Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྐྱབས་འགྲོ་ཇི་ལྟར་བྱེད་དགོས་སམ༽

Posted on 2010-05-242010-05-24 By ཁ་བརྡ་ 39 Comments on ༼སྐྱབས་འགྲོ་ཇི་ལྟར་བྱེད་དགོས་སམ༽

སྒོམ་སྡེ་ལྷ་རམས་པ།

སྐྱབས་འགྲོ་འཆད་པ་ལ་ས་བཅད་ཆེན་པོ་བཅུ་གཅིག་སྟེ། ༡ སྐྱབས་འགྲོ་བྱེད་པའི་རྒྱུ་མཚན། ༢ སྐྱབས་ཡུལ་ལ་གསུམ་ཡོད་པའི་རྒྱུ་མཚན། ༣ སྐྱབས་ཡུལ་ངོས་བཟུང་བ། ༤ དེ་སྐྱབས་སུ་འོས་པའི་རྒྱུ་མཚན། ༥ སྐྱབས་འགྲོའི་ངོ་བོ། ༦ སྐྱབས་འགྲོའི་རྒྱུ། ༧ སྐྱབས་འགྲོའི་དམིགས་པ་བྱ་ཚུལ། ༨ སྐྱབས་སུ་འགྲོ་བའི་ཚུལ། ༩ སྐྱབས་འགྲོའི་བསླབ་བྱ། ༡༠ སྐྱབས་འགྲོའི་ཕན་ཡོན། ༡༡ སྐྱབས་འགྲོའི་ལག་ལེན་དངོས་དང་བཅུ་གཅིག་གོ།

༡ ༼སྐྱབས་འགྲོ་བྱེད་པའི་རྒྱུ་མཚན༽

ང་ཚོས་སྐྱབས་འགྲོ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་རྒྱུ་མཚན་མང་པོ་ཡོད་ཀྱང་གཙོ་བོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ལས།

ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །

དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །

དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །

ཞེས་གསུངས་པ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་དཀར་པོའི་དགེ་བའི་བསམ་པ་ནི་ང་རང་ཚོའི་རྒྱུད་ལ་སྲིད་མཐའ་ཙམ་དུ་འབྱུང་ཞིང་སྟོབས་ཡང་ཤིན་ཏུ་ཆུང་ལ། ངན་སོང་གི་རྒྱུ་ནག་པོ་སྡིག་པའི་ལས་ནི་ང་རང་ཚོའི་རྒྱུད་ལ་དུས་རྟག་ཏུ་འབྱུང་ཞིང་། སྟོབས་ཡང་ཤིན་ཏུ་ཆེ་བས། ངན་འགྲོར་འགྲོ་བའི་རྒྱུ་ཚོགས་ཆ་ཚང་ཞིང་། སྟོབས་ཆེ་ལ་ཡང་ཡང་འབྱུང་བས། ངན་འགྲོར་བར་ངེས་སོ། །དེ་ལྟ་བུའི་་ཚུལ་བསམས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་དེ་ལས་ཐར་བའི་ཐབས་སྟོན་མཁན་ཞིག་སུ་འདུག་སྙམ་དུ་ཕྱོགས་ཀུན་ཏུ་བཙལ་ཀྱང་སངས་རྒྱས་ཉག་གཅིག་ལས་གཞན་སུ་ཡང་རྙེད་དུ་མེད་པས། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་དང་དེས་བསྟན་པའི་ཆོས་དང་། དེ་ཚུལ་བཞིན་སྒྲུབ་པའི་གྲོགས་དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བ་རེད།

དེ་ཡང་རྒྱལ་སྲས་ཞི་བ་ལྷས།

སུ་ཞིག་འཇིག་རྟེན་འདི་ལ་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །

བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །

ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡིད་མུག་འགྱུར། །

གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །

དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་མཛད་པ། །

སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །

ཞེས་གསུངས་སོ། །

༢ ༼སྐྱབས་ཡུལ་ལ་གསུམ་ཡོད་པའི་རྒྱུ་མཚན༽

ཡེ་ཤུ་སོགས་ཆོས་ལུགས་གཞན་དག་ལ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཅེས་སྐྱབས་ཡུལ་གཅིག་མ་གཏོགས་མི་བཞེད་ལ། རང་རེ་ནང་པ་ལ་སྐྱབས་ཡུལ་ལ་སྐྱབས་གནས་དཀོན་མཆོག་གསུམ་བཞག་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་རྒྱུ་མཚན་ཡོད་རེད། དཔེར་ན་ནད་པ་ཚབས་ཆེན་པོ་ཞིག་ཡོད་ན། དེ་ལ་དང་པོ་སྨན་པ་མཁས་པ་ཞིག་བཙལ་དགོས། དེ་ཙམ་གྱིས་མི་ཆོག་པར་སྨན་ཡག་པོ་རྙེད་དགོས། དེ་ཙམ་གྱིས་མི་ཆོག་པར་ནད་གཡོག་ཡག་པོ་ཞིག་བཙལ་དགོས་རེད། དཔེ་དེ་དང་འདྲ་བར། རང་རེ་ཉོན་མོངས་དུག་གསུམ་གྱིས་ཡུན་རིང་པོར་མནར་བའི་ནད་པ་ལ། ནད་དེ་ལས་ཐར་བ་ལ་དང་པོ་སྨན་པ་མཁས་པ་དང་འདྲ་བའི་སྐྱབས་སྟོན་པ་པོ་སངས་རྒྱས། སྨན་དང་འདྲ་བའི་ཆོས། ནད་གཡོག་དང་འདྲ་བའི་ཆོས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་གསུམ་ངེས་པར་ཚང་དགོས། དེ་དག་གཅིག་མ་ཚང་ཀྱང་མི་འགྲིག དཔེར་ན་སྨན་པ་ཡོད་ཀྱང་། སྨན་མེད་ན་ནད་དྲག་ཐབས་མེད། སྨན་པ་དང་སྨན་ཡོད་ཀྱང་། ནད་གཡོག་ཡག་པོ་ཞིག་མེད་ན་ནད་དེ་ལས་གསོ་བ་ནི་ཤིན་ཏུ་དཀའ་བ་བཞིན་ནོ། །དེ་ཡང་རང་རེའི་བོད་ཀྱི་གཏམ་དཔེར། ཡང་ན་ནད་པ་བདག་མེད་འཆི། ཡང་ན་ནད་པ་དབང་ཆེན་འཆི། ཞེས་ཁ་རྒྱུན་ལ་འབྱུང་བ་ཡང་ཤིན་ཏུ་བདེན་ནོ། །

༣༼སྐྱབས་ཡུལ་ངོས་བཟུང་བ༽

ཡུལ་ངོས་བཟུང་བ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས།

གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང། །

གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །

གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང། །

དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །

ཞེས་གསུངས་པ་ལྟར་སྐྱབས་དང་སྐྱབས་མ་ཡིན་པ་འབྱེད་པའི་བློ་ཞིག་ཡོད་ན་ནི་སླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས་སོ། །དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་སོ། །མདོར་ན་སྐྱབས་ཡུལ་ནི། སྐྱོན་མཐའ་དག་ཟད་ཅིང་། ཡོན་ཏན་ཡོངས་སུ་རྫོགས་པའི་སླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་དང་། དེས་གསུངས་པའི་ཆོས། དེ་སྒྲུབ་པའི་དགེ་འདུན་བཅས་སོ། །

༤༼དེ་སྐྱབས་སུ་འོས་པའི་རྒྱུ་མཚན༽

རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ་ན་ལ་ཡོད་ཀྱི་དབང་ཕྱུག་སོགས་ལ་མེད་པས་དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །རྗེའི་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །

༥ ༼སྐྱབས་འགྲོའི་ངོ་བོ་ནི༽

རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང༌སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་པར་བློ་ལིངས་ཀྱིས་སྒྱུར་བའི་བསམ་པ་ལ། སྐྱབས་འགྲོ་ཟེར།

༦ ༼སྐྱབས་འགྲོའི་རྒྱུ༽ སྡུག་བསྔལ་མཐའ་དག་ལ་འཇིགས་པའི་འཇིགས་སྐྲག་དང་། དེ་ལ་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་ཡིད་ཆེས་གཉིས་སོ། །

རྗེའི་ལམ་རིམ་ཆེན་མོ་ལས། དཀར་པོའི་ལས་སྟོབས་ཆུང་ཞིང་ནག་པོའི་ལས་ཤིན་ཏུ་སྟོབས་ཆེ་བས་ངན་འགྲོར་ལྟུང་བའི་ཚུལ་བསམས་པས་ངན་འགྲོས་འཇིགས་ཤིང་དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཡིན་ནོ། །དེས་ན་དེ་གཉིས་ཚིག་ཙམ་དུ་སོང་ན་སྐྱབས་འགྲོ་ཡང་དེ་དང་འདྲ་ལ། དེ་གཉིས་ཤུགས་དྲག་ལ་བརྟན་པ་ཞིག་ཡོད་ན་སྐྱབས་འགྲོ་ཡང་ཡིད་འཁུལ་བ་ཞིག་འོང་བས་རྒྱུ་གཉིས་ལ་འབད་པར་བྱའོ། །ཞེས་གསུངས་སོ། །

༧ ༼སྐྱབས་འགྲོའི་དམིགས་པ་བྱ་ཚུལ༽

མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ། དེའི་མཐར་བླ་མ་ཡིད་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཔག་ཏུ་མེད་པ་སྦྲིན་གྱི་ཕུང་པོ་འཐིབ་པ་ལྟར་བཞུགས་པར་མོས། རང་གི་མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་འཁོད་པར་མོས་ཏེ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་གྱིས་ཡང་དང་ཡང་དུ་མནར། ད་དུང་དེ་ལས་སྐྱོབ་པའི་སྐྱབས་ཤིག་མ་བསྟེན་ན་སྡུག་བསྔལ་མུ་མཐའ་མེད་པར་མྱོང་དགོས་པར་འདུག་པས་ད་རེས་སྐྱབས་ཤིག་བསྟེན་པར་བྱ། དེ་ལ་སྐྱབས་སུ་འོས་པ་སུ་འདུག་སྙམ་ན་མདུན་གྱི་བླ་མ་ཡི་དམ་སོགས་རང་འཇིགས་པ་མཐའ་དག་ལས་གྲོལ། གཞན་སྒྲོལ་བའི་ཐམས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པར་བྱེད་པས་ན་འདི་རྣམས་སྐྱབས་སུ་འོས། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་དཀོན་མཆོག་གསུམ་མིན་པ་རེ་ས་མེད་པས་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་བློ་གདུང་ཤུགས་དྲག་པོས། བླ་མ་ལ་སྐྱབས་སུ་མཆིའོ་སོགས་བརྗོད་པས། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་རང་གཞན་ཐམས་ཅད་ལ་ཕོག་ཏེ་བྱིན་གྱིས་བརླབས་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ལྟར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་བརྗོད་པས་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས་ཏེ་རང་གཞན་ཐམས་ཅད་བྱིན་གྱིས་བརླབས་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང༌། ལྡན་པར་བདག་གིས་བྱའོ་སྙམ་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད་པས། སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས་ཏེ་རང་གཞན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱིན་གྱིས་བརླབས་པར་བསམ། དེ་བཞིན་དུ་ཕྱི་མ་གསུམ་ལའང་རིགས་འགྲེའོ། །

༨ ༼སྐྱབས་སུ་འགྲོ་བའི་ཚུལ༽

ཁྱད་པར་འཕགས་བསྟོད་ལས།

བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆིས། །

དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །

ཞེས་གསུངས་པ་ལྟར་རང་དང་གཞན་གྱི་སྟོན་པའི་ཁྱད་པར་ལེགས་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཀྱི། བླུན་པོ་ཆུ་སྣ་གར་ཁྲིད་བྱ་མི་རུང་ངོ་། །

༩ ༼སྐྱབས་འགྲོའི་བསླབ་བྱ༽

བསླབ་བྱ་ལ་སྐྱབས་སོ་སོའི་བསླབ་བྱ་དང་། སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་གཉིས་ཡོད། སོ་སོའི་བསླབ་བྱ་ལ་གཉིས་ལས་དང་པོ་དགག་པའི་བསླབ་བྱ་ནི།

མྱང་འདས་ལས།

གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །

ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །

དམ་པའི་ཆོས་ལ་སྐྱབས་འགྲོ་། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །

དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །

ཞེས་གསུངས་པ་ལྟར་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང་།སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་མི་རུང་བ་ནི་མིན་ནོ། །དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང་། སྨན་པ་ལ་ནད་གསོ་བའི་རེ་ལྟོས་འཆའ་བ་བཞིན་ནོ། །

གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་གཞག །གཏའ་མར་འཇོག་པ་སོགས་མི་གུས་པ་དང་བརྙས་ཐབས་སྤངས་ནས། སྟོན་པ་དངོས་ལྟར་བཀུར་བའི་ཞིང་དུ་གཟུང་དགོས་ཏེ།

བཤེས་སྤྲིངས་ལས།

ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང། །

བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །

ཅེས་གསུངས་པ་ལྟར་རོ། །

གཉིས་པ་སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་ལ་དྲུག་ལས། དང་པོ་ཡོན་ཏན་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། གཉིས་པ་བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ། གསུམ་པ་གཞན་སྐྱབས་འགྲོ་ལ་འགོད་པ། བཞི་པ་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། ལྔ་པ་བྱ་བ་གང་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ། དྲུག་པ་དཀོན་མཆོག་གསུམ་སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་མི་སྤོང་བ་དང་དྲུག་གོ།

༡༠ ༼སྐྱབས་སུ་འགྲོ་བའི་ཕན་ཡོན༽

ཕར་ཕྱིན་བསྡུས་པ་ལས།

སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །

རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །

ཞེས་གསུངས་པ་ལྟར་རོ། །

༡༡ ༼སྐྱབས་འགྲོའི་ལག་ལེན་དངོས༽

སྐྱབས་འགྲོའི་བསླབ་བྱ་“ལས་འབྲས”སམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་ཉིད་འཁོར་བ་དང་ངན་སོང་ལས་སྐྱོབ་པའི་སྐྱབས་དངོས་ཡིན་གྱི། དེ་ལས་གཞན་དུ་སངས་རྒྱས་དངོས་ཕེབས་ཀྱང་ཅི་ཡང་མཛད་དུ་མེད་དེ།

མདོ་ལས།

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །

ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

ཞེས་གསུངས་པ་ལྟར་རོ། །

གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་བསྡུས་དོན་ལས་ཀྱང་། ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམས་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །ཞེས་གསུངས་སོ། །དེས་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་རྨང་གཞིར་བཟུང་སྟེ། དེ་ནས་རིམ་གྱིས་ཇོ་བོའི་ལམ་རིམ་ནས་གསུངས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་ལེགས་པར་སྦྱངས་ཏེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བར་བྱ་དགོས་ཀྱིས། ཁ་ནས་སྐྱབས་འགྲོ་འདོན་པ་ཙམ་དང་། ཡིད་ཀྱིས་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པ་ཐོབ་པའི་གནས་མེད་དོ། །

ཞར་བྱུང་།

འོ་ན་མི་དགེ་བ་བཅུ་པོ་སོ་སོའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཇི་ལྟར་ཡིན་ཞེ་ན།

དབུ་མ་རིན་ཆེན་ཕྲེང་བ་ལས།

གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །

བྱི་བོ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་མང་སྟེ། །

ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོ་ཡིས་ནི་མི་སྙན་ཐོས། །

མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །

གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །

ཅེས་གསུངས་སོ། །འདི་དག་གི་ཚུལ་ལ་བསམས་ནས་བླང་དོར་ཚུལ་བཞིན་བྱེད་པ་ལ་འབད་པར་འཚལ་ལོ། །ཞེས་པ་འདི་ཡང་རྒྱལ་བའི་བསྟན་པ་ལ་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་བརྩོན་པ་རིང་དུ་བསྟེན་ཅིང་། དེའི་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་རིགས་པ་སྨྲ་བ་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་“གངས་ལྗོངས་ཆོས་ལྡན་གླིང”དུ་བོད་རིགས་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་སློབ་ཁྲིད་བྱེད་སྐབས་འཛིན་གྲྭར་འགྲེམས་སྤེལ་ཞུས་པ་དགེའོ།། །།

རྩོམ་རིག

Post navigation

Previous Post: དུག་མདའ། ཁྱོད་ཀྱིས་གསན་ནམ།
Next Post: ཚོར་འདུའི་ཟུག་གཟེར།

Comments (39) on “༼སྐྱབས་འགྲོ་ཇི་ལྟར་བྱེད་དགོས་སམ༽”

  1. ཀརྨ་རྡོ་རྗེ་ says:
    2010-05-24 at 2:05 pm

    བླ་མ་སྐྱབས་སུ་མཆིའོ། །
    སངས་རྒྱས་ལ་སྐྱབ་སུ་མཆིའོ། །
    ཆོས་ལ་སྐྱབས་སུ་མཆིའོ། །
    དགེ་འདུན་ལ་སྐྱབས་སུ་མཆིའོ། །
    སྐྱབས་གནས་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། ། ལན་གསུམ་བརྗོད།

  2. བོད་པ་དཀར་པོ། says:
    2010-05-24 at 2:46 pm

    རྒན་སྒོམ་སྡེ་ལགས།

    གཞན་ལ་ཆོས་ཤོད་པ་ནང་བཞིན་རང་རྒྱུད་ལ་སྐྱབས་འགྲོ་སྨིན་པར་བྱེད་པ་འདི་སྐྱབས་འགྲོའི་བསླབ་བྱ་མ་ཡིན་ནམ། དཔེར་ན། རྒན་ཁྱེད་ནས་ལ་དྭགས་རྒན་འཇམ་དཔལ་ལགས་ལ་ཚིག་རྩུབ་བྱེད་པ་འདི་སྐྱབས་འགྲོའི་བསླབ་བྱ་སྟེ། རྡོ་རྗེ་སྤུན་གྲོགས་ལ་མི་སྨད་པ་ཟེར་བ་ལས་མི་འགལ་ལམ།

    རྒན་ཁྱེད་ངོ་མ་ཚིག་ལ་མཁས་པའི་ངག་གི་སྨྲ་བའི་དབང་ཕྱུག་ལྟ་བུ་ཞིག་འདུག་རུང་། ཚིག་དོན་དེ་དག་ལག་ལེན་དུ་འགེལ་ཐུབ་ཀྱི་མིན་འདུག  དཔེར་ན། རྒན་ཁྱེད་ཀྱི་བདག་མེད་ཀྱི་སྐོར་ལ་མང་པོ་ཤོད་ཀྱིན་ཤོད་ཀྱིན། གཞན་གྱིས་ཚིག་རེ་གཉིས་ལ་བྲི་ནོར་ཤོར་ན། ཕྱི་དངོས་པོ་རང་བཞིན་གྱི་གྲུབ་པ་དང་དངོས་སུ་ཡོད་པའི་ལྟ་བུ་བཟུང་ནས་ཚིག་རྩུབ་སྦྱིན་པར་བྱེད། འདི་ལྟར་བགྱིད་པའི་སྐབས་སུ། རང་བཞིན་གྱི་མ་གྲུབ་པ་དང་རྟོགས་པས་རྟགས་ཙམ་ཟེར་བའི་ཚིག་དེ་ཚོའི་སྙིང་པོ་སེམས་ཀྱི་ཆགས་སྡང་འཇོམས་རྒྱུ་དེ་ཡོངས་སུ་དོར་བཞིན་འདུག

    སྔོན་མ་རྒན་ཁྱེད་ཀྱིས་ཕར་ཕྱིན་དྲུག་གི་སྐོར་ལ་མང་པོ་གསུངས་སོང་། ཡང་ལག་ལེན་ཐོག་ལ་ཕ་རོལ་པོས་ཚིག་གཅིག་བཤད་པ་བློ་ལ་མ་འགྲོ་ན། སྨོད་པ་དང་སྡིགས་པ་བྱེད་པར་ཐེ་འཚོམ་མིན་འདུག དེ་ལྟར་བགྱིད་པའི་སྐབས་སུ། ངེད་ཚོ་སློབ་མ་ཚོར། རྒན་ཁྱེད་ཀྱིས་ཆོས་ཤེས་ལ་ལས་ཆོས་ལག་ལེན་མི་ཐུབ་སྙམ་པའི་རྣམ་རྟོག་སྐྱེན་པོ་ཞིག་སྦྱིན།

    འདིར་ངས་རྒན་ཁྱེད་ལ་ཚིག་རྩུབ་གཅིག་ཀྱང་ཤོད་ཀྱི་མེད། རྒྱུ་མཚན་དང་དངོས་ཡོད་ལ་བརྟེན་ནས་གནས་ལུགས་ཤོད་ཀྱི་ཡོད། སྐུ་མཁྱེན་ཞལ་ནས་གསུང་བ་དང་ལག་ལེན་གཉིས་ཏོག་ཙམ་ཏོག་ཙམ་མཚུངས་པ་གནང་རོགས་ཅེས་ཞུ་བ་འཐེན་གྱི་ཡོད། དེ་མིན་རྒན་ཁྱེད་ཀྱིས་བོད་ཀྱི་བརྡ་སྤྲོད་དང་མིང་ཚིག་སྐོར་ལ་ཞིབ་འཇུག་གནང་བ་དེ། བོད་ཀྱི་སྐད་ཡིག་འཕེལ་རྒྱས་འགྲོ་བར་ཕན་པ་ཆེ་ན། མུ་མཐུད་འདི་ལྟར་སྐྱོང་བར་མཁྱེན་མཁྱེན་མཁྱེན་ཞུ་བའོ།

    ཐུགས་རྗེ་ཆེ།

  3. བོད་པ་དཀར་པོ། says:
    2010-05-24 at 2:50 pm

    ནོར་བཅོས།  

    “རྒན་ཁྱེད་ཀྱིས་ཆོས་ཤེས་ལ་ལས་ཆོས་ལག་ལེན་མི་ཐུབ་སྙམ་པའི་རྣམ་རྟོག་སྐྱེན་པོ་ཞིག་སྦྱིན།”ཟེར་བ་འདི། རྒན་ཁྱེད་ཀྱིས་”ཆོས་ཤེས་པ་ཙམ་ལས་ཆོས་ལག་ལེན་མི་ཐུབ་སྙམ་པའི་རྣམ་རྟོག་སྐྱེན་པོ་ཞིག་སྦྱིན།”ཟེར་བར་སྒྱུར་རོགས།

  4. ཚུལ་ཁྲིམས་མཐར་ཕྱིན། says:
    2010-05-24 at 3:47 pm

    སྒོམ་སྡེ་ལྷ་རམས་པ་ལ་ཆོས་ཀྱི་ཉམས་ལེན་མི་འདུག་ཟེར་ན་

  5. སྒོམ་སྡེ་ལྷ་རམས་པ། says:
    2010-05-24 at 3:56 pm

    བོད་པ་དཀར་པོ་ལགས།
    ཁྱེད་རང་གིས་གསུངས་པ་དེ་བདེན་པ་རེད། ང་ནི་རྒྱབ་མདུན་ངོ་ལྐོག་བྱེད་མི་ཤེས་པའི་མི་གླེན་པ་ཞིག་ཡིན། མི་སྤྱང་གྲུང་ཅན་ཞིག་ཡིན་ན་དེ་འདྲ་རྩ་བ་ནས་བྱེད་ཀྱི་མ་རེད། མདུན་ལ་སྤམ་པོ་བྱས་ཏེ་བསྡད་ནས་རྒྱབ་ལོགས་ནས་མིང་རྫུན་འོག་ཏུ་གབ་སྟེ་དུག་མདའ་འཕེན་གྱི་རེད་བ། ངས་དེ་འདྲ་བྱེད་མི་ཤེས། དེ་འདྲ་བྱས་ན་ལས་འབྲས་ལའང་མི་འགྲོ། རྒྱབ་མདུན་ངོ་ལྐོག་སྔོན་མའང་བྱས་མ་མྱོང་ད་ལྟའང་བྱེད་ཀྱི་མེད། དེའི་ཐོག་རང་གིས་རང་ལ་ངོ་གནོང་མི་དགོས་པ་ཙམ་ཞིག་ཡོད་ལགས། ཕྱོགས་གཞན་ཞིག་ནས་བསམ་ན། ངའི་བྱེད་སྟངས་འདི་“ལས་འབྲས”ལ་ཡིད་ཆེས་དང་བརྩི་བཀུར་ཅུང་ཟད་ཡོད་པའི་རྟགས་ཀྱང་ཡིན་སྲིད།
    ཆོས་ཀྱི་ནང་ལ་“ལས་རྒྱུ་འབྲས”ཟེར་བའི་ཆོས་ཚིག་རྫིག་པོ་ཞིག་འདུག་ག དེ་ཕལ་སྐད་ཐོག་གོ་བདེ་པོར་བཤད་ན། “ངོ་ལྐོག་མི་བྱེད་པ་ཟེར་བ་འདི་རེད”
    ང་ཚོའི་སྤྱི་ཚོགས་འདི་ངོ་ལྐོག་བྱེད་མཁན་ལ་གོ་ས་ཆེན་པོ་འབུལ་གྱི་རེད། དེ་ལ་བརྟེན་ནས་སྐད་ཆ་ཐད་ཀར་ཤོད་མི་ཕོད་པ་དང་། ཤོད་ཕོད་ཀྱང་མི་ཤོད་པ་སོགས་ཀྱི་སྐྱོན་ཆེན་པོ་འདི་ལྷག་གི་ཡོད་རེད། དེ་ལ་བརྟེན་ནས་དྲ་འབུ་མང་པོ་ཞིག་ཀྱང་རང་ཤུགས་ཀྱིས་བྱུང་དང་འབྱུང་བཞིན་པ་དེ་རེད་ལགས།

  6. སྒོམ་སྡེ་ལྷ་རམས་པ། says:
    2010-05-24 at 4:00 pm

    ཚུལ་ཁྲིམས་མཐར་ཕྱིན།

  7. དགེ་འདུན་རབ་གསལ་ says:
    2010-05-24 at 4:06 pm

    ཆོས་ལུགས་ཀྱི་རྙོག་ཁྲ་འདི་ལས་དཀའ་ལས་ཁག་ག་ཞིག་མི་འདུག ད་ཅི་བྱེད། དབང་ལུང་མན་ངག་དང་དེའི་བརྒྱུད་པ་རྣམས་དེད་དུས་ ཆོས་ལུགས་ཚང་མ་ཕར་གཏུགས་ཚུར་གཏུགས་རེད་འདུག དེ་བས་ཆོས་བརྒྱུད་དང་བླ་བརྒྱུད་ཀྱི་ཐོག་ནས་ཕན་ཚུན་དགྲར་ལངས་པ་ཞིག་མེད་ཐག་ཆོད་རེད་འདུག འོན་ཀྱང་ཆོས་པས་སྲིད་ལ་ཇུས་གཏོགས་བྱས་ཙང་རྙོག་དྲ་ལངས་ཡོང་བ་འདྲ། སྐྱེས་བུ་དམ་པ་ནི་ཆོས་བརྒྱུད་ཀུན་ལ་འདུག དད་པ་དག་སྣང་ནི་ཆོས་བརྒྱུད་ཀུན་ལ་འདུག ད་ཆོས་ཀྱི་རྩོད་པ་རྣམས་ཆོས་ཕྱོགས་སུ་ཞི་བར་བྱས་ན་མི་ལེགས་སམ། དཀོན་མཆོག་གསུམ།

  8. སྒོམ་སྡེ་ལྷ་རམས་པ། says:
    2010-05-24 at 4:30 pm

    དགེ་འདུན་རབ་གསལ་ལགས།
    ཐུགས་རྗེ་ཆེ།

  9. ཀརྨ་རྡོ་རྗེ་ says:
    2010-05-24 at 4:48 pm

    རིས་མེད་པའི་སྐྱེས་ཆེན་དམ་པ།

    བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ། །
    སླར་ཡང་པདྨ་འབྱུང་གནས་ཨ་ཏི་ཤ །
    བློ་བཟང་གྲག་ས་པ་རྩ་བའི་བླ་མ་སོགས། །
    དབྱེར་མེད་སྤྲུལ་པའི་བྱིན་རླབས་འཇུག་པར་ཤོག །

    རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །
    པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད། །
    ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །
    ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས། །

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    གངས་ཆེན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

    དེ་ཡང་ཇི་སྐད་དུ།
    རྫོགས་ཆེན་ཕྱག་ཆེན་དབུ་མ་དང་། །
    ལམ་འབྲས་གཅོད་ཡུལ་ཞི་བྱེད་སོགས། །
    སོ་སོའི་མིང་འདོགས་མང་ན་ཡང་། །
    ཉམས་ལེན་ཅན་གྱི་རྣལ་འབྱོར་པས། །
    དཔྱད་ན་དགོངས་པ་གཅིག་ཏུ་འབབ། །

    རིས་མེད་དད་ལྡན་སྐྱེས་བུ་ཡི། །
    རིས་མེད་དག་སྣང་གུས་རྩིས་དང་། །
    རིས་མེད་ཡོན་བདག་ཚེ་བསོད་རྒྱས། །
    རིས་མེད་བསྟན་པ་དར་བའི་ཕྱིར། །
    རིས་མེད་བསྟན་འཛིན་སྐུ་ཚེ་བརྟན། །

  10. བོད་པ་དཀར་པོ། says:
    2010-05-24 at 6:00 pm

    རྒན་སྒོམ་སྡེ་ལགས།

    ལྗགས་ལན་གནང་བར་ཐུགས་རྗེ་ཆེ། 

    ༡༽ བདག་གིས་ཞུས་བར། རྒན་ཁྱེད་ཞལ་ནས་གསུངས་བ་དེ་ལག་ལེན་གཏོང་ཐབས་གནངས་ཞུ་བ་ལགས། ལས་རྒྱུ་འབྲས་མི་བརྩི་མཁན་རེད་ཞུ་བ་མ་ལགས། རྒན་ཁྱེད་ཀྱི་བླང་དོར་གྱི་བྱ་བ་ལ་སྐྱོན་ཞུགས་པ་ཡེ་ནས་དྲན་མ་མྱོང་།

    ༢༽ རྒན་ཁྱེད་ཀྱི་ཐོས་པའི་ནོར་ཤིན་དུ་ཕྱུག་ཀྱང་། སྒོམ་པའི་ནོར་ཅུང་ཙམ་གསོག་ཐུབ་ན། རྒན་ཁྱེད་ས་སྟེང་འདིར་ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པ། མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེ་བུ་དམ་པ་ཞིག་འོང་བ་འདུག་པས། དེ་ལ་དགོངས་པ་ཅུང་ཙམ་བཞེས་རོགས།

    ༣༽ རྒན་ཁྱེད་ཀྱི་གསུངས་པ་གཅིག་བདེན་ཏེ། བདག་ནི་མིང་གཞན་གྱི་རྒྱབ་ལ་འགབ་ནས་མདའ་འཕེན་མཁན་ཞིག་ལས་མ་འདས། འདི་ངས་ངོས་འཛིན་ཞུ་རྒྱུ་ཡིན། ཡིན་ནའང་། རྒན་ཁྱེད་ལ་ཞུ་རྒྱུ་གཅིག་ལ། དུག་མདའ་ནམ་ཡང་མི་འཕེན། དངོས་ཡོད་ཀྱི་བདེན་དཔང་གཙོ་བོར་བཅོལ་ནས་གནས་ལུགས་བརྗོད་པར་བརྩོལ་བ་བྱེད་པ་ལགས།

    ༤༽ བསམ་འཆར་ཆུང་ཆུང་ཞིག་ཞུ་འདོད་པ་ནི། རྒན་ཁྱེད་ཀྱི་ཆེད་མངགས། “སྒོམ་སྡེའི་གློག་གི་དྲ་རྒྱ་”ལྟ་བུ་ཞིག་བཟོས་ནས། དེའི་ནང་རྒན་ཁྱེད་ཀྱི་ཚིག་འགྲེལ་རྣམས་སྡེ་ཚན་དང་ལུང་ཚན་བཟོས་ནས་བཅུག་ན། བོད་ཡིག་བཀོལ་བ་པོ་ཀུན་ལ་ཕན་པ་ཆེ་སྙམས། དཔེར་ན། རྒན་ཁྱེད་ཀྱི་དྲ་རྒྱའི་ནང་། གློག་གི་ཚིག་མཛོད་ལྟ་བུ་ཞིག་བཟོས་ནས། ཚིག་འགྲེལ་སྟབས་བདེར་འཚོལ་ཐུབ་པ་བྱུང་ན། བོད་ཕྱི་ནང་གཉིས་ལ་ཕན་པ་ཆེའོ། འདིར་བརྟེན། འདི་ལ་ཐུགས་རྗེ་མི་ཆུང་བ་ཞུ་ལགས། འགྲོ་སོང་སོགས་ལ་ཞལ་འདེབས་འབུལ་རྩིས་ལགས།

  11. གཞོན་ནུ་ཟླ་མེད། says:
    2010-05-24 at 8:07 pm

    སྒོམ་སྡེ་བས་སྐྱབས་འགྲོའི་སྐོར་གསུངས་པ་འདི་ནི་དུས་དང་གནས་ལ་དཔག་པའི་སྨན་ཡོན་ཤིན་ཏུ་ནས་ཆེན་པོ་རེད་ལགས་པས་རྗེས་སུ་ཡི་རངས་ཡོད། འོག་ཏུ་དྲི་བ་བཀོད་ཀྱི་ཡིན།
    ༡༽ ལམ་རིམ་ཆེན་མོ་ལས་ནི་ཆོས་ཀྱི་ཐོག་མར་སྐྱབས་འགྲོ་ནས་འགོ་བཙུགས་འདུག་པ་དང་། མདོ་ལས་ནི་ཇི་སྐད་དུ་མངོན་རྟོགས་རྒྱན་ལས་སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་གསུངས་པ་ལྟར་ཐོག་མར་སྐྱབས་འགྲོ་ནས་འགོ་མ་བཙུགས། དེ་བཞིན་དུ་དྭགས་པོ་ཐར་རྒྱན་ལས་ནི་རིགས་ནས་འགོ་བཙུགས་འདུག་ན། དེ་དག་གི་ལམ་གྱི་རིམ་པ་སྒྲིག་སྟངས་ལ་དགོས་པ་གང་ཡོད་དམ། དེང་སང་གང་ཞིག་ལག་ལེན་བྱས་ན་བཟང་ངམ། དྲི་བ་འདི་རྒྱུ་མཚན་ཅུང་ཟད་ཡོད། ང་ཚོ་ཕ་ཡུལ་ལ་ཡོད་དུས་ཆོས་གང་ཞིག་སྒྲུབ་པ་དང་བཤད་པའི་ཐོག་མར་སྐྱབས་འགྲོས་འགོ་འཛུགས་པ་དེ་ཕྱག་ལེན་ལྟ་བུར་ཆགས་འདུག་པས་དོག་པ་མེད་ན་ཡང་། ཕྱི་ལོགས་ཡོངས་དུས་སུ་འདྲ་ཞིག་ཡིན་ན་ཡང་ཁ་ན་སྟོང་ཉིད་ཟེར་ནས་སྐད་པོ་ཆེ་རྐྱང་བཤད་དེ་ལོ་ཤས་རྗེས་སུ་ཅི་ཡང་མེད་པ་ལྟ་བུར་གོ་ཡོང་གི་འདུག་ན། ཤི་ཁར་རེ་ལྟོས་འཆའ་ས་གང་ཡང་མ་རེག་པའི་གནས་ཚུལ་ཡང་མཐོང་གི་འདུག
    ༢༽ ༼སྐྱབས་འགྲོའི་ངོ་བོ་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང༌སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་པར་བློ་ལིངས་ཀྱིས་སྒྱུར་བའི་བསམ་པ་ལ། སྐྱབས་འགྲོ་ཟེར།༽ སྐྱབས་འགྲོ་བྱེད་པ་པོའི་ངོས་ནས་དེ་ལྟ་བུའི་ཡིད་ཆེས་ཡོད་ན་སྐྱབས་ཡུལ་དཀོན་མཆོག་གསུམ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་ཀྱི་རེད་དམ་མ་རེད། གལ་ཏེ་མི་སྐྱོབས་ན་བསླུ་བར་འགྱུར་ལ། ཡང་སྐྱོབས་ན་གོང་དུ་༼སྐྱབས་འགྲོའི་བསླབ་བྱ་“ལས་འབྲས”སམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་ཉིད་འཁོར་བ་དང་ངན་སོང་ལས་སྐྱོབ་པའི་སྐྱབས་དངོས་ཡིན་གྱི། དེ་ལས་གཞན་དུ་སངས་རྒྱས་དངོས་ཕེབས་ཀྱང་ཅི་ཡང་མཛད་དུ་མེད་དེ།༽ ཟེར་བ་དང་འགལ་བར་མི་འགྱུར་རམ། ཡང་སྐྱབས་སུ་འགྲོ་མཁན་གྱི་སྐྱབས་འགྲོའི་ཡིད་ཆེས་ལས་སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོས་ནས་གང་ཡང་བྱས་ཡ་མེད་ན་ཕྱི་རོལ་བ་དང་རྡོ་བ་སོགས་ལ་སྐྱབས་སུ་སོང་ན་ཡང་སྐྱབས་ཡུལ་གྱི་ངོས་ན་ཕན་ཐོག་ཡོད་མེད་འདྲ་མཉམ་འེ་རེད་ལགས།
    ༣༽ སྐྱབས་དངོས་ལ་སྐྱོན་ཀུན་ཟད་ཅིག་དགོས་ན་འཕགས་པའི་དགེ་འདུན་དེ་ཚོ་ཡང་སྐྱབས་ཡུལ་མ་ཡིན་པར་འགྱུར་དེ། སྐྱོན་ཀུན་ཟད་མ་ཡིན་པར་ཉོན་མོངས་ཤེས་བྱའི་སྒྲུབ་པ་མཐའ་དག་སྤངས་ཟིན་པ་མ་ཡིན་པས་སོ། དེ་བཞིན་དུ་མཐོང་སྒོམ་གྱི་ཆོས་རྣམས་ལ་ཡང་མཚུངས་སོ།
    ༤༽ གོང་གི་འདི་དང་འབྲེལ་བ་མེད་པའི་དྲི་བ་ཞིག་ཡོད། དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གསུམ་ལམ་འཁྱེར་སྐབས་ལ་རེད། དེ་ཡང་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་སྒོམ་པའི་ཡུལ་དེ་༼ ཟླ་བ་ཉི་མ་ནས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ།༽ བར་དུ་ཡིན་ན་དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིན་དགོས་ལ། དེ་ན་སྤྲུལ་སྐུ་ཡིན་དགོས་སམ། ཡང་ན་ལོངས་སྐུ་ཡིན་ན་ཡང་དམིགས་པ་སྤྲུལ་སྐུ་བྱས་ནས་སྒོམ་ན་སྤྲུལ་སྐུའི་བྱ་བ་བྱེད་ཟེར་བ་རེད།
    གོང་གི་འདི་དག་དྲི་བ་ཡིན་པ་ལས་ཀླན་ཀ་གང་ཡང་མ་ཡིན། དེ་ཡང་ཁ་ཤས་མ་ཤེས་ནས་དྲི་བ་དང་ཡང་དགོས་པ་ཡོད་ནས་དྲི་བ་ཡང་ཡོད།

  12. བོད་ཀྱི་བུ says:
    2010-05-24 at 8:49 pm

    ཡ། ཨ་ཁུ་ཚོ། ཚོགས་གྲོལ་ནས་ཆབ་གསང་ལ་ལན་ཅིག་ཕེབས་ན་མ་རེད་པས།
    http://www.youtube.com/watch?v=qxfeQdSDay8&feature=related

  13. ཚུལ་ཁྲིམས་མཐར་ཕྱིན། says:
    2010-05-24 at 9:22 pm

    སྒོམ་སྡེ་ལྷ་རམས། ང་སོང་ཤུལ་ནས་ཁྱོད་ཀྱིས་ང་ལ་ཅིག་བྲིས་ཡོད་འདུག་ཀྱང་དྲ་བདག་གིས་བསུབ་ཚར་འདུག་པས་ཀློག་རྒྱུ་མ་བྱུང་།
    དེ་ནས་དྲ་བདག་དང་དྲ་གྲོགས་གཞན་ཚོ་ལ་ཞུ་རྒྱུ། དྲ་ཐོག་ཏུ་ཚུལ་ཁྲིམས་མཐར་ཕྱིན་གཉིས་དང་ཡང་ན་གསུམ་འདུག་པ་མཁྱེན་གལ་ཆེ། ཚུལ་མཐར་ཡོད་ཚད་ཚུལ་མཐར་མིན། གློག་ཕྲིན་ཁ་བྱང་འདི་tharshin@yahoo.comབཀོལ་ཡོད་པའི་ཚུལ་མཐར་དེ་ཚུལ་མཐར་ངོ་མ་ཡིན། གཞན་རྣམས་ཚུལ་མཐར་ངོ་མ་མིན་པས་ཁྱེད་རྣམས་ལ་ཕོག་ཐུག་བཟོ་མཁན་འདྲ་བྱུང་ན་ཤ་དང་པགས་པ་སོ་སོར་འབྱེད་རྒྱུ་གལ་ཆེ།

  14. ཀརྨ་དགེ་ལེགས། says:
    2010-05-24 at 10:08 pm

    སྒོམ་སྡེ་ལྷ་རམས་པ་ལགས།
    སྐྱབས་འགྲོ་བྱེད་པའི་རྒྱུ་མཚན་ཞེས་བཤད་ན་ཚིག་སྦྱོར་ལེགས་པོ་མིན་པ་འདྲ། རྒྱུ་མཚན་ནི། སྐྱབས་འགྲོ་ཞེས་པ་ནི་སྐྱབས་སུ་འགྲོ་ཞེས་པ་སྡུས་པ་ཡིན། དེ་འགྲོ་ནི་བྱ་ཚིག་ཅིག་ཡིན་བཞིན་དེ་དང་ལྷན་དུ་བྱེད་ཅེས་པའི་བྱ་ཚིག་མི་འོས་པ་འདྲ། དེ་ལས་སྐྱབས་སུ་འགྲོ་བའི་རྒྱུ་མཚན་ཞེས་བཤད་ན་མི་ལེགས་སམ།

  15. ཀརྨ་དགེ་ལེགས། says:
    2010-05-24 at 10:15 pm

    རང་དོན་ཙམ་ལ་དམིགས་པའི་ཕྱིར། །
    ཐེག་པ་དམན་པའི་སྐྱབས་འགྲོ་འམ། །
    ཡང་ན་སྐྱེས་བུ་ཆུང་ངུ་ཡི། །
    སྐྱབས་སུ་འགྲོ་ཚུལ་ཙམ་ཞིག་རེད། །
    སྐྱེས་བུ་རབས་འབྲིང་གཉིས་ཀ་དང་། །
    ཐེག་ཆེན་སྐྱབས་འགྲོ་མ་ཡིན་འདུག །

  16. ཚུལ་ཁྲིམས་མཐར་ཕྱིན། says:
    2010-05-24 at 10:27 pm

    སྒོམ་སྡེ་ལ་མཆན་ཞིག་བཏབ་པ་ཡིན་ཏེ་བསུབ་འདུག    ཡ་ཡ།  སྒོམ་སྡེ་སླེབས་དུས་ཁ་བརྡ་སང་ལ་ཡང་ལས་ཀ་ཐོལ་བ་ལས་དགོས་རྒྱུ་མང་ནི་རེད།   སྦྲང་མ་རེ་རེ་བཞིན་འགོག་ཨེ་ཐུབ་བལྟ་བ་ལས་ཤ་རུས་དུམ་བུ་གཅིག་པོ་དེ་གཡུག་བཞག་ན་དགའ་གི་རེད་ལོ།  བཀུར་འོས་པའི་ཁ་བརྡ་ཚང་ལགས།

  17. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-24 at 11:17 pm

    དོ་དགོང་ང་ར་བཟི་འདུག འོན་ཀྱང་། བཟི་གཏམ་འགའ་བཤད་ན་འདོད།
    1 སྐྱབས་ཡུལ་ངོས་འཛིན་ཚུལ།
    ༡ ༧གོང་ས་མཆོག་སྐྱབས་སྟོན་པ་པོ། ༢ སྐྱབས་དངོས། གཞིས་ལུས་རྒྱ་ཆེའི་མི་མང་། ༣ སྐྱབས་གྲོགས། རང་ཉིད་ཡིན། (བདག་ཉིད་བདག་གི་མགོན་ཡིན།)

    2 སྐྱབས་སུ་འགྲོ་དགོས་བའི་རྒྱུ་མཚན།
    ངའི་མི་རིགས་གཞན་གྱི་གཉའ་ནོན་འོག་ན་ཡོད། ངའི་སྤུན་མཆེད་རྣམས་གཞན་གྱི་བཙོན་འོག་ན་ཡོད། རྒྱའི་གཉའ་གནོན་ལས་ཐར་ཐབས་ལ་སྐྱབས་འདི་གསུམ་ལ་བརྟེན་ན་མ་གཏོགས་སྐྱབས་གཞན་མེད།

    3 དེ་སྐྱབས་སུ་འོས་བའི་རྒྱུ་མཚན།
    བཙན་བྱོལ་དུ་རང་དབང་མང་གཙོའི་ལམ་ཁ་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལམ་ཁ། བོད་དོན་འཐབ་རྩོད་ཀྱི་ལམ་ཁ། བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་བཅས་འདིངས་མཁན་དེ་ངེད་ཀྱི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན། ད་བར་དུ་རྒྱའི་བཙན་འོག་ཏུ་བོད་དོན་འདི་གསོན་པོར་ཉར་འདུག་མཁན་དེ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན།ངེད་རང་སྐྱབས་སྟོན་པ་པོ་དེའི་རྗེས་འཇུག་པ་ཞིག་དང་སྐྱབས་ཡུལ་དངོས་དེའི་སྐྱིད་སྡུག་སྙིང་ལ་ཉར་མཁན་ཞིག་ཡིན།

    4 སྐྱབས་འགྲོའི་ངོ་བོ།
    བོད་མི་རྣམས་རྒྱའི་བཙན་འོག་ཏུ་བསྡད་འདོད་མེད་པ་གཅིག བོད་མིའི་མངོན་འདོད་སྟེ་རང་དབང་རང་བཙན་འཐོབ་ཐབས་གཉིས་བཅས་ལ་བརྟེན། གཞན་གྱི་གཉའ་གནོན་དང་སྡུག་སྔལ་ལས་ཐར་ཐབས་སུ་ཞི་བའི་འཐབ་རྩོད་བྱེད་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན།

    5 སྐྱབས་སུ་འགྲོ་ཚུལ།
    བོད་མིའི་འཐབ་རྩོད་ཀྱི་ནུས་ཤུགས་ཡོད་ཚད་རང་གི་རྩ་བའི་བླ་མའི་དགོངས་པའི་ཕྱོགས་སུ་སྤུངས་བ་དང་གཅིག གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད་གཙོར་བཟུང་གིས་བོད་མིའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་དང་གཉིས། བདག་ཉིད་བདག་གི་མགོན་ཡིན་པ་ངོས་ཟིན་པའི་སྒོ་ནས་རང་ཉིད་ནས་འགོ་བཙུགས་སྟེ་རྩ་དོན་བསྒྲུབ་རྒྱུ་དང་གསུམ་བཅས་ནི་སྐྱབས་སུ་འགྲོ་ཚུལ་དངོས་ཡིན།

    6 སྐྱབས་འགྲོའི་བསླབ་བྱ།
    རང་གི་སྒེར་དོན་དང་བོད་མིའི་སྤྱི་དོན་གཉིས་ལས་སྤྱི་བའི་དོན་གལ་ཆེར་འཛིན་པ་། རང་གི་རྩ་བའི་བླ་མར་དད་པ་ཙམ་མ་ཡིན་པར་གང་གི་དགོངས་དོན་རྟོགས་པའི་ལམ་ནས་གང་དེའི་དགོངས་པའི་རྗེས་འབྲང་བ་འཁྲུལ་མེད་ཅིག་བྱེད་རྒྱུ། གཞིས་ལུས་རྒྱ་ཆེའི་མི་མང་གི་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་བཅས་ནི་སྐྱབས་འགྲོའི་བསླབ་བྱ་དངོས་ཡིན།

    7 སྐྱབས་འགྲོའི་ཕན་ཡོན།
    སྐྱབས་སྟོན་པ་པོ་དང་སྐྱབས་ཡུལ་དངོས། སྐྱབས་གྲོགས་བཅས་ངོས་ཟིན་པའི་ཐོག་ལས་ལག་ལེན་དངོས་ལ་ཞུགས་ན། བོད་མིའི་རང་དབང་མངོན་འགྱུར་བྱེད་ཐུབ་པ་ནི་སྐྱབས་འགྲོའི་ཕན་ཡོན་དངོས་དེ་ཡིན།

    ད་དུང་བཟི་གཏམ་བཤད་རྒྱུ་འདུག་སྟེ། ད་འབྲི་ཐུབ་གི་མི་འདུག རྗེས་ལ་ཡིན།

  18. lala says:
    2010-05-24 at 11:27 pm

    སྐྱབས་འགྲོའི་འགྲེལ་པ་དེ་ཡག་འདུག་ཡ། ངས་བཤད་ཀྱང་དེ་ལས་ལྷག་པ་ཞིག་ཡོང་ཨེ་ཐུབ་བསམ་སོང་། གང་ལ་གང་མཁས་ནས་རིག་པ་རྩལ་འདོན་འདི་ལ་ང་མགུ་སོང་། ད་ཡིན་ན་སྒོམ་སྡེའི་རྩོམ་ཀློག་འདོད་ཆེ་ནས་ཆེ་རུ་འགྲོ་གི། རྗེས་མ་ནས་ཨ་ཁུ་སྒོམ་སྡེ་ཞེས་འབོད་རྒྱུ་ཡིན། འདི་ལྟར་བྲིས་ཡོང་ན་སོ་ཡོད་ཚོ་ཁ་རྡོ་གོང་འདྲ་བཙུམས། སྣ་འབྲོང་རུ་འདྲ་ཟིང་ནས་འདུག་རྒྱུ་ལས་མི་འདུག་ག ཧ་ཧ་ཧ

  19. སྒོམ་སྡེ་ལྷ་རམས་པ། says:
    2010-05-25 at 5:58 pm

    གཞོན་ནུ་ཟླ་མེད་ལགས།
    དྲ་ཐོག་ལ་མ་མཇལ་ཡུན་རིང་། ཁྱེད་ཀྱི་དྲི་བ་དེ་དག་ཡག་པོ་ཞེ་དྲག་འདུག ངས་ཤེས་ཚོད་ཅིག་ལན་འདེབས་བྱེད་ཀྱི་ཡིན།
    དྲི་བ་༡༽ ལམ་རིམ་ཆེན་མོ་ལས་ནི་ཆོས་ཀྱི་ཐོག་མར་སྐྱབས་འགྲོ་ནས་འགོ་བཙུགས་འདུག་པ་དང་། མདོ་ལས་ནི་ཇི་སྐད་དུ་མངོན་རྟོགས་རྒྱན་ལས་སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་གསུངས་པ་ལྟར་ཐོག་མར་སྐྱབས་འགྲོ་ནས་འགོ་མ་བཙུགས། དེ་བཞིན་དུ་དྭགས་པོ་ཐར་རྒྱན་ལས་ནི་རིགས་ནས་འགོ་བཙུགས་འདུག་ན། དེ་དག་གི་ལམ་གྱི་རིམ་པ་སྒྲིག་སྟངས་ལ་དགོས་པ་གང་ཡོད་དམ། དེང་སང་གང་ཞིག་ལག་ལེན་བྱས་ན་བཟང་ངམ། དྲི་བ་འདི་རྒྱུ་མཚན་ཅུང་ཟད་ཡོད། ང་ཚོ་ཕ་ཡུལ་ལ་ཡོད་དུས་ཆོས་གང་ཞིག་སྒྲུབ་པ་དང་བཤད་པའི་ཐོག་མར་སྐྱབས་འགྲོས་འགོ་འཛུགས་པ་དེ་ཕྱག་ལེན་ལྟ་བུར་ཆགས་འདུག་པས་དོག་པ་མེད་ན་ཡང་། ཕྱི་ལོགས་ཡོངས་དུས་སུ་འདྲ་ཞིག་ཡིན་ན་ཡང་ཁ་ན་སྟོང་ཉིད་ཟེར་ནས་སྐད་པོ་ཆེ་རྐྱང་བཤད་དེ་ལོ་ཤས་རྗེས་སུ་ཅི་ཡང་མེད་པ་ལྟ་བུར་གོ་ཡོང་གི་འདུག་ན། ཤི་ཁར་རེ་ལྟོས་འཆའ་ས་གང་ཡང་མ་རེག་པའི་གནས་ཚུལ་ཡང་མཐོང་གི་འདུག
    ལན༽ སྤྱིར་བཏང་རིམ་པ་ལ་བཤད་པའི་རིམ་པ་ཟེར་བ་ཞིག་དང་། རྒྱུད་ལ་སྐྱེ་བའི་རིམ་པ་ཟེར་བ་གཉིས་ཡོད་ཅིང་། མདོ་དང་། མངོན་རྟོགས་རྒྱན། ཐར་རྒྱན་སོགས་སུ་སྐྱབས་འགྲོ་ཕྱིས་བཤད་པ་ནི། བཤད་པའི་རིམ་པར་ངེས་ཤིང་། དེ་དག་ལ་རྒྱུ་མཚན་ཡོད་ཀྱང་། དཔེ་ཆ་དེ་དག་མ་མཐོང་བར་ཡུན་རིང་སོང་བས་གསལ་པོ་ཞིག་ཞུ་ཐབས་བྲལ། ཁྱེད་ཀྱི་ཕ་ཡུལ་དུ་ཉམས་ལེན་གནང་སྟངས་དེ་ཀ་རང་འཐད་ལྡན་ཡིན་ཞིང་། དེའི་རྗེས་སུ་འབྲང་དགོས།
    

    ༢༽ ༼སྐྱབས་འགྲོའི་ངོ་བོ་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང༌སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་པར་བློ་ལིངས་ཀྱིས་སྒྱུར་བའི་བསམ་པ་ལ། སྐྱབས་འགྲོ་ཟེར།༽ སྐྱབས་འགྲོ་བྱེད་པ་པོའི་ངོས་ནས་དེ་ལྟ་བུའི་ཡིད་ཆེས་ཡོད་ན་སྐྱབས་ཡུལ་དཀོན་མཆོག་གསུམ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་ཀྱི་རེད་དམ་མ་རེད། གལ་ཏེ་མི་སྐྱོབས་ན་བསླུ་བར་འགྱུར་ལ། ཡང་སྐྱོབས་ན་གོང་དུ་༼སྐྱབས་འགྲོའི་བསླབ་བྱ་“ལས་འབྲས”སམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་ཉིད་འཁོར་བ་དང་ངན་སོང་ལས་སྐྱོབ་པའི་སྐྱབས་དངོས་ཡིན་གྱི། དེ་ལས་གཞན་དུ་སངས་རྒྱས་དངོས་ཕེབས་ཀྱང་ཅི་ཡང་མཛད་དུ་མེད་དེ།༽ ཟེར་བ་དང་འགལ་བར་མི་འགྱུར་རམ། ཡང་སྐྱབས་སུ་འགྲོ་མཁན་གྱི་སྐྱབས་འགྲོའི་ཡིད་ཆེས་ལས་སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོས་ནས་གང་ཡང་བྱས་ཡ་མེད་ན་ཕྱི་རོལ་བ་དང་རྡོ་བ་སོགས་ལ་སྐྱབས་སུ་སོང་ན་ཡང་སྐྱབས་ཡུལ་གྱི་ངོས་ན་ཕན་ཐོག་ཡོད་མེད་འདྲ་མཉམ་འེ་རེད་ལགས།
    ལན༽ སྐྱོབ་ཐུབ་མི་ཐུབ་ཟེར་བ་ཚེར་མ་འདོན་པ་ལྟར་གྱི་སྐྱོབ་ཚུལ་ཞིག་མ་རེད། སྐྱོབ་ཅེས་པ་སངས་རྒྱས་ཀྱིས་ཆོས་བསྟན། དེ་ཉིད་གདུལ་བྱ་རྣམས་ཀྱིས་ཉམས་སུ་བླངས་ནས་རང་གིས་རང་སྐྱོབ་པ་ཞིག་དགོས་ཏེ། ཇི་སྐད་དུ། ངས་ནི་ཁྱོད་ལ་ཐར་པའི་ལམ་སྟོན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །
    

    དྲི་བ་༣༽ སྐྱབས་དངོས་ལ་སྐྱོན་ཀུན་ཟད་ཅིག་དགོས་ན་འཕགས་པའི་དགེ་འདུན་དེ་ཚོ་ཡང་སྐྱབས་ཡུལ་མ་ཡིན་པར་འགྱུར་དེ། སྐྱོན་ཀུན་ཟད་མ་ཡིན་པར་ཉོན་མོངས་ཤེས་བྱའི་སྒྲུབ་པ་མཐའ་དག་སྤངས་ཟིན་པ་མ་ཡིན་པས་སོ། དེ་བཞིན་དུ་མཐོང་སྒོམ་གྱི་ཆོས་རྣམས་ལ་ཡང་མཚུངས་སོ། །
    ལན༽ འདིའི་སྐབས་སུ་སྐྱབས་སུ་འོས་མི་འོས་ཞེས་པ་སྐྱབས་སྟོན་པ་པོར་འོས་མི་འོས་ལ་སྐད་ཆ་ཤོད་ཀྱི་ཡོད་རེད། སྤྱིར་བཏང་སྐྱབས་དངོས་ཡིན་ཚད་ལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ག་ལ་དགོས། སྐྱོན་ཀུན་ཟད་ཅིག་དགོས་ཞེས་པ་ནི་སྐྱབས་ཀྱི་གཙོ་བོའམ་སྐྱབས་སྟོན་པ་པོ་ལ་ཟེར་བར་གསལ་པོ་རེད། འདིར་ཆོས་དང་དགེ་འདུན་སྐྱབས་སུ་བཞག་པའང་། སྟོན་པ་སངས་རྒྱས་སྐྱབས་སུ་འོས་པའི་རྒྱུ་མཚན་གྱིས་རེད། དེ་མིན་དེ་དང་འབྲེལ་བ་མེད་པའི་ཆོས་དང་དགེ་འདུན་ཞིག་བཞག་ན་དེ་ཡང་སྐྱབས་སུ་འོས་ཀྱི་མ་རེད། དགེ་འདུན་ཆོས་དཀོན་སྐྱབས་སུ་འོས་པ་ཡང་སངས་རྒྱས་ཀྱིས་བྱས་པ་རེད། དཔེར་ན་དེང་སང་ཕྱི་རྒྱལ་དུ་reference ཟེར་བ་ཞིག་འདུག་ག དེ་འདྲ་པོ་ཞིག་རེད།

    དྲི་བ་༤༽ གོང་གི་འདི་དང་འབྲེལ་བ་མེད་པའི་དྲི་བ་ཞིག་ཡོད། དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གསུམ་ལམ་འཁྱེར་སྐབས་ལ་རེད། དེ་ཡང་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་སྒོམ་པའི་ཡུལ་དེ་༼ ཟླ་བ་ཉི་མ་ནས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ།༽ བར་དུ་ཡིན་ན་དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིན་དགོས་ལ། དེ་ན་སྤྲུལ་སྐུ་ཡིན་དགོས་སམ། ཡང་ན་ལོངས་སྐུ་ཡིན་ན་ཡང་དམིགས་པ་སྤྲུལ་སྐུ་བྱས་ནས་སྒོམ་ན་སྤྲུལ་སྐུའི་བྱ་བ་བྱེད་ཟེར་བ་རེད།
    ལན༽ གོང་གི་དྲི་བ་དེ་ངས་གསལ་པོ་ཞིག་མགོ་འཚོས་མ་སོང་།

  20. སྒོམ་སྡེ་ལྷ་རམས་པ། says:
    2010-05-25 at 6:01 pm

    ཀརྨ་རྡོ་རྗེ་ལགས།
    སྐྱབས་སུ་འགྲོ་བ་དང་། སྐྱབས་འགྲོ་བྱེད་པ་གཉིས་དོན་དག་གཅིག་པ་མ་རེད་བས། ངས་ནི་དེ་གཉིས་ལ་ཁྱད་པར་གང་ཡང་མཐོང་གི་མི་འདུག

  21. ཀརྨ་དགེ་ལེགས། says:
    2010-05-25 at 11:35 pm

    དོན་གཅིག་པ་རེ། དོན་གཅིག་པ་མ་རེད་ཅེས་བཤད་མེད། ཚིག་སྦྱོར་ནི་སྐྱབས་སུ་འགྲོ་ཞེས་པ་ལེགས་ཞེས་བཤད་པ་ཙམ་ཡིན། རྗོད་བྱེད་ཚིག་གི་ཆ་ནས་བཤད་པ་ཡིན།

  22. ཀརྨ་དགེ་ལེགས། says:
    2010-05-25 at 11:39 pm

    ཀརྨ་རྡོ་རྗེ་ལགས། མ་རེད་བས། ཞེས་པའི་ བས་ དེ་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་མཐུན་པས་དུག་བཞིན་དུ་སྤངས་བར་ཞུ། ངོ་མ་སེམས་ཀྱི་རེ་བ་ཡིན། འདི་རྒྱ་ལ་དར་ཁྱབ་ཆེ་རུ་འགྲོ་མི་རུང་འདུག

  23. མེ་ཏོག་དཀར་པོ། says:
    2010-05-26 at 12:04 am

    མ་རེད་བས།
    མ་རེད་ད།
    ཡིན་ནི་རེད།
    ཡིན་བགྱིད་རེད།
    ཇ་ཟིག་འཐུང་།

  24. ཀརྨ་རྡོ་རྗེ་ says:
    2010-05-26 at 6:37 am

    སྒོ་སྡེ་ལགས།
    ཀརྨ་རྡོ་རྗེ་ལགས།
    སྐྱབས་སུ་འགྲོ་བ་དང་། སྐྱབས་འགྲོ་བྱེད་པ་གཉིས་དོན་དག་གཅིག་པ་མ་རེད་བས། ངས་ནི་དེ་གཉིས་ལ་ཁྱད་པར་གང་ཡང་མཐོང་གི་མི་འདུག
    འདི་ཀརྨ་དགེ་ལེགས་དང་ནོར་བ་མིན་ནམ།

  25. ཀརྨ་རྡོ་རྗེ་ says:
    2010-05-26 at 6:50 am

    ཀར་དགེ་ལགས།
    ཀརྨ་རྡོ་རྗེ་ལགས།
    མ་རེད་བས། ཞེས་པའི་ བས་ དེ་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་མཐུན་པས་དུག་བཞིན་དུ་སྤངས་བར་ཞུ། ངོ་མ་སེམས་ཀྱི་རེ་བ་ཡིན། འདི་རྒྱ་ལ་དར་ཁྱབ་ཆེ་རུ་འགྲོ་མི་རུང་འདུག
    བྲིས་མཁན་ཀརྨ་དགེ་ལེགས་ལགས། ངས་འདི་འདྲ་བྲིས་ནོར་ཐེབས་ཅིག་རྙེད་མ་སོང་།
    མ་རེད་དམ། ཚབ་ལ་གཞན་གྱིས། མ་རེད་པས། བྲིས། ངས་ནི། མ་རེད་པེ། འབྲི་མཁན་དེ་ཡིན། འདི་ལ་སྐྱོན་བརྗོད་ཡོ་བསྲང་གནང་རོགས་ཞུ།

  26. ཀརྨ་རྡོ་རྗེ་ says:
    2010-05-26 at 6:57 am

    འདས་པ།
    སྐྱེས་བུ།
    ༡པོ། ང་མདང་ཕྱིན་སོང་ངེ། ༢པ། ཁྱེད་རང་མདང་ཕེབས་སོང་།
    ༢པ། ཁྱོད་རང་མདང་ཕྱིན་པེ། ༡པོ། ང་མདང་ཕྱིན་པ་ཡིན།
    ༢པ། ཁྱེད་རང་མདང་ཕེབས་པེ། ༡པ། ང་མདང་ཕྱིན་པ་ཡིན།
    ༣པ། ཁོ། མོ་མདང་ཕྱིན་སོང་ངེ་། ༣པ། ཁོ། མོ་མདང་ཕྱིན་སོང་།
    ༣པ། ཁོང་མདང་ཕེབས་སོང་ངེ་། ༣པ། ཁོང་མདང་ཕེབས་སོང་།
    ད་ལྟ་བ།
    ༡པོ། ང་དེ་རིང་འགྲོ་བགྱིད་འདུག་གེ ༢པ། ཁྱོད་རང་དེ་རིང་འགྲོ་བགྱིད་འདུག ༢པ། ཁྱེད་རང་དེ་རིང་ཕེབས་བགྱིད་འདུག
    ༢པ། ཁྱོད་རང་དེ་རིང་འགྲོ་བགྱིད་ཡིན་པེ། ༡པོ། ང་དེ་རིང་འགྲོ་བགྱིད་ཡིན།
    ༢པ། ཁྱེད་རང་དེ་རིང་ཕེབས་བགྱིད་ཡིན་པེ། ༡པོ། ང་དེ་རིང་འགྲོ་བགྱིད་རེད།
    ༣པ། ཁོ། མོ་དེ་རིང་འགྲོ་བགྱིད་རེད་པེ། ༣པ། ཁོ། མོ་དེ་རིང་འགྲོ་བགྱིད་རེད།
    ༣པ། ཁོང་དེ་རིང་ཕེབས་བགྱིད་རེད་པེ། ༣པ། ཁོང་དེ་རིང་ཕེབས་བགྱིད་རེད།
    མ་འོངས་པ།
    ༡པོ། ང་སང་ཉིན་འགྲོ་བགྱི་རེད་པེ། ༢པ། ཁྱོད་རང་སང་ཉིན་འགྲོ་བགྱི་རེད། ཁྱེད་རང་སང་ཉིན་ཕེབས་བགྱི་རེད།
    ༢པ། ཁྱོད་རང་སང་ཉིན་འགྲོ་བགྱི་ཡིན་པེ། ༡པོ། ང་སང་ཉིན་འགྲོ་བགྱི་ཡིན།
    ༢པ། ཁྱེད་རང་སང་ཉིན་ཕེབས་བགྱི་ཡིན་པེ། ༡པོ། ང་སང་ཉིན་འགྲོ་བགྱི་ཡིན།
    ༣པ། མོ། ཁོ་སང་ཉིན་འགྲོ་བགྱི་རེད་པེ། ༣པ། མོ། ཁོ་སང་ཉིན་འགྲོ་བགྱིད་རེད། ཁོང་སང་ཉིན་ཕེབས་བགྱི་རེད།
    ༣པ། ཁོང་སང་ཉིན་ཕེབས་བགྱི་རེད་པེ། ༣པ། ཁོང་སང་ཉིན་ཕེབས་བགྱིད་རེད།
    ཡང་།
    ང་ལ་འདུག་གེ ཁྱོད་ལ་འདུག ཁྱེད་ལ་འདུག
    ཁྱོད་ལ་ཡོད་པེ། ང་ལ་ཡོད།
    ཁོ། མོ། ཁོང་ལ་འདུག་གེ ཁོ་ལ་འདུག མོ་ལ་འདུག ཁོང་ལ་འདུག
    འདིལ་འདུག་གེ འདི་ལ་འདུག དེ་ལ་འདུག་་གེ དེ་ལ་འདུག
    ཡང་།
    ཁྱོ་རང་ཡིན་པེ། ང་ཡིན།
    ཁྱོད་རེད་པེ། ཁྱོད་རང་རེད།
    ཁོ། མོ། ཁོང་རེད་པེ། ཁོ། མོ། ཁོང་རེད།
    འདི་རེད་པེ། འདི་རེད། དེ་རེད་པེ། དེ་རེད།
    ཡང་།
    ཁྱོད་ལ་ཡོད་པེ། ང་ལ་ཡོད།
    ང་ལ་འདུག་གེ ཁྱོད། ཁྱེད་ལ་འདུག
    ཁོ། མོ། ཁོང་ལ་འདུག་གེ ཁོ། མོ། ཁོང་ལ་འདུག
    འདི་ལ་འདུག་གེ འདི་ལ་འདུག དེ་ལ་འདུ་གེ དེ་ལ་འདུག
    ལྟ་བུར་བྲིས་ལ་ཤོད་དགོས་ སོ་སྙམ།

  27. པྲ་ཛྙཱ་དྷྭ་ཛ། says:
    2010-05-26 at 6:58 am

    རྙིང་མ་པ་ལ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ཟེར་བ་ཞིག་ཡོད་པ་དེ་ཆོས་རྒྱུན་གཞན་གྱིས་ཇི་ལྟར་འགྲེལ། འདྲ་ས་དང་མི་འདྲ་བའི་ཁྱད་ཆོས་སོགས་མཁས་དབང་དམ་པ་རྣམས་ཀྱིས་གསུང་པར་ཞུ། །

  28. ཀརྨ་རྡོ་རྗེ་ says:
    2010-05-26 at 7:45 am

    སྒོམ་སྡེ་དང་ཀར་དགེ་ལགས་སུ། ཁྱེད་རྣམ་པ་གཉིས་ཀྱི་སྐྱོན་བརྗོད་སྔོན་ལ་ངས།

    བླ་མ་ལ་སྐྱབས་སུ་མཆིའོ།
    དང་།
    རིས་མེད་སྐྱེས་ཆེན་དམ་པ་གཉིས་ལས་ལྷག་བྲིས་མེད་དོ།

  29. ཀརྨ་རྡོ་རྗེ་ says:
    2010-05-26 at 7:54 am

    རྙིང་མ་པ་ལ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ
    བཀའ་བརྒྱུད་པ་ལ་ཕྱག་རྒྱ་ཆེནཔོའི་སྐྱབས་འགྲོ
    ས་སྐྱ་པ་ལ་འཁོར་འདས་ཡེ་གསུམ་གྱི་སྐྱབས་འགྲོ
    དགེ་ལྡན་པ་ལ་བདེ་སྟོང་ཟུང་འཇུག་འོད་ཟེར་ཆེན་པོའི་སྐྱབས་འགྲོ ཞེས་རིགས་འགྲེས་དགོས་སྙམ།

  30. འཕན་པོ་བསྟན་དར says:
    2014-09-20 at 10:33 pm

    བཀྲིས་བདེ་ལེགས

  31. འཕན་པོ་བསྟན་དར says:
    2014-09-20 at 10:44 pm

    ཁ་བརྡ་མ་མཇལ་བར་ཡུན་སོང་བས་དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།། དེ་བས་ཀྱང་སྒོམ་སྡེ་ལྷ་རམས་པ་ལགས་ཀྱི་སྐྱབས་འགྲོའི་སྐོར་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་དང་ཕན་ཐོགས་ཆེན་པོ་བྱུང་།་་་སྒོམ་སྡེ་ལྷ་རམ་པ་མཆོག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་་་་་་ཁྱེད་ཁ་བརྡར་ཡང་དུ་ཕེབས་ཡོད་པར་དགའ་བསུ་ཞུ།།

  32. ཧི་མ་ལ་ཡ says:
    2017-08-30 at 7:15 pm

    སྐྱབས་འགྲོ་ཐོག་ལ་བསམ་ཚུལ་མང་པོ་བྱུང་འདུག་ཡིན་ན་ཡང་སྐྱབས་འགྲོ་ཟེར་བ་དེའི་ཁུངས་ལུང་སངས་རྒྱས་དངོས་ཀྱི་གསུང་ལ་ཐུག་དགོས་་གོང་དུ་བསམ་ཚུལ་མང་པོ་གསུང་བ་དེ་ཐེག་ཆེན་གྱི་གང་ཟག་ཁ་ཤས་ནས་རྟོག་བཟོས་ཁོ་ན་བྱས་བ་ལས་སངས་རྒྱས་རང་ཉིད་ཀྱི་གསུང་ངོ་མ་མི་འདུག་

  33. ཀརྡོ་རབ་འབྱམས་པ་ says:
    2017-08-31 at 2:42 am

    #32 ཧི་མ་ལ་ཡ ་ལགས། ཁྱེད་རང་གཞུང་ཆེན་བཀའ་པོར་ལྔའམ། གཞུང་ཆན་བཅུ་གསུམ་སོགས་ལ་ཞལ་མཇལ་ཙམ་ཡང་མ་བྱས་པར། ཁ་བརྡར་ཁ་སྡིག་དེ་འདྲ་མ་སོགས།།

  34. ཀརྡོ་རབ་འབྱམས་པ་ says:
    2017-08-31 at 2:50 am

    སྤྱིར་སྐྱབས་འགྲོ་ལ་འཇིགས་སྐྱོབས་གཉིས་ཚང་དགོས།
    ལམ་རིམ་གྱི་སྐྱེས་བུ་ཆེ་ཆུང་གསུམ་གྱི་འཇིགས་སྐྱོབ་གཉིས་ཀྱང་སོ་སོར་ཡོད་དགོས། གསུམ་པ་ཐེག་ཆེན་གྱི་འཇིགས་པ་ལ། འཇིགས་པ་སྤྱི་ཙམ་གྱི་ཐོག་ལ། སྲིད་པ་དང་། ཞི་བའི་འཇིགས་པ་གཉིས་ཀ་ཚང་དགོས། གསང་སྔགས་རྡོ་རྗེ་ཐེག་པ་ལ། དེ་དག་གི་སྟེང་ལ། ཐ་མལ་བའི་སྣང་བའི་འཇིགས་པ་དེ་ཚང་དགོས་པ་འདྲ།
    ཧིམ་ལགས་ཀྱིས་ཀྱང་། འདི་ལ་སྤྱན་ཟུར་ཞིག་ཕོབས་ཤུགུ

  35. ཏྲེ་ཧོར་ཚང་། says:
    2017-08-31 at 3:20 am

    ཌོཀ་ཊར་ཨམ་བཱེ་ཀར་གྱིས་ཁོང་སངས་རྒྱས་དང་། ཆོས་གཉིས་ལ་སྐྱབས་སུ་འགྲོ་ཡང་། དགེ་འདུན་ལ་སྐྱབས་སུ་མི་འགྲོ་སྟེ་གྲྭ་བ་ཚོས་ཆང་འཐུང་འཐུང་ནས་ར་རོ་བར་གྱུར་བས་སོ། །ཟེར་བའི་ཚིག་དུམ་ཞིག་མཐོང་། ཁོས་སྐྱབས་གནས་ངོས་ཟིན་ཡོད་མེད་གང་ལྟར་ཡང་། དེང་སང་གི་གནས་ཚུལ་འདི་དག་ལ་བསམ་བློ་གཏོང་དུས་ཁག་མི་འདུག ནམ་རྒྱུན་ཡག་པོ་ཡོད་བསམ་པ་རྣམས་ཀྱང་རང་རྩ་ལ་ཐུག་དུས་ཞབས་འདྲེན་འཇོག་མཁན་མང་པོ་རེད། དེ་ཕྱིར་དགེ་འདུན་པ་ཚོས་དཀོན་མཆོག་གསུམ་གྱི་གྲལ་དུ་མ་ཚུད་རུང་བསྟན་པ་ལ་ཤ་ཚ་ཞིག་ཅི་ནས་ཀྱང་དགོས་པར་སེམས། ནང་བ་སངས་རྒྱས་པའི་བསྟན་པ་ལུང་རྟོགས་འདི་ལྟ་བུ་ཕུལ་དུ་བྱུང་བ་ཞིག་འཇིག་རྟེན་བྱེ་བ་ཕྲག་བརྒྱ་བསྐོར་ཀྱང་མེད་ངེས་སོ། །

  36. ཧི་མ་ལ་ཡ says:
    2017-08-31 at 10:02 am

    ཀརྡོ་ལགས་ང་རིང་གི་གཞུང་ཆེན་བཅུ་གསུམ་སོགས་ལ་སློབ་སྦྱོང་བྱས་ནས་བསམ་ཚུལ་ཞུ་བཞིན་ཡོད་ ཡིན་ན་ཡང་གཞུང་ཆེན་བཅུ་གསུམ་ནང་ལ་སངས་རྒྱས་ཀྱི་གསུང་མི་འདུག་ ཀླུ་སྒྲུབ་ལ་སོགས་མཁས་པ་མང་པོ་ཞིག་གི་གསར་དུ་བཟོས་བས་ཐེག་ཆེན་གྱི་ཆོས་དང་གསང་སྔགས་སོགས་སངས་རྒྱས་ཀྱི་གསུང་ཡིན་པ་ཁས་ལེན་མི་ཐུབ་ གལ་སྲིད་ཡིན་ན་ལུང་དང་རིགས་པའི་ལམ་ནས་གསུང་རོགས། ལྷ་སྒྲུང་གསུང་མ་ཡོངས

  37. ཀརྡོ་རབ་འབྱམས་པ་ says:
    2017-08-31 at 1:24 pm

    #36 ཧི་མ་ལ་ཡ ་ལགས།
    ཡ་ཁྱེད་ཀྱིས། གཞུང་ཆེན་བཅུ་གསུམ་གཟིགས་ཡོད་ན། ཤེས་རབ་སྙིང་པོའི་ནང་ལ། ་་་་་སངས་རྒྱས་ཀྱིས་མཐུས་་་་་ ཞེས་པ་དང་། དེ་ནས་མར་་་་ བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་སོ། །ཞེས་པ་སོགས་ཀྱང་། མགོན་པོ་ཀླུ་སྒྲུབ་སོགས་ཀྱི་སགསར་བཟོ་ཡིན་པར་འདོད་དམ། ལགས།

  38. ཀརྡོ་རབ་འབྱམས་པ་ says:
    2017-08-31 at 1:35 pm

    ལུང་ལ། གཞོན་ནུ་དོན་གྲུབ་སངས་རྒྱས་པའི་མཛད་ནས། དྲང་སྲོང་ཆེན་མོ་གོའུ་གཏམ་མས། ང་ནི་མྱ་ངན་འདས་ནས་ནི། ལོ་ནི་དྲུག་བརྒྱ་ལོན་པ་ན། །ཀླུ་ཞེས་བྱ་བའི་སོགས་གསུངས་པ་དང་།
    རིགས་པ་ནི། ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པ་བཅུ་ཙམ་གསུངས་ཡོད་པ་ཅིག་དྲན། དོན་གཉེར་དངོས་གནས་ཡོད་ན་དེ་ཡང་བཙལ་ནས་འདིར་དྲངས་ཆོག

  39. ཀརྡོ་རབ་འབྱམས་པ་ says:
    2017-08-31 at 1:38 pm

    གཞོན་ནུ་དོན་གྲུབ་སངས་རྒྱས་པའི་མཛད་ནས།
    འདི།
    གཞོན་ནུ་དོན་གྲུབ་སངས་རྒྱས་པའི་མཚད་པ་མཛད་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme