤྲུལ་བའི་གསུང་ལ་ཐོས་པའི་འབྲེལ་བརྒྱབས་མཁན།
    མ་ཤེས་རྨོངས་བར་འཁོར་ནོ་གནམ་ཡིན་ནོ།
    སྤྲུལ་བའི་ཐུགས་ལ་མཆོད་པའི་ཚོགས་བསགས་མཁན།
    མ་དག་ཚོགས་ཉེས་ཐེབས་ནོ་གནམ་ཡིན་ནོ།

  51. མེ་ཏོག་དཀར་པོ། says:
    2013-01-31 at 10:30 pm

    ཀ་ཁ་ལ་སོགས་ཡོན་ཏན་གཏིང་ནས་བརྗེད། །
    ཁ་ཕོར་ནག་གོག་ལ་སོགས་ངོ་ཤེས་པའི། །
    ག་ཚད་བསམ་ཡང་སྤྲུལ་གོག་འདི་དག་ནི། །
    ང་ཚོའི་ཁུར་མི་ཐུབ་པའི་ཁུར་པོ་ཞིག །

  52. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-31 at 11:19 pm

    ཁོ་བོ་བོད་དུ་ཡོད་པའི་སྐབས་ཤིག་ན།
    མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ན་འདི་མཐོང་།
    ་
    རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
    གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
    ་
    ཚིག་འདི་ད་ལྟའི་དུས་སུའང་བློ་ན་ཡོད།
    གཞན་དང་འཛིངས་ཤོར་དུས་ལ་བསམ་དགོས་སོ།།

  53. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-02-01 at 2:08 am

    མི་ལ་བཟང་ངན་ཡག་བཙོག་མང་དུ་ཡོད།།
    མི་ངན་བཙོག་པ་ཡོད་པས་རྒྱུ་མཚན་གྱིས།།
    མི་རྣམས་རྩ་མེད་བཟོ་རྒྱུ་ཡིན་ཟེར་ན།།
    མི་ཡི་བྱེད་སྟངས་ཡིན་མིན་ངས་མི་ཤེས།།

  54. ཨོ་རྒྱན་ཉི་མ། says:
    2013-02-01 at 2:31 am

    ཅ་ཅོའི་གཏམ་ལ་ནམ་ཡང་རྫོགས་རྒྱུ་མེད།།
    ཆ་ལུགས་མི་གཅིག་སྐྱ་སེར་གཉིས་ཀའི་ཆས།།
    ཇ་ཆང་བུད་མེད་གང་ལ་ཐུག་ཀྱང་སྤྱོད།།
    ཉ་པ་འདྲ་བའི་དེང་གི་གྲྭ་འཁྱམས་ཚོ།།

  55. ཀརྡོ་གཉེར་ཕྱག་པ་ says:
    2013-02-01 at 2:38 am

    ཅ་ཅོའི་གཏམ་ལ་ནམ་ཡང་རྫོགས་རྒྱུ་མེད།།
    ཆ་ལུགས་མི་གཅིག་སྐྱ་སེར་གཉིས་ཀའི་ཆས།།
    ཇ་ཆང་བུད་མེད་གང་ལ་ཐུག་ཀྱང་སྤྱོད།།
    ཉ་པ་འདྲ་བའི་དེང་གི་གྲྭ་འཁྱམས་ཚོ།།
    ཞེས་པའི་ལན་དུ།

    རྗེས་མ་ཉ་པར་སྐྱེ་བར་སྨོན་དགོས་སམ། །

    ཉ་པ་ཚུལ་ཁྲིམས་ལྡན་པ་མེད་དམ་ཅི། །
    ཇ་ཆང་བུད་མེད་ཐུག་ཚད་ཇི་ལྟར་སྤྱོད། །
    ཆ་ལུགས་ཡོད་ཚད་ངས་ཀྱང་གྱོན་ཐུབ་པ། །
    ཅ་ཅོའི་གཏམ་ལྷག་ཉམས་མྱོང་འབེལ་གཏམ་མཛོད། །

    ཧ་ཧ་ཀུ་རེ་ཡིན་ནོ་ཨོ་ཉི་ལགས། །

  56. མེ་ཏོག་དཀར་པོ says:
    2013-02-01 at 2:47 am

    ཏ་ཐ་ག་ཏའི་བསྟན་དགྲ་ངོ་མ་ཁྱོད། །
    ཐ་ཤལ་བྱ་བས་ཉིན་མཚན་འདའ་མཁན་ཁྱོད། །
    ད་ལྟ་ད་ལྟ་གཞན་སེམས་དཀྲུག་མཁན་ཁྱོད། །
    ན་རཀ་མི་དྲན་ཨོ་རྒྱན་སྨྱོན་པ་ཁྱོད། །

  57. ནུབ་ཕྱོགས་གངས་ཕྲུག་ says:
    2013-02-01 at 11:10 am

    པ་ཕའི་བུ་དང་བུ་མོ་ཟེར་ཞིང་གྲོང་ནག་མཐའ་ཡིས་བསྐོར།
    །ཕ་རྒན་ངོ་མ་ཡིན་ཡང་ད་དུང་ཆོས་གོས་དམར་སེར་གྱོན།
    །བ་གླང་ལྟ་བུའི་ཉམ་ཐག་སློབ་མའི་དེ་མཚོ་གཙུག་ཏུ་བཀུར།
    །མ་ལུས་འགྲོ་བ་ཕན་པ་ལྟ་བཞོག་རང་ཉིད་ངན་འགྲོར་འགྲོ

  58. མེ་ཏོག་དཀར་པོ says:
    2013-02-02 at 1:44 am

    སྤྲུལ་གོག་མི་རིགས་ཡར་རྒྱས་འགག་རྡོ་ཡིན། །
    སྤྲུལ་གོག་བྱུར་དང་ཆགས་སྒོའི་སྣ་འདྲེན་ཡིན། །
    སྤྲུལ་གོག་རྒྱ་འདྲེ་འབོད་པའི་གཡབ་མོ་ཡིན། །
    སྤྲུལ་གོག་རང་ཡུལ་དགྲ་ལག་སྐྱེལ་མཁན་ཡིན། །
    འདི་ཚོས་བོད་ལ་ཕན་པ་བཏགས་རབས་མེད། །
    འདི་ཚོས་བསྟན་ལ་བྱ་བ་བྱས་རབས་མེད། །
    འདི་ཚོས་གཞན་ཕན་ལས་བཟང་སྒྲུབ་རབས་མེད། །
    འདི་ཚོས་ཡ་རབས་སྤྱོད་བཟང་སྟོན་རབས། །
    འདི་དག་མེད་ན་བོད་པར་ཡར་རྒྱས་འོང་།།
    འདི་དག་མེད་ན་སྐྱེ་བོ་ཆོས་ལ་དད། །
    འདི་དག་མེད་ན་སྤྱི་ཚོགས་གཙང་ཐིང་ཐིང་།
    འདི་དག་མེད་ན་ཆགས་སྡང་རྨོངས་གསུམ་ཉུང་།།

  59. མེ་ཏོག་དཀར་པོ says:
    2013-02-02 at 5:30 am

    སྤྲུལ་སྐུས་བཟའ་ཚང་གཏོར་བ་མང་། །
    སྤྲུལ་སྐུས་ཉལ་ཐ་འཐེན་པ་མང་། །
    སྤྲུལ་སྐུས་རྒྱུ་རྫས་རྐུས་པ་མང་། །
    སྤྲུལ་སྐུས་གཡོ་སྒྱུ་བྱས་པ་མང་། །

  60. ཀརྡོ་གཉེར་ཕྱག་པ་ says:
    2013-02-02 at 5:43 am

    སྤྲུལ་སྐུས་བཟའ་ཚང་བདེ་སྟེར་མང་། །
    སྤྲུལ་སྐུས་བདུད་རྩི་འཐུང་པ་མང་། །
    སྤྲུལ་སྐུས་རྒྱུ་ནོར་སྦྱིན་པ་མང་། །
    སྤྲུལ་སྐུས་ཆོས་སྦྱིན་བྱས་པ་མང་། །

  61. དོལ་སྨྱོན། says:
    2013-02-02 at 6:09 am

    སྤྲུལ་སྐུ་རྣམས་ལ་མིག་གསུམ་ཡོད།།
    མིག་གཅིག་མཛེས་མ་འཚོལ་བའི་མིག།

    སྤྲུལ་སྐུ་རྣམས་ལ་ཁ་གཉིས་ཡོད།།
    ཁ་གཅིག་གཞན་མགོ་བསྐོར་བའི་ཁ།།

    སྤྲུལ་སྐུ་རྣམས་ལ་ལག་གསུམ་ཡོད།།
    ལག་གཅིག་རྒྱུ་ནོར་སྙོབ་པའི་ལག།

    སྤྲུལ་སྐུ་རྣམས་ལ་རྐང་གསུམ་ཡོད།།
    རྐང་གཅིག་རྒྱལ་ཁམས་བསྐོར་བའི་རྐང་།།

  62. མེ་ཏོག་དཀར་པོ says:
    2013-02-02 at 7:30 am

    ༦༡༽ དོལ་སྨྱོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢ གི་ཆུ་ཚོད་ ༦ སྐར་མ་ ༠༩
    སྤྲུལ་སྐུ་རྣམས་ལ་མིག་གསུམ་ཡོད།།
    མིག་གཅིག་མཛེས་མ་འཚོལ་བའི་མིག།

    སྤྲུལ་སྐུ་རྣམས་ལ་ཁ་གཅིག་་ཡོད།།
    ཁ་དེ་་གཞན་མགོ་བསྐོར་བའི་ཁ།།

    སྤྲུལ་སྐུ་རྣམས་ལ་ལག་གཅིག་ཡོད།།
    ལག་དེ་རྒྱུ་ནོར་སྙོབ་པའི་ལག།

    སྤྲུལ་སྐུ་རྣམས་ལ་རྐང་གཅིག་ཡོད།།
    རྐང་དེ་རྒྱལ་ཁམས་བསྐོར་བའི་རྐང་།།

  63. ཀརྡོ་གཉེར་ཕྱག་པ་ says:
    2013-02-02 at 8:10 am

    སྤྲུལ་སྐུ་རྣམས་ལ་སྤྱན་གསུམ་ཡོད། །
    སྤྱན་གཅིག་མངོན་ཤེས་མཁྱེན་དང་འདྲ། །

    སྤྲུལ་སྐུ་རྣམས་ལ་ཞལ་་གཉིས་ཡོད། །
    ཞལ་གཅིག་གཞན་དོན་ཆོས་རྐྱང་གསུངས། །

    སྤྲུལ་སྐུ་རྣམས་ལ་ཕྱག་གསུམ་ཡོད། །
    ཕྱག་གཅིག་སྐུ་གསུང་ཐུགས་རྟེན་བཞེངས། །

    སྤྲུལ་སྐུ་རྣམས་ལ་ཞབས་གསུམ་ཡོད། །
    ཞབས་གཅིག་བུ་སློབ་སྐྱོང་ལ་ཕེབས། །

  64. ཀརྡོ་གཉེར་ཕྱག་པ་ says:
    2013-02-02 at 8:11 am

    ཧ་ཧ་སྐུ་རྩེད་ཡིན་ནོ་དྲ་གྲོགས་ཚོ། །

  65. རྣ་བ་བརྒྱདཔ་ says:
    2013-02-02 at 11:15 am

    ཀ་སོགས་སུམ་བཅུའི་བརྩོམ་ལ་མཁས་ན་ཡང།
    ཁ་བཤད་ཙམ་མིན་རང་རྒྱུད་རང་གིས་རྟོགས།
    ག་ནས་བསམ་ཀྱང་རང་དོན་འཚོལ་བ་རྣམས།
    ང་རོ་སྒྲོག་ཀྱང་སྒྲོམ་པུ་ཁོག་སྟོང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme