Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼བསམ་བློ་ཡུན་རིང་བཏང་རྗེས་ཀྱི་ཐག་གཅོད་ཅིག་༽ཅེས་པའི་རྩོམ་ཡིག་བཀླགས་བྱང་།

Posted on 2020-10-152020-10-15 By ཁ་བརྡ 7 Comments on ༼བསམ་བློ་ཡུན་རིང་བཏང་རྗེས་ཀྱི་ཐག་གཅོད་ཅིག་༽ཅེས་པའི་རྩོམ་ཡིག་བཀླགས་བྱང་།

བདེ་སྐྱིད།
 
ངའི་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད། དུས་རྒྱུན་ལས་སློབ་ཀྱི་ཞོར་ལ་བོད་ཨིན་གཉིས་ཀྱི་ཐོག་ལ་ཡོད་པའི་ཤེས་ཡོན་སློབ་གསོ་གཙོ་འགྱུར་དཔྱད་རྩོམ་རིགས་བལྟ་ཀློག་བྱ་རྒྱུར་དགའ་པོ་ཡོད་ལ། དམིགས་བསལ་རྒྱུ་མཚན་ལྡན་པའི་རྩོམ་ཡིག་རིགས་བཀླགས་རྗེས་བརྗེད་ཐོའི་ཚུལ་དུ་བཀླགས་བྱང་འབྲི་བའི་གོམས་གཤིས་ཡོད་ཟེར་ན་མི་འགྲིག་པ་མེད།

བསམ་བློ་ཡུན་རིང་བཏང་རྗེས་ཀྱི་ཐག་གཅོད་ཅིག་ཅེས་པའི་རྩོམ་ཡིག་དེ་ནི་ཁ་བརྡ་དྲ་ཚིགས་ཐོག་ནས་དེ་རིང་ཞོགས་པ་མཐོང་བས་བཀླགས་པ་ཡིན། རྩོམ་ཡིག་འབྲི་མཁན་གྱི་པར་འོག་ལ་འདུག་ཀྱང་ཕྲན་གྱིས་ངོ་མི་ཤེས་ལ། འབྲི་མཁན་ལ་རྒྱུས་ལོན་བྱ་འདོད་མེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་པ་ལྟར་རྩོམ་ཡིག་ཀློག་མཁན་ལ་དགོས་པ་ནི་རྩོམ་ཡིག་གི་ནང་དོན་དང་ཚིག་བརྗོད་འབྲི་སྟངས་སོགས་ལས་བློ་བསྐྱེད་ཐོབ་རྒྱུ་དེ་གཙོ་བོ་ཡིན་པར་ངོས་འཛིན་བྱ་ཡི་ཡོད། སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ཀྱིས་རྩོམ་ཡིག་གི་འགོ་འཛུགས་སྐབས་ ༢༠༢༡ ལོར་སྲིད་སྐྱོང་འོས་མིར་བཞེངས་མཁན་ཚང་མར་གུས་བརྩི་ཞུ་གི་ཡོད་ཅེས་བྲིས་པ་དེས་བོད་མིའི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་མཚོན་པས་རྩོམ་ཡིག་མུ་མཐུད་ཀློག་རྒྱུར་བསྐུལ་མ་བྱས་པ་ལྟ་བུ་བྱུང་། གཅིག་བྱས་ན་དེ་ནི་རྩོམ་པ་པོའི་འབྲི་རྩལ་དང་། ཀློག་མཁན་གྱི་སེམས་ཁམས་ཤེས་པའི་ཐོག་ནས་ཆེད་དུ་བྲིས་པ་ཡིན་སྲིད།

སྐུ་ཞབས་དགའ་ལྡན་ཚེ་རིང་གི་རྩོམ་ཡིག་ནང་ ༢༠༢༡ ལོའི་སྲིད་སྐྱོང་ལ་ཚང་དགོས་པའི་ཆ་རྐྱེན་ལ། ད་ལྟའི་དུས་ཀྱི་དགོས་མཁོ་དང་འཚམས་ཤིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི། ལོ་བཅུའི་སྔོན་གྱི་སྤྱི་ཚོགས་ནང་བཞིན་འཆམ་མཐུན་བཟོ་ཐུབ་མཁན། ཞེས་བྲིས་གནང་འདུག དེང་སྐབས་ཀྱི་སྤྱི་ཚོགས་ནང་གླེང་སློང་དང་། བརྒྱུད་ལམ་ཁག་ནས་གནས་ཚུལ་དེའི་སྐོར་མང་པོ་མཐོང་ཐོས་བྱུང་པས་དམིགས་བསལ་དོ་སྣང་མི་བྱེད་ཀ་མེད་བྱུང་། ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་དང་། ལོ་བཅུའི་གོང་གི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཁྱད་པར་གང་ཡོད་དམ་ཞེས་པ་ནི་དྲི་བ་ཆེན་པོ་ཞིག་རེད། ལོ་བཅུའི་སྔོན་ཞེས་བརྗོད་ན་ད་ལྟའི་བཀའ་ཤག་གི་ལས་ཡུན་གཉིས་ཀྱི་སྔོན་ལ་ཆགས་ཡོད། ལོ་དུས་བྱས་ཚེ་ཕྱི་ལོ་ ༢༠༡༡ སྔོན་ལ་རེད།

ཕྱི་ལོ་ ༢༠༡༡ ནི་བོད་མིའི་ལོ་རྒྱུས་ཁྲོད་དུ་གལ་ཆེའི་ལོ་ཚིགས་ཤིག་ཆགས་ཡོད། ལོ་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་དབུ་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་གནང་བའི་ལོ་དུས་རེད། སྐབས་དེ་དུས་གཞིས་བྱེས་བོད་མི་ཡོངས་ནས་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་མུ་མཐུད་བཞེས་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་ཡོད་ནའང་༧གོང་ས་མཆོག་གིས་བོད་དང་བོད་མིའི་བདེན་དོན་ཉག་གཅིག་ལ་གཟིགས་ནས་ཡང་དག་ལམ་བཟང་སྟོན་གནང་མཛད་ཡོད་ལ་ཐུགས་རེ་ཡང་ཆེན་པོ་ཞིག་གནང་ཡོད། འོ་ན་འདས་པའི་ལོ་ངོ་བཅུའི་རིང་ལ་༧རྒྱལ་བའི་ཐུགས་རེ་བཞིན་སྒྲུབ་ཐུབ་ཡོད་དམ། ལོ་ཡུན་དེའི་ནང་ལ་ཐུགས་ཕམ་ཇི་ཙམ་བྱུང་ཡོད་དམ། དྲི་བ་དེའི་ལན་ནི་ ༢༠༡༡ ལོའི་སྲིད་སྐྱོང་དམ་འབུལ་དང་། ༢༠༡༦ ལོའི་སྲིད་སྐྱོང་དམ་འབུལ་གྱི་བཀའ་སློབ་ཁག་གཉིས་ལ་གཟིགས་ནས་ཁྱད་པར་ཇི་ཡོད་ལ་གཟིགས་ན་མཁྱེན་ངེས་རེད་སྙམ།

དེ་ནས་སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་ནི་༸གོང་ས་༸མཆོག་གི་དགུང་ལོའི་བབས་དང་། དེའི་གནད་འགག་རང་བཞིན་མཐོང་ཐུབ་མཁན། བོད་ནང་འབྲེལ་བ་ཆེ་ཞིང་། བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་མཁན། གཞིས་བྱེས་གཉིས་ཀའི་བོད་མིས་སེམས་གཏིང་ནས་ཡིད་ཆེས་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་ཅིང་། ཡ་རབས་སྤྱོད་བཟང་ཐོག་རང་དཔེ་གཞན་སྟོན་ཐུབ་མཁན། སོགས་ཁྱད་ཆོས་མང་པོ་ཞིག་བྲིས་སྤེལ་གནང་འདུག ཁོང་གིས་བྲིས་པའི་ཁྱད་ཆོས་དེ་དག་ནི་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་ཐོག་སུ་སླེབས་ནའང་ངེས་པར་དུ་ཚང་དགོས་པ་ཞིག་ཡིན་པ་ལས་ཆོལ་ཁ་ཆོས་ལུགས་ལུང་ཚན་གྱི་འཐེན་འཁྱེར་ཐོག་ནས་བྲིས་པ་ཞིག་མིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་ཞེས་པའི་དཔེ་ཟླར་གྱུར་འདུག ད་ཡོད་སྲིད་སྐྱོང་ལ་བཞེངས་མཁན་མི་སྣ་བརྒྱད་ཀྱི་ཁྲོད་དུ་གོང་གི་ཁྱད་ཆོས་ཚང་མཁན་ག་ཚོད་ཡོད་དམ། བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་རྒྱུས་ལོན་ཆེད་དུས་ཚོད་མང་ཤོས་གཏོང་མཁན་དང་། དུས་ཚོད་ཙམ་མིན་པར་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་བོད་ནང་དངོས་སུ་བསྐྱོད་ནས་གཞིས་བྱེས་བར་གྱི་འབྲེལ་ཟམ་འཛུགས་མཁན་ག་ཚོད་ཡོད་དམ། ད་ལྟ་ཡིན་ནའང་གཞིས་ལུས་རྒྱ་ཆེའི་མི་མང་དང་འབྲེལ་བ་ཡོད་མཁན་ག་ཚོད་ཡོད་དམ། དྲི་བ་དེ་དག་གི་ལན་ཕྲན་གྱིས་འབྲི་མི་དགོས་པར་། སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ཀྱི་རྩོམ་ཡིག་ནང་གསལ་པོ་ཀློག་རྒྱུ་འདུག ཁོང་གིས། ཆ་རྐྱེན་ཚང་བའི་སྲིད་སྐྱོང་ཞིག་སུ་འདུག་བསམ་ནས་མི་གཞན་ལ་གོ་བསྡུར་བྱས། གཙོ་བོ་སོ་སོས་བསམ་བློ་མང་པོ་བཏང་། ཀླད་པ་མང་པོ་དཀྲུགས་པའི་མཐའ་མའི་སྡོམ་དེ། བཀའ་ཟུར་འབྲོང་ཆུང་དངོས་གྲུབས་ལགས་འོས་ཤོས་མཐོང་བས་ཁོང་ལ་འོས་འཕེན་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་གསལ་པོ་བྲིས་གནང་འདུག

བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཉེ་དུས་ནོར་ཝེའི་རླུང་འཕྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་ཁག་ནས་སྲིད་སྐྱོང་འོས་མིར་བཞེངས་མིན་བཀའ་འདྲི་ཞུས་པའི་ལན་དུ་བཙན་བྱོལ་ནང་གི་བོད་མི་ཙམ་མིན་པར་བོད་ནང་གི་བོད་མི་མང་པོ་ཞིག་གིས་གཅིག་ལ་གཅིག་བརྒྱུད་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་དགོས་པའི་ལན་བསྐུར་འདུག་ཅེས་གསལ་པོ་གསུངས་འདུག བོད་ནང་གི་བོད་མི་མང་པོ་དང་། ལྷག་པར་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་བོད་མི་མང་པོས་ཁོང་ལ་རེ་བཅོལ་ཡིད་ཆེས་ཚད་མཐོ་པོ་ཞུ་བཞིན་ཡོད་པའི་དཔེ་མཚོན་ནི། སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ཀྱི་རྩོམ་ཡིག་ནང་། བཀའ་ཟུར་ཁོང་གི་མཚན་སྙན་ང་རང་བོད་ནང་ཡོད་སྐབས་ནས་ཐོས་མྱོང་། ལོ་རབས་དགུ་བཅུའི་ནང་གུས་པ་ཆབ་སྲིད་གནད་དོན་གྱིས་རྐྱེན་པས་བོད་ནང་སྡོད་ཐབས་མ་བྱུང་བར་བཙན་བྱོལ་དུ་འབྱོར། ཞེས་བྲིས་གནང་འདུག དེ་དང་དེ་འདྲ་བ་ཆབ་སྲིད་བཙོན་ཟུར་མང་པོས་བྲིས་པ་དང་གསུངས་པ་བྱུང་འདུག དཔེར་ན། ཆབ་སྲིད་བཙོན་ཟུར་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། རང་ཉིད་རྒྱའི་བཙོན་དུ་ཚུད་སྐབས་ཞི་དྲག་རྣམས་འགྱུར་སྣ་ཚོགས་ཀྱི་ཐོག་ནས་འདྲི་ཞིབ་བྱེད་སྐབས་བཙན་བྱོལ་བོད་མིའི་ཁྲོད་ནས་གནས་ཡོད་མི་སྣ་གཉིས་ཀྱི་ཐད་བསྐྱར་འདྲི་ཡང་འདྲི་བྱས་པ་གཅིག་ནི་དཔལ་ལྡན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་སྐོར་ཡིན་པས། ཁོང་ནི་རྒྱ་ནག་གཞུང་གིས་དོ་སྣང་བྱེད་ཡུལ་དང་། འཇིགས་སྣང་སྐྱེ་ཡུལ་གྱི་གངས་ཅན་པའི་མི་སྣ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་གུས་བཀུར་ཇེ་ཆེར་གྱུར། ཞེས་གསལ་པོར་བྲིས་སྤེལ་གནང་བ་ད་ལྟ་ཡིན་ནའང་དྲྭ་ཐོག་ལ་མཇལ་རྒྱུ་འདུག དེ་བཞིན་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོའི་མིང་གནས་ཡོད་པ་ཆུང་ཚེ་རིང་ལགས་ཀྱིས། འབྲོང་ཆུང་དངོས་གྲུབ་ལགས་ཀྱི་རང་བཞིན་ནི་རང་ཚུགས་ཟིན་པོ་དང་། སྨྲ་བ་ཉུང་ཉུང་། དོན་གནད་ཚང་མར་ཐུགས་སྣང་ཆེན་པོ། མི་མཐོ་དམན་ཀུན་ལ་མཐོང་ཆེན་དང་འབྲེལ་བ་འཛིན་མཁས་པོ་དང་ཕྱི་ནང་གསང་བའི་ལས་དོན་ཁག་ཕྱི་གྱར་རྩ་བ་ནས་མེད་པར་དམ་འཛིན་གནང་ཐུབ་མཁན་ཞིག་ཡིན་སྟབས། བཙན་བྱོལ་ནང་ཙམ་མ་ཟད། བོད་ནང་གི་བོད་མི་ཚོས་ཀྱང་ཁོང་ལ་ཡིད་ཆེས་དང་གུས་བཀུར་ཆེན་པོ་ཞུ་གི་ཡོད། ཅེས་གསལ་པོ་བྲིས་གནང་འདུག གོང་གི་མི་སྣ་དེ་དག་གིས་གང་ཞིག་བྲིས་སྤེལ་བ་དེ་དག་ནི་དཔེ་མཚོན་ཙམ་ལས་ཚང་མ་མིན་པ་དང་། དེ་དག་ལས་ང་ཚོས་གསལ་པོ་ཤེས་ཐུབ་པ་ནི་ད་ལྟའི་སྲིད་སྐྱོང་ལ་བཞེངས་མཁན་མི་སྣ་བརྒྱད་ལས་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་ངོ་མ་མཁྱེན་མཁན་དང་། འབྲེལ་བ་ཟབ་ཤོས་ནི་དཔལ་ལྡན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་ཐེ་ཚོམ་མི་དགོས་པ་རེད་འདུག་དྲན།

སྲིད་སྐྱོང་གི་མཚན་གནས་ནི་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་གི་ཡོད་སྟབས་མི་མང་གི་དཀའ་ངལ་མཁྱེན་ཐུབ་མཁན་དང་། དཀའ་སེལ་ཐག་གཅོད་དུས་ཐོག་ལ་གནང་ཐུབ་མཁན་ཞིག་དགོས་ཀྱི་ཡོད། དཔལ་ལྡན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི་མི་མང་རྒན་གཞོན་དབུལ་ཕྱུག་སྐྱ་སེར་སུ་འདྲ་ཞིག་དང་འཕྲད་ནའང་ཚང་མར་བལྟ་སྟངས་གཅིག་པའི་ཐོག་ནས་དཀའ་ངལ་དང་བདེ་སྡུག་གང་ཡིན་གསན་ཐུབ་མཁན་དང་། མི་མང་སུ་ཡིན་ནའང་དཀའ་ངལ་ཞུས་རྗེས་འདོད་བློ་ཁེངས་པའི་ཚོར་བ་སྤྲོད་ཐུབ་མཁན་གྱི་འགོ་ཁྲིད་ཡིན་པ་ཁོང་དང་མཉམ་དུ་མི་ལོ་སུམ་ཅུ་ཙམ་ཕྱག་ལས་གནང་མྱོང་མཁན་གྱི་མི་སྣ་ཁག་གིས་གསུངས་པ་ཐོས། དེ་ལྟར་ཡིན་པའི་དཔེ་མཚོན་གཅིག་ནི་སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཐེངས་དང་པོ་མཇལ་སྐབས་ཀྱི་ཐུགས་ཚོར་ཇི་བྱུང་ཁོང་གི་རྩོམ་ཡིག་ནང་དེ་ལྟར་བྲིས་འདུག དབུ་ཁྲིད་ཟེར་ན་དེ་འདྲ་ཞིག་དགོས་ཀྱི་རེད་ཨང་བསམ་བཞིན་དུ། རང་ཉིད་ཀྱིས་ལུས་ཐོག་ཏུ་དངོས་སུ་མྱངས་པའི་དཀའ་སྡུག་གི་སྒྲུང་དང་ལོ་རྒྱུས་རྣམས། ཕྲུ་གུ་ངུ་ས་ཨ་མ་ཞེས་པའི་དཔེ་ལྟར་ཁོང་ལ་ཞིབ་ཅིང་ཕྲ་བ་ཞུ་རྒྱུའི་གོ་སྐབས་བྱུང་། ཁོང་མཇལ་བའི་ཉིན་མོ་དེ་ངས་ག་དུས་ཡིན་ཡང་བརྗེད་ཀྱི་མི་འདུག ཅེས་བྲིས་འདུག ཁོང་གིས་མི་མང་གི་དཀའ་ངལ་ལ་ཉན་པ་ཙམ་མིན་པར་། ཕྱོགས་ཡོངས་ལ་ཐུགས་ཞིབ་ཀྱིས་ཡང་དག་པའི་ཐག་གཅོད་ཇི་དགོས་ཉིན་འགྱངས་ཞག་འགྱངས་མེད་པར་དུས་ཐོག་ལ་ཐག་གཅོད་མ་ནོར་བར་གནང་ཐུབ་མཁན་ཞིག་ཆགས་པ་ཡོངས་གྲགས་རེད་འདུག དེ་བས་སྲིད་སྐྱོང་ལ་མི་མང་གི་འགོ་ཁྲིད་ཁོང་ལྟ་བུ་སླེབས་དགོས་པ་དང་སླེབས་ན་འོས་འཚམས་རེད་དྲན།

ཉེ་དུས་ཁ་བརྡ་དྲྭ་ཚིགས་ཐོག་ནས་ ༼ཆབ་སྲིད་བཙོན་མའི་ཨ་ཕ་ཞིག་ཅུང་ཙམ་གླེང་བ་༽ ཞེས་པའི་རྩོམ་ཡིག་ཞིག་མཐོང་། དེ་བཞིན་དེང་སྐབས་ངོ་དེབ་སོགས་དྲྭ་རྒྱའི་བརྒྱུད་ལམ་ཁག་ནང་ལ་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་བྱེད་པའི་ལས་རིམ་མང་པོ་ཞིག་ཡོད་པ་ལས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་སྐུ་སྒེར་ངོས་ནས་འོས་བསྡུའི་དྲིལ་བསྒྲགས་གནང་གི་མིན་ཞེས་གསུངས་པ་ལྟར་མཐོང་རྒྱུ་མེད་ནའང་། ཁོང་ལ་རྒྱབ་སྐྱོར་གནང་མཁན་རྒན་གཞོན་སེར་སྐྱ་མང་པོ་ཡོད་པ་ལས་མང་པོ་ཞིག་ཆབ་སྲིད་བཙོན་ཟུར་རེད་འདུག སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ཀྱང་ཆབ་སྲིད་བཙོན་ཟུར་ཡིན་པ་དང་། ཁོང་གིས་བྲིས་པའི་རྩོམ་ཡིག་ནང་། ཁོང་ ༼སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་༽ ནི་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཚད་མེད་མྱངས་པའི་ཆབ་སྲིད་བཙོན་ཟུར་ཞིག་ལ་རེ་བའི་བག་ཆགས་གསར་པ་སྟེར་མཁན་ཅིག་ཏུ་གྱུར་བ་མ་ཟད། ཡིད་གཏིང་ནས་བཅོས་མིན་གུས་བཀུར་དང་བསྔགས་བརྗོད་ཀྱང་ཞུ་ཡུལ་གྱི་བོད་གཞུང་གི་དབུ་ཁྲིད་ཅིག་རེད་བསམ་པའི་ཚོར་སྣང་ཟབ་མོ་བྱུང་། ཞེས་བྲིས་པ་མཐོང་བས་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་ཚོས་ཁོང་ལ་རྒྱབ་སྐྱོར་ཙམ་མ་ཟད་ཡིད་ཆེས་བློས་འགེལ་མཛའ་བརྩེ་གུས་བཀུར་ཚད་མེད་ཡོད་པ་གསལ་པོ་རེད་འདུག

སྲིད་སྐྱོང་འོས་མིར་དཔལ་ལྡན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་མཆོག་གི་མཚན་འདོན་སྤེལ་ཙམ་མིན་པར་། རྩོམ་ཡིག་ལམ་ནས་འབྲི་སྤེལ་བྱ་མཁན་མང་པོ་འདུག་ལ། གཅིག་བྱས་ན་ད་ལྟའི་འོས་མི་བརྒྱད་ལས་རྩོམ་ཡིག་ལམ་ནས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་མང་ཤོས་རེད་འདུག གོང་དུ་རྩོམ་ཡིག་འབྲི་མཁན་སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ནི་ ༡༩༨༨ ཟླ་བ་ ༣ ཚེས་ ༤ ཉིན་ལྷ་སར་ཞི་རྒོལ་ནང་ཞུགས་པའི་རྐྱེན་གྱིས་ལོ་བཞིའི་ཁྲིམས་ཐག་བཅད་དེ་བཙོན་དུ་བཞུགས་དགོས་བྱུང་། ༡༩༩༣ ལོར་རྒྱ་གར་དུ་བཙན་བྱོལ་ལ་མི་ཕེབས་ཀ་མེད་བྱུང་། དེང་སྐབས་ཨ་རིའི་ས་གནས་སྦོ་སི་ཀྲོན་དུ་བཞུགས་ཀྱི་ཡོད་འདུག ཁོང་གིས་རྩོམ་ཡིག་གི་ཁ་བྱང་ལྟར་བསམ་བློ་ཡུན་རིང་བཏང་ནས་བྲིས་པ་གསལ་པོ་རེད་འདུག་པས་ཀློག་རིན་ཡོད་པའི་རྩོམ་ཡིག་གཅིག་རེད་འདུག་གོ །

བསམ་ཚུལ།

Post navigation

Previous Post: གཞིས་ཀྱི་དགོན་སྡེ་ཆེ་ཁག་ཏུ་གྲྭ་པ་ཚད་བཀག་ལས་འཕྲོས་པའི་གཏམ།
Next Post: བྱས་རྗེས་ཅན་དང་འཆར་སྣང་ཅན་ནི་ང་དང་ཁྱོད་ཀྱི་སྲིད་སྐྱོང་ཡིན།

Comments (7) on “༼བསམ་བློ་ཡུན་རིང་བཏང་རྗེས་ཀྱི་ཐག་གཅོད་ཅིག་༽ཅེས་པའི་རྩོམ་ཡིག་བཀླགས་བྱང་།”

  1. མཐུ་སྟོབས། says:
    2020-10-20 at 3:28 pm

    ཁྱེད་ཅག་ཚོས་བསམ་ཚུལ་བཤད་པར་དགའ་བསུ་ཡོད།
    འབྲོང་ཆུང་ལཊ་དེ་སྔ་རྡ་སའི་སྡེ་སྲུང་འགོ་པ་བྱེད་རིང་ཆབ་སྲིད་བཙོན་ཟུར་མང་པོ་ཨོ་གླིང་དང་།    ཨ་རི། ཡོ་རོབ་སོགས་པར་སྐྱབས་བཅོལ་འགྲོ་དུས་ཁོང་ནས་རོཊ་སྐྱོར་མང་དག་ཞུས་ཡོད།  དེའི་དྲི་ལན་ཁ་གསབ་བྱེད་པའི་ཕྱིར་དེང་གྲྭ་ཟུར་དང་།  ཨ་ཟུར་རེ་འགས་ཁོང་འཇོན་པའི་འཇོན་རབ།  ཡག་པའི་ཡག་རབ།   ཚང་མར་མཐུན་རབ་སོཊ་བསྟོད་པ་ཤུགས་ཆེ་བྱེད།   ཁོང་གི་འཇོན་ཡོད་ན་་་དེ་སྔ་རྡ་སར་དོལ་རྒྱལ་ཚོཊ་པས་མི་བསད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱས་པས་དེའི་དུས་སྡེ་སྲུང་འགོ་དཔོན་གྱིས་གང་ཡང་ཚོར་མེད།   དེ་ཚོ་འཐུས་ཤོར་མ་རེད་དམ། ད་དུང་མ་ཤེས་ཤེས་ཁུལ་གྱིས་བོད་ནས་ལན་བསྐུར་ཡོང་གི་འདུག་ཟེར་བ།   བོད་སྡོད་མི་དམངས་དང་འབྲེལ་བ་དམ་ཟབ་ཡོད་ཟེར་བ་ཁྱེད་ཚོས་བལྟས་ན་ཡིད་ཆེས་སམ༽ བོད་སྡོད་བོད་མིས་ད་ལྟ་ཛ་དྲག་གི་ཉེན་ཁ་དེའི་འོག་ནས་འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་དུ་བཞེངས་རྒྱུའི་རེ་བ་དང་རྒྱབ་སྐྱོར་བྱེད་ཕོད་དམ༽   ཆབ་སྲིད་བཙོན་ཟུར་ཆབ་སྲིད་མ་ཤེས་པ་རང་རེད།   ཡང་ན་བོད་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་སའི་གསང་བའི་སྐད་འཕྲིན་ཞིག་ཡོད་དམ༽ ད་དུང་ཕྱོཊ་གཅིག་ལ་ངན་པ་དགུ་འཛོམས་ཀྱི་ཐལ་བ་ཤུགས་ཀྱིས་འཕེན་་པ་དང་།  ཕྱོཊ་གཅིག་ལ་བཟང་པོ་བཅུ་འཛོམས་ཀྱི་བསྟོད་པ་ཤུགས་ཆེ་བྱེད་པ་ནི་སྤྱི་ཚོགས་ཟང་ཟིང་བཟོ་བའི་ཏོག་ནད་སྤེལ་བ་རང་རེད། །

  2. ཀརྡོ་རབ་འབྱམས་པ་ says:
    2020-10-21 at 12:50 am

    ་་་་་་་་་་་་་་་་་་་་ ཁོང་གི་འཇོན་ཡོད་ན་་་དེ་སྔ་རྡ་སར་དོལ་རྒྱལ་ཚོཊ་པས་མི་བསད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱས་པས་དེའི་དུས་སྡེ་སྲུང་འགོ་དཔོན་གྱིས་གང་ཡང་ཚོར་མེད། དེ་ཚོ་འཐུས་ཤོར་མ་རེད་དམ། ་་་་་་་་་་་་་་་་་་ ཟེར།

  3. ཀརྡོ་རབ་འབྱམས་པ་ says:
    2020-10-21 at 12:54 am

    ་་་་་་་་་་་་་་ དེ་དག་ལས་ང་ཚོས་གསལ་པོ་ཤེས་ཐུབ་པ་ནི་ད་ལྟའི་སྲིད་སྐྱོང་ལ་བཞེངས་མཁན་མི་སྣ་བརྒྱད་ལས་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་ངོ་མ་མཁྱེན་མཁན་དང་། འབྲེལ་བ་ཟབ་ཤོས་ནི་དཔལ་ལྡན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་ཐེ་ཚོམ་མི་དགོས་པ་རེད་འདུག་དྲན། ་་་་་་་་་་་་་ ཟེར།

  4. ཀརྡོ་རབ་འབྱམས་པ་ says:
    2020-10-21 at 12:57 am

    སྤེན་ཚེ་བོད་དོན་སྐོར་ལ་མི་ཤེས་སམ། ཡང་ན། བོད་ནང་ནས་གུས་བཀུར་མེད་པ་ཡིན་ནམ། ལགས། འབྲོང་ཆུང་བོད་ནང་ཐར་ས་ཡོད་པ་དང་། སྤེན་ཚེའི་མིང་ཙམ་ཐོས་ན་ཡང་རྒྱ་གཞུང་ནོ་ནག་ཏུ་གྱུར་བཞིན་འདི་མི་ཤེས་སམ། ལགས།

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-21 at 5:44 am

    ཕོ་འགའ་རེའི་གཡུ་རེད་འཛོ་ཡིས་འདའ་།
    ཕོ་འགའ་རེའི་རྡོ་རེད་འཛོ་ཡིས་འདའ་།
    དོན་ངོ་མ་སྲིད་སྐྱོང་བུད་མེད་དགོས་།
    དེ་ཆོལ་གསུམ་འོས་འཕེན་ཐུགས་ལ་བཞོག་།

  6. རྒྱ་མ་ཚང says:
    2020-10-21 at 9:26 am

    མཐུ་སྟོབས་ལགས་བོད་མི་རིགས་ཀྱི་རྒྱལ་བསྟན་སླར་གསོའི་སླད་ཆབ་སྲིད་ཀྱི་ཞབས་བཀྱག་མཐོ་ཤོས་དེ་བཀའ་དྲིན་གསབ་ཆེད་ལ་ངོ་འཛིན་བྱས་ན་ཨ་ཕོ་ཁྱེད་ནི་བོད་མི་ཀླད་སྟོང་བ་ཞིག་ཡིན་པ་ཨ་ཤེས་

  7. མཐུ་སྟོབས། says:
    2020-10-21 at 2:39 pm

    ཨ་ཁུ་མལ་གྲོ་ནི་མལ་གྲོ་རང་རེད།
    རྒྱལ་སྲིད་དང་།   རྒྱལ་བསྟན་ཧ་གོ་ཡི་མི་འདུག
    ཟླ་བ་ལྔ་པ་དང་།   རྒྱལ་དབང་ལྔ་པ་ནོར་འདུག
    གྲྭ་ཟུར་དང་ཨ་ཟུར་ཚོར་ཁོང་བཀའ་དྲིན་ཆེན་པོ་ཡིན་ཙང་
    ཆེ་བསྟོད་ཞུས་འདུག་ཞུས་པ་ཡིན།  ཀླད་སྟོང་ངོ་མ་ཁྱོད་རེད་འདུག   

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme