Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ཅན་དང་འདོགས་ཅན་གྱི་དགུ་ཐུག

Posted on 2010-06-172010-06-17 By ཁ་བརྡ་ 26 Comments on མགོ་ཅན་དང་འདོགས་ཅན་གྱི་དགུ་ཐུག

སྒོམ་སྡེ་ལྷ་རམས་པ།

གནའ་དེང་གི་བརྡ་སྤྲོད་ཀྱི་འགྲེལ་བྱེད་གྲགས་ཆེ་བ་མང་པོས། (ར་ལ་ས)སྟེ། ར་མགོ ལ་མགོ ས་མགོ་གསུམ་ལ་མགོ་ཅན་དང་། (ཡ་ར་ལ་ཝ)སྟེ། ཡ་བཏགས། ར་བཏགས། ལ་བཏགས། ཝ་བཏགས་རྣམས་ལ་འདོགས་ཅན་ཞེས་ཐ་སྙད་འདོགས་རྐྱང་གནང་གི་འདུག དེ་ནི་ཤིན་ཏུ་ནོར་བ་སྟེ། མགོ་ཅན་ནི་མགོ་གང་ལ་ལྡན་པ་དེ་ལ་ཟེར་གྱི་མགོ་ལ་མགོ་ཅན་ཞེས་བརྗོད་མི་རིགས་པའི་ཕྱིར། དཔེར་ན་བ་ལང་ལ་རྭ་ཅན་ཞེས་བརྗོད་ཀྱི་རྭ་ལ་རྭ་ཅན་ཞེས་བརྗོད་མི་རིགས་པ་དང་སྒོ་ནས་ཀུན་ནས་མཚུངས་སོ།

དེས་ན།
ར་མགོ་(ར་ལ་ས)སོགས་གསུམ་ལ། (མགོ་ཡིག)
ར་སོགས་བཏགས་པའི་ཡི་གེ་(རྐ་ལྐ་སྐ)ལ། (མགོ་ཅན)
ཡ་བཏགས་(ཡ་ར་ལ་ཝ)སོགས་བཞི་ལ། (འདོགས་ཡིག)
ཡ་སོགས་བཏགས་པའི་ཡི་གེ་(ཀྱ་ཀྲ་ཀླ་ཀྭ)ལ། (འདོགས་ཅན)ཞེས་ཐ་སྙད་གདགས་དགོས་སོ། །

གནས་ཚུལ་འདི་ཆུང་ཆུང་ཞིག་རེད་སྙམ་ནས་སྣང་ཆུང་དང་གཙིགས་ཆུང་གཏན་ནས་མཛད་མི་རིགས། གང་ལགས་ཤེ་ན། དེང་སང་བོད་ཀྱི་རིག་གནས་འཁྱར་འཁྱོར་ཤེས་པའི་བོད་རིགས་དང་དབྱིན་ཇི་མགོ་སེར་བ་མང་པོས་བསྒྲིགས་པའི་བོད་ཡིག་སློབ་དེབ་མང་པོའི་ནང་དེ་དག་ཉ་ཉུང་མཉམ་བསྲེ་བྱས་ཏེ་བྲིས་པའི་དེབ་ཉོག་མང་དུ་སྣང་བའི་ཕྱིར་རོ། །མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་སུམ་འགྲེལ་ཐོན་མིའི་ཞལ་ལུང་༡༦ལས་ཀྱང་། ག་ད་བ་མ་འ་སྟེ་སྔོན་འཇུག་ལྔ། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་བཅུ། ད་ས་སྟེ་ཡང་འཇུག་གཉིས། ར་ལ་ས་སྟེ་“མགོ་ཅན”གསུམ། ཡ་ར་ལ་ཝ་སྟེ་“འདོགས་ཅན”བཞི་རྣམས་དང་། ཞེས་མགོ་ཡིག་ལ། མགོ་ཅན་དང་། འདོགས་ཡིག་ལ། འདོགས་ཅན་ཞེས་ནོར་ནས་ཐ་སྙད་སྦྱར་འདུག་ཅིང་།

གསེར་ཏོག་སུམ་འགྲེལ་༡༧ལས་ཀྱང་། བདུན་པ་འདོགས་ཅན་གྱི་ཡི་གེ་བཤད་ན། ཡ་དང་ར་དང་ལ་དང་ཝའོ། །ཞེས་དང་། དེའི་མཇུག་ཉིད་ལས། འདོགས་ཅན་འཕུལ་བའི་སྔོན་འཇུག་གི་ཡི་གེ་བཞི་སྟེ་ད་བ་མ་འའོ། །ཞེས་འབྱུང་བ་རྣམས་ཀྱང་ལེགས་པར་མི་སྣང་ངོ་། །

ལར་ནས་༼ར་མགོ ལ་མགོ ས་མགོ༽གསུམ་ལ་འཐད་ལྡན་གྱི་མིང་ཚིག་ཅིག་གཏན་འབེབས་གནང་མི་འདུག་ཅིང་། སི་ཏུ་འགྲེལ་ཆེན་ལས་ཀྱང་དེ་དག་ལ་“མགོ”ཟེར་བ་ཙམ་དང་། ཡ་ར་ལ་ཝ་རྣམས་ལ་“འདོགས”ཟེར་བ་ཙམ་ལས་མི་འབྱུང་སྟེ། དེ་ཉིད་ལས། མགོ་ཅན་དང་འདོགས་ཅན་རྣམས་ལའང་ “མགོ”དང་“འདོགས ”ཀྱི་ཡི་གེ་སོ་སོའི་གནས་དང་མཐུན་པའི་བརྗོད་པ་སོ་སོར་འབྱུང་དགོས་པ་དཔེར་ན་སྒྲ་ལྟ་བུ་ལ་ས་ག་ར་རྣམས་རིམ་པར་རང་སྒྲ་ཐོན་ཙམ་དུ་མྱུར་བར་ཀློག་པ་ལྟ་བུ་དང་། ཞེས་པ་ཙམ་མོ། །

རིགས་ལམ་གྱི་སྒོ་ནས་བགྲོ་གླེང་བྱེད་དུས་དབུ་ཕོག་ཞབས་ཕོག་བྱུང་བ་དང་། ཚིག་རྩུབ་རེ་ཟུང་ཤོར་ན་དགོངས་དག་ཞུའོ། །

རྩོམ་རིག

Post navigation

Previous Post: སྤོབས་པ་མཐའ་ཡས་ལགས་དང་བསམ་ཚུལ་བརྗེས་རེས་སུ་ཕུལ་བ།
Next Post: ཨ་ཁུ་གྲགས་པ་ཚང་སྐུ་དཀྲོངས་སོང་།

Comments (26) on “མགོ་ཅན་དང་འདོགས་ཅན་གྱི་དགུ་ཐུག”

  1. སྒོམ་སྡེ་ལྷ་རམས་པ། says:
    2010-06-17 at 9:47 am

    དབྱིན་སྐད་དུ་མགོ་ཅན་ལ་superscribed lettersདང་།

    འདོགས་ཅན་ལ་subscribed lettersཞེས་ཐ་སྙད་སྦྱར་ཡོད།
    མགོ་ཡིག་དང་འདོགས་ཡིག་ལ་དབྱིན་སྐད་དུ་མིང་ཇི་འདྲ་ཞིག་འདོགས་དགོས་མིན་ཡང་དཔྱད་པར་བྱ་བ་ཞིག་གོ།

  2. Gedun says:
    2010-06-17 at 10:12 am

    མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་སུམ་འགྲེལ་ཐོན་མིའི་ཞལ་ལུང་༡༦ལས་ཀྱང་། ག་ད་བ་མ་འ་སྟེ་སྔོན་འཇུག་ལྔ། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་བཅུ། ད་ས་སྟེ་ཡང་འཇུག་གཉིས། ར་ལ་ས་སྟེ་“མགོ་ཅན”གསུམ། ཡ་ར་ལ་ཝ་སྟེ་“འདོགས་ཅན”བཞི་རྣམས་དང་། ཞེས་མགོ་ཡིག་ལ། མགོ་ཅན་དང་། འདོགས་ཡིག་ལ། འདོགས་ཅན་ཞེས་ནོར་ནས་ཐ་སྙད་སྦྱར་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2010-06-17 at 11:13 am

    མཁྱེན་བཞིན་དུ་སྔར་དང་མི་མཐུན་པའམ་དོན་དང་མི་མཐུན་པ་ཐ་སྙད་གསར་པ་བཏགས་ན་ནོར་བ་ཡིན་ཡང་། མཁས་དབང་ཚེ་བརྟན་ཞབས་དྲུང་རིན་པོ་ཆེ་ལྟ་བུས་མགོ་དང་མགོ་ཅན། འདོགས་དང་འདོགས་ཅན་དབྱེ་འབྱེད་མི་མཁྱེན་པ་ཅང་ཨ་ཡོད། ཡིག་ནོར་ཐེབས་པ་མིན་འགྲོ འདི་ནི་རང་གི་རྨོངས་ཚོད་ཙམ་ཞུས་པ་ཡིན།

  4. དགེ་འདུན་རབ་གསལ་ says:
    2010-06-17 at 11:37 am

    དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། པོད། ཇ། ཤོག་གྲངས་ ༥ ལས།
    “ར་ལ་ས་གསུམ་མགོ་ཅན་ཏེ། ། གོ་དོན་ནི། གསལ་བྱེད་སུམ་ཅུའི་ནང་ནས་ར་ལ་ས་གསུམ་ནི་མགོ་ཅན་གྱི་ཡི་གེ་ཡིན། མགོ་ཅན་ཟེར་བའི་གོ་དོན་ནི། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་མགོར་བརྩེགས་ནས་ཡོད་པས་ན་མིང་དེ་ལྟར་བཏགས་པ་ཡིན།”

  5. མེ་ཏོག་དཀར་པོ། says:
    2010-06-17 at 11:52 am

    མཁས་དབང་ཁོང་རྣམ་པའི་གསུང་ནང་ནོར་བ་ཁ་ཤས་ཤིག་མཐོང་རྒྱུ་འདུག

  6. འདྲེ་རིག་ལྡན། says:
    2010-06-17 at 12:09 pm

    དེ་ལྟར་བྱེད་ན་ད་བཟོ་རྒྱུ་ལས་རྒྱུ་མང་པོ་འདུག འབྲུག་སྐད་གྲགས་པ་མེད་དེ། འབྲུག་མེད་པའི་ཕྱིར། རླུང་བུ་གཡུག་པ་མེད་དེ། བྱེད་པ་པོ་དང་བྱ་བ་གཉིས་སུ་དབྱེ་བ་མེད་པའི་ཕྱིར།

    སྒོམ་སྡེ་བ་འདི་དེང་སང་ཧོན་ལོག་གིན་འདུག ཡི་གེ་རེ་ཟུང་འབྲི་ཤེས་པ་དང་གནམ་ས་གཉིས་ལ་འགྲན་འདྲ་བཙུགས་ནས། ད་སྐུ་མཁྱེན། བོད་ཡིག་འདི་ཁ་ཤོམ་ཅན་ཚོའི་རྩེད་སྤྱད་འདྲ་ཞིག་ཏུ་མ་བཟོ་རོགས།

    ད་ལྟ་མགོ་ཅན་འདོགས་ཅན་ཟེར་ན་གོ་ནོར་ཐེབས་འགྲོ་མཁན་མི་འདུག འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླགས་པར་བྱེད་དགོས་པ་རེད།

    བསམ་བློའི་ནར་མ་སོན་པའི་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན་ན། ཡང་ན་ནི་གཞན་གྱི་མགོ་ཐོག་ཏུ་ཞོན་པར་འབད་པ་རེད། དེ་མིན་ན་གཞན་ཞིག་གིས་རང་གི་མགོ་ལ་ཞོན་ན་གནོན་གནོན་པར་སྡོད་དགོས་པ་རེད། འདྲ་མཉམ་དང་གོ་མཚུངས་སུ་སྡོད་མི་ཚུགས་པ་འདི་དག་ནི་བྲན་གཤིས་ཆེ་རྟགས་རེད། རང་གི་དྲན་ཚུལ་ཙམ་ཡིན།

  7. དགེ་འདུན་རབ་གསལ་ says:
    2010-06-17 at 12:24 pm

    ཁྱེད་ཀྱིས་དྲངས་པའི་ཚེ་ཞབས་ཚང་གི་ལུང་དེ་ནི་དེ་རང་དུ་གདའ། དུང་དཀར་བའི་ལུང་ཞིག་གོང་དུ་དྲངས་ཟིན། ད་ནི་འདི་དཔྱད་པར་བྱ་སྟེ། “མགོ་ཡིག”ཨེ། ངས་ཁྱེད་ཀྱི་ཁུངས་གང་ཡིན་མ་ཤེས། ཁྱེད་ཀྱི་རྣམ་རྟོག་དེ་ཁུངས་ཡིན་ན་མ་གཏོགས་ཁུངས་ཞིག་གསུངས་འོས་ཆེ། ངས་ མགོ་ཡིག་ཅེས་པ་དོན་འདི་ལ་སྦྱར་བ་མཐོང་བ་ཐེངས་དང་པོ་ཡིན། མགོ་ཡིག རྐུབ་ཡིག ཡང་ན། རྭ་ཡིག་དང་རྔ་ཡིག ༼རྔ་མའི་མིང་བསྡུས་ནས་བྲིས་པ།༽ འདི་འདྲ་ནི་ཉན་ན་མི་སྙན་པའི་ཐ་སྙད་ཅིག་ཏུ་འཁུམས།

    ད་ནི། འདི་ཉོན་ཅིག “མགོ་ཅན་ནི་མགོ་གང་ལ་ལྡན་པ་དེ་ལ་ཟེར་གྱི་མགོ་ལ་མགོ་ཅན་ཞེས་བརྗོད་མི་རིགས་པའི་ཕྱིར།” འདི་ནི་རྒྱུ་མཚན་ཅན་གྱི་སྐད་ཆ་རེད། རིགས་པ་དང་མཐུན་པའི་སྐད་ཆ་རེད། ཚེ་ཏན་ཚང་གི་དགོངས་པའང་དེ་རེད། ཚེ་ཏན་ཞབས་དྲུང་གི་ཚིག་དེའི་གོ་བ་ནི། ཁོང་གིས་མགོ་ལ་མགོ་ཅན་ཞེས་སྨྲས་པ་མ་རེད། སྐབས་འདིའི་དབྱེ་གཞི་ངོ་མ་ནི། སྟེང་གི་ཡི་གེ་མ་ཡིན་པར་མིང་གཞིའི་ཡི་གེ་ཡིན་པ་རེད། མིང་གཞིའི་ཡི་གེ་སུམ་ཅུའི་ཁྲོད་དུ་ སྟེང་ལ་ར་མགོ་ཡོད་མཁན་ བཅུ་གཉིས། མིང་གཞིའི་ཡི་གེའི་ཁོངས་སུ་ སྟེང་ན་ ལ་མགོ་ཡོད་མཁན་ བཅུ་སོགས་གསུངས་པ་རེད། དེས་ན། ར་ལ་ས་གསུམ་ནི་མིང་གཞིའི་མགོ་ཅན་གྱི་ཡི་གེ་གསུམ་ཡིན་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་མགོ་ཅན་གྱི་ཡི་གེ་གསུངས་པ་རེད། མདོར་དེད་ན། མགོ་ཅན་གྱི་ཡི་གེ་ཞེས་པའི་མགོ་དེ་ཡི་གེ་དེ་རང་གི་མགོ་མ་རེད། སྒོམ་སྡེའི་མགོ་ཡང་མ་རེད། མིང་གཞིའི་ཡི་གེའི་མགོ་རེད། དེ་ཡང་ཡིན་ཏེ། ཚེ་ཞབས་ཚང་གིས། “ན་མ་ས་ཡི་མགོ་ཅན་ལ༎ ར་སྟ་འདོགས་པའི་སྐབས་ཤིག་ཡོད༎ ཅེས་གསུངས་པའི་ཕྱིར།

    ལར་ནས་སྒོམ་སྡེའི་མིང་ཚིག་དང་བརྡ་དག་གི་སྐོར་ལ་དཔྱད་པ་རིམ་པར་བྱས་པའི་ཁྲོད་དུ། རང་བློར་མི་འབབ་པའམ་ཁུངས་མི་བཙུན་པ་ཅི་རིགས་ཤིག་འདུག་པ་དེ་དག་ལ་དུས་ཀྱིས་ལྕོགས་ཚེ་ལན་ཞིག་རྩོལ་བས་སྒྲུབ་འདོད་ཡོད་ལགས།

  8. འདྲེ་རིག་ལྡན། says:
    2010-06-17 at 12:41 pm

    ད་དཀའ་ལས་མ་བརྒྱབ་ཡ། ལག་ལེན་གྱི་མྱོང་བ་མེད་མཁན་ཚོར་ཁ་བཤད་གཏམ་གྱིས་དོགས་གཅོད་བྱེད་ཐུབ་ནི་མ་རེད།

    ཆུ་ལ་མ་མཆོང་རྐྱལ་རྩལ་སློབ་པ་ཚོ།
    ཆུ་ཆེན་མཐོང་དུས་གཅིན་པ་འདོམས་ལ་ཤོར།
    རྐུབ་ངན་རྡོ་ལ་བཙུགས་ནས་བཤད་དགོས་ན།
    རྐྱལ་རྩལ་འདྲ་མིན་སྣ་ཁ་བརྒྱ་རེ་བཤད།

  9. ཚྭ་སྒང་ཕོ་ཉ། says:
    2010-06-17 at 12:42 pm

    རྒན་ལགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་དག་ཐེར་གནང་བར་བཀའ་དྲིན་ཆེ།
    འདྲེ་རིག་ལྡན་ཟེར་བའི་དྲ་གྲོགས་ཁྱེད་ཀྱིས་སྒོམ་སྡེ་རྒན་རབ་པས་བཤད་པ་དེས་གནོད་བྱེད་མི་འགྲོ་བའི་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པར་རྒན་རབ་པ་ཁོང་ལ་ད་དུང་སྒོམ་སྡེ་བ་འདི་དེང་སང་ཧོན་ལོག་གིན་འདུག་
    བཅས་བཤད་པ་ནི་༼ཝ་བ་༽ གཉིས་ཀྱི་ན་ཚ་ཡིས་མ་བཟོད་ནས་ཐོན་པར་སེམས། གཞན་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླགས་པར་བྱེད་དགོས་པ་རེད། ཟེར་བ་ནི་རང་མགོ་ཆུ་འགྲན་ལས་མ་འདས་སྟེ།
    འཇིག་རྟེན་ན་རྭ་ཅོ་ལ་རྭ་ཅན་ཟེར་སྲོལ་ཡོད་པའི་སྒྲུབ་བྱེད་བཀོད་རྒྱུ་ཡོད་ན་ཕ་བཟང་བུ་ཡིན་བཀོད་དང།
    དེས་ན་གནས་ལུགས་ཀྱི་རྗེས་སུ་འབྲང་དགོས་པ་ལས་ཞེན་ཁོག་གི་རྗེས་སུ་འབྲང་ན་མཐའ་མ་སྤྱི་དོན་ལྟ་ཅི་རང་དོན་ཙམ་ཡང་སྒྲུབ་མི་ནུས་བའི་གང་ཟག་ཞིག་ཏུ་འགྱུར་བ་ངེས། སེམས་ལྟམ་ཡིན།། ཕོག་མི་ཉན།

  10. འདྲེ་རིག་ལྡན། says:
    2010-06-17 at 12:42 pm

    ཨོ་ཨོ་་་ དགོངས་དག་ ངས་གོང་གི་ཚིགས་བཅད་དེའི་འོག་ཏུ་་་ ཀུ་རེ་ཡིན་་་་ཟེར་ནས་སྐད་ཆ་ཡག་པོ་ཁ་ཤས་འབྲི་དགོས་མོད། གློག་ཀླད་འདིར་གཟའ་བརྒྱབ་པ་འདྲ། རང་ང་ཅིག་ལ་ཤོར་ནས་བུད་ཐལ

  11. གཅན་བཟོད་རྒྱམ། says:
    2010-06-17 at 1:19 pm

    དགེ་རབ་ཀྱིས་དཔྱད་པ་གནང་པ་དངོས་གནས་བློར་བབས་སོང་། མི་འགའ་ཤས་ཤིག་དར་ཤུད་གློད་ཀྱིན་འདུག
    དགེ་རབ་ལགས་ཁྱོད་བཟང་ཐལ་ཡ།

  12. སྒོམ་སྡེ་ལྷ་རམས་པ། says:
    2010-06-17 at 1:36 pm

    རབ་གསལ་ལགས།
    གལ་ཏེ་“མགོ་ཡིག”ཅེས་ཐ་སྙད་བཏགས་ན།
    “རྐུབ་ཡིག”ཅེས་ཐ་སྙད་འདོགས་དགོས་དོན་ག་ལ་ཡོད། དེ་འདྲ་དཀོན་མདོག་དང་འུ་ཐུག་མདོག་གནང་དགོས་མ་རེད།
    “རྐུབ་ཡིག”ཅེས་ལབ་མི་དགོས་པར། དེ་ལ་“འདོགས་ཡིག”ཅེས་ཐ་སྙད་ཚད་ལྡན་ཡོད་རེད་ལགས།

  13. འདྲེ་རིག་ལྡན། says:
    2010-06-17 at 1:52 pm

    ཚ་སྒང་ཕོ་ཉས་བཤད་པའི་སྐད་ཆ་དེར་བཟང་ཆ་འདུག་མོད། འོན་ཀྱང་ངའི་ཀུན་སློང་ལ་ཚོད་དཔག་བྱས་པ་དེ་ཏག་ཏག་བསྡད་མ་སོང་། ངས་ནམ་ཀུན་ནས་སྐད་ཆ་ཚང་མ་ཀུ་རེ་དང་བསྒྲགས་ནས་བཤད་ཀྱིན་ཡོད། སྐད་ཆ་དེ་དག་གིས་སྒོམ་སྡེ་བར་མི་གནོད་པར་ཡིད་ཆེས་བྱེད་ཀྱིན་ཡོད་དོ། །

  14. སྒྲིབ་བྲལ་ཤེས་རབ་རྡོ་རྗེ། says:
    2010-06-17 at 5:36 pm

    སྒོམ་སྡེ། རབ་གསལ་གྱིས་དྲངས་པའི་ལུང་དེས་ཁྱོད་ཀྱི་དཔྱད་བརྗོད་ཀྱི་རིན་ཐང་གཞལ་ཚར་སོང་། ཨ་ཤུ་རེ་ཁོ ད་ལབ་དེ་འདྲ་མ་བརྒྱབ་ན་མི་ཆོག་གམ། ལུང་དེ་འདི་རེད། དྲ་གྲོགས་ཚོས་ལྟོས་དང་།

    དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། པོད། ཇ། ཤོག་གྲངས་ ༥ ལས།
    “ར་ལ་ས་གསུམ་མགོ་ཅན་ཏེ། ། གོ་དོན་ནི། གསལ་བྱེད་སུམ་ཅུའི་ནང་ནས་ར་ལ་ས་གསུམ་ནི་མགོ་ཅན་གྱི་ཡི་གེ་ཡིན། མགོ་ཅན་ཟེར་བའི་གོ་དོན་ནི། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་མགོར་བརྩེགས་ནས་ཡོད་པས་ན་མིང་དེ་ལྟར་བཏགས་པ་ཡིན།”

  15. རྔ་བ་རྒྱལ་ཁམས་པ། says:
    2010-06-17 at 11:49 pm

    ད་འདི་ཚོ་ནོར་ཡོད་ནའང་འདྲ། ནོར་མེད་ནའང་འདྲ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ནང་བེད་སྤྱད་ནས་དུས་རབས་མང་བོ་སོང་ཟིན་པ་ཞིག་རེད། རྩོམ་མཁན་ཞིག་གིས་བརྩམས་ཟིན་པ་རེད། སློབ་མཁན་དག་གིས་སློང་སྦྱོང་བྱས་ནས་བོད་ཅེས་པ་གསུང་འབུམ་གྱི་ལུང་པ་ཞིག་ལ་ཆགས་ཡོད་པ་རེད། མགོ་འདོགས་འཕུལ་སོགས་མ་ཤེས་པར་དཀའ་ངལ་མྱོང་བའི་ལོ་རྒྱུས་ཅང་མེད་ཀི དེ་བས་སྐུ་ཉིད་ལ་ཁོམ་ལོང་དང་། ཡོན་ཚད་ནི་ཡོད་ཡོད་འདྲ་བོ་ཞིག་འདུག་པས། བོད་ཀྱི་ཡིག་མཛོད་ནང་མེད་པའི་དེང་རབས་ཀྱི་ཚན་རིག་དང་། གསོ་རིག སྲོག་ཆགས་ཀྱི་རིག་པ། སྦྲུམ་སྲེང་གི་རིག་པ། དཔལ་འབྱོར། བརྡ་འཕྲིན་སོགས་ཀྱི་བརྡ་ཆད་དང་ཤེས་བྱའི་སྐོར་བོད་ཀྱི་ཤེས་རིག་གི་བང་མཛོད་ནང་འཇོག་ཐུབ་ན། བོད་ཀྱི་མཁས་པ་སྔོན་མ་ཚོའི་ཞབས་རྗེས་ལ་རང་གི་རྐང་འཛུབ་ཆུང་ངུ་ཞིག་འཇོག་ཐུབ་སོང་བ་རེད། དེ་མིན་ཡིག་ཆ་དག་གི་ནང་ནས་ཚིག་འཕྲུ་ཁ་ཤས་རེ་བླངས་ནས་འདི་མ་རེད་འདི་རྫུན་རེད་ལྟ་བུས་དུས་ཚོད་ཚེ་སྲོག་འདྲ་བོ་ཆུད་ཟོས་སུ་སོང་བསྡད་ན་དངོས་གནས་ཕངས་དགོས་ཞིག་མ་རེད་དམ།

  16. སྒོམ་སྡེ་ལྷ་རམས་པ། says:
    2010-06-18 at 2:14 pm

    རྔ་བ་རྒྱལ་ཁམས་པ་ལགས།
    ངེད་ཀྱིས་ངལ་བ་མི་ཉུང་བ་ཞིག་བརྒྱབ་ནས་“མགོ་ཡིག”དང་“མགོ་ཅན”། “འདོགས་ཡིག”དང་“འདོགས་ཅན”གྱི་ཁྱད་པར་ཕྱེ་བ་དེར་ཐུགས་རྗེ་ཆེ་མེད་ནའང་དུས་ཚོད་ཆུད་ཟོས་རེད་ཅེས་གསུངས་པ་དེ། གཟུར་གནས་ཀྱི་གཏམ་དུ་མི་སྣང་། ད་འོ་ན་ནོར་བ་རྒྱུན་འབྱམས་སུ་ཞོག་གསུང་གི་ཡོད་པེ། བསྟན་པ་དང་རིག་གཞུང་ལ་དག་ཐེར་ཟེར་བ་དེ་དེ་འདྲ་ཞིག་ལ་ཟེར་བ་མ་རེད་བེ། མཁས་པས་ནོར་ན་བཞག བླུན་པོས་ནོར་ན་ཚོགས་གཏམ་གཏོང་དགོས་རེད་དམ། སྤྱིར་བཏང་ནོར་བ་དེ་ཉེ་དུས་སུ་ནོར་ནས་དེ་རྒྱུན་འབྱམས་སུ་སོང་བ་ཞིག་ལས། སི་ཏུ་འགྲེལ་ཆེན་སོགས་སུ་ཐ་སྙད་ནོར་བ་དེ་བེད་སྤྱོད་རྩ་བ་ནས་བྱས་ཡོད་མ་རེད། མགོ་དང་མགོ་ཅན། རྭ་དང་རྭ་ཅན་གྱི་ཁྱད་པར་ཙམ་ལའང་རྨོངས་ན། ཕྱི་རྒྱལ་བས་བལྟས་ན་ག་འདྲ་ཞིག་མཐོང་ས་རེད།
    རིག་གནས་གསར་པ་ནང་འདྲེན་བྱ་རྒྱུ་ཕར་ཞོག རང་ལ་ཡོད་པ་དེ་ཡང་བདག་པོ་བརྒྱབ་མ་ཐུབ་ན། “ཕ་བཟང་པོ་དངུལ་ཁུག་དེ། བུ་ངན་པས་ཇ་ཁུག་བྱེད”ཅེས་དཔེ་ལྟར་མི་འགྱུར་རམ།

  17. སྒོམ་སྡེ་ལྷ་རམས་པ། says:
    2010-06-18 at 2:28 pm

    ངས་བལྟས་ན་མཁས་པའི་དབང་པོ་ཁོང་རྣམ་གཉིས་ཀྱིས་འདི་ལ་ཐུགས་མཉམ་པར་མ་བཞག་པར་ཡིག་ནོར་བྱུང་བ་ཙམ་ལས། དེ་ལ་ཐུགས་བཏད་ཡོད་ན། ནོར་འཁྲུལ་དེ་འདྲ་ཡོང་མི་སྲིད་པ་རེད།

  18. སྒོམ་སྡེ་ལྷ་རམས་པ། says:
    2010-06-18 at 2:43 pm

    རབ་གསལ་ལགས།
    ཁྱེད་ཀྱིས་ངས་བཤད་པ་དེར་ཁུངས་ལུང་མི་འདུག་མདོག་མདོག་གནང་འདུག
    (ར་ལ་ས)གསུམ་ལ། (མགོ་ཡིག)
    (རྐ་ལྐ་སྐ)གསུམ་ལ། (མགོ་ཅན)
    (ཡ་ར་ལ་ཝ)བཞི་ལ། (འདོགས་ཡིག)
    (ཀྱ་ཀྲ་ཀླ་ཀྭ)ལ། (འདོགས་ཅན)ཞེས་ཐ་སྙད་བཏགས་ན་དེ་ལ་དགེ་ཚན་ལས་སྐྱོན་ཆ་ག་རེ་འདུག་ཅིག་གསུང་དང་།

    མངོན་སུམ་མཐོང་ཆོས་ཀྱི་ནོར་བ་ལའང་ནོར་བར་ཁས་ལེན་མ་ཐུབ་ན་དེ་ལ་རིགས་པ་སྨྲ་བ་ཟེར་གྱི་མ་རེད། དེ་འདྲ་ལ་རང་གི་དགེ་ཕྲུག་གིས་ཀྱང་གཟུར་གནས་དང་ཡིད་ཆེས་བྱེད་པའི་གནས་སུ་བྱེད་མི་ཡོང་ངོ་། །

  19. སྒོམ་སྡེ་ལྷ་རམས་པ། says:
    2010-06-18 at 3:09 pm

    རབ་གསལ་ལགས།
    ད་དུང་༼ནིའུ་ཡོག་གི་ཟིན་ཐོ༽ལ་༼ཉིག་ཡོར་གྱི་ཟིན་ཐོ༽དང་།
༼ཨ་ཁུ་གྲགས་པ་ཚང་སྐུ་གྲོངས་པ༽ལ་༼ཨ་ཁུ་གྲགས་པ་ཚང་སྐུ་བཀྲོངས་སོང༽ལྟ་བུའི་ནོར་བ་དེ་དག་ཀྱང་ནོར་མེད་ཅེས་ཨུ་ཚུགས་བསྐྱོན་རྒྱུ་ཡིན་ནམ། གྲོངས་པ་ནི་བྱེད་མེད་ལས་ཚིག་དང་། བཀྲོངས་པ་ནི་བྱེད་འབྲེལ་ལས་ཚིག་ཡིན་པའང་མཁྱེན་ངེས་རེད། སྤྱིར་བཏང་ཡིག་ནོར་ཚང་མར་ཡོད་རེད། འོན་ཀྱང་འགོ་བརྗོད་ལ་ཡིག་ནོར་དེ་འདྲ་ཡོད་ན་རྩ་བ་ནས་ཡག་པོ་མ་རེད། དེ་ལ་རྩོམ་སྒྲིག་པས་ཞུ་བཅོས་གནང་དགོས་རེད།
    ད་དུང་བསྟན་འཛིན་ཤེས་རབ་ལགས་ཀྱིས་བཀྲོངས་པ་ལ་༼དཀྲོངས༽ཞེས་བྲིས་འདུག
    ངོས་ནས་སྐྱོན་སེལ་ཞིག་བྱ་དགོས་མིན་ནམ་བསམས་བྱུང་ཡང་། དེང་སང་བསམ་འཆར་འདོན་མཁན་ལ་དགྲ་ལྟར་བརྩི་བའི་དུས་ངན་ཞིག་ཡིན་པས། བོད་ཀྱི་གཏམ་དཔེར། བོང་བུ་བསླངས་པའི་ཡག་བྱུང་མེད་པར། རྔ་མ་ཕུད་པའི་ཡལ་བའི་དཔེ་ལྟར་འགྱུར་དུ་དོགས་ནས་བཞག་གོ།

  20. བསྟན་འཛིན་ཤེས་རབ། says:
    2010-06-18 at 4:30 pm

    སྒོམ་སྡེ་ལགས། ངའི་ཡིག་ནོར་དག་ལ་ཡོ་བསྲང་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། དེ་མིན་ནིའུ་ཡོག་ཡིན་ལ་ཉིག་ཡོག་མིན་པའི་ཁུངས་འདྲ་ཅང་ཨེ་ཡོད་ལགས།

  21. དགེ་འདུན་རབ་གསལ་ says:
    2010-06-18 at 4:59 pm

    སྒོམ་སྡེ་ལགས།
    དངོས་གནས་བྱས་ན། ངས་ཁྱེད་ཀྱི་རྩོམ་འདིའི་ཁ་བྱང་མཐོང་མ་ཐག་ཏུ་ ཁྱེད་ཀྱིས་འདོགས་ཅན་དང་མགོ་ཅན་གྱི་ཡི་གེ་དག་གི་འབྱུང་ཁུངས་ཀྱི་ཐད་ནས་གསང་བ་ཞིག་བརྟོལ་ཡོད་པ་རེད་བསམས་ནས་དོ་སྣང་ཆེན་པོས་བལྟས་པ་ཡིན། དེ་ཡང་། ངེད་ཀྱིས་ སུམ་རྟགས་རྩ་བ་གཉིས་ཙམ་མ་གཏོགས་ས་སྐྱ་བའི་གོང་དུ་སུམ་རྟགས་ཀྱི་འགྲེལ་བཤད་བསྟན་བཅོས་དེ་འདྲ་མ་མཐོང་ཞིང་། ས་སྐྱའི་སྐབས་ཀྱི་མཁས་པ་ཚོས་སྨྲ་སྒོ་སློབ་སྦྱོང་བྱས་ལུགས་ལས་སུམ་རྟགས་རྩ་བ་སློབ་སྦྱོང་བྱས་རབས་མ་འཁོད་པ་དེ་ལྟར་དང་། ར་མགོ་སོགས་ཀྱི་མགོ་ཅན་ཡི་གེ་འདི་དག་ལ་གྲངས་བཅད་ཀྱི་ངོས་ནས་ཀྱང་ཞལ་མཐུན་པ་ཞིག་མེད་པ། སྟོབས་ལ་སྠོབས་ཞེས་བྲིས་པ་ལྟ་བུ་ཡིག་རྙིང་ན་མཐོང་རྒྱུ་མང་བ་བཅས་ཀྱི་རྒྱུ་མཚན་གྱིས་མགོ་འདོགས་ཀྱི་ཡི་གེ་འདི་དག་གི་གཏན་འབེབས་རྒྱས་བཅད་དེ་དུས་ནམ་ཞིག་བྱས་པ་ཡིན་ནམ་སྙམ་པའི་དྭོགས་པ་ཞིག་ཡོད་མུས་ནས་ཁྱེད་ཀྱི་རྩོམ་ལ་དོ་སྣང་དྲངས་ལུགས་དེ་ལྟར་ཡིན། འོན་ཀྱང་ཁྱེད་ཀྱི་རྩོམ་ན། ཞེ་ས་མ་ཞུས་ན། ཚེ་ཏན་དང་དུང་དཀར་སོགས་མཁས་པ་དག་གིས། ཅན་ལྡན་མཁན་རྣམས་བདག་པོའི་སྒྲ་ ཞེས་པ་ལའང་གོ་ནོར་ཐེབས་ལུགས་ཀྱི་བསྙད་བཏགས་པ་མ་ཟད། སུམ་རྟགས་འགྲེལ་བ་རྣམས་སུ་དབྱེ་བཅད་འདི་དག་བྱེད་སྐབས་ཀྱི་དབྱེ་གཞི་ཨ་མ་ནི། བོད་ཀྱི་ཡི་གེ་ལ་ ཞེས་པ་ནས་མགོ་བཙུགས་པ་དེ་ལ་འགྲེལ་ལོག་བརྒྱབ་པ་གཉིས་ལ་བརྟེན་ནས་མཆན་བུ་དེ་དག་བཏབ་པ་ཡིན། རྐུབ་ཡིག་ཅེས་པ་དེ་ཁྱེད་ཀྱི་མགོ་ཡིག་གི་ཟླར་དྲངས་ནས་ཞུས་པ་ཙམ་མ་གཏོགས། ཉིད་ལ་ཁྱད་གསོད་བྱས་པ་ཞིག་གཏན་ནས་མིན་ལགས། ད་ནི་ མགོ་ཡིག་དང་འདོགས་ཡིག་ཅེས་པའི་ཁུངས་ཡོད་ན་གསུངས་དང་རིམ་གྱིས་གླེང་མོལ་ཞུས་ཆོག རྗེ་བཙུན་གྲགས་རྒྱན་པའི་ ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ན། ”
    དེ་ནས་བརྩེགས་པའི་ཡི་གེ་བསླབ།།
    བཏགས་པའི་བརྡར་ནི་སྟེ་༼སྟ༽ཞེས་བྱ༎
    གང་དང་གང་ལ་གང་བཏགས་པ༎
    གོ་རིམ་བཞིན་དུ་གནས་ནས་དབྱུང་༎
    དེ་ལ་ར་མགོ་ལྕེ་རྩེ་འདར༎
    ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད༎
    ས་མགོ་སོ་ཡི་བར་ནས་འབྱུང་༎
    ལྷག་མ་རྣམས་ཀྱང་དེ་བཞིན་ཤེས༎
    གལ་ཏེ་མི་ཕྱིན་གྱུར་པ་ནི༎
    ཡི་གེ་ཕྲལ་ཞིང་བརྗོད་པར་བྱ༎
    དཔེར་ན་གྲ་ལ་ག་རའམ༎
    སྒྲ་ལ་སྒ་ར་ཇི་བཞིན་དུ༎
    ཞེས་འབྱུང་བ་ལྟར་ལ་མགོ་སོགས་ཀྱི་ཐ་སྙད་སྦྱར་འདུག་གོ།
    གུས་བཅས།

  22. སྟག་སྨྱོན། says:
    2010-06-18 at 5:43 pm

    རབ་གསལ་ལགས། སྒོམ་སྡེ་ལ་ཁྱེད་ཀྱིས་རིག་པ་སྒྲིམ་ནས་ལན་དང་གསལ་བཤད་བྱེད་བཞིན་པ་མཐོང་དུས་ང་ཐང་ཆད་ཡོང་གི་འདུག ཕྱི་རྒྱལ་གྱི་རྒན་ཁོག་ཚོ་སེམས་ཁམས་བདེ་བོ་ཡོད་མ་རེད། ཁྱེད་ཀྱིས་དེ་འདྲ་ཞིག་ལ་རིག་པ་ངོ་ནས་སྤྱད་ནས་གསལ་བཤད་བྱས་ན་ཆུ་ཚོད་འཕྲོ་བརླག་མ་རེད་པས། ཁྱེད་རང་གི་མི་ཚེ་ལ་འཕང་གི་མི་འདུག་གམ། ཨ། དེ་ལས་ཁྱེད་རང་གི་ཕྲུ་གུར་མཁོ་བའི་སློབ་སྦྱོང་ཕྲན་བུ་བྱེད་རོགས་བྱས་ན་མི་བཟང་ངམ།

  23. འདྲེ་ནག་པོ། says:
    2010-06-18 at 5:43 pm

    སྒོམ་སྡེས་ཁས་ལེན་གྱི་མ་རེད།    སྒོམ་སྡེས་གཞན་ལ་བདེན་ཁ་སྟེར་བ་ལས་ཤི་ན་དགའ་བའི་བསམ་བློའི་ཁྱེར་སོ་དེ་ཁུར་ཁུར་བ་རེད།    ཚུལ་མཐར་དང་གངས་གཡག་སོགས་སྒོམ་སྡེ་དང་དྲ་འཛིང་ཤོར་བ་ཚོ་མི་གླེང་རྒྱུ་བྱེད།     ལུང་རིགས་ཀྱི་ཐོག་ནས་བཤད་ན་ཉེ་སྔོན་མྱིག་རྫོད་དང་མདའ་ཚན་པ་སོགས་ཀྱིས་སྒོམ་སྡེ་དང་གླེང་མོལ་བྱས་ཏེ་སྒོམ་སྡེ་ཁ་གྲགས་རྒྱུ་མེད་པ་ཐེངས་ག་ཚོད་ལ་བཟོས་སོང་།     སྒོམ་སྡེའི་དམ་བཅའ་ཐེངས་ག་ཚོད་ལ་ཤོར་བ་རེད།    སྒོམ་སྡེའི་སྐྱོན་ཆེན་པོ་གཅིག་ནི་ཡར་མར་ལ་དཔྱད་མ་མི་བཏང་བར་སྔར་རང་གིས་མ་མཐོང་བའི་གསར་བ་རེ་དང་།    སྔར་རང་གིས་མ་དྲན་པའི་གསར་བ་རེ་དྲན་ན་བློ་ཁོག་ཆེན་པོས་ཐེ་ཚོམ་མེད་པར་ཐད་ཀར་ཧམ་པ་དང་བཅས་ཐག་བཅད་ནས་བཤད་ཀྱི་རེད།    དེ་ནས་མཁས་པ་ཚོས་ཞུན་ཐར་བཅད་ནས་ཁ་གྲགས་རྒྱུ་མེད་པ་བཟོས་ཀྱང་ད་དུང་བཟོ་བཅོས་མི་བྱེད་པར་དེ་ཀ་རང་ལ་བསྐྱུར་འཇོག་གི་རེད།     ངས་སྒོམ་སྡེའི་ཚིག་མཛོད་མཐོང་མེད།    ད་འཚོལ་བཞིན་ཡོད།     དཀོན་མཆོག་གསུམ།    འདིས་ཚིག་མཛོད་དེའི་ནང་ལ་འདི་ལྟར་ཧམ་བཤད་བྱས་ཡོད་ན་སྒོམ་སྡེ་ཟེར་བ་འདི་ས་པཎ་སྡོམ་གསུམ་རབ་དབྱེའི་ནང་དུ་གསལ་བའི་ར་རྫི་སྐར་རྒྱལ་ཟེར་བ་དེ་བཞིན།     ཚེ་སྔ་མར་བོད་ཀྱི་ཆོས་དང་རིག་གཞུང་ལ་ག་ལེ་ག་ལེར་བསླད་སྐྱོན་གཏོང་བའི་སྨོན་ལམ་བཏབས་ཡོད་མཁན་ཞིག་ཡིན་ས་རེད།     ད་ཚིག་མཛོད་དེ་ལ་གཅིག་བལྟ་དང་།    གཞན་མཁས་པ་ཚོ་ལ་བལྟས་ན་ང་ཅང་ར་མིན་རུང་།   སྒོམ་སྡེ་ལ་བལྟས་ན་ང་ལ་སློབ་དཔོན་དབྱིག་གཉེན་ཞེས་འབོད་ཆོག་གི་རེད།   དཔེ་ཆར་མང་པོ་བལྟ་མ་མྱོང་བའི་སློབ་ཕྲུག་འགའ་རེའི་སྔུན་ནས་སྟག་འགྱིང་འགྱིང་བྱེད་ཁུལ་བྱེད་ཀྱི་འདུག་ཀྱང་།    དུས་ཚོད་ཀྱིས་འདང་ན་ངས་སྒོམ་སྡེའི་ཤེས་ཚད་ལ་ལག་རྩ་ཞིག་བལྟ་ཆོག་གི་རེད།    ཡང་མིན་ན་ཉིན་གཅིག་ལ་དུས་ཚོད་བཟོས་ཏེ་skypeལྟ་བུ་ཞིག་གི་སྟེང་ནས་ཕན་ཚུན་གཉིས་ཀར་དཔེ་ཀློག་གང་ཡང་བྱེད་ཁོམ་མེད་པའི་ཐོག་ནས་གཅིག་གཏུག་དང་།    དེ་ནས་ཤེས་རྒྱུ་ཞིག་ཡོད།    རྒད་པོ་འདིའི་ད་དྲ་ཁང་ཚོས་རྩེད་མོ་རྩེ་སྤྱད་བྱེད་ཀྱི་འདུག

  24. drong says:
    2010-06-19 at 7:57 am

    སྒོམ་སྡེ་ལྷ་རམ་པས་དངོས་གནས་ཡག་པོ་བྲིས་ཞག་ད་དུང་དེ་རིགས་ཀྱི་དབུ་བརྩམ་གནང་རོགས།
    དངོས་གནས་རེད་ང་ཚོའི་དག་ཡིག་དག་རྒྱུ་མི་འདུག་སྙན་ངག་སྙན་རྒྱུ་མི་འདུག་ཅེས་ཁ་གཏམ་དུ་བཤད་སྲོལ་ཡོད་པ་དེ་བདེན་པ་ཞིག་ཏུ་མཐོང།
    སུམ་རྟགས་སོགས་ཀྱི་རྩ་ཚིག་ནང་དུ། ༼མགོ་ཅན་ར་ལ་ས་གསུམ་དང་༽་ཞེས་པའི་རྩ་ཚིག་ཕལ་ཆེར་མེད་པ་མིན་ཅིང་དེ་ལྟར་ན
    དཔེར་ན། མགོ་ཅན་ཞེས་པ་མགོ་ལྡན་སའི་གཞི་དེ་ཉིད་ཡིན་པ་ལས་མགོ་རང་ཉིད་ཇི་ལྟར་བྱས་ནས་མགོ་ཅན་ཆགས་སྲིད་དམ།
    དེ་བཞིན་ལུག་ནི་མགོ་ཅན་ཡིན་ཅིང་མགོ་ནི་མགོ་ཅན་ནམ་ཡང་མིན།
    ལུག་མགོ་ནི་རྭ་ཅན་ཡིན་ལ་རྭ་ནི་རྭ་ཅན་ནམ་ཡང་མིན།
    འདི་དག་ལ་དག་ཐར་ཡང་དག་ཅིག་ཅིས་ནས་ཀྱང་དགོས་ངེས་ཡིན།
    དག་སྣང་སྒོམ་མཁན་དང་མིག་བརྩུམས་རྨོངས་དད་རིགས་ལ་དེ་ལྟར་མི་དགོས་ཀྱང་རིག་གཞུང་རྒྱུན་འཛིན་བྱེད་དགོས་ན་ངེས་པར་དུ་དེ་ལྟར་དགོས་ངེས་ཡིན།
    ལེགས་པར་བརྟག་ལ་ང་ཡི་བཀའ་ཞེས་པར་དགོངས་པ་ཞིག་བཞེས་དང་འགྲེལ་བ་ཇི་ལྟར་བྱེད་དགོས་སམ།
    མ་གཞི་ནི་སངས་རྒྱས་ཀྱིས་གསུངས་ཀྱང་ང་ཙོས་དེ་ལྟར་ནམ་ཡང་བཤད་ཕོད་མཁན་བྱུང་མེད།
    གལ་ཏེ་སངས་རྒྱས་ཀྱི་གསུང་གི་ཕ་རོལ་བརྒལ་ཚེ་ལྟས་ངན་འུག་རྒན་བརྩིས་ཏེ་མི་ཡི་སྤྱི་ཚོགས་ལས་མཐར་བསྐྲོད་བྱེད་ངེས་ཡིན།
    བརྟག་དཔྱད་དང་དྭོགས་སློང་དེ་རིགས་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད་དོ།

  25. drong says:
    2010-06-19 at 8:04 am

    ང་ཚོས།་་བཅོས་རོགས།
    མིག་བརྩུམ་་་་་་་བཙུམས་ཞེས་པར་བཅོས་རོགས།
    གསུང་གི་ཕ་རོལ་ལས་བརྒལ་ཚེ།་་་་་་་་་བཅོས་རོགས།
    འུག་རྒན་དུ།་་་་་་་བཅོས་རོགས།
    སངས་རྒྱས་ཀྱིས་དེ་ལྟར་་་་་་བཅོས་རོགས།

  26. བསྟན་འཛིན་ཤེས་རབ། says:
    2010-06-19 at 10:25 am

    ད་ཐེངས་ཉིན་གསུམ་གྱི་གུང་གསེང་ཡོད་པས་ང་ཡང་བགྲོ་གླེང་འདི་དག་གི་ནང་ཞུགས་བསམ་མོད། རྩོམ་སྔ་ཕྱི་འདི་དག་མཐོང་བས་ཁྱེད་ཀྱི་ཀུན་སློང་ལ་འགོས་ནད་ཀྱིས་ཐེབས་འདུག་པ་རྟོགས་པས་ཕྱིར་འཐེན་བྱས་པ་ཡིན། སྤྱིར་སྔར་ལོ་ཡིན་ནམ་ཞིག་ལ་ཁྱེད་ཀྱིས་རྗེ་ཙོང་ཁ་བ་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཡིན་ཚུལ་འཇོག་མ་ཤེས་པར་ཡོད་པའི་རྩོམ་ཡིན་ནམ་མཆན་ཞིག་སྤེལ་བ་དེ་ནས་བཟུང་ཁྱེད་ནི་རིགས་པ་ཁས་མི་ལེན་ཞིང་མངོན་སུམ་ལ་བསྙོན་འདིང་མཁན་ཞིག་ཡིན་པ་ཤེས་མོད། ད་ལྟའི་འདི་འདྲ་ཞིག་ཡིན་པ་བློ་ཡུལ་དུ་དྲན་མེད། མཇུག་མཐར་ཉིད་ལ་ནང་མོལ་རྟིང་སྐུལ་གྱི་ཚུལ་དུ་སྐད་ཆ་ཚིག་གཅིག་བཤད་རྒྱུ་ཡོད་པ་ནི། ཁེ་གྲགས་ཀྱི་འདོད་སྲེད་དང་ཕྱོགས་རིས་ཀྱི་དུག་ཆུས་མྱོས་ཏེ་ཆོས་བརྒྱུད་ཆོལ་ཁའི་བར་དབྱེན་དཀྲུག་བྱེད་པ་ནི་རྩ་ནས་ཡག་པོ་མ་རེད་ཟེར་རྒྱུ་ཡིན། ད་དུང་ཞར་བྱུང་དུ་བཤད་རྒྱུ་ཞིག་ལ། སྔར་བཞིན་མུ་མཐུད་དུ་ཚིག་མཛོད་དང་སུམ་རྟགས་ལ་སློབས་དང་སློབ་མ་སྡུག་རུས་ཅན་ཞེས་པའི་ཆོ་ལོ་ཞིག་འདོགས་ཆོག་པ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme